སྐུད་སྣེ་ནས་ཟགས་པའི་ཁྲག་ཐིགས།
དགུན་ཟླ་བཅུ་བའི་ལྷགས་རླུང་གིས་རང་བྱུང་ཁམས་ཆེན་པོར་ཅོ་འདྲི་བ་དང་ཇི་འདྲའི་མཚུངས་ཨང་། ས་ཆེན་པོར་གནས་པའི་རི་སྐྱེས་ཚོགས་ལ་ཡང་མི་འདོད་པའི་བརྡབ་གསིག་ཅིག་གིས་ཡོད་ཚད་ཀྱི་ཁ་དོག་རྔམ་གྱིས་འཐུང་གིན་འདུག
རྨ་ཀླུང་དལ་འགྲོ་རིང་མོ་དེ་ཡང་ཁ་རོག་གེར་ཕྱིང་དཀར་གྱི་དགུན་ལྭ་མཐུག་པོ་ཞིག་གི་འོག་ཏུ་ཡུབ་ནས། རྨ་ཕར་རུ་དང་ཚུར་རུ་ནས་མཆེད་ཡོང་བའི་གསར་འཕྲིན་དག་ལ་རྣ་བ་བླགས་ཏེ་ཉན་གྱིན་པ་དང་གཉིས་སུ་མེད།
ནུབ་རིའི་ཕྲག་གོང་ནས་འོད་ལྷོད་པོའི་ཟེར་རྒྱ་བསྡུ་བའི་ཉི་མའང་གྲང་འདར་ཞིག་གིས་ཆུ་ལྷའི་ཕང་བར་དལ་བུར་བཞུད་སོང་།
རྟ་ནོར་ལུག་གསུམ་ཡང་རྫི་བོའི་འུར་ཆའི་སྣེ་ནས་ལྷས་མཐའ་ལ་ལྷུང་བས། བདག་མོ་ཚོའི་ཉིན་གཅིག་གི་བྱ་བར་སྡོམ་ཆུང་རེ་བཀོད་དེ། ཁྱིམ་གྱི་མེ་ཐབ་རྩ་ན་ཨོང་བའི་མེ་ལྕེ་དྲོན་མོས་དགུན་འཁྱག་ལ་འགྲན་ལྷུང་བའི་ཚུལ་གྱིས་ཁྱིམ་ཚང་རེ་རེར་ཆེད་དུ་དྲོད་ཁོལ་རེ་སྐྱེལ་ཡོང་བས། དགུན་གྱི་གྲང་ངར་དེ་ཡང་རེ་ཞིག་གར་སོང་ཆ་མེད་དུ་གྱུར་འདུག་པའི་ཚོར་བ་རེ་སྟེར་ཡོང་།
༡
ཨ་ཁུ་དོན་འགྲུབ་གྱིས་ཁ་འདོན་སྔ་མོ་ནས་བཏོན་ཚར་ཏེ། བཟའ་མི་ཚོ་དང་མཉམ་དུ་བརྙན་འཕྲིན་ལ་ལྟ་བཞིན་ཚ་མ་ཟ་ཡིན་འདུག ཨ་ཁུ་དོན་འགྲུབ་ནི་ཉིན་ལུང་སྡེ་བའི་རྒན་པོ་བསམ་ཤེས་གཞུང་དྲང་ཞིག་ཡིན་རྐྱེན། སྡེ་འདིའི་དོན་དག་ཆེ་མ་ཆུང་གསུམ་ཚང་མ་ཁོའི་དྲང་བདེན་གྱི་རྒྱ་མས་ཐག་གཅོད་ཀྱིན་ཡོད་པས་ཡུལ་མི་ཀུན་གྱིས་གོང་བཀུར་བྱེད་པའི་མི་ཞིག་རེད།
མུན་པའི་སྨག་རིམ་ཇེ་སྟུག་ནས་ཇེ་སྟུག་ཏུ་གྱུར་ཏེ། མཐའ་འཁོར་གྱི་ཁོར་ཡུག་ཐམས་ཅད་ནག་འཐོམ་མེར་གྱུར་ལ། སྒོ་ཕྱུགས་ཀྱི་སོ་སྒྲ་དང་འཁུན་སྒྲས་གྲང་ལྷགས་ཀྱི་མཚན་མོ་འདིར་ཆེད་དུ་བདག་པོར་འཁང་ར་བྱེད་པའི་རོལ་མོའི་རམ་འདེགས་རུ་ཁག་ཞིག་དང་འདྲ། མཚམས་མཚམས་སུ་སྒོ་ཁྱིའི་ཟུག་སྐད་རེ་གཉིས་རི་བོའི་ཕ་རོལ་ནས་ཐོར་རླུང་གིས་བདས་ཡོང་དུས། རེས་འཕར་རེས་འཇགས་ཀྱི་རྦ་རླབས་བཞིན། རུ་འདབས་རེ་རེ་ནས་འཕྱུར་ཡོང་བའི་སྒོ་ཁྱིའི་ཟུག་སྐད་ཉེ་སར་ལྷུང་འོངས་པས། གྲང་ལྷགས་ཀྱིས་འཇུམ་པའི་སྐར་ཚོགས་ཀྱིས་ཀྱང་དོགས་པའི་མིག་འོད་རུ་མཐའ་རུ་བཞུར་ཡོང་།
