འཇིགས་སྐྲག
༡
གློ་བུར་དུ་ཐོག་ཁང་ཆེན་པོ་ཞིག་གས་པ་ལྟ་བུའི་ལྡིར་སྒྲ་རིང་པོ་དེས་ང་རང་གཉིད་ལས་འཇིགས་ཡེ་རེར་བསླངས་པ་དང་སེམས་སུ་ས་ཡོམ་བྱུང་བ་མིན་ནམ་སྙམ་པ་ཞིག་རབ་རིབ་ངང་བྱུང་མོད་ཀྱང་། ང་རང་སྐྲག་དྲགས་ཏེ་མགོ་བོ་སྙེས་ལས་ཀྱང་འགྱོག་མ་ཐུབ། སྣང་བ་ཞིག་ལ་ལུས་ཡོངས་དམ་གྱིག་གེར་ཉལ་ཁྲི་ལ་བཏགས་འདུག་པ་ལྟ་བུ་བྱུང་། རྣམ་རིག་སྐད་ཅིག་དེ་ཉིད་ལ་ཇེ་གསལ་ཏུ་གྱུར་བས་ས་ཡོམ་མིན་པ་ཤེས་ན་ཡང་། སེམས་སུ་བརྗོད་དུ་མེད་པའི་འཇིགས་སྐྲག་ཞིག་སྐྱེས་ཤིང་། འགོག་ཐབས་བྲལ་བའི་སྙིང་རྗེ་ཞིག་ཀྱང་སྐྱེས་སོང་དེ། མི་ནི་ཇི་འདྲའི་ཉམས་ཆུང་བ་ཞིག་རེད་ཨང་། རང་བྱུང་ཁམས་ཀྱི་འཇིགས་པ་ཐོན་ཚེ་སྐར་ཆ་འགའི་རིང་ལ་ལོ་དུ་མར་བཞེངས་པའི་འཛུགས་བསྐྲུན་དང་ཐབས་སྣ་ཚོགས་ཀྱིས་བཙལ་བའི་རྒྱུ་ནོར་ཡོད་ཚད་རྡུལ་ཏུ་བརླག་འགྲོ འདི་དག་ནི་ངས་བིན་ཁྲོན་དང་སྐྱེ་དགུ ཉི་ཧོང་གི་ཧྥུའུ་ཏོ་སོགས་ལ་ས་ཡོམ་བྱུང་བའི་རྗེས་ཀྱི་སྐབས་ཤིག་ཡུན་གྱིས་བསམ་བློར་འཁོར་བ་ཞིག་ཡིན། ད་དུང་ཐལ་རྡུལ་ཏུ་གྱུར་བའི་ཁྱིམ་ཚང་ཅི་ཙམ་ལ་རིན་ཐང་གཞལ་མེད་ཀྱི་ཁྱིམ་བརྒྱུད་ནོར་བུ་རེ་ཡོད་ཅིང་། ལ་ཤས་ནས་རང་གི་བྱིས་པར་བསྟན་ཡང་མ་མྱོང་བར་ཐལ་རྡུལ་དང་འདྲེས་ཡོད་ཨང་། མིན། དེ་ལས་ཀྱང་སྐད་ཅིག་མའི་བརྡབ་གསིག་ལས་བྱུང་བའི་འཇིགས་སྐྲག་དང་ས་མཁྲེགས་ཀྱི་གནམ་ཡོལ་གྱིས་མནན་པའི་ན་ཁོས་དེ་ཅི་ལྟར་བསྲོན། ལྷག་པར་ནམ་གུང་འདི་ལྟ་བུ་ཞིག་ལ་མི་རྣམས་ཉལ་ནས་ཡོད་དུས་སུ། དེ་བས་ཀྱང་སེ་གོལ་གཅིག་གི་ཡུན་ལ་འཆི་ལམ་དུ་རྫོང་བ། ཨོ་་་་དཀོན་མཆོག་མཁྱེན། དེ་ལྟར་ན་ང་རང་སད་པར་མ་འཇུག་ཨང་།
༢
མགོ་བོ་སྔས་ལ་བཞག