འཚོལ།
༡
སྔ་མོའི་ཤོད་སྲོལ་ལ། ས་མཐའ་མི་སྐྱིད། མཛོ་འཕོངས་མི་བདེ་ཟེར་བ་ཅིས་མ་བདེན། ཁོམ་དྲགས་པའི་སློབ་ཆེན་གྱི་འཚོ་བ་འདི་དོན་སྙིང་ཞིག་མི་འདུག
གནམ་བདེ་སྒོ་མོ་ཆེར་ལྟ་སྐོར་དུ་ཕྱིན་ནས་ད་སོ་མ་ཕྱིར་ཡོང་བའི་རྣམ་རྒྱལ་གྱིས་རྒྱབ་ཁུག་ཕོགས་མ་ཐག་ཉལ་ཁྲིར་གན་རྐྱལ་དུ་ལོག ད་ནི་ཧ་ཅང་ཐང་ཆད་ཡོད་པའི་ཁར་ཕོ་བ་ཡང་ལྟོགས་གིན་འདུག ཁོས་ཤེད་ཤུགས་ཡོད་རྒུ་བཏོན་ནས་མགོ་བོ་ཡར་བཀྱགས་ཏེ་སྔས་མགོའི་དུས་ཚོད་ལ་ལྟས་ཚེ༤ : ༢༠དེ་གསལ་ལེར་མཐོང་བྱུང་བས། ཁོས་དཔེ་སྒྲོམ་སྟོང་པ་ལྟ་བུའི་ཉལ་ཁྲི་དག་ལ་ཅེར་ཅིང་། སློབ་གྲོགས་འདི་ཚོར་དེ་འདྲའི་ཉི་མ་འཁྱོལ་ས་ཞིག་གང་ནས་རྙེད་པ་ཡིན་ནམ་སྙམ་བཞིན་ཕྱིར་གན་རྐྱལ་དུ་ལོག་ནས་གཉིད་ཐབས་བྱས།
སྟོན་ཀ་སླེབས་པའི་རྟགས་སུ། པེ་ཅིན་གྱི་རླུང་ཇེ་བསིལ་དུ་ཕྱིན་འདུག་པ་མ་ཟད་རླུང་ཤུགས་ཀྱང་ཅུང་ཆེ་རུ་ཕྱིན་འདུག་པས། ཉལ་ཁང་མདུན་གྱི་སྡོང་པོའི་ལོ་མ་ལས་ཧྲག་ཧྲག་གི་སྒྲ་སྒྲོགས་ཀྱི་འདུག་ཅིང་། སྐབས་རེར་སློབ་གྲྭའི་ར་བའི་མཛའ་གྲོགས་ཀྱི་སྙིང་གཏམ་མམ་ལུས་རྩལ་ར་བའི་འདུ་འཛིའང་རླུང་བུའི་འགྲོས་དང་བསྟུན་ནས་གསལ་ལ་མི་གསལ་བ་རེ་གོ་ཐུབ་མོད། རྣམ་རྒྱལ་ལ་མཚོན་ན་དེ་དག་གིས་ཁོ་བོར་ལྷག་ཏུ་ཁེར་རྐྱང་གི་སྣང་བ་ཞིག་སྟེར་གྱིན་འདུག
༢
ད་ལྟ་རླུང་བུ་སྔར་ལས་བསིལ་ཞིང་ཉི་གཞོན་བུ་མོ་གླིང་ཕྲན་འདིར་བཞུགས་པའི་དུས་ཡུན་ཀྱང་མངོན་གསལ་གྱི་ཇེ་ཐུང་དུ་གྱུར་འདུག་སྟེ། ཕྱི་དྲོ་ཆུ་ཚོད་ཚོད་༦པར་སླེབས་དུས་ས་རུབ་ཅིང་ཁོ་ར་ཁོར་ཡུག་ཀུན་གློག་སྒྲོན་གྱི་ འཇིག་རྟེན་ཞིག་ཏུ་གྱུར་འདུག