མདུད་པ།
༡
མདུད་འདུག
མི་གཉིས་རེ་གཉིས་རེ་བྱས་ནས་མདུད་འདུག
སྐབས་རེར། མི་རྣམས་ལ་མུན་པ་ནི་འོད་སྣང་ལས་ཀྱང་མཁོ་བ་ཡིན། ལྷག་པར་དུ་ཕན་ཚུན་མདུད་པར་རྒྱག་དུས། མི་རྣམས་ཀྱིས་འོད་སྣང་ལས་ཀྱང་མུན་སྨག་བཙལ་ནས་འགྲོ།
དེའང་ལོས་ཡིན། མུན་པའི་ཁྲོད་དུ། མི་རྣམས་ཀྱིས་མདུད་པ་ཇི་ལྟར་བརྒྱབ་ཀྱང་ཆོག་སྟེ། དམ་པོར་གཤགས་ན་ཆོག་ལ། ལྷོད་པར་གྲོལ་ཡང་རུང་། ཐ་ན་དམ་ལྷོད་གཉིས་ཀྱི་བར་མཚམས་ནས་གྲོལ་མ་མདུད་ཀྱིས་བསྐྱུར་ནའང་ཆོག
མུན་པའི་ཁྲོད་དུ། མི་རྣམས་ཀྱིས་མདུད་པ་སུ་ལའང་བརྒྱབ་ཆོག་སྟེ། ཕོ་དང་མོ་མདུད་ན་ཆོག་ལ། མོ་དང་མོ་མདུད་ནའང་ཆོག་པར་མ་ཟད། ཕོ་དང་ཕོ་མདུད་སྲོལ་ཞིག་ཀྱང་ཡོད་ཟེར། ད་དུང་། ན་མཉམ་དང་ན་མཉམ་མདུད་ན་ཆོག་ལ། རྒན་པ་དང་གཞོན་པ་ཡང་མང་དུ་མདུད་བཞིན་པར་གྲགས།
མུན་པའི་ཁྲོད་དུ། མི་རྣམས་ལ་མདུད་པ་རྒྱག་སྟངས་ཀྱང་མང་བོ་ཞིག་ཡོད་ཟེར།
བདེན་ཨང་། དོ་དགོང་། ཁོའི་མཐའ་འཁོར་ནའང་མདུད་ལོག་སྣ་མང་ཞིག་བརྒྱབ་འདུག
ལམ་སྒྲོན་གྱི་གློག་འོད་མ་གེ་མོག་གེའི་ངང་འཚེར།
དེ་ནི་ངས་ཅི་ཡང་མཐོང་གི་མེད་ཨ་ངས་ཅི་ཡང་མཐོང་གི་མེད་ཅེས་དོན་ལ་མིག་ཟུང་ཕྱེ་མ་བཙུམ་གྱིས་སུ་ཞིག་ལ་ལྐོག་ལྟ་བྱེད་བཞིན་པ་རེད། དེས་ཀྱང་སུ་ཞིག་ལ་མདུད་པ་རྒྱག་སྙིང་ཡོད་དམ།
མག་མོག་ཏུ་འཚེར་བའི་གློག་འོད་ཀྱི་རླབས་ངོགས་སུ། སྟོན་ཀ་ཞིག་ནས་དགུན་ཁ་ཞིག་ལ་རྐྱལ་ཞིང་། དགུན་ཁ་ལྷག་མ་འདིའི་ཁྲོད་ནས་ཀྱང་ད་དུང་ཡུན་རིང་དུ་རྐྱལ་འདོད་ཡོད་པའི་ལྟུང་ལོ་གང་མང་ཞིག གསེར་གྱི་ཉ་མོ་བཞིན་རྐྱལ་བཞིན་འདུག ཤག་ཤག་གིས་རྐྱལ་བཞིན་འདུག དེ་ཚོས་མདུད་པ་རྒྱག་ས་ཞིག་མ་རྙེད་པས་ད་དུང་འདི་ལྟར་ཨུ་ཚུགས་བྱེད་བཞིན་པ་ཨེ་རེད།
གང་ལྟར། གློག་མག་མོག མུན་རབ་རིབ། ད་དུང་བསིལ་རླུང་དང་ལྟུང་ལོའི་ཤབ་ཤུབ་ཁྲོད། ན་གཞོན་སློབ་ཆེན་པ་གང་མང་ཞིག་མདུད་པ་རྒྱག་རྒྱག་གིས་འཁྱུད་ནས་འདུག ཁོ་དང་ཆེས་ཉེ་བའི་ན་གཞོན་ཕོ་མོ་དེ་གཉིས་ནི་རྒྱ་རིགས་སློབ་ཆེན་པ་གཉིས་རེད། ཁོ་གཉིས་མཚམས་རེར་དམ་པོར་མདུད་འདུག་ལ། སྐབས་རེར་གློ་བུར་དུ་གྲོལ་འགྲོ། གྲོལ་ནས་ཀྱང་མདུད་བཞིན་འདུག མདུད་ནས་ཀྱང་གྲོལ་བཞིན་ཡོད། གྲོལ་བ་དང་མདུད་པའི་གོ་རིམ་ཁྲོད་སུས་ཀྱང་ཉེ་གམ་གྱི་ཁོར་སྣང་འཇོག་ཅི་ཡང་མ་བྱས། བྱའང་མི་སྲིད། མུན་པ་ཡོད་པས། སུས་ཀྱང་ཁོ་གཉིས་ཀྱི་མདུད་པ་རྒྱག་སྟངས་དེ་དག་མཐོང་མི་ཐུབ་པ་མིན་ནམ།
རེད་ཨ། ཁོའི་ཉེ་འཁོར་ན་དེ་འདྲའི་མདུད་པ་གང་མང་ཞིག་ཡོད། ལམ་འགྲམ་གྱི་སྡོང་འོག་ན། ཁང་བརྩེགས་ཀྱི་གྲུ་ཟུར་ན། གླིང་གའི་རྐུབ་སྟེགས་སུ། ཐ་ན་ལམ་སྒྲོན་གྱི་འོད་ངོགས་སུའང་མདུད་པ་རྒྱག་བཞིན་འདུག མདུད་པ་གྲོལ་བཞིན་ཡོད།