གློ་བུར་དུ་སྒོ་ཁྱིའི་ཟུག་པའི་ངར་སྐད་ཇེ་མཐོར་གྱུར་བས། སྡེ་མི་ཚོ་རང་ཤུགས་ཀྱིས་སྒོར་འབུད་དུ་བཅུག རྒྱུ་མཚན་ནི་སྡེ་འདབས་ན་འཕྲུལ་རྟ་ཞོན་པའི་མི་འགའ་མཚན་མོག་གི་བདས་པ་ནང་བཞིན། འཕྲུལ་རྟའི་ཀློག་འོད་མདའ་འཕངས་པ་ལྟར་ཨ་ཁུ་དོན་འགྲུབ་ཚང་ལ་གཟས་ནས་ཐོན་ཡོང་དུས། ཁྱིམ་མཚེས་དོན་ཕྲུག་ཚང་གི་དོམ་ནག་གིས་ཟུག་འཐེན་གཅིག་གིས་ལྕགས་ཐག་གཏོར་ནས་ཐད་གར་གཟས་བྱུང་བས་རེ་ཞིག་ཁོ་ཚོ་ཕྱིར་འཐེན་མི་བྱེད་ག་མེད་བྱུང་སྟབས་སྡེ་མི་ཚོ་སྔར་ལས་དོགས་པ་ཟོས་ནས་འཕྲུལ་རྟ་བ་དེ་དག་གི་ཕྱོགས་སུ་རྒྱུག་འགོ་རྩོམ་དུས་སྡེ་དཔོན་རིན་ཆེན་གྱིས་བཀག་སྟེ་རྒྱུག་ཏུ་མ་བཅུག སྐབས་དེར་དོན་ཕྲུག་གི་ཁ་པར་གྱི་ཅོང་བརྡ་གྲག་བྱུང་བས་རྗེས་ཀྱི་དོན་དག་ཤེས་འདོད་ཚེ་ཚན་པ་ཕྱི་མར་གཟིགས་པར་འཚལ།
༢
དོན་ཕྲུག་གིས་ཁ་པར་ཁ་ཕྱེས་པ་ན་ཁ་པར་གཏོང་མཁན་ནི་ནོར་ལུང་སྡེ་བའི་ཨ་ཁུ་རྡོ་རྗེའི་བུ་ཆུང་བ་ཚེ་དོན་རེད། ཚེ་དོན་གྱིས་ཁོ་ཚོ་ནི་འཕྲུལ་རྟ་བ་དེ་དག་ཡིན་ཚུལ་དང་ད་དུང་ཁོ་ཚོ་ཨ་ཁུ་དོན་འགྲུབ་ཚང་གི་བུ་མོ་སྒྲོལ་མ་བྲོས་མོར་འཁྲིད་དུ་ཡོང་ཚུལ། སྒྲོལ་མ་དང་ཁོ་གཉིས་ཀྱིས་ཚིག་བཤད་ཡོད་ཚུལ་སོགས་བཤད་ནས། ཨ་ཁུ་དོན་འགྲུབ་ཀྱི་བུ་རིན་ཆེན་ལ་དེ་ལྟར་བཤད་རོགས་ཞེས་བཤད་པས། དོན་ཕྲུག་གི་སྐད་ཆ་གློ་བུར་བ་དེས་རིན་ཆེན་སོགས་དེར་ཡོད་པའི་ཡུལ་མི་ཚོ་བློང་བློང་བོར་གྱུར་དུ་བཅུག སྐབས་དེར་རིན་ཆེན་སོམ་ཉི་དང་བཅས“ཡ་གཡང་སྡེ་བོ་ད་དོན་ངོ་མ་དེ་འདྲ་ཞིག་ན་ང་སོང་ནས་བུ་མོ་ལ་རྒྱུས་ལོན་ཞིག་བྱས་ཏེ་ལན་སྟེར”ཟེར་ནས་ཁོ་ཚོ་རང་རང་སར་བུད་སོང་། སྐབས་དེར་དོན་ཕྲུག་གིས་ཁ་པར་ཞིག་བཏང་བ་ན་འཕྲུལ་རྟ་བ་དེ་དག་དོན་ཕྲུག་ཚང་ལ་བུད་སོང་།