དགོང་མོ་རང་སྦྱོང་ཚོགས་མི་དགོས་མོད། ཉལ་ཁང་གཅིག་པའི་སློབ་གྲོགས་ཚོ་ཟ་མ་བཟས་རྗེས་རང་འགུལ་ངང་སློབ་ཁང་དང་དཔེ་མཛོད་ཁང་ངམ། ལུས་རྩལ་ར་བར་འཆམ་འཆམ་སོང་བས།ཉལ་ཁང་དུ་རྣམ་རྒྱལ་གཅིག་པུ་ལུས་འདུག ས་རིམ་བཞིན་རུབ་པས་ཉལ་ཁང་དུ་ལག་པ་སྲིང་ན་མཛུབ་མོ་མི་རིག་པའི་ཚད་ལ་སླེབས་འདུག་ཀྱང་རྣམ་རྒྱལ་ཉལ་ཁྲིའི་སྟེང་ན་སྔར་བཞིན་འཕྲིན་ཐུང་སྐུར་བ་ལས། གྲོགས་པོ་ཚོ་སྔ་མོ་ནས་བུད་སོང་བ་ཡང་ཚོར་གྱི་མི་འདུག
སློབ་ཆེན་སློབ་མ་ཁོམ་དྲགས་པའི་ཚོར་བ་དེ་རྣམ་རྒྱལ་གྱི་སྣང་ངོ་ནས་སྔ་མོ་ནས་ཡལ་ཟིན་ལ། ད་ལྟ་ཁོས་འཕྲིན་ཐུང་རེ་ཐེངས་འགར་ཀློག་ཅིང་འཕྲིན་ཐུང་རེ་འབྲི་བར་ཡང་བསམ་བློ་ཡུན་རིང་གཏོང་གིན་འདུག རྣམ་རྒྱལ་གྱི་ཁ་མི་མཁས་པ་མ་ཟད་བྲིས་ཀྱང་མི་འཇོན་མོད། སྟབས་ལེགས་པ་ཞིག་ལ་ད་ལྟ་འཕྲིན་ཐུང་སྐུར་བ་རྒྱུགས་ཆེ་བས་ཁོས་སྐད་འདར་བའི་གླུ་ལ་སྙན་པོ་མེད་ལ་ལག་འདར་བའི་བྲིས་ལ་ཡག་པོ་མེད་པའི་སྡུག་བསྔལ་མྱངས་དགོས་ཀྱི་མི་འདུག
དགོང་མོའི་ཆུ་ཚོད་༡༡ལ་ཉེ་དུས་སློབ་གྲོགས་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱིར་ཉལ་ཁང་ལ་ལོག་འོང་།“ཨ་རྣམ་རྒྱལ། ཁྱོས་ངོ་མ་འཛོམས་སྐྱིད་དང་སྐྱིད་ཀྱི་རྟ་ཕོ་མཉམ་བཞོན་དང་། སྡུག་གི་ཁུར་པོ་མཉམ་འཁུར་བྱེད་རྒྱུ་ཡིན་ནམ། ཁྱོད་ལ་འདི་འདྲའི་སྙིང་སྟོབས་ཤིག་ཇི་ལྟར་བསྐྱེད་པ་ཡིན། ང་ངོ་མ་ཡིད་སྨོན་འཕྱོར་གྱི”ཟེར་ཞོར་དུ་བསམ་འཕེལ་གྱིས་གློག་སྒྲོན་བཀར་སོང་།
ཉལ་ཁང་གི་སློབ་གྲོགས་ཚོ་འཛོམས་རྗེས། ཁོ་ཚོས་རྣམ་རྒྱལ་དང་འཛོམས་སྐྱིད་གཉིས་གླེང་འགོ་བརྩམས་བྱུང་། སྐབས་ཤིག་ལ་བསམ་འཕེལ་གྱིས་རྣམ་རྒྱལ་ལ“སྤུན་ཟླ། ཕོ་རབ་གཅིག་གི་བློ་གྲོས་ལས་ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ་ཟེར་བས། ཁྱོད་གཉིས་ཀྱི་གནས་ཚུལ་ང་ཚོར་ཤོད་དང་། ང་ཚོ་གྲོགས་པོ་ཚོ་མཛུབ་མོ་ལྔ་བཅིངས། ཁུ་ཚུར་གྱིས་ཁྱེད་ལ་ཚིག་རྩ་བ་ཅན་པོ་ཐོ་གཏུག་རོགས་དང་ཤ་རུས་པ་ཅན་པོ་ལྷུ་སྒྲིག་རོགས་བྱས་ཆོག”ཟེར་བར། རྣམ་རྒྱལ་གྱིས“མཁས་དབང་དཀྱིལ་ཟུར་བློ་བཟང་སྦྱིན་པས་ཀྱང་གཏམ་ནི་བྱ་སྤུ་རླུང་འཁྱེར་དང་འདྲ་ཞེས་ཤ་ཚ་ཅན་རྣམས་སྨྲ་ཞེས་གསུངས་ཡོད་པས། ད་ནི་སྐེ་རང་ལ་ཡོད་བཞིན་དུ་མགོ་གཞན་ལ་མི་འདོག་པར་བྱ”ཟེར། བསོད་ནམས་ཀྱིས་ཉལ་ཁྲིའི་རས་ཡོལ་ལས་མགོ་ཕྱིར་བསྲིངས་ནས“བསམ་འཕེལ་གྱིས་བཤད་པ་ཡག་པོ་འདུག ང་ཚོས་རོགས་བྱས་ཆོག་གི་རེད”ཞེས་བཤད་པར། རྣམ་རྒྱལ་ཅུང་མ་དགའ་བའི་ཉམས་ཀྱིས“ང་རྟ་ཕོ་ཐང་ནས་རྒྱུགས་རྒྱུ་ཡིན་པས་ཁྱེད་ཚོས་ལྟད་མོ་སྒང་ནས་བལྟས་ཆོག”ཟེར་བས། གྲོགས་པོ་ཚོ་ཁ་གྲགས་མཁན་གཅིག་ཀྱང་མེད་པར་གྱུར། ཆུ་ཚོད་༡༢གཟུར་ཟིན་པས་གྲོགས་པོ་གསུམ་པོ་གཉིད་འདུག་ལ། མཚམས་རེར་གཉིད་བཤད་ལྡབ་ལྡིབ་རེ་བྱེད་ཀྱི་འདུག དོ་དགོང་རླུང་རྒྱག་གི་མེད་པས་སློབ་གྲྭའི་ཁོར་ཡུག་ཅུང་ལྷིང་འཇགས་སུ་གནས་ལ། འབུ་འཛིང་འཛིང་གིས་ཚིར་ཚིར་སྒྲོགས་པའི་སྒྲ་དང་རྣམ་རྒྱལ་གྱིས་འཕྲིན་ཐུང་སྐུར་བའི་སྒྲ་གཉིས་ལྷན་དུ་འདྲེས་ནས་མཚན་མོ་འདིའི་ལྷིང་འཇགས་ལ་རྒོལ་གྱིན་འདུག
༣
ཉིན་འགའི་རྗེས་ཀྱི་ཉིན་ཞིག་གི་ཕྱི་དྲོ། རྣམ་རྒྱལ་དགའ་སྤྲོས་ཁེངས་ནས་ཉལ་ཁང་དུ་ལྡིང་འོང་སྟེ“གྲོགས་པོ་ཚོ།གྲ་སྒྲིག་བྱོས་དང་།ངས་དོ་དགོང་ཁྱེད་ཚོར་མགྲོན་བྱེད”ཟེར་བས། གྲོགས་པོ་གསུམ་གྱི་སེམས་ལའང་དེ་སྔ་ཁོ་ཚོས་རྣམ་རྒྱལ་ལ་འཛོམས་སྐྱིད་དང་འགྲིག་རྗེས་ཁོ་ཚོར་ཟ་མས་མགྲོན་བྱ་དགོས་ཞེས་རེ་བ་བཏོན་མྱོང་བ་ཝ་ལེར་དྲན་བྱུང་།