འོན་ཏེ། ནུབ་སྒོའི་ལམ་སྒྲོན་ཐ་མ་དེ་དང་ཁོ་གཉིས་ཁ་རོག་གེར་འདུག འོ། མ་རེད། ཁོ་རང་འགུལ་བཞིན་འདུག ཁོས་སྐབས་རེར་ལུས་པོ་ལྡེམ་ལྡེམ་འགའ་བྱེད་ཅིང་། མཚམས་རེར། ཉེ་གམ་གྱི་ལམ་སྒྲོན་དེར་རྡོག་རྡོ་འགའ་གཞུ་བར་ཡང་བྱེད། ཡང་ལན་རེར། ཐ་མག་རྐང་གཅིག་མེ་རུ་སྦར་ནས་མང་བོ་མང་བོ་ཞིག་རྔུབ་བཞིན་འདུག་ལ། མང་བོ་མང་བོ་ཞིག་འབྱིན་བཞིན་ཡང་ཡོད།
གང་ལྟར། དུས་ཚོད་ལ་ལྟ་ཙམ་བྱས་རྗེས་ཅི་ཞིག་ལ་རྒྱང་ལྟ་ལན་རེ་བྱེད་པ་ནི་འགྱུར་གྱི་མི་འདུག
ཁོས་དེ་ལྟར་ཅི་ཞིག་ལ་བསྒུགས་ནས་འདུག
མཐའ་འཁོར་གྱི་མདུད་པ་ཚོར་ལྟ་བཞིན་མུ་མཐུད་དུ་བསྒུགས་ནས་འདུག ཁོས་ཀྱང་སུ་ཞིག་ལ་མདུད་པ་རྒྱག་བསམས་པ་ཡིན་ནམ།
མཐའ་འཁོར་གྱི་སློབ་གྲོགས་ར་བཟི་བ་ཚོ་དང་འདྲ་བར། ལྟུང་ལོ་ཐར་ཐོར་དེ་དག་ཀྱང་ཕར་འཁྱལ་ཚུར་འཁྱལ་གྱིས་ཤག་ཤག་ཤག་བྱེད། དེ་ཚོའི་ཤག་ཤག་ཤག་གི་གོམ་འགྲོས་ཀྱིས་དུས་ཚོད་ཀྱང་སྐར་ཆ་རེ་བྱས་ནས་གང་ཞིག་ཏུ་དྲུད་ནས་ཚར་གྱི་འདུག
རྐང་གཅིག
རྐང་གཉིས།
གསུམ་བཞི་་་་་་་་ཁོའི་རྐང་འོག་ན་ཐ་མག་གི་འཐེན་འཕྲོ་གང་མང་ཞིག་བཅིར་ནས་འདུག ཁོས་ཡང་བསྐྱར་དུས་ཚོད་ལ་ལྟ་ཙམ་བྱས་ཤིང་། དེ་ནས་ད་ཅིར་ཡང་ཡང་བལྟས་པའི་ཕྱོགས་དེར་ཡང་བསྐྱར་ལྟ་ཙམ་བྱས།
ཕལ་ཆེར་ཅི་ཡང་མ་མཐོང་བ་འདྲ། ཁོས་ད་སོ་མར་མེ་རུ་སྒྲོན་མ་ཐག་པའི་ཐ་མག་དེ་ས་རུ་གཡུགས་ནས་སྔོན་དང་འདྲ་བར་བཅིར་བྱུང་། སྔོན་དང་མི་འདྲ་བའི་ཤེད་ཅིག་གིས་སྔོན་དང་འདྲ་བར་བཅིར་བར་བལྟས་ན། ཐེངས་འདིར་ཁོས་གཅིར་བཞིན་པ་ནི་ཐ་མག་གི་འཐེན་འཕྲོ་ཏག་ཏག་མིན་པ་འདྲ།
གང་ལྟར། ཐ་མག་འཐེན་འཕྲོ་དེ་བཅིར་ནས་རྡུལ་དུ་བཏང་རྗེས། ཁོ་རང་བུད་སོང་།
མུན་པ་ནི་སུ་ཞིག་གི་ངོ་གདོང་དང་འདྲའམ། ཡང་ན་སུ་ཞིག་གི་སེམས་པ་དང་འདྲ། གང་ལྟར་དེ་འདྲའི་ནག་པོ་ཞིག་རེད། མུན་པ་ནག་པོ་འདིའི་ཁྲོད་ནའང་འོད་སྣང་གིས་ཚབ་བྱེད་མི་ནུས་པའི་བདེ་བ་གང་མང་ཞིག་ཡོད་པ་མ་ཡིན་ནམ།
ལྟོས་དང་། ཁོ་རང་ལམ་སྒྲོན་ཐ་མ་དེའི་ཁ་གཏད་གྱི་ལམ་འགྲམ་དེར་སོང་ནས་མུ་མཐུད་དུ་བསྒུགས་ནས་འདུག
སྐབས་འདིར་ཁོས་མཐའ་འཁོར་དུ་བལྟས་པ་ན། མདུད་པ་གང་མང་ཞིག་ཇེ་ཉུང་དུ་སོང་འདུག ད་དུང་ཡང་མུ་མཐུད་དུ་འགྲོ་བཞིན་འདུག
ཁོས་ཡང་བསྐྱར་ཐ་མག་ཅིག་མེ་རུ་སྦར་བྱུང་།
འོན་ཏེ། འབར་བཞིན་པ་ནི་ཏག་ཏག་ཐ་མག་དེ་གཅིག་པུ་ག་ལ་ཡིན། ཁོའི་སེམས་པའང་མེ་རུ་འབར་བཞིན་པ་དང་འདྲ། ཁོ་རང་ཕར་འགྲོ་ཚུར་འགྲོ་བྱེད་བཞིན་འདུག་ལ། འགྲོ་ཞོར་རེར་འཁྲིས་ཀྱི་གློག་སྒྲོན་དེར་ཁུ་ཚུར་ལྕི་མོ་རེ་གཞུ་བར་ཡང་བྱེད།
གང་ལྟར། ཐ་མག་རྐང་ཐུར་མང་བོ་ཁོའི་རྐང་འོག་ན་ཆ་བྱེད་མི་འདྲ་བའི་ཚུལ་གྱིས་བཅིར་འདུག རྐང་ཐུར་དེ་དག་དང་མཉམ་དུ་ཁོའི་མང་བོ་མང་བོ་ཞིག་ཀྱང་བཅིར་ཚར་སོང་བ་འདྲ། ད་ནི་ཁོ་ལ་དེ་སྔོན་གྱི་རྣམ་རིག་ཅིག་མི་འདུག
ཁོས་དངོས་གནས་སྒུག་བཞིན་ཡོད་དམ། དེས་ན་ཅི་ཞིག་ལ་སྒུག་བཞིན་ཡོད། མདུད་ལོག་ཅིག་ལ་སྒུག་བཞིན་ཡོད་དམ།
མདུད་ལོག་ཅིག་ལ་སྒུག་བཞིན་ཡོད་ཀྱང་རུང་ལ་མེད་ཀྱང་ཆོག གང་ལྟར། ད་ལྟ། ཁོའི་སེམས་ལ་གཞི་ནས་མདུད་ལོག་ཅིག་བརྒྱབ་འདུག འདི་ནི་ཁོས་སྒུག་བཞིན་པའི་མདུད་ལོག་དེ་ཡིན་ནམ།
དེའང་ཡིན་ཀྱང་རུང་ལ་མིན་ཀྱང་ཆོག གང་ལྟར། ཐེངས་འདིར་ཁོ་རང་དངོས་གནས་བུད་སོང་། ཁོས་མཐའ་འཁོར་གྱི་མདུད་ལོག་དེ་དག་གི་ཁྲོད་ནས་རང་ཉིད་ཀྱི་སེམས་ཁར་མདུད་ལོག་ཅིག་བརྒྱབ་ནས་བུད་སོང་།
མུན་སྔར་བཞིན་མུན་རེད། གློག་འོད་ཀྱང་ནི་དེ་བཞིན་ནོ།
འོན་ཏེ། ཁོ་རང་སོང་ནས་ཅང་མ་འགོར་བར། ལམ་སྒྲོན་དེའི་འོད་ངོགས་སུ་གྲིབ་གཟུགས་གསར་བ་ཞིག་སླེབས་བྱུང་། རླུང་གིས་དེད་ནས་སླེབས་བྱུང་།
ཕྲ་ས་ཕྲ། སྦོམ་ས་སྦོམ། འོ། དེ་ནི་ཁོ་མོ་མ་ཡིན་ནམ།
ཉག་ས་ཉག འབུར་ས་འབུར། འོ། དེ་ནི་དངོས་གནས་ཁོ་མོའི་གྲིབ་གཟུགས་ཡིན་འདུག
ཁོ་མོ་ཕར་འཁོར་ཚུར་འཁོར་བྱེད་བཞིན་འདུག ཁོ་མོས་གཡས་ལྟ་གཡོན་ལྟ་བྱེད་བཞིན་འདུག ཡང་སྐབས་རེར། ཕྲག་སྟེང་གི་ཀོ་ཁུག་ཡར་འདེད་ཙམ་བྱས་ཤིང་། མིག་ཁར་འཕྱོ་འོང་བའི་སྐྲ་ཉག་དག་ཕྱིར་ཤད་ཙམ་རེའང་བྱེད།
གང་ལྟར། ཁོ་དང་འདྲ་བར་ཅི་ཞིག་འཚོལ་བཞིན་འདུག་ལ། སུ་ཞིག་ལ་སྒུག་བཞིན་པར་ཡང་སྣང་།
བཙལ་ནས་མ་རྙེད་པ་ལོས་ཡིན། བསྒུགས་ནས་མ་སླེབས་པ་ལོས་ཡིན། ཁོ་མོས་ཁ་པར་བླངས་ནས་སུ་ཞིག་ལ་འཕྲིན་ཐུང་བསྐུར་མགོ་བརྩམས་བྱུང་།
མུན་ནག་གི་གྲུ་ག་གཞན་ཞིག་ན། ཁོ་རང་ཡང་ཁ་པར་གྱི་དཀར་ངོགས་སུ་ཅེར་ནས་འདུག
“ཁྱོད་གང་ན་ཡོད།”
“ཡུན་རིང་བསྒུགས་ཀྱང་ཁྱོད་ཀྱི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་པས། ང་ཕྱིར་ལོག་སོང་།”
“ཁྱོད་ཀྱིས་ང་ལ་ཐུག་དགོས་ཞེས་པ་མིན་ནམ། ཁྱོད་འདི་ལྟར་ཕྱིར་ལོག་ནས་ཅི་བྱེད། ”
“ཡིན་ཡང་། ངས་ཆུ་ཚོད་བརྒྱད་པ་ནས་བཟུང་ཁྱོད་ལ་བསྒུགས་པ་ཡིན།”
“ཁྱོད་ཀྱིས་ཆུ་ཚོད་བཅུ་བར་ཤོག་ཅེས་པ་མིན་ནམ། ད་ལྟ་ཏག་ཏག་དགུ་དང་ཕྱེད་ཀ་ཡོལ་ཙམ་རེད་”
……
ཁོ་མོས་འཕྲིན་ཐུང་བསྐུར་ས་དེ་ཁོ་རང་ཡིན་ནམ། གལ་སྲིད་ཡིན་ན། འཕྲིན་ཐུང་དེ་དག་གིས་ཀྱང་གང་ཞིག་ན་མདུད་པ་རྒྱག་བཞིན་ཡོད་ངེས།
༢
མི་དང་མི་མདུད་པ་ལ་གནས་ལུགས་དང་རྒྱུ་མཚན་གང་ཡང་མི་དགོས། ཇི་ལྟར་མདུད་ན་དེ་ལྟར་གྲོལ་ཆོག་ལ། ཇི་ལྟར་གྲོལ་ན་དེ་ལྟར་མདུད་ཀྱང་མི་ཆོག་རྒྱུ་ཅི་ཡོད།
དངོས་གནས་དེ་ལྟར་ཡིན་པ་འདྲ། དོ་དགོང་ཡང་དམ་ལྷོད་གང་རུང་གི་མདུད་པ་གང་མང་ཞིག་རྒྱག་མགོ་བརྩམས་བྱུང་།
ལམ་སྒྲོན་གྱི་འོད་ངོགས་སུའང་། མདུད་པ་གང་མང་ཞིག་མཐོང་རྒྱུ་ཡོད་པར་བལྟས་ན། འོད་སྣང་མེད་པའི་མུན་ནག་གི་ཟབ་ས་རེ་ན། ད་དུང་དེ་ལས་ཀྱང་མང་བའི་མདུད་པ་སྣ་ཚོགས་ཤིག་རྣམ་པ་ཇི་འདྲ་ཞིག་གིས་མདུད་ནས་ཡོད་ཨང་།
གང་ལྟར། མུན་པ་འཐིབས་ནས་འདུག རླུང་བུ་གཡུག་བཞིན་འདུག རླུང་བུ་དང་མཉམ་དུ་ད་དུང་མང་བོ་མང་བོ་ཞིག་གཡུག་བཞིན་ཡོད། འོན་ཀྱང་། རླུང་བུ་ཇི་ལྟར་གཡུགས་ཀྱང་མཐའ་འཁོར་གྱི་མུན་པ་འཁུར་མ་ཐུབ།
དེའང་ལོས་ཡིན། གནས་འདིར་འཐིབས་པ་ནི་མུན་པ་གཅིག་པུ་ག་ལ་ཡིན།