མིག་ཟུང་ལྷོད་པོར་བཙུམ། སླར་ཡང་གཉིད་དུ་ཡུར་རྩིས་བྱས་མོད། ངའི་ཤེས་པ་ནི་མཐུར་མེད་ཀྱི་རྟ་རྒོད་ལྟར་ལྷོད་པོར་སྡོད་ཐབས་བྲལ། དེ་བས་སྒེའུ་ཁུང་ལས་ཆར་བ་ཤག་ཤག་འབབ་པའི་ཕྱི་རོལ་ལ་བལྟས་པ་ཡིན། རྒྱང་ན་ཡོད་པའི་ལམ་འགྲམ་གྱི་གློག་འོད་ཁེར་རྐྱང་ལས་ཕྱི་རོལ་ནི་ནག་འཐོམས་མེར་འདུག་མོད། ཆར་བའི་ཤག་སྒྲ་ལས་ཉམས་སྣང་གཞན་ཞིག་སྟེར། གློ་བུར་དཀར་སིང་ངེ་བའི་གློག་འོད་ཞིག་འཁྱུག་པས་ངའི་བྲང་ཁོག་གཟེར་བྲང་ངེ་བ་ཞིག་བྱས་སོང་བས། ངས་དེ་ཡང་འཇིགས་སྣང་རིགས་ཤིག་ཏུ་གཏོགས་སྙམ་བྱུང་། དེའི་འཕྲོར་འབྲུག་སྒྲ་ལྡི་རི་རི་གྲགས་པས་ངས་ད་གཟོད་དེ་སྔོན་གྱི་སྒྲ་དེ་ཡིད་ལ་དྲན་ཅིང་། གྲོང་ཁྱེར་གྱི་འབྲུག་སྒྲ་ནི་ཇི་འདྲའི་སུན་སྤྱད་ཅིག་རེད་ཨང་སྙམ་ཞིང་ཡང་བསྐྱར་མི་སེམས་འཇིགས་པའི་ས་ཡོམ་གྱི་སྐོར་ཡིད་ལ་དྲན། ནམ་ཞིག་ཚན་རིག་ལག་རྩལ་གྱིས་ས་ཡོམ་འགོག་ཐུབ་བམ། ཆོས་ཕྱོགས་ཀྱི་ཆོ་གས་ས་ཡོམ་གྱི་འགལ་རྐྱེན་བཟློག་ཐུབ་བམ། ང་རང་ཡུན་གྱིས་འདང་རྒྱག་གི་ནང་དུ་ལྷུང་སོང་། གལ་སྲིད་དོ་ནུབ་ས་ཡོམ་བྱུང་ནས་རང་ཉིད་འཆི་དགོས་བྱུང་ཚེ་ངས་དོན་དག་ཅི་ཙམ་བསྒྲུབ་མེད་པ་རེད་ཨང་། ངས་ཅི་ཞིག་མ་ཤི་གོང་བསྒྲུབ་འདོད་དམ།
དོན་དམ་དུ་འདི་ནི་སྟོང་བསམ་ཁོ་ན་ཞིག་ཡིན། དེ་བས་ངས་གཉིད་འོངས་པར་རེ་ལྟོས་བྱས། མིག་ཟུང་བཙུམ་ནས་ཉན་ཚེ་ཤག་ཤག་འབབ་པའི་ཆར་བ་ནི་རྣ་ལ་ཤིན་ཏུ་སྙན་ཞིང་། དེས་ཆར་དུས་ཀྱི་དབྱར་ཁར་ཕ་ཡུལ་གྱི་སྦྲ་དང་ཡང་ན་གུར་ནང་དུ་ཡོད་པ་ལྟ་བུའི་སྣང་བ་ཞིག་འགོག་མེད་དུ་སྟེར། བབས་ཆགས་པའི་མཐིང་སྨུག་སྦྲ་ནི་ཁུལ་རྩིད་ཀྱི་ཉག་མ་རེ་རེས་གྲུབ་ལ་ཚ་དྲོད་འཐིབས་པའི་དབྱར་ཁར་ཤིན་ཏུ་བསིལ། འོན་ཀྱང་ཆར་ཞོད་ཤིན་ཏུ་ཆེ་བའི་དུས་སུ་ཆར་ཐིགས་སྦྲ་ངོས་བརྟོལ་ནས་ག་ལེར་ཐོན་འོངས། ཡིན་ཡང་དེ་ཅི་སྐྱོན་ཨང་། ང་ལ་དགོས་པ་ནི་སྦྲ་ནག་དང་ཤག་ཤག་གི་ཆར་བའི་འབབ་སྒྲ་ཡིན། ཨ་ཧོ་་་་དེང་གི་དུས་སུ་སྦྲ་ནག་ཀྱང་ཇེ་ཉུང་ནས་ཇེ་ཉུང་རེད་ཨང་། འབར་གས་གས་པ་ལྟ་བུའི་འབྲུག་སྒྲ་དེ་སླར་ཡང་གྲགས་སོང་། རེད། པེ་ཅིང་གི་འབྲུག་ནི་གྲགས་ཀྱང་མི་ཤེས་པའི་འབྲུག་གླེན་པ་ཁ་ནག་ཅིག་རེད་འདུག ལོས་ཡིན་ཏེ། མཁའ་དབུགསཀྱི་བཙོག་སྐྱོན་གྱིས་འབྲུག་གི་མགྲིན་པའང་འཚངས་ཡོད་ངེས། ང་ཁོང་ཁྲོ་སྐྱེས་པའི་མུར་སླར་ཡང་ས་ཡོམ་གྱི་སྐོར་མི་དྲན་རང་དྲན་ཏུ་གྱུར། གལ་སྲིད་དོ་ནུབ་ས་ཡོམ་བྱུང་ནས་འཆི་དགོས་བྱུང་ཚེ་ངས་དོན་དག་ཅི་ཙམ་བསྒྲུབས་མེད་པ་རེད་ཨང་།