དགོང་མོ་དེར་ཟ་ཁང་ནས་རྣམ་རྒྱལ་ཆེས་ཐོག་མར་བཟི་སོང་ལ། ཁོས་རང་ཉིད་ནི་གླང་ཆེན་སྨྱོན་པར་ཐུག་ན་ལམ་མི་འབྱེད་མཁན་ཞིག་དང་ཤཀྱ་མུ་ནེར་འཕྲད་ན་ཞྭ་མི་ཕུད་མཁན་ཞིག་ཡིན་ཚུལ་སོགས་ལབ་པ་མ་ཟད། གྲོགས་པོ་ཚོར་གཞུག་ཕྱོགས་ལྕགས་ཀྱི་རུལ་བུ་ཟ་ན་རྣོ་ཡི་འགྲམ་སོ་དགོས་རབ་ཀྱང་གླེང་གི་འདུག
གྲོགས་པོ་ཚོས་ཀྱང་ཁོའི་གཏམ་ལ་རྣ་བ་གླགས་ནས་ཉན་པ་ལས་ལན་སློག་གི་མི་འདུག
དགོང་མོའི་ཆུ་ཚོད་༡༡ཡས་མས་སུ་ཁོ་ཚོ་ཕྱིར་སློབ་གྲྭར་ལོག་གིན་འདུག་ལ། ཚེ་བྷས་རྣམ་རྒྱལ་སྐྱོར་ཡོད་ཀྱང་རྣམ་རྒྱལ་གྱིས་སྐད་གསང་མཐོན་པོས་སྐད་ཆ་མང་པོ་ཞིག་བཤད་ཀྱི་འདུག
༤
ད་ལྟ་ནམ་ཟླ་ཅུང་བསིལ་ལ། སློབ་གྲྭའི་ཁོ་ར་ཁོར་ཡུག་ཏུ་དེ་རིང་སོ་མ་ལྷུང་བའི་ལོ་མ་དག་རླུང་གིས་འདེད་ཀྱིན་འདུག སློབ་མ་དག་སྔར་བཞིན་བྲེལ་འཚུབ་ཀྱིས་བཞུར་གྱིན་འདུག་ལ་ལུས་རྩལ་ར་བ་ནའང་ནམ་རྒྱུན་ལྟར་འདུ་འཛི་ཆེ་མོད། ཉལ་ཁང་གི་སྒེའུ་ཁུང་རྩིབས་ན་འགྲེང་བའི་རྣམ་རྒྱལ་ལ་མཚོན་ན་ཡོད་ཚད་རྐོས་རུས་ཤིག་ཏུ་སྣང་ལ་གསོན་ཤུགས་ཤིག་ཡེ་ནས་མི་འདུག སྐབས་ཤིག་ལ་ཁོས་ཁ་པར་བླངས་ཏེ་ཁོ་དང་འཛོམས་སྐྱིད་གཉིས་ཀྱིས་བྲིས་པའི་འཕྲིན་ཐུང་ཚང་མ་གཅིག་ཀྱང་མ་ལུས་པར་བསུབ་སོང་། དེ་དུས་ཁོར་ཁ་པར་ཞིག་འབྱོར་སོང་བས་ཁོས་སུན་སྣང་དང་བཅས་ལྟ་དུས། ཨ་ཕ། ཞེས་པའི་རྒྱ་ཡིག་གི་ཡིག་འབྲི་གཉིས་མིག་ལམ་ལ་ལྡིང་བྱུང་བས་ཁོས་འདང་ཞིག་བརྒྱབ་རྗེས་ཁ་པར་ལ་ཉན་སོང་།“ཨ་ཕ། སྒོར་མོ་འབྱོར་སོང་། ང་དཔེ་མཛོད་ཁང་ན་ཡོད་པས་གཞུག་ཕྱོགས་འབྲེལ་བ་བྱེད”ཟེར་བཞིན་ཁ་པར་གྱི་སྒོ་གཏད།