གང་ལྟར། ཁོ་མོ་ཡང་མུན་པ་འདིའི་གས་སྲུབས་གང་ཞིག་ནས་མངོན་འོང་ལ། ལམ་འགྲམ་གྱི་ལྟུང་ལོ་དེ་དག་དང་མཉམ་དུ་ག་ལེར་ཁུར་ནས་འོང་། ཁོ་མོ་དང་ལྟུང་ལོ་དེ་དག་ནི་དངོས་གནས་གསེར་གྱི་ཉ་མོ་ཁྱུ་གཅིག་རེད། གསེར་གྱི་ཉ་མོ་ཁྱུ་གཅིག་དང་འདྲ་བར་མུན་པར་རྐྱལ་བཞིན་འོང་། རླུང་བུར་རྐྱལ་བཞིན་འོང་།
རྐྱལ་རྐྱལ་མཐར། ཤར་སྒོའི་ལམ་སྒྲོན་ཐ་མ་དེའི་འོད་ངོགས་སུ་འགྲེང་ནས་འདུག ལམ་སྒྲོན་དེ་དང་འདྲ་བར་འགྲེང་ནས་འདུག ཆེས་མ་མཐའ་ཡང་ཁོ་མོ་རང་ཉིད་ཀྱི་ལམ་སྒྲོན་དེ་ཡིན་ངེས།
རླུང་བུས། ཁོ་མོའི་གནག་སྣུམ་གྱི་སྐྲ་ལོ་གང་འདོད་དུ་གཏོར་བཞིན་ཡོད་མོད། འོན་ཀྱང་། གང་ལའང་འཁུར་མ་ཐུབ། མུན་པས། ཁོ་མོའི་བཅོས་མིན་གྱི་འཛུམ་འོད་ཅི་འདོད་ཀྱིས་སྦེད་བཞིན་ཡོད་མོད། འོན་ཀྱང་། སུའང་གསང་མ་ནུས།
གསང་མ་ནུས་པས། ཁོས་ལྭ་བ་རྗེ་བཞིན་འདུག སྐྲ་ལོ་ཤད་བཞིན་ཡོད། རྐང་ལྷམ་འབྱིད་བཞིན་གདའ། ད་དུང་མེ་ལོང་དུའང་ལྟ་བཞིན་ཡོད། མེ་ལོང་དུ་ལྟ་ཞོར་གཤམ་གྱི་འཕྲིན་ཐུང་དེ་ལ་ཡང་ལྟ་བསྐྱར་ལྟ་བྱེད།
“དགོང་མོའི་ཆུ་ཚོད་བརྒྱད་པར། ཤར་སྒོ་ནས་ཐུག”
འཕྲིན་ཐུང་འདིར་ཡང་ཡང་ལྟ་བཞིན། མེ་ལོང་དུ་ཡང་ཡང་ལྟ།
ཁོ་ལ་ཡག་དགའ་ཆེ་བར་མི་བརྗོད་པར་ཞུ། རྒྱུ་མཚན། མེ་ལོང་དུ་ལྟ་མཁན་ནི་ཁོ་རང་མ་རེད། གཞན་ཞིག་རེད། ཁོས་གཞན་ཞིག་གི་ཚབ་ཏུ་མེ་ལོང་ནང་གི་རང་ཉིད་ལ་ལྟ་བཞིན་པ་རེད།
ཁོ་ལ་ཡག་དགའ་ཆེ་བར་མི་བརྗོད་པར་ཞུ། རྒྱུ་མཚན། རང་ཉིད་གྲལ་དག་ཅིག་བྱེད་པ་འདི། དོན་དམ་པར་གཞན་ཞིག་གི་བརྩི་བཀུར་ཡིན་པ་ལས་རང་ཉིད་ཀྱི་ཆེད་དུ་ག་ལ་ཡིན།
ཁོ་ལ་ཡག་དགའ་ཆེ་བར་མི་བརྗོད་པར་ཞུ། རྒྱུ་མཚན། ཁོ་རང་དགའ་ས་ནི་ཡག་མིན། ཁོ་རང་དགའ་ས་ནི་རང་ཉིད་ཀྱིས་འདི་ལྟར་སྟ་གོན་བྱེད་རིན་ཡོད་མཁན་ཞིག་ཡིན།
མུན་འཐིབས་པ་ནི་སུ་ཞིག་གིས་མིག་ཟུང་བཙུམས་པ་དང་འདྲ་ལ། གློག་བཀར་བ་འདི་སུ་ཞིག་གིས་བསམ་བློ་གཏོང་བཞིན་པ་དང་འདྲ།
ཁོ་མོས་ཀྱང་མིག་ཟུང་བཙུམས་ནས་འདུག དེས་ན་ཁོ་མོས་ཀྱང་བསམ་བློ་གཏོང་བཞིན་ཡོད་དམ། ཡོད་ན་ཅི་ཞིག་ལ་བསམ་བློ་གཏོང་བཞིན་ཡོད། ཁོ་མོས་ཀྱང་མཐའ་འཁོར་གྱི་དེ་དག་དང་འདྲ་བར་སུ་ཞིག་ལ་མདུད་པ་རྒྱག་སྙིང་ཡོད་དམ། གང་ལྟར། ཁོ་མོས་སུ་ཞིག་ལ་བསྒུགས་ནས་འདུག བསམ་བློ་གཏོང་བཞིན་སུ་ཞིག་ལ་བསྒུགས་ནས་འདུག
མཐའ་འཁོར་ན་མདུད་པ་རྒྱག་བཞིན་འདུག ཁོ་མོས་ད་དུང་བསྒུགས་ནས་ཡོད།
མཐའ་འཁོར་ན་མདུད་པ་གྲོལ་བཞིན་འདུག ཁོ་མོས་ད་དུང་བསྒུགས་ནས་ཡོད།
མདུད་ནས་གྲོལ་བའི་གོ་རིམ་ཁྲོད། རླུང་བུས་ཁོ་མོའི་སྐྲ་རྩེ་བསྒུལ། རླུང་བུས་ཁོ་མོའི་ཐུ་སྣེ་བསྒུལ། རླུང་བུས་ཁོ་མོའི་སེམས་རྩ་བསྒུལ། རླུང་བུས་མདོར་ན་ཁོ་མོ་སྒུལ་བཞིན་ཡོད། རླུང་བུ་འདིས་ཁོ་མོར་མདུད་པ་རྒྱག་སྙམ་པ་ཨེ་རེད།