ངས་དྲིན་ཅན་ཕ་མ་དང་བྱམས་བརྩེ་ལྡན་པའི་རྨོ་མོ་ལ་སོས་དལ་བག་ཕེབས་ངང་ཁ་བརྡ་ཐེངས་ཤིག་བྱེད་འདོད། ངས་རྒན་རྡོ་རྗེ་ཚེ་རིང་ལ་ཁོང་ནི་ང་ལ་བསམ་བློའི་གཏེར་མཛོད་ཀྱི་སྒོ་མོ་སྟོན་མཁན་དེ་ཡིན་ཞེས་ཞེ་བསམ་པའི་གཏིང་ནས་བཀའ་དྲིན་ཞིག་ཞུ་འདོད། ཨོ། ངས་ད་དུང་རང་གི་དངུལ་ཐམས་ཅད་བཀོལ་ནས་ལག་འདོགས་ཆུ་ཚོད་ཡག་པོ་ཞིག་ཉོས་ཏེ་ཞང་པོ་སྟོབས་ལྡན་ལ་སྟེར་དགོས་ཤིང་། ཁོའི་སྔར་གྱི་ལག་འདོགས་ཚུ་ཚོད་དེ་ངས་བོར་ཚུལ་དང་དོན་དམ་དུ་དེ་ནི་རྫུས་མ་ཞིག་ཡིན་ཚུལ་སྐོར་བརྗོད་དགོས། ངས་ད་དུང་གྲོགས་པོ་ཚང་མར་འཚམས་འདྲིའི་ཡི་གེ་རེ་སྐུར་དགོས་ཤིང་སོ་སོ་དང་འབྲེལ་བའི་སེམས་གཏམ་རེ་བཤད་དགོས། ངས་ད་དུང་མང་པོ་ཞིག་བསྒྲུབ་མེད། རྔ་མ་མེད་པའི་རྩོམ་ཡིག་དེ་དག་ཀྱང་འགྲུབ་པར་བྱེད་དགོས། ཁས་བླངས་པའི་དམ་བཅའ་དེ་དག་ཀྱང་མངོན་འགྱུར་གཏོང་དགོས། མིན། ང་དེ་ལྟར་འཆི་ག་ལ་རུང་། ངས་མང་པོ་ཞིག་བསྒྲུབ་དགོས། ངའི་སྙིང་གི་འཕར་ཚད་ཇེ་མྱུར་དུ་ཕྱིན་ཞིང་ལུས་ཡོངས་དྲོད་ལམ་ལམ་དུ་གྱུར་བས་མལ་ཐུད་མར་དེད་དེ་ཁོག་སྟོད་ཕྱི་ལ་མངོན་དགོས་བྱུང་། སྐབས་དེར་གཟའ་འཁོར་གཉིས་ཀྱི་སྔོན་ལ་སློབ་གྲྭའི་གླུ་དབྱངས་འགྲན་བསྡུར་ཞིག་སྤེལ་བར་དབུས་གཙང་ནས་འོངས་པའི་བུ་མོ་དེ་ངས་ཡིད་ལ་དྲན་སོང་། བྱ་འགུལ་དེ་ནི་སློབ་མ་སུ་ཞུགས་ཀྱང་ཆོག་ལ་གླུ་དབྱངས་ཅི་བླངས་ཡང་ཆོག་པའི་བྱ་འགུལ་ཞིག་རེད་ལ་བྱ་དགའ་ཡང་འཕྲལ་དུ་སྟེར་གྱིན་འདུག