དོན་ཕྲུག་ཚང་གི་སྒོ་ཁྱི་དོམ་ནག་གིས་རང་ཉིད་སླར་བཏགས་པར་བདག་པོ་ལ་ཁེངས་ར་བྱེད་པ་དང་འདྲ་བར་ཕུར་མགོ་ན་ངར་ངར་རྫིག་རྫིག་བྱེད་གྱིན་འདུག
རིན་ཆེན་ཡུལ་ལ་འབྱོར་རྗེས་ཨ་ཕ་དོན་འགྲུབ་སོགས་བཟའ་མི་རྣམས་ལ་གོང་གི་གནས་ཚུལ་རྣམས་ཞིབ་པར་བཤད་པ་ན། བུ་མོ་སྒྲོལ་མས“ངས་ཚེ་དོན་ཞེས་པ་དེ་ངོ་མི་ཤེས་ལ་ཚིག་གཅིག་ཀྱང་བཤད་མ་མྱོང་”ཞེས་ལན་བཏབ་པས་ན། དེར་མཐུད་ནས་ཨ་ཁུ་དོན་འགྲུབ་ཀྱི་ཆུང་མ་ཨ་ནེ་ཚེ་སྐྱིད་དང་མནའ་མ་ལྷ་མོ་གཉིས་ཀྱིས་ཀྱང་ཁ་གཅིག་གྲག་གིས་དོན་དེ་འདྲ་ཞིག་མེད་ཚུལ་བཤད་ནའང་ཨ་ཁུ་དོན་འགྲུབ་ཀྱིས“ཨ་བུ་མོར་གལ་ཏེ་ཚིག་འདྲ་བཤད་ཡོད་ན་བུ་མོ་འགྲོ་ས་གནས་རེད། རང་ཐད་ས་ཞིག་ཡིན་ན་འགྲིག་ངེས་རེད”ཅེས་སྟེར་རྒྱུའི་ཐག་བཅད་པ་ན། བུ་མོས་ཚིག་རྔ་མནའ་ཡིས་བཅད་དེ“ངས་ངོ་མ་ཁོ་ངོ་མི་ཤེས་པས་ཚིག་ཇི་ལྟར་ཤོར། ང་མི་འགྲོ”ཞེས་ངུས་བྱུང་བས། ཨ་ཕ་དོན་འགྲུབ་ཀྱིས་དོན་དེའི་ཕོག་ན་གནད་དོན་གཞན་ཞིག་སྐུང་ཡོད་པ་རྟོགས་ནས། བུ་རིན་ཆེན་དོན་ཕྲུག་ཚང་ལ་རྒྱུ་མཚན་འདྲི་རུ་མངགས། རིན་ཆེན་གྱིས་དོན་དག་གི་མགོ་ནས་མཇུག་བར་ཕྲ་ཞིང་ཞིབ་པ་ཞིག་རྒྱུས་ལོན་བྱེད་དུས་བསམ་ཡུལ་ལས་འདས་པའི་དོན་ཞིག་གིས་ཨ་ཕར་གྲོས་མོལ་མི་བཤད་ཐབས་མེད་བྱུང་སྟེ། ཕྱིར་རང་ཁྱིམ་དུ་ལོག་ནས་ཨ་ཕ་ལ་བཤད་རྒྱུར་“ད་ལན་གྱི་དོན་དེ་སྔར་བྱུང་མ་མྱོང་བའི་དོན་གསར་བ་ཞིག་རེད”ཅེས་བཤད་པར། ཨ་ཕས་“དོན་གསར་བ་ཅི་ཞིག་རེད།”ཅེས་དྲིས་པ་ན་“ཨ་ཁུ་རྡོ་རྗེའི་བུ་ཚེ་དོན་གྱིས་བཤད་ན། སྒྲོལ་མ་ངེད་གཉིས་ཀྱིས་ཁ་པར་ནང་ནས་ཁ་བརྡ་བྱས་ནས་མཐུན་ཚུལ་དང་ཁོས་ད་ལོའི་སྟོན་ཀར་རྟ་གཤིབ་སྐབས་སུ་དང་ཐོག་ཁོ་མོ་མཐོང་ནས་བློར་བབས་ཚུལ། ད་དུང་ཁ་པར་ནང་ནས་མོས་ཀྱང་ང་ཤེས་ཚུལ་སོགས་ལབ་ནས་ངེད་གཉིས་འགྲིག་པ་ཡིན་ཞེས་ཟེར”སྐབས་དེར་ཨ་ཕ་དོན་འགྲུབ་ཀྱིས་“ཁ་པར་ཨང་གྲངས་གང་ཡིན་དྲིས་
ཡོད་དམ”ཞེས་བཤད་སྐབས་རིན་ཆེན་གྱིས་“ཨང་གྲངས་ཆ་མེད་ཅིག་རེད་”ཅེས་བཤད་སྐབས་བུ་མོ་སྒྲོལ་མས་“ང་ལ་ཁ་པར་ཞིག་གང་ན་ཡོད། འདི་རྫུན་གཏམ་ཁོ་ན་རེད།”ཅེས་བཤད་སྐབས་རིན་ཆེན་གྱིས་ཀྱང་བུ་མོའི་ཚིག་སྣེ་ནན་ནས་དོན་དེ་འདྲ་ཞིག་ཡོད་སྲིད་ཀྱི་མ་རེད་ཅེས་བཤད་ནའང་། ཨ་ཕ་དོན་འགྲུབ་ཀྱིས་དགོང་ཉི་མ་ཤར་ན་གསལ་ནི་ཞིག་དང་། རྫུན་ཨ་བྲའི་རྔ་མ་ཐུང་ནི་ཞིག་གི་གསལ་ཁ་མ་བྱས་ཚེ་འགྲིག་གི་མ་རེད།ཅེས་ཕ་བུ་གཉིས་ཀ་སོང་སྟེ་ཁོ་ཚོར་རྒྱུ་མཚན་ཞིབ་མོའི་སྒོ་ནས་བཤད་ནའང་། དེང་ཐོག་ཁོ་ཚོ་ངར་ངར་གྱིས་བུ་མོ་ཁོ་ཚོའི་རྗེས་སུ་མ་མངགས་ན་ང་ཚོ་རང་མི་འགྲོ་ཞེས་བཤད་ན་ཡང་ཨ་ཁུ་དོན་འགྲུབ་ཀྱིས་གཅིག་གཅིག་གཉིས་གཉིས་སྒོས་གནས་ལུགས་གསལ་བོ་བཤད་པ་དང་།ལྷག་པར་དུ་ཨ་ཁུ་དོན་འགྲུབ་ཕ་བུ་གཉིས་ཀྱིས་རྣམ་འགྱུར་ཡག་པོས་སྒོ་ནས། དེ་རིང་གི་དོན་དེ་གསལ་ཐག་ཆོད་པ་ཞིག་བཤད་ངེས་ཞེས་ཁ་ལ་སློབ་གསོ་བཅས་བྱེད་པ་ལས་ཁོ་ཚོར་གནས་ལུགས་མེད་པ་ཤེས་ནས་མི་འགྲོ་ཐབས་མེད་བྱུང་དུས། འཕྲུལ་རྟ་བ་དེ་དག་གིས་སེམས་ནས་ཚེ་དོན་ལ་ལེ་བདས་བྱེད་བསམ་ཡང་ཁ་ནས་ཚིག་གཅིག་ཀྱང་མ་ཕྱུང་བར་ཚེ་དོན་གྱི་ཕུ་བོ་མགོན་བཀྲ་ལ་བལྟས། མགོན་བཀྲ་ངོ་ཚ་དང་གནོང་འགྱོད། ཞེ་སྡང་གང་ཞིག་གིས་དེད་པ་མི་ཤེས་མོད། ཁོས་ཁ་ངོ་དམར་ནག་ཏུ་གྱུར་ཏེ་ཁ་ཤ་འདར་བཞིན“དེ་རིང་གི་དོན་འདིའི་འབྱུང་རྩ་ཁྱེད་ཚང་གི་བུ་མོར་ཐུག་ཡོད་པས་དུང་དཀར་པོའི་ཁ་མདོག་དཀར་ནི་ཞིག་དང་། བྱ་ཁྭ་ཏའི་ཁ་མདོག་ནག་ནི་ཞིག་མ་བྱས་ན་མི་བསྐྱུར”ཞེས་བཤད་དེ་ཁོ་ཚོ་ལམ་ལ་མི་ཆས་ཀ་མེད་བྱུང་།
ལྷིང་འཇགས་གྱི་མཚན་མོ་འདི་ལ་འཕྲུལ་རྟ་བ་དེ་ཚོ་སྐར་མདའ་བཞིན་མཚན་མོའི་མཁའ་དབྱིངས་གཤགས་ཀྱིན་པ་དང་འདྲ། ཕྲུལ་རྟ་བ་དེ་དག་གི་རྗེས་ན་ཚེ་དོན་ནི་ཕམ་དམག་ཞིག་དང་འདྲ་བར། ཚིག་གཅིག་ཀྱང་མེད་པར་རང་ཉིད་ལ་ལེ་བདས་ཀྱི་ཚུལ་དུ་ཡར་མར་མང་པོ་ཞིག་ལ་འདངས་ཤིག་རྒྱབ་རྗེས། ད་གཟོད་རང་སེམས་སོང་བའི་བུ་མོ་དེ་མ་ཐོབ་པ་མ་ཟད། མི་ངོ་ལ་ལྟ་མི་ཐུབ་པའི་གླེང་གཞི་འདི་འདྲ་ཞིག་གི་གནད་ནི་ཁ་པར་གཏོང་མཁན་ཀྱི་བུ་མོ་དེ་ལ་ཐུག