ཡིན་ཡང་། ཁོ་མོ་འགུལ་གྱི་མི་འདུག གཡོ་འགུལ་ཅི་ཡང་མེད་པར་ལམ་སྒྲོན་གྱི་འོད་ངོགས་དེ་བསྲུངས་ནས་འདུག
སྐབས་འདིར། ཁོས་མལ་ཁང་གི་སྒོ་ག་ལེར་འཐེན་བཞིན་ཕྱི་རུ་བུད་སོང་། ད་ཅིའི་འཕྲིན་ཐུང་དེར་ལྟ་བཞིན་ཕྱི་རུ་བུད་སོང་།
འཕྲིན་ཐུང་དེ་ནི་ཁོ་མོས་བསྐུར་ཡོང་བ་ཡིན་ནམ། དེས་ན་ཁོ་གཉིས་ཀྱིས་ཀྱང་མདུད་པ་ཞིག་རྒྱག་བསམས་པ་ཨེ་རེད།
ཁོ་མོས་དུས་ཚོད་ལ་ལྟ་ཙམ་བྱས་ཤིང་། དེ་ནས་ལུས་སྟོད་བསྒུར་ནས་ཕྱོགས་གཉིས་ཀྱི་ལམ་འགྲམ་ལ་ལྟ་བཞིན་འདུག མིག་ཁར་ཐོར་འོང་བའི་སྐྲ་ལོ་ཕྱིར་ལྟག་རྒྱབ་ཏུ་གཡུགས་རྗེས་ཁོ་མོས་མུ་མཐུད་དུ་བསྒུགས་ནས་འདུག
སྐྲ་ལོའི་ཉག་མའི་ཚོགས་ལྟག་རྒྱབ་ན་ལྷོད་ཀྱིས་འཁུར་བཞིན་འདུག་ལ། ཀོ་ཁུག་དམར་པོ་དེ་པུས་མོའི་ཁ་གཏད་ན་ཕར་འགུལ་ཚུར་འགུལ་བྱེད་བཞིན་འདུག
ཁོའང་ཐོག་ཁང་ལས་ཕྱིར་བུད་ཅིང་། ཕར་ཚུར་ལ་ལྟ་ཙམ་བྱས་རྗེས་མུ་མཐུད་དུ་མདུན་ལ་སོང་། འོན་ཏེ། སོང་ནས་ཅང་མ་འགོར་བར། ཁོས་འགྲོ་མཚམས་བཞག་སོང་།
རྒྱུ་མཚན། སྐབས་དེར་ཁོའི་ཁ་པར་གྱི་འབོད་བརྡ་དེ་འདར་འགུལ་ཞིག་དང་མཉམ་དུ་གྲགས་བྱུང་ལ། ཁ་པར་གཏོང་མཁན་ནི་འཛིན་བདག་དགེ་རྒན་ཡིན་འདུག འཛིན་བདག་དགེ་རྒན་གྱིས་མྱུར་བར་གཞུང་ལས་ཁང་དུ་ཡོང་དགོས་པར་གསུངས་འདུག་པས། ད་ནི་ཁོས་ཅི་ཞིག་བྱ། རྒན་ལགས་ཀྱི་བཀའ་ལྡོག་ནས་རང་ཉིད་ཀྱི་དམིགས་ཡུལ་དེ་བསྙེགས་ནས་འགྲོའམ། ཡང་ན་རང་ཉིད་ཀྱི་དམིགས་ཡུལ་བསྐྱུར་ནས་རྒན་ལགས་ཀྱི་གམ་ལ་འགྲོ།
གང་དུ་འགྲོ་ཨང་། ཅི་ཞིག་བྱ།
ཁོས་ཕར་ཚུར་ལ་བལྟས་ཚེ། མཐོང་ལམ་དུ་མངོན་འོང་བ་ནི་མུན་ནག་ཅིག་དང་མུན་ནག་ཅིག་རེད། མུན་ཁྲོད་དུ་ལྡང་འོང་བའི་རླུང་བུ་དེས་ཀྱང་དགོས་མེད་ཀྱི་བྲེལ་ཞིག་བསླངས་ནས་འོང་། མཚམས་མཚམས་སུ་བཙུགས་པའི་ལམ་སྒྲོན་དག་ལས་གློག་འོད་མག་མོག་ཅིག་འཚེར་བཞིན་འདུག་ལ། དེ་ནི་ཇི་འདྲའི་ཁོའི་བསམ་བློ་གཏོང་ཕྱོགས་དང་འདྲ་ཨང།
ངོ་མ། སྐབས་འདི། མག་མོག་ཅིག་རེད། རབ་རིབ་ཅིག་རེད།
ཆེས་མཐའ་མར། སུ་ཞིག་ལ་འཕྲིན་ཐུང་མང་བོ་ཞིག་སྐུར་ཞོར། ཁོ་རང་གཞུང་ལས་ཁང་གི་ཕྱོགས་སུ་བུད་སོང་།
སྐབས་འདིར། ཤར་སྒོའི་ལམ་སྒྲོན་ཐ་མ་དེའི་འོག་ན། ཁོ་མོས་ཀྱང་འཕྲིན་ཐུང་མང་བོ་ཞིག་སྐུར་བཞིན་འདུག འཕྲིན་ཐུང་ཐ་མ་དེ་བསྐུར་རྗེས། ཁོ་མོའང་བུད་སོང་།
སྐབས་འདིར། ཁོ་མོས་རྐང་བ་སྤོས་ནས་འགྲོ་བཞིན་ཡོད་དམ། དྲུད་ནས་འགྲོ་བཞིན་ཡོད་མེད་ནི་ཅིས་ཀྱང་བཤད་དཀའ་བ་ཞིག་ཡིན་མོད། འོན་ཀྱང་། ཁོ་མོ་དེ་ལྟར་ཁ་རོག་གེར་བུད་སོང་།
ཁོ་མོས་ལམ་འགྲམ་གྱི་གློག་ངོགས་བརྒྱུད་ནས་ཅུང་ཙམ་སོང་རྗེས། ཐོག་ཁང་ཞིག་གི་གྲུ་ག་ནས་ཡལ་སོང་། ཐོག་ཁང་དེའི་རྒྱབ་རོལ་ན་མུན་པ་ཡོད་དམ་འོད་སྣང་ཡོད། ང་ཚོས་མཐོང་ཐབས་མེད།
འོ་ན། ཁོ་མོས་ཀྱང་སེམས་ཁར་མདུད་པ་ཞིག་བརྒྱབ་ནས་སོང་ཡོད་དམ།
དེའང་སུས་ཤེས།
༣
ཐག་པའི་མདུད་པ་ནི་མིས་བརྒྱབ་པ་ཡིན་མོད། འོན་ཀྱང་། མིའི་མདུད་པ་ནི་སུས་བརྒྱབ་པ་ཡིན་ནམ།