བྱ་འགུལ་གྱི་འཚམས་སུ་བོད་ཀྱི་བུ་མོ་ཞིག་གིས་ལག་པ་ཡར་བཀྱགས་ཏེ་ཞུགས་འདོད་ཀྱི་རྣམ་པ་བསྟན་བྱུང་བས་མདོ་འཛིན་པ་རྒྱ་མོ་དེས་སྟེགས་བུར་གདན་འདྲེན་བྱས་བྱུང་། བུ་མོ་དེར་ཡིད་དབང་འགུགས་པའི་བཞིན་རས་ཤིག་མེད་ནའང་མི་མང་པོ་དེའི་ཁྲོད་སྙིང་སྟོབས་དང་ཡིད་ཆེས་ལྷག་མ་ཞིག་ཡོད་འདུག་པས་ང་རང་སྤྲོ་བ་འཕེལ་ཅིང་རེ་ལྟོས་བྱས་ནས་བསྡད་པ་ཡིན། མོས་རྒྱ་སྐད་དག་མོས་ང་ནི་བོད་རིག་པ་སློབ་གླིང་གི་ཡིན། ཆེད་ལས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཡིན། གཤམ་ནས་ངས་ལེན་འདོད་པ་ནི་༼དགའ་བའི་རི་གླུ་ཏང་ལ་ལེན༽ཞེས་པ་དེ་ཡིན། ཐུགས་འདུན་དང་འཚམས་པོར་སྨོན་ཟེར། སྐད་མཐོན་པོས་བླངས་སོང་བས་མི་མང་ནས་ཐལ་མོ་ལྷང་ལྷང་བརྡབས་ནའང་ང་ནི་འཛེར་སྐད་དེས་སུན་པོ་གཏིང་ནས་བཟོས་བྱུང་བས་ཕྱིར་བཀྱེད་ཅིང་འགྲོ་གྲབས་བྱས་པའི་མོད། སུས་གཡུགས་མ་ཤེས་པའི་ཆུ་ཀུབ་ཀྱི་ཤུན་ལྤགས་ཤིག་གི་སྟེང་རྐང་པ་སྤོས་པས་འདྲེད་དེ་མི་མང་དེའི་ཁྲོད་ཧབ་ཆ་ཆ་དིར་རེར་འགྲོ་བའི་བཟོ་ལྟ་ཞིག་ཤོར་ལ། དོན་དམ་དུས་དེ་ནས་བཟུང་ཉིན་གུང་སྐབས་སུ་ངའི་མགོ་ན་བའི་གནས་ཚུལ་དེ་བྱུང་བ་ཡིན། ང་རང་ངོ་ཚ་བའི་མུར་ཁོང་ཁྲོ་ཞིག་ཀྱང་ཅིག་ཅར་དུ་སྐྱེས་ཤིང་འཛེར་སྐད་ལྷང་ལྷང་གི་བུ་མོ་དེར་འགྲམ་ལྕགས་སྐོམ་སོད་པ་ཞིག་གམ་ཡང་ན་སུས་ཀྱང་མི་རིག་པའི་ཤ་གཅུ་མགུ་གང་བ་ཞིག་བྱ་འདོད་ནའང་ངས་བྱེད་ཐུབ་མ་སོང་། སུས་ང་ལ་རྒྱབ་སྐྱོར་བྱེད་ཨང་། ཡིན་ཀྱང་གལ་སྲིད་དོ་ནུབ་ང་རང་འཇིག་རྟེན་མི་ཡུལ་འདི་དང་བྲལ་དགོས་པ་ཡིན་ན། ངས་སྐབས་དེར་སྐད་གསེང་མཐོན་པོས་མར་རྒྱུགས། ཁྱོད་ཀྱི་རི་གླུ་དེ་མགོ་རུམ་ལ་བཅུག་ནས་ལོངས་ཤིག་ཟེར་འདོད།
ངས་ད་དུང་ཅི་ཞིག་བྱས་མེད་པ་རེད་ཨང་་་་་་་་ “ཧ་ཧ་ཧ་་་་་་དེ་འདྲ་ཞིག་ཀྱང་མིན་མོད། ཧུ་ཧུ་་་” གློ་བུར་ངའི་མལ་ཁྲི་འོག་མའི་སྟེང་གི་དབང་རྒྱལ་གྱིས་དེ་སྐད་ཟེར་བས་ང་རང་ཡུད་ཙམ་ལ་ཧ་ལས་སོང་ཡིན་ནའང་དེ་ནི་ཁོའི་ནམ་རྒྱུན་གྱི་སྦྲང་རྩི་ལྟ་བུའི་རྨི་ལམ་གྱི་གྲུབ་ཆ་མེད་དུ་མི་རུང་བ་དེ་ཡིན་པ་མི་འགྱངས་པར་ཤེས། སློབ་གྲོགས་དབང་རྒྱལ་ནི་གཟུགས་ཐུང་ལ་ཅུང་རྒྱགས་ཤིང་ཤིན་ཏུ་གཟབ་ནན་ཆེ་བའི་མི་ཞིག་ཡིན་ཞིང་སྐད་ཆ་མང་པོ་འཆད་པར་མི་དགའ་ལ། དུས་རྒྱུན་ཁེར་རྐྱང་དུ་འགྲོ་བ་ཞིག་ཡིན། ཁོའི་འཚོ་བ་ནི་བལྟས་ཚོད་ཀྱིས་སུན་སྣང་ཆེ་ཞིང་བྲོ་བ་མེད་པ་ལྟར་དུ་སྣང་ཡང་། དེ་ལས་ལྡོག་སྟེ་ཁོའི་ནང་སེམས་ཀྱི་འཚོ་བ་ནི་སྣ་འཛོམས་ཕུན་སུམ་ཚོགས་པའི་འཇིག་རྟེན་ཆུང་ངུ་ཞིག་ཡིན་ཏེ། དུས་རྒྱུན་དྲི་བ་འདྲ་མིན་ཡོད་པ་དཔེར་ན་“རྩྭ་ནི་ཅིའི་ཕྱིར་ལྗང་ཁུ་ཡིན་ནམ། སྐར་མའི་གོ་ལ་དག་ཅིའི་ཕྱིར་ཟླུམ་གཟུགས་སུ་སྣང་། མིའི་ཤེས་པའི་འབྱུང་ཁུངས་ནི་གང་ཡིན་ནམ་”ལྟ་བུ་དང་ཡང་ཁོ་རང་གཅིག་པུ་གློ་བུར་གློག་བརྙན་ཁང་དུ་སོང་ནས་གློག་བརྙན་བལྟ་བ་དང་འགྲེམས་སྟོན་ཁང་ནང་གི་དངོས་པོ་ག་གེ་མོ་ཞིག་གི་ལོ་རྒྱུས་འཚོལ་བ། འཚམས་ལན་རེར་སྲང་ལམ་གྱི་སློང་མོ་བ་དེ་ཚོ་དོན་དམ་རྫུན་མ་ཡིན་མིན་གྱི་རྗེས་འདེད་ཀྱང་བྱེད་མྱོང་ལ་ད་དུང་མལ་གྲོགས་ངས་ཀྱང་མི་ཤེས་པའི་གཏམ་རྒྱུད་མང་པོ་ཞིག་ཁོ་ལ་ཡོད་པར་ཐེ་ཚོམ་མེད། ཁོ་རང་གཉིད་ལྕི་མོ་ཡོད་པའི་མི་ཞིག་ཡིན་པས་མགོ་སྔས་ལ་བཞག་ནས་ཅུང་འགོར་མི་དགོས་པར་གཉིད་དུ་ཡུར་ཐུབ། འོན་ཀྱང་རྒྱུན་པར་མགོ་སྔ་མེད་པའི་གཉིད་བཤད་བྱེད་མཁན་ཞིག་ཡིན་ཅིང་། རྨི་ལམ་ཁྲོད་ད་གཟོད་ཁོ་ཉིན་དཀར་གྱི་མི་ལས་ལྡོག་སྟེ་ཧབ་ཆ་ཐག་ཐག་དགོད་པར་བྱེད་ལ་ཏག་ཏག་དོན་འདིས་ངས་ཁོའི་རྨི་ལམ་ཅི་ཞིག་རྨི་བཞིན་པར་མཚར་སྣང་སྐྱེས་པ་ཐེངས་གཅིག་མིན། གལ་སྲིད་རྨི་ལམ་ཅི་རྨིས་ཐད་ཁོར་བཤད་འདོད་ཡོད་ཚེ་ཕྱི་ཉིན་སྔ་དྲོར་མགོ་རྔ་མ་ལུས་པར་ང་ལ་བསྙད་ངེས་ལ་འཆད་འདོད་མེད་ཚེ་ཅི་ཙམ་དྲིས་ཀྱང་དུས་ཚོད་ཆུད་ཟོས་སུ་བཏང་བ་ཁོ་ན་ལས་ཅི་ཡང་མིན། དེ་ལྟར་གཉིད་དུ་ཡུར་སླ་བའི་རྩལ་དང་རྨི་ལམ་ཁྲོད་ཀྱི་དགའ་སྤྲོ་ནི་རྒྱུན་པར་ང་རང་ཆེས་ཡིད་སྨོན་སྐྱེ་བའི་གནས་ཡིན།
༣