་ཡོད་པས།དེར་གསལ་ཁ་ཞིག་མ་བྱས་ན་མི་བསྐྱུར་སྙམ་ཡང་། ཉིན་འགའི་སྔོན་ནས་བཟུང་ཁ་པར་དེ་ལ་བརྡ་མི་འཕྲོད་པས་དེ་ཅི་ཡིན་ནམ་སྙམ་པ་དང་། ཡང་ཉིན་འགའི་ཡར་སྔོན་དུ་ཁ་པར་ལས་ཉིན་སྐལ་བགོ་དུས་ཀྱང་མི་ཐད་པའི་ཚིག་གཅིག་ཀྱང་མེད་པས། རང་ཉིད་སྔར་ཁ་པར་ནས་བཤད་པའི་ཚིག་དེ་དག་ཡིད་ཆེས་ཏེ། གཞན་ཀྱི་གཡོ་འོག་ཏུ་ཚུད་སོང་བསམས་ནས་ཡང་ན་ཁ་པར་གཏོང་མཁན་དེ་སུ་ཡིན་ནམ། ཁ་པར་ནང་གི་ཁ་བརྡ་དེ་དག་ད་དུང་ཡང་རྣ་ལམ་དུ་འཛུལ་འོངས་པས་སྙིང་རླུང་སྟོད་ལ་འཚངས་ནས་ཞེ་སྡང་གི་མེ་ལྕེ་དྲག་ཏུ་འཕྱུར་རྐྱེན་རང་ཉིད་ཡུལ་ལ་ཇི་ལྟར་ཐོན་པའང་མ་ཤེས་པ་འདྲ། སྐབས་དེར་ཁོ་ཚང་གི་ཁྱི་རྒན་རྒྱ་བོ་ངར་སྐད་དང་བཅས་ཁོ་ཚོའི་སྔོན་ལ་རྒྱུག་བྱུང་བས་ད་གཟོད་ཁོ་ཚོ་སྡེ་འདབས་ལ་ཐོན་པ་ཚོར།
སྤྱིར་ཉིན་ལུང་སྡེ་བ་དང་ནོར་ལུང་སྡེ་བ་གཉིས་ནི་རྨ་ཕར་ཚུར་དུ་ཆགས་ཡོད་ན་ཡང་། ལམ་ཐག་ཅུང་རིང་བས་འཕྲུལ་རྟའི་གོང་ནས་ཀྱང་ཆུ་ཚོད་གཅིག་ལྷག་ལ་འགྲོ་དགོས་ན་ཡང་། དོ་ནུབ་ཚེ་དོན་ལ་མཚོན་ན་ཕར་ལམ་ཚུར་ལམ་གཉིས་ལས་ཚུར་ལམ་ཐུང་བར་སྣང་བས་མིག་སྡེབས་དབང་ཙམ་གྱིས་ཡུལ་ལ་ཐོན་སོང་ལ། ཁོ་ཚང་གི་ཁྱི་རྒན་རྒྱ་བོས་རྔ་གཡུག་བྱེད་ཚུལ་ལ་བལྟས་ན་འཕྲུལ་རྟ་བ་དེ་དག་ནི་ནང་མི་དག་དག་ཡིན་པ་ཤེས་ཐུབ། ཁོ་ཚོ་གཅིག་
རྗེས་གཉིས་མཐུད་ཀྱིས་འཕྲུལ་རྟ་ལས་བབས་པ་ན། ཨ་ཁུ་རྡོ་རྗེ་སོགས་བཟའ་མི་རྣམས་སྔོན་ན་སྒུག་འདུག ཁོ་ཚོ་ལག་སྟོང་ཡིན་པ་ཤེས་རྗེས་ཨ་ཁུ་རྡོ་རྗེས་དོན་དག་ཅི་ཞིག་བྱུང་སོང་ཟེར་ན། བུ་ཆེ་བ་མགོན་བཀྲས་ཨ་ཕ་རྡོ་རྗེ་ལ་དོན་དག་རྣམས་ཞིབ་པར་བཤད་པ་ན་རྒད་པོའི་སྐད་མགོ་ཇེ་མཐོར་གྱུར།
ལྷིང་འཇགས་ཀྱི་མཚན་མོ་འདི་དཀྲོགས་པའི་བསམ་ཡུལ་ལས་འདས་པའི། དོན་འཕྲོ་རིམ་འཕྲོར་བྱུང་པས། ཡང་ན་དོན་ཅི་ཞིག་བྱུང་ཡོད་པ་ཁག་ཕྱི་མར་གཟིགས་པར་འཚལ།
༣