གང་ལྟར་མི་ལ་མདུད་པ་རྒྱག་བཞིན་ཡོད། མདུད་པ་སྣ་མང་ཞིག་རྒྱག་བཞིན་ཡོད། དེ་བས་ཀྱང་སེམས་ཁར་རྒྱག་བཞིན་ཡོད།
གྲོང་ཁྱེར་གྱི་ཉི་མ་ཇི་ལྟར་ཤར་བ་མཐོང་དཀའ་ལ། ཇི་ལྟར་ནུབ་པའང་ཚོར་དཀའ་བ་ཞིག་ཡིན་མོད། འོན་ཀྱང་། ཁོ་མོ་ནུབ་ལ་ཉེ་བའི་གྲོང་ཁྱེར་གྱི་ཉི་མའི་ཁ་གཏད་དུ་བཙོག་ནས་འདུག
རྣམ་ཀུན་ཁོ་མོར་ཉི་ནུབ་ལ་བལྟ་རུ་འགྲོ་བའི་གོམས་སྲོལ་མེད་མོད། འོན་ཀྱང་། དེ་རིང་། ཁོ་མོ་བསམ་གཟས་ནས་ཉི་ནུབ་ལ་བལྟ་རུ་འོང་བ་ཡིན།
མི་རྣམས་ཀྱིས་ཉི་ཟླ་ཉི་ཟླ་ཞེས་མང་དུ་བསྒྲགས་ཀྱང་། དོན་ངོ་མར་ཉི་མ་དང་ཟླ་བ་གཉིས་ཐེངས་གཅིག་ལའང་ཐུག་མ་མྱོང་ཟེར། ཉི་མ་དང་ཟླ་བ་གཉིས་ཀས་དུས་ཡུན་དེ་འདྲའི་རིང་བོ་ཞིག་ལ་ཕན་ཚུན་བདའ་ཡང་། ད་དུང་ལྷན་འཛོམས་བྱུང་མེད་པར་བལྟས་ན། ལྷན་འཛོམས་ཞེས་པ་འདི་དེ་འདྲའི་ལས་སླ་བོ་ཞིག་མིན་ལོས་ཆེ།
ཁོ་མོས་རྒྱང་རིང་གི་མཁའ་མཐའ་ན་ཁྲག་ཐིག་ཅིག་ཏུ་མངོན་པའི་ཉི་མར་ལྟ་ཙམ་བྱས་ཤིང་། དེ་ནས་ཡང་བསྐྱར་ད་ཅིར་འབྱོར་བའི་འཕྲིན་ཐུང་དེར་ལྟ་བཞིན་བསམ་བློ་གཏོང་བཞིན་འདུག
“དགོང་མོའི་ཆུ་ཚོད་བརྒྱད་པ། ཐེངས་སྔོན་མའི་ས་གནས། དོ་དགོང་ངེས་པར་དུ་ཐུག་ཐབས་བྱ།”
ངེས་པར་དུ་ཐུག་དགོས་སམ། ངེས་པར་དུ་ཐུག་ཐུབ་བམ། བསམ་བློ་གཏོང་དུས་ནི་མིའི་མདུད་པ་ཆེས་གྲིམ་དུས་ཡིན་ལ། ཆེས་མང་དུས་ཀྱང་ཡིན། སེམས་ཁར་མདུད་པ་གང་མང་ཞིག་བརྒྱབ་ཡོད་པར་མ་ཟད། ཐོད་པར་ཡང་མདུད་པ་གང་མང་ཞིག་བརྒྱབ་ཡོད་ངེས།
ཁོ་མོའང་དེ་ལྟར་རེད། རང་ཉིད་ལ་མདུད་པ་གང་མང་ཞིག་རྒྱག་བཞིན་འདུག འོན་ཏེ། འདི་ནི་ཁོ་མོས་རྒྱག་འདོད་པའི་མདུད་པ་དེ་ཡིན་ནམ།
འདི་དང་དུས་མཉམ་དུ། ཁོས་ཀྱང་མལ་ཁྲི་རུ་རང་ཉིད་ལ་མདུད་པ་གྲིམ་པོ་ཞིག་བརྒྱབ་ནས་འདུག མདུད་པ་སྣ་མང་ཞིག་རྒྱག་ཞོར། ཁ་པར་གྱི་གྲག་འགུལ་ལ་མཉན་ནས་འདུག ཡིན་ཡང་། གྲག་འགུལ་ཅི་ཡང་མེད་པའི་ཁ་པར་དེས་ཁོའི་སེམས་པར་སྔར་བས་ཀྱང་དམ་པའི་མདུད་པ་ཞིག་བརྒྱབ་འོང་།
ཡིན་ཡང་། ཁོས་དེ་ལྟར་ཁ་པར་གྱི་གྲག་འགུལ་ལ་བསྒུགས་ནས་འདུག
ཉི་མ་བྱེ་མའི་རི་བོ་ཞིག་ལ་འགོ་བཞིན་ཡོད་དམ། ཡང་ན་ཅི་ཞིག་བྱེད་བཞིན་ཡོད། ད་ཅི་ནས་ནུབ་ནས་ནུབ་ཏུ་ནུབ་བཞིན་ཡོདམོད། འོན་ཀྱང་། ད་དུང་ཡང་སྔར་གནས་སུ་ཡོད་པར་འདྲ་བ་དེ་ཅི་རེད།
ཉི་མ་དངོས་གནས་སུ་ཞིག་གིས་བརྟད་སོང་ངམ། དེས་ན། རྟོད་ཐག་ཅི་ཞིག་ལ་མདུད་ཡོད།
གློ་བུར་དུ། ཁོར་འཕྲིན་ཐུང་ཞིག་འབྱོར་སོང་། འཕྲིན་ཐུང་དེར་ཡིག་རྡོག་གཉིས་མ་གཏོགས་མེད་ཀྱང་། ད་ཅི་གྲིམ་རིག་གེར་ཡོད་པའི་ཁོ་རང་ད་ནི་གཞི་ནས་ལྷོད་སེར་བུད་སོང་།
“ཆོག་གི”
༤
མུན་རུབ་པ་ནི་འཁྲབ་ཡོལ་བརྒྱབ་པར་དཔེ་བླངས་ན་འགྲིག་མོད། འོན་ཀྱང་། མུན་རུབ་པ་འདི་ནམ་ཡང་འཁྲབ་ཡོལ་ཕྱེས་པ་དང་འདྲ་འགྲོ། མུན་རུབ་ཚེ། མི་རྣམས་ཀྱིས་ད་གཟོད་འཁྲབ་སྟོན་མང་བོ་ཞིག་བྱས་འོང་།