ངས་དུས་ཡུན་རིང་པོ་ཞིག་ལ་འདི་ལྟར་བསམ་བློ་བཏང་མ་མྱོང་། དོན་དངོས་སུ་མི་ནི་སྐད་ཆ་མང་དུ་བཤད་མཁན་ཞིག་ལས་བསམ་བློ་མང་དུ་གཏོང་མཁན་ཞིག་བྱས་ན་འགྲིག་འདུག་ཏེ། བསམ་བློ་བཏང་བས་ངས་འཆར་སྣང་དང་དངོས་ཡོད་ཀྱི་དབྱེ་བ་ཕྱེ་ཤེས་ཤིང་། དཀའ་སྡུག་ལ་གཉའ་ཞུམ་པ་ལས་གདོང་གཏད་འོས་པའི་གནས་ལུགས་རྟོགས། བསམ་བློ་བཏང་བས་འབྲོག་པ་རྣམས་”མཉམ་ལས”་ཟེར་བའི་སྲིད་ཇུས་གསར་བ་དེར་སྐྲག་དོན་དང་”གསར་བརྗེ་”ཟེར་བའི་ཐ་སྙད་འདི་གཉིས་ལ་ཐེ་ཚོམ་སྐྱེ་དོན་རྟོགས། བསམ་བློ་བཏང་བས་རང་ཉིད་ལ་དོན་དག་གང་ལའང་སྐལ་མེད་ཀྱང་སྐེ་བསྲིང་བ། བསྲིངས་ནས་ཀྱང་ལབ་རྒྱུ་མང་པའི་ནད་ཅིག་ཡོད་པ་ངོས་ཟིན། ཡིན་ཀྱང་ངས་ད་སྔོན་བསམ་བློ་བཏང་ནས་ཡིད་དུ་མ་འཁོར་བ་གཅིག་ཡོད་དེ། ཅིའི་ཕྱིར་བོད་ཀྱི་རྩོམ་པ་པོ་དག་བགྲོ་གླེང་འཚོགས་ཐེངས་རེར་ཆང་གིས་བཟི་འགྲོ་ཞིང་ཆང་གིས་ར་བཟི་རྗེས་ཕན་ཚུན་འཁོན་རྡུང་བྱེད་པ་ཡིན་ནམ།
འོན་ཀྱང་བསམ་བློ་འདི་གཏོང་མི་འོས་པའི་དུས་གཅིག་ཡོད་དེ། དེ་ནི་ཤག་ཤག་གི་ཆར་བའི་འབབ་སྒྲ་ལས་མེད་པའི་དབེན་ཞིང་འཇགས་པའི་ནམ་གུང་འདི་ལྟ་བུའི་དུས་ཚོད་དེ། བསམ་བློ་བཏང་བས་གཉིད་ནི་རྟ་རྔ་ཙམ་ཡང་ལྷག་པར་མི་བྱེད། ད་ནི་ངས་སྔ་ཕྱི་གང་ལ་བསམ་བློ་བཏང་ཡང་རིག་པ་གསལ་ཅིང་སྐྱེན་པར་གྱུར།
༤
མིན། ང་དེ་ལྟར་འཆི་ག་ལ་རུང་ཨང་། ངས་ད་དུང་ལི་ཨོ་་ཟེར་བའི་རྒྱ་མི་གཏམ་བཤད་པ་དེར་དགག་པ་ཐེངས་ཤིག་བྱེད་དགོས། དུས་རབས་ཉེར་གཅིག་པ་འདིར་སུས་དེ་ལྟར་བག་ཚ་ཅི་ཡང་མེད་པར་མི་རིགས་ཤིག་ལ་གནས་ལུགས་མེད་པའི་ལོག་བཤད་དང་ཁུངས་མེད་ཀྱི་སྒྲོ་འདོགས་ཀྱིས་མཐོང་ཆུང་དང་འཕྱ་དམོད་བྱེད་ཆོག ད་ལྟ་ང་ཚོས་ཀྱང་ལ་རྒྱ་དང་ཁེ་དབང་རྩོད་ཤེས་པར་གྱུར། སྔར་ཡིན་ན་དེ་དག་ནི་ཕན་ཚུན་འཛིངས་རེས་བྱས་ནས་ཐག་གཅོད་དགོས་པ་ཞིག་སྟེ། ངའི་ཨ་མྱེ་དང་ར་ལོ་ཁ་ཤོ་གཉིས་བར་ལ་དེ་འདྲའི་སྐྱོ་གར་འདྲེས་པའི་གཏམ་རྒྱུད་རེ་འགའ་བྱུང་མྱོང་། ཨ་མྱེ་ཡིད་ལ་དྲན་མ་ཐག་ངའི་སེམས་སུ་ཚ་ཤུར་ཤུར་བྱེད་པའི་དོན་དག་གཞན་ཞིག་དྲན་འོངས་སྟེ། དེ་ནི་ངེད་ཚང་ནས་བོར་ཟིན་པའི་སྤྱན་རས་གཟིགས