ཨ་ཕ་རྡོ་རྗེས་བསམ་ཡུལ་ལས་འདས་པའི་དོན་དེ་གོ་རྗེས་ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་གཏིང་ནས་ལངས་ཏེ། དེར་ཡོད་པའི་རང་གི་བུ་དང་ཉེ་མི་དེ་དག་ལ་“གནའ་ནས་ད་བར་དུ་བྲོས་མོ་འཁྲིད་དུ་སོང་ནས་ལག་སྟོང་ལ་ཕྱིར་ལོག་པ་ཞིག་གང་ན་ཡོད། ཁྱོད་ཚོས་ཕ་མེས་ཡང་མེས་ཀྱི་མགོ་རྣ་ཕབ་སོང་བ་མ་ཟད། མི་ཁ་གླིང་ལ་བཞག་སོང་བས་འདི་ཁོ་ཚོས་ང་ཚོར་བཙན་བཙུགས་པ་མིན་ན་ཅི་རེད། ཁྱོད་ཚོ་འདི་ལྟར་འདུག་བཟོད་ན་ང་རྒད་པོ་འདི་ལྟར་འདུག་མི་བཟོད།”ཅེས་ངར་ལངས་ཏེ་“དོ་ནུབ་ང་ཚོས་ནོར་ལུང་སྡེ་བའི་ནོར་ཚང་ལ་ཕོག་ཐུག་བཏང་ན་མཇུག་འབྲས་ཅི་འདྲ་ཡིན་པ། ཁོ་ཚོར་བསམ་ཞིག་ཤེས་སུ་མ་བཅུག་ན་ངའི་སེམས་ཀྱི་ཞེ་འཁོན་འདི་དྭངས་ཐབས་མེད་ཀི་ད་ཚང་མས་ལག་ཆ་གྲ་སྒྲིག་བྱོས་དང་འགྲོ།”ཞེས་བཤད་པ་ན་ཨ་ཁུ་རྡོ་རྗེའི་ཆུང་མ་ཨ་ནེ་འབྲུག་མོས་རང་གི་ཁྱོ་ག་ལ་“དེ་འདྲའི་དོན་དག་ཚབ་ཆེན་ཞིག་མ་རེད་མོད། འདི་ལྟར་བརྒྱུག་ན་ཁྱོད་ཀྱིས་བུ་རྣམས་ལག་མགོར་གོན་རྒྱུ་རེད། མ་འགྲོ།”ཞེས་ཞུ་བ་བྱས་ཀྱང་མ་ཕན་པར་ཁོ་རང་བུ་ཆེ་བའི་འཕྲུལ་རྟའི་ཕོངས་ལ་བུད་དེ་བུ་རྣམས་ཁྲིད་ནས་ལམ་ཆས་སོང་།
ཨ་ཁུ་རྡོ་རྗེ་ནི་བུ་ལྔ་དང་བུ་མོ་གཅིག་གི་ཨ་ཕར་གྱུར་ཡོད་པ་མ་ཟད། བུ་ཕ་མཉམ་པ་དང་བུ་མོ་མ་མཉམ་ནས་རེ་རེར་མགོ་ལ་འཁོར་བ་རེ་གཞག་ནས་རང་གི་མཐའ་འཁོར་ན་ཡོད་ལ།
བུ་ཆུང་བར་མནའ་མ་ཞིག་བཙལ་ནས་རང་གི་རྒྱུ་འཛིན་བྱེད་རྒྱུ་བྱས་ཡོད་པས། ཁོ་ལ་མཚོན་ན་ནོར་ལུང་སྡེ་བའི་ནང་ནས་མི་རྒྱུ་གཉིས་ཀའི་ཐད་ནས་རང་གི་མགོ་ལ་འབུད་མཁན་ཞིག་མེད་སྙམ་ནས་ནམ་རྒྱུན་ང་རྒྱལ་གྱིས་ཁེངས་པའི་མི་ཞིག་རེད།
ཉིན་ལུང་སྡེ་འདབས་ཀྱི་འཕྲུལ་རྟའི་འུར་སྒྲས་སྒོ་ཁྱིའི་རྨི་ལམ་དཀྲོགས་ཏེ། སྒོ་ཁྱི་ཟུག་པའི་ངར་སྒྲ་ཇེ་ཆེར་གྱུར་བ་དང་བསྟུན་ནས། ཨ་ཁུ་རྡོ་རྗེ་ཕ་བུ་རྣམས་ཚམ་ཚོམ་མེད་པར་མདའ་འཕངས་པ་ལྟར་ཨ་ཁུ་དོན་འགྲུབ་ཚང་གི་ལྷས་འདབས་ལས་བབས་ཏེ། རྒྱ་སྟག་བཞིན་ངར་ངར་གྱིས་མཆོང་ནས་ཡོང་དུས། གློར་བུར་དུ་མི་གསུམ་ཁོ་ཚོའི་སྔུན་ལ་བུད་བྱུང་། ཡང་ན་དེ་ཚོ་སུ་ཡིན་པ་དང་རྗེས་སུ་དོན་ཅི་ཞིག་འབྱུང་བར་ཤེས་འདོད་ན་ཁག་རྗེས་མར་གཟིགས་པར་འཚལ།