ཅུང་ཙམ་འགོར་རྗེས་གྲོགས་པོ་ཚོ་ཉལ་ཁང་དུ་ཡོང་ནས་ཟ་མ་ཟ་རུ་འགྲོ་རྩིས་བྱེད་པ་མཐོང་བས། རྣམ་རྒྱལ་གྱིས“གྲོགས་པོ་ཚོ། དོ་དགོང་ང་ཚོ་ཕྱི་ལ་ཟ་མ་ཟ་རུ་འགྲོ། ཞོར་ལ་ཆང་ཅུང་ཟད་རེ་འཐུང་ནས་སྐྱིད་པོ་བྱེད”ཟེར་མོད།ཚེ་བྷ་དཔེ་མཛོད་ཁང་ལ་བུད་སོང་བས། ཁོ་བསམ་འཕེལ་དང་བསོད་ནམས་གཉིས་དང་འགྲོགས་ནས་སློབ་གྲྭའི་ནུབ་སྒོ་ལས་བུད་ཅིང་། སྲང་ལམ་ཆུང་ཆུང་ཞིག་འཕྲེད་དུ་བཅད་ནས་གོམས་འདྲིས་སུ་སོང་བའི་སོག་པོའི་ཟ་ཁང་ཞིག་ཏུ་འཛུལ།
འོ་ཇ་དང་ཚོད་མ་སོགས་བཞག་ནས་ཅུང་མ་འགོར་བར། རྣམ་རྒྱལ་གྱིས་སྐད་གསང་མཐོན་པོས་ལྦུ་ཆང་ཁྱེར་ཤོག ཞེས་འུར་བརྒྱབ། རྣམ་རྒྱལ་གྱིས་གྲོགས་པོ་ཚོར་ཝུ་ཆང་ལྡུག་ཞོར་དུ“ཁ་དཔེ་ལ་རྫ་ཁྲ་ཡག་འབྲོང་མོ་རྭ་རིང་མ། རྡོ་བརྒྱབ་གིན་ཁ་ཐག་ཇེ་རིང་རེད་ཟེར་ལྟར། ངའི་སེམས་ཀྱི་མཛའ་མོ་སྙིང་སྡུག་མ། འཕྲིན་སྐུར་གྱིན་བར་ཐག་ཇེ་རིང་རེད།”ཟེར་བཞིན་དགོད་ཁ་སློང་གིན་འདུག
སྐབས་ཤིག་ལ། ཟ་ཁང་གི་སྐུ་མགྲོན་ཚང་མ་སོང་ཚར་ཞིང་། ཞབས་ཞུ་བ་ཚོས་ཀྱང་ཅོག་ཙེ་སྟོང་པ་རེའི་སྟེང་ན་ཁ་བརྡ་བྱེད་བཞིན་ཁོ་ཚོར་སྒུག་འདུག རྣམ་རྒྱལ་གྱིས“ཨ་ འཛོམས་སྐྱིད་འདྲེ---འདྲེ་མོ། ངས་ཁྱོད་བཙལ་ནས་སྐྱིད་ཀྱི་མགོ---མགོ་རུ་མ་ཉན། སྡུག་གི་ཁ་སྣོན་ཉན---ཉན་སོང་། ཨ ཨ འདྲེ་མོ འུ་གཉིས་སོང་གིན་ལྟ། ཅོ་ལྔའི་དུང་ཟླ་འདྲ་ཞིག་ཁྱོད་མ་རེད། ཉི་ཤུའི་ཟླ་ནག་འདྲ་ཞིག་ང་ཡང་མ་རེད”ཟེར་ནས་བཟི་གཏམ་མང་བོ་བཤད་ལ། བསམ་འཕེལ་དང་བསོད་ནམས་གཉིས་ཀྱིས་ཀྱང་རང་རང་ས་ནས་བཟི་གཏམ་སྣ་ཚོགས་བཤད་གྱིན་འདུག
ཁོ་ཚོ་ཁྱར་མ་ཁྱོར་གྱིས་སློབ་གྲྭ་ལ་ཕྱིར་ལོག་པའི་ལམ་བར་དུ། རྣམ་རྒྱལ་བུད་མེད་ཞིག་དང་ཐུག བརྒྱབ་ལ་ཕྱིར་ནུར་སྐབས་རྐང