་ཀྱི་ལི་མའི་འདྲ་སྐུ་ཞིག་ཡིན། རྒྱུས་མེད་པའི་མི་གཞན་གྱི་མིག་ལམ་དུ་དེ་ནི་ཟངས་ལས་བྱས་པའི་འདྲ་སྐུ་སྤྱིར་བཏང་བ་ཞིག་ཡིན་མོད་ཀྱང་། དོན་དམ་པར་དེ་ནི་གསེར་དང་དངུལ། ཕ་ལམ་ལས་ཀྱང་ལྷག་པའི་ཁྱིམ་བརྒྱུད་ནོར་བུ་ཞིག་ཡིན་ཏེ། གཟུངས་གཞུག་ལ་རྗེ་ཙོང་ཁ་པས་སྐུ་དངོས་སུ་བྲིས་ཤིང་བྱིན་གྱིས་བརླབས་པའི་སྤྱན་རས་གཟིགས་ཀྱི་བྲིས་ཐང་ཆུང་ངུ་ཞིག་དང་མ་ཎི་ནས་བརྐོས་མ་ཞིག་ཡོད་ལ། དེ་ཉིད་ཕྱིས་སུ་བསོད་ནམས་དང་ལས་དབང་གི་སྟོབས་ཀྱིས་ངའི་ཡབ་མེས་བཀའ་དྲིན་ཅན་ཞིག་གི་ཕྱག་ཏུ་སོན་ཞིང་མཆོད་བཀུར་ནན་ཏན་བྱས་པའི་དྲི་ལ་ཙན་དན་དང་རོ་ལ་སྦྲངས་རྩི། ནད་བརྒྱ་སྨན་གཅིག་ཡིན་པའི་བྱིན་རླབས་ཀྱི་བདུད་རྩི་བབས་ཟེར། ཡིན་ཀྱང་ངའི་ཨ་མྱེའི་རིང་ལ་མི་འདོད་པའི་ས་ཡོམ་རི་བོ་ཉིལ་འདྲ་ཞིག་བྱུང་བས། དཀོན་མཆོག་གསུམ་པོའི་ཐུགས་རྗེས་མི་ལ་གནོད་པ་ཏོག་ཙམ་ཡང་མ་བྱུང་ཡང་ལྷ་སྐུ་དུས་དེ་ནས་བཟུང་ཁབ་ས་འོག་གི་ཚུལ་དུ་གྱུར་ཅིང་། མོ་རྩིས་ལུང་བསྟན་གང་བྱས་ཀྱང་མ་རྙེད་པས་ཨ་མྱེ་སྨྱོ་ལ་ཁད་དུ་གྱུར། འོད་ཀྲིག་ཀྲིག་བྱེད་པའི་རལ་བའི་ལྕང་ལོ་སྐད་ཅིག་ཉིད་ལ་དུང་གི་མདོག་ཏུ་ཆགས་ཤིང་ལྡེམ་མྱུར་ཆེ་བའི་ལུས་པོའང་ཉིན་རེ་ལས་ཉིན་རེར་རྒས་འཁོགས་སུ་གྱུར། ཁོ་བོས་མི་ངོ་ཤེས་དུས་སུ་ཨ་མྱེ་ནི་མལ་སར་ལྷུང་འདུག་པའི་རྒན་པོ་མགོ་དཀར་ཞིག་རེད། འོན་ཀྱང་ལོ་ལོན་གཞན་དང་མི་འདྲ་བར་ཁོའི་ཁའི་དུང་སོ་སུམ་ཅུ་ནི་སྔར་བཞིན་ཚགས་དམ་པར་ཡོད་པས་སྐད་ཆ་བཤད་པ་སྨྲར་དག་ཅིང་ཡིད་ཀྱི་དྭངས་པ་འགུག་པ་ཞིག་ཡིན། ཁོང་གེ་སར་གྱི་སྒྲུང་བཤད་པར་སྤྲོ་ཞིང་། དེ་བས་ཀྱང་ཁྱིམ་བརྒྱུད་ནོར་བུ་དེའི་སྐོར་གྱི་ཁྱད་མཚར་བའི་གཏམ་རྒྱུད་དག་གླེང་བར་སྤྲོ། ཡིན་ཀྱང་ལི་མའི་སྐུ་དེའི་སྐོར་བཤད་པའི་རྗེས་རྒྱུན་པར་རྣ་བར་མི་བཟོད་ཅིང་སེམས་པ་འཁྱགས་ཤུར་ཤུར་བྱེད་པའི་ཕངས་སེམས་ཀྱི་ཤུགས་རིང་ཡང་ཡང་འབྱིན་པར་བྱེད། ཤུགས་རིང་དེས་བྱིས་