༤
ཨ་ཁུ་རྡོ་རྗེ་སོགས་འཕྲུལ་རྟ་ལས་བབས་རྗེས་ཨ་ཁུ་རྡོ་རྗེ་སྔོན་ལ་རྒྱུག་སྐབས། གློ་བུར་དུ་དོན་འཕྲུག་དང་ནོར་བུ། ཚེ་སྐྱབས་གསུམ་རྒྱུག་ཡོང་སྟེ་ཁོ་ཚོའི་སྔུན་བཀོག་ཅིང་བར་འདོམ་བྱས་ཏེ། ཁོ་ཚོ་ཁྱིམ་ལ་རྒྱུག་ཏུ་མ་བཅུག་པར་བཤད་རྒྱུར།“ འདི་ལྟར་ཧོལ་རྒྱུག་བྱས་ན་རང་གཞན་ཀུན་ལ་མི་བཟང་བ་མ་ཟད། ངེད་བུ་སྤུན་རྣམས་ནི་ཕར་ཚུར་གཉིས་ཀར་ཉེ་བས། ཁྱོད་ཚོས་དེར་འདང་ཞིག་རྒྱབ་ནས་ང་ཚོར་ཁ་ངོ་ཞིག་སྟེར་དགོས།”ཞེས་ཞུ་བ་བྱས་ཀྱང་མ་ཕན་པར་ཨ་ཁུ་རྡོ་རྗེས་འུར་རྒྱབ་ཏེ། “ཨ་ཉིན་ལུང་དོན་འགྲུབ་ཚང་གི་སྡར་མ་ཚོ། བུ་ཡིན་ན་སྒོར་བུད་”ཅེས་ཁ་ནས་ཡོང་ཚད་ཀྱིས་སྡིགས་མོ་བྱས་ཀྱང་། ཨ་ཁུ་དོན་འགྲུབ་ཀྱིས་རང་གི་བུ་རྣམས་རྒྱུག་ཏུ་མ་བཅུག་པར་“ཁྱོད་ཚོ་ཡག་པོ་བྱས་ནས་སྡོད་དང་། ང་དང་ཨ་ཁུ་ཚེ་རིང་གཉིས་སོང་ནས་ཁོ་ཚོར་ཡག་པོའི་སྒོ་ནས་གོ་བརྡ་རེ་སྤྲད་ན་ལོས་གོ་”ཞེས་བཤད་དེ་ཁོ་ཚོའི་སྔོན་ལ་སོང་། སྐབས་དེར་སྡེ་མི་རེ་འགའ་ཡང་དེར་ཐོན་བྱུང་། ཨ་ཁུ་དོན་འགྲུབ་ཀྱིས་ཨ་ཁུ་རྡོ་རྗེ་ལ་“ད་ཁྱོད་ཀྱིས་དེ་འདྲ་མ་བྱེད། ངེད་ཁྱིམ་ཚང་གཉིས་ཀ་གནའ་ནས་ད་བར་དུ་ཕན་ཚུན་ལ་མི་འགྲིག་པའི་བྱ་བ་བྱུང་མ་མྱོང་བ་མ་ཟད། ཕན་ཚུན་གཉེན་འབྲེལ་ཀྱང་ཡོད་པས།ཁྱོད་ཚོས་གཞན་ལ་འདང་མི་རྒྱག་ན་དོན་ཕྲུག་སོགས་ཚ་བོ་ཚ་མོ་རྣམས་ཀྱི་ཁ་ངོར་ལྟ་རྒྱུ་ནི་བདག་གི་རེ་བ་ཡིན། ད་ལན་གྱི་དོན་འདིའི་སྟེང་ནས་ང་ཚོས་ནམ་ལངས་ན་ཉི་མ་གསལ་བ་ནི་ཞིག་བྱེད་ཐག་ཆོད་ཡིན།ང་ཚོས་དོན་དག་འདིའི་དབྱེ་བ་མ་ཆོད་པར་འདི་ལྟར་ཧོལ་རྒྱུག་བྱས་ནས་དོན་དག་བྱུང་ན།རང་གཞན་གཉིས་ཀར་མི་བཟང་བ་ཁྱོད་ཀྱིས་ཀྱང་ལོས་ཤེས། དོན་ངོ་མ་བཤད་ན་ཁ་པར་གཏོང་མཁན་དེས་བསམ་གཟེས་ནས་ང་ཚོའི་བར་ལ་ཁ་མཆི་དང་དཀྲུགས་ཤིང་འདི་བཟོས་པ་རེད། ང་ཚོས་དེར་བརྩད་ཞིབ་མོ་ཞིག་བཅད་ན་ད་གཟོད་དོན་དག་འདིའི་འཐུལ་རྟོགས་ཐུབ་པ་མ་རེད་དམ། ད་ཁྱོད་རང་མ་ལོན་ཟེར་ན་ལོ་