མུན་རུབ་སོང་བས། སློབ་གྲྭ་འདིའི་གྲུ་ག་སོ་སོ་ནས་ཀྱང་མི་གཉིས་རེ་གཉིས་རེ་བྱས་ནས་མདུད་བྱུང་།
མདུད་པའི་དམ་ལྷོད་དང། གསར་རྙིང་། ཆེ་ཆུང་བཅས་ལ་སུས་ཀྱང་དོ་སྣང་མི་བྱེད། ཆེས་གལ་ཆེ་བ་ནི་དེ་དག་མདུད་པ་ཡིན་པ་དེ་རེད། དེ་དག་མིའི་མདུད་པ་ཡིན་པ་དེ་རེད།
ཁོ་རང་སུ་ཞིག་ལ་མདུད་པ་རྒྱག་ཏུ་འགྲོ་འདོད་པ་ཨེ་རེད། དེ་མིན་ན། སྐྲ་དེ་འདྲ་ཞིག་ཤད་ནས་ཅི་བྱེད། ལྷམ་དེ་འདྲ་ཞིག་ཕྱིས་ནས་ཅི་བྱེད། མེ་ལོང་དུ་དེ་འདྲ་ཞིག་ཅེར་ནས་ཅི་བྱེད།
ཁོ་མོའང་སུ་ཞིག་མདུད་པ་རྒྱག་ཏུ་འགྲོ་སྙམ་པ་ཡིན་ནམ། དེ་མིན་ན། ལྭ་དེ་འདྲ་ཞིག་བརྗེས་ནས་ཅི་བྱེད། གདོང་དེ་འདྲ་ཞིག་བཀྲུས་ནས་ཅི་བྱེད། སེམས་དེ་འདྲ་ཞིག་བྲེལ་ནས་ཅི་བྱེད།
མུན་པ་འདི་མིག་ཟུང་བཙུམས་བཙུམས་བྱས་ཚེ། འཇིག་རྟེན་འདིར་ཆེས་གསལ་བའི་ཆ་ཞིག་ཡོད་པ་ནི་མིའི་སེམས་རེད་ལ། འཇིག་རྟེན་འདིར་ལྷག་པའི་འོད་སྣང་ཉག་གཅིག་ཡོད་པའང་མིའི་སེམས་རེད། དེ་བས། ཡོད་ཚད་སེམས་ཀྱིས་ཚོར་དགོས་ལ། སེམས་ཀྱིས་མཐོང་དགོས།
ཁོ་དང་ཁོ་མོས་ཀྱང་ཅི་ཞིག་མཐོང་བཞིན་པ་འདྲ། ཅི་ཞིག་ཚོར་བཞིན་པ་འདྲ།
གང་ལྟར། མདུད་པའི་ཚོགས་མུན་ནག་ཁྲོད་བསྐྱུར་ནས་འགྲོ་བཞིན་འདུག་ལ། མུན་ནག་ཀྱང་མུན་ནག་ཁྲོད་གཡུགས་ནས་འགྲོ་བཞིན་འདུག དེ་ལྟར། རང་སེམས་ཀྱི་དམིགས་ཡུལ་དེ་བསྙེགས་ནས་འགྲོ་བཞིན་འདུག དེའང་ལོས་ཡིན། དམིགས་ཡུལ་ནི་ནམ་ཡང་འོད་སྣང་ཞིག་ཡིན་ངེས། ཆེས་མཐའ་ཡང་ཁོ་དང་ཁོ་མོར་མཚོན་ན་དེ་འདྲ་ཞིག་ཡིན།
ད་ལྟ། གཞི་ནས་དགོང་མོའི་ཆུ་ཚོད་བརྒྱད་པར་སླེབས་ཡོད།
ཁོ་དང་ཁོ་མོའང་འཕྲིན་ཐུང་དུ་བཤད་པའི་ཐེངས་སྔོན་མོའི་ས་གནས་དེར་བསླེབས་འདུག གནས་དེར་བསླེབས་ཟིན་པས། ཁོའི་ལག་མཐིལ་ནས་གློ་བུར་དུ་ཆུ་ཞིག་འཛུམ་ནས་འོང་ལ། ཁོ་མོའི་སྙིང་ཁོང་ལ་གློ་བུར་དུ་ཅི་ཞིག་འཚང་ནས་ཐོན་བྱུང་། ཆུ་ཞིག་འཛུམ་ནས་འོང་བས་ཁོས་ལག་ཟུང་ཕུར་ཕུར་རེ་བྱ་དགོས་ཤིང་། ཅི་ཞིག་འཚང་ནས་འོང་བས་མོས་སྙིང་ཁར་བྱིལ་བྱིལ་ཞིག་མི་བྱེད་ཀ་མེད་དུ་གྱུར།
ཐེངས་སྔོན་མའི་ས་གནས་དེར་བསླེབས་ཟིན་པས། ཁོ་གཉིས་ཀྱིས་ཅི་ཞིག་བྱ་སྲིད། ཅི་ཞིག་བྱེད་བཞིན་ཡོད། ཅི་ཞིག་བྱས་ཟིན་ཨང་། ཀློག་མཁན་ལགས། ཁོ་གཉིས་ཀྱིས་མདུད་པ་རྒྱག་བཞིན་ཡོད་དམ། ཡོད་ན། མདུད་པ་ཅི་ཞིག་རྒྱག་བཞིན་ཡོད། ཇི་ལྟར་རྒྱག་བཞིན་ཡོད།
གྲོང་ཁྱེར་ལ་ནམ་ཡང་གང་ཞིག་ལ་བྲེལ་ནས་ཡོད་པ་ནི་དཔེ་རེད། སློབ་ར་འདིར་ལྷིང་འཇགས་ཅུང་ཟད་ཙམ་ལྷག་ཡོད་པ་མ་གཏོགས། ཕྱི་རོལ་གྱི་གྲོང་ཁྱེར་ཧྲིལ་བོ་གང་ཞིག་ལ་ཞོགས་ནས་འགྲོ་བཞིན་འདུག དེ་ནི་སུ་ཞིག་གིས་བདའ་བཞིན་པ་དང་ཨ་ན་མ་ན་རེད།
ངོ་མ། གནས་གང་ཞིག་ལ་ཞོགས་ནས་འགྲོ་བཞིན་འདུག
འོན་ཏེ། ཁོ་དང་ཁོ་མོ་ནི་གང་ཞིག་ལ་ཞོགས་བཞིན་མེད་ལ། ཅི་ཡང་བྱེད་བཞིན་ཡང་མེད།
འོ་ན། དོན་དམ་པར་ཁོ་གཉིས་ཀྱིས་ཅི་ཞིག་བྱེད་བཞིན་ཡོད།