དུས་ཀྱི་ཁོ་བོར་བགས་ཆགས་ཟབ་མོ་ཞིག་བཞག་ཅིང་ཨ་མྱེས་ཀྱིས་བཤད་པའི་ནོར་བུ་དེའི་རིན་ཐང་ཡང་དེ་ལས་རྟོགས། དེ་བས་ཀྱང་ངས་བརྗེད་དུ་མེད་པ་ནི་སྟོན་མཇུག་གི་ནུབ་མོ་དེ་ཡིན། ནུབ་མོ་དེར་ལོ་རྒན་དགུ་བཅུར་བུད་ཡོད་པའི་ཨ་མྱེས་རྒྱུན་ལྡན་མིན་པར་ཁྱིམ་མི་ཚང་མ་དང་གཉེན་ཉེ་གཙོ་བོ་འགའ་ཡང་མཉམ་གཅིག་ཏུ་འདུ་དགོས་པར་གདམས་ཤིང་ཡར་དཀོར་མཆོག་ལ་མཆོད་པ་དང་མར་དབུལ་བོར་སྦྱིན་པ་གཏོང་དགོས་པ། ཡ་རབས་བག་ཡོད། ནང་མི་འགྲིག་མཐུན། བྱིས་པ་སྐྱོང་ཐབས་སོགས་ཁྭ་ཏ་རྒྱས་པ་ཞིག་བྱས་ཤིང་། དེ་ནས་སུས་ཀྱང་ཐོས་མ་མྱོང་བའི་སྔར་གྱི་འདས་སོང་གི་གཏམ་རྒྱུད་རེ་གཉིས་ཤིག་ལབ་རྗེས། ཆེས་མཐའ་མར་ངུ་ངག་དང་བཅས་ཏེ་ཁོའི་རིང་ལ་རང་ཁྱིམ་གྱི་ནོར་བུ་འཇིག་རྟེན་ན་དཀོན་པ་དེ་བོར་ཚུལ་དང་ཕྱིས་སུ་ཁྱིམ་མི་དག་ནས་ནོར་བུ་དེ་མ་རྙེད་པར་དུ་ཚེ་ཚེ་རབས་རབས་སུ་འཚོལ་དགོས་པའི་རེ་བ་དང་བཅོལ་འདོམས་ཀྱི་ཁ་ཆེམས་བཞག ནུབ་མོ་དེ་ངས་གཏན་ནས་བརྗེད་རྒྱུ་མེད། ཨ་མྱེས་དྲིན་ཅན་དེས་དེ་ལྟར་མངོན་མཁྱེན་ཡོད་པ་ལྟར་ཁྱིམ་མི་དག་ལ་བསླབ་བྱ་དང་ཁ་ཆེམས་བཞག་ཅིང་ཕྱི་ཉིན་སྔ་མོར་ལག་ཟུང་ཐལ་མོ་དང་བཅས་མི་ཡུལ་འདི་དང་གཏན་བྲལ་བྱས། བསམ་དབང་དྲན་དབང་མེད་པར་མི་ལོ་ཉི་ཤུ་འདས་ཚར། མི་ལོ་ཉི་ཤུ་འདིའི་རིང་ལ་ཕ་ཡུལ་ལ་འགྱུར་ལྡོག་ཆེ་ཞིང་ངའི་འཚོ་བའང་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་། ཡིན་ཀྱང་ནམ་ཡང་འགྱུར་མེད་པ་གཅིག་ཡོད་དེ་དེ་ནི་ནམ་ཞིག་ཨ་མྱེས་ཀྱི་ནོར་བུ་འཚོལ་རྒྱུ་དེ་ཡིན། མིན་ཏེ། ངེད་ཚང་གི་ནོར་བུ་འཚོལ་རྒྱུ་དེ་ཡིན།
༦
སང་ཉིན་སློབ་ཁྲིད་མང་བས་ང་ཅིས་ཀྱང་གཉིད་དགོས། ངས་ཧུར་ཐག་གིས་ཤེས་པ་ནང་ལ་བསྒྲིམས། བསམ་བློའི་རླབས་རྒྱུན་གྱི་གཉེར་མ་རེ་རེ་དལ་བ་དལ་བུར་གཡོས་ཤིང་གཉེར་མའི་རི་མོ་རེ་རེ་རབ་རིབ་ནས་རབ་རིབ་ཏུ་གྱུར། དཀོན་མཆོག་མཁྱེན། ས་ཡོམ་མི་བྱུང་རོགས།
རྩོམ་ཁུངས། ངེད་དྲ་བ།