ལོན་རེད། མི་ཤེས་ཟེར་ན་བསམ་ཤེས་རེད། དེའི་ཕྱོགས་ལ་འདང་ཞིག་རྒྱབ་ནས་ཁྱོད་ཚོ་ཡག་པོའི་སྒོ་ནས་འགྲོ་རྒྱུ་བདག་གི་རེ་བ་ཡིན།” ཞེས་བཤད་ན་ཡང་རྒད་པོ་རྡོ་རྗེ་ཨུ་ཚིགས་ཀྱིས་“ངས་དེ་ཚོར་ཁ་ཡ་མི་བྱེད། ཁྱོད་ཚོས་ད་དུང་ང་ཚོ་སྒ་སྟོང་དུ་མངགས་ནས་བུ་མོ་ང་ཚོས་རྗེས་སུ་འཁྲིད་དུ་མི་འཇུག་ཟེར་ན་ང་རྒད་པོ་འཆི་དགོས་ཀྱང་འཁྲིད་ངེས་ཡིན”ཞེས་ཨ་ཁུ་དོན་འགྲུབ་ཀྱི་སྟེང་ལ་ངར་ངར་བྱེད་སྐབས། རིན་ཆེན་སོགས་ཀྱིས་མ་བཟོད་པར་རྒྱུག་ནས་ཡོང་དུས་དོན་ཕྲུག་སོགས་ཀྱིས་ཨ་ཁུ་རྡོ་རྗེ་གློད་དེ་ཁོ་ཚོའི་སྔོན་ལ་རྒྱུག་ནས་འགོག་པར་རྩོམ་དུས། བསམ་ཡུལ་འདས་པ་ཞིག་ལ་ཨ་ཁུ་རྡོ་རྗེས་ལྕགས་སྐོར་གཡུགས་ཐེངས་གཅིག་གིས་ཨ་ཁུ་ཚེ་རིང་གི་བུ་རྟམ་བྷེའི་མགོར་རྒྱབ་ཏེ་ཐེངས་ལ་འགྱེལ། ཨ་ཁུ་དོན་འགྲུབ་ཀྱི་བུ་རྡོར་ཚེས་མཆོང་ཐེངས་གཅིག་གིས་གྲི་བྱངས་
ཏེ་ངར་ངར་དུ་རྒྱུག་བཞིན་པའི་ཨ་ཁུ་རྡོ་རྗེ་ལ་མདོང་ཏེ་ཐེངས་ལ་འགྱེལ། སྐབས་དེར་ཨ་ཁུ་དོན་འགྲུབ་ཕྱོགས་ཀྱི་མི་རྣམས་རུབ་ཡོངས་དུས། ཨ་ཁུ་རྡོ་རྗེའི་འཁྲིད་འོངས་པའི་འཕྲུལ་རྟ་བ་དེ་དག་ད་དུང་ཧད་འདུག སྐབས་དེར་ཨ་ཁུ་དོན་འགྲུབ་དང་ཨ་ཁུ་ཚེ་རིང་གཉིས་ཀྱིས་ཁོ་ཚོའི་ཉེ་མི་རྣམས་རྒྱུག་ཏུ་མ་བཅུག་པར་རྡོར་ཚེ་བསྐྱོར་ནས་ཁྱིམ་དུ་འགྲོ་རུ་བཅུག་པ་དང་སྦྲགས། དོན་ཕྲུག་ལ་བཀོད་པ་བཞག་ཏེ་ཨ་ཁུ་རྡོ་རྗེའི་བུ་རྣམས་ལ། ད་ཁྱོད་ཚོས་དལ་འགོར་མ་བྱས་པར་མྱུར་དུ་སྨན་ཁང་དུ་སྐྱོལ་གལ་ཏེ་དལ་འགོར་བྱས་ན་སྲོག་ལ་ཉེན་ཁ་ཡོད་པས་རེམས་ཤིག་བཅས་བཤད་པ་ན། ཁོ་ཚོས་ཨ་ཁུ་རྡོ་རྗེ་འཕྲུལ་རྟའི་འཕོངས་ལ་བཞག་ནས་སྨན་ཁང་གི་ཕྱོགས་སུ་བསྐྱོད་དོ།།
སྨག་ནག་གི་མཚན་མོ་འདིར་སྒོ་ཁྱིའི་ངུ་ཟུག་ཁྲོད། སེམས་ཁུངས་ལ་མུན་པའི་སྨག་རིམ་བཞུར་བས། སྐར་ཚོགས་ཀྱིས་འགྱོད་པའི་མིག་འོད་རབ་རུབ་མཁའ་མཐའ་ནས་བབས་བྱུང་།
༢༠༡༡ལོའི་ཟླ༡ཚེས༡༢ཉིན་འགོ་བརྩམ་སྟེ། ༢༠༡༡ལོའི་ཟླ༡ཚེས༡༨ཉིན་མཇུག་རྫོགས་སོ།
རྩོམ་ཁུངས། ངེད་དྲ་བ།