འོ། རེད་ཨ། ཁོ་གཉིས་ཀྱིས་སྒུག་བཞིན་འདུག ཁོ་གཉིས་ཀ་ཐེངས་སྔོན་མོའི་ས་གནས་དེར་བསླེབས་ནས་སྒུག་བཞིན་འདུག
ཁོ་གཉིས་ཀ་ཐེངས་སྔོན་མོའི་ས་གནས་དེར་བསླེབས་འདུག་ཅེས་པ་མིན་ནམ། ད་ནི་བསྒུག་དགོས་དོན་ཅི་ཞིག་ཡོད།
རེད་ལགས། ཁོ་གཉིས་ཀ་ཐེངས་སྔོན་མའི་ས་གནས་དེར་བསླེབས་འདུག་པ་ནི་བདེན་པ་རེད། འོན་ཏེ། ཁོ་བསླེབས་ས་ནི་ཐེངས་སྔོན་མའི་ནུབ་སྒོའི་ལམ་སྒྲོན་དེའི་འོག་རེད་ལ། མོ་བསླེབས་ས་ནི་ཐེངས་སྔོན་མའི་ཤར་སྒོའི་ལམ་སྒྲོན་དེའི་འོག་རེད།
ཡང་གཅིག་བཤད་ན། ཁོས་ནུབ་སྒོའི་ལམ་སྒྲོན་དེའི་འོག་ན་ཁོ་མོར་བསྒུགས་འདུག་ལ། མོས་ཤར་སྒོའི་ལམ་སྒྲོན་དེའི་འོག་ན་ཁོར་བསྒུགས་ནས་འདུག ཁོ་གཉིས་ཀྱིས་དེ་ལྟར་བསྒུགས་ནས་འདུག སྔོན་དང་འདྲ་བར་བསྒུགས་ནས་འདུག
ཁོས་སྔོན་དང་འདྲ་བར་དུས་ཚོད་ལྟ་ཙམ་བྱས་ཤིང་། དེ་ནས་ཐག་མི་རིང་བའི་ལམ་འགྲམ་དུ་ལྟ་བཞིན་འདུག ཁོ་མོའང་དེ་བཞིན་རེད།
མོས་སྔོན་དང་འདྲ་བར་བསྒུགས་ནས་འདུག་ལ། གཡོ་འགུལ་ཅི་ཡང་མེད་པར་བསྒུགས་ནས་འདུག ཁོའང་དེ་བཞིན་རེད།
གློ་བུར་གློ་བུར་དུ་གང་ཞིག་ནས་འཚུབ་འོང་བའང་མི་ཤེས་པའི་རླུང་བུ་འདིས་རྣམ་ཀུན་མིའི་སེམས་ལ་བྲེལ་ཞིག་བསླངས་ནས་འོང་། མུན་ནག་དེའང་དེ་བཞིན་རེད། ཇི་ལྟར་བལྟས་ན་དེ་ལྟར་མིའི་སེམས་སུ་མུན་ནག་ཅིག་བསྐྱིལ་ནས་འོང་།
མོ་ད་དུང་ཡང་མི་སླེབ་པ་ཅི་ཡིན་ནམ། ཁོའི་ཐ་མག་རླུང་བུ་པྲ་ཚགས་འགས་དུམ་བུ་དམ་བུར་བཅད་ནས་འགྲོ།
ཁོ་ད་དུང་ཡང་མི་སླེབ་པ་ཅི་ཡིན་ནམ། མོའི་སྐྲ་ལོ་རླུང་བུ་ལྡོམ་པོ་འགས་ཁ་ཁ་སོ་སོར་གཏོར་ནས་སོང་།
ད་ནི་ཆུ་ཚོད་དགུ་བར་བསླེབས་ལ་ཉེ། ཁོས་དུས་ཚོད་ལ་ལྟ་བཞིན་མི་རིང་བའི་ལམ་འགྲམ་དེར་ཡང་ཡང་བལྟས་མོད། འོན་ཀྱང་ཅི་ཡང་མ་མཐོང་། མོས་ཀྱང་དུས་ཚོད་ལ་ལྟ་བཞིན་མི་རིང་བའི་ལམ་འགྲམ་དེར་ཡང་ཡང་བལྟས་མོད། འོན་ཀྱང་ཅི་ཡང་མ་མཐོང་། བསྒུགས་ནས་བསླེབ་རྒྱུ་མ་བྱུང་། བལྟས་ནས་མཐོང་རྒྱུ་མ་བྱུང་། ད་ནི་ཅི་ཞིག་བྱ་ཨང་།
ངོ་མ། སྐབས་འདི། མུན་ནག་རེད། རླུང་འཁྱགས་རེད།
བསྒུགས་ནས་མ་བསླེབས་པས་ལོས་ཡིན། བལྟས་ནས་མ་མཐོང་བས་ལོས་ཡིན། ཁོས་ཁོ་མོར་ཁ་པར་བཏང་བྱུང་། མོས་ཀྱང་ཁོ་ལ་ཁ་པར་བཏང་བྱུང་། ཁོས་ཁ་པར་བཏང་རྗེས་ཁ་རོག་གེར་ཕ་རོལ་བའི་གྲག་འགུལ་ལ་མཉན་ནས་འདུག མོས་ཁ་པར་བཏང་རྗེས་ཁུ་སིམ་མེར་ཕ་རོལ་བའི་གྲག་འགུལ་ལ་བསྒུགས་ནས་འདུག
ཅུང་ཙམ་འགོར་རྗེས། ཁོ་གཉིས་ཀྱིས་ཕན་ཚུན་ལས་འོང་བའི་གྲག་འགུལ་ཚོར་བྱུང་།
“ཐུགས་རྒྱལ་མ་བཞེངས། ཁྱེད་ཀྱིས་བཏང་བའི་ཁ་པར་དུ། ད་ལྟ་ཁ་བརྡ་བྱེད་བཞིན་པའི་སྒང་རེད་་་་་་”
ཨ་ཙི། སུ་ཞིག་ལ་ཁ་བརྡ་བྱེད་བཞིན་ཡོད།
ཁོ་གཉིས་ཀ་རང་ཉིད་གང་ནས་ཡོང་བའི་གནས་དེར་ཕྱིར་ལོག་སོང་། སེམས་ཁར་མདུད་པ་གྲིམ་པོ་ཞིག་བརྒྱབ་ནས་ཕྱིར་ལོག་སོང་།
མདུད་པ་འདི་ཁོ་གཉིས་ཀྱིས་འདོད་པའི་མདུད་པ་དེ་ཡིན་ནམ།
རྩོམ་ཁུངས། ངེད་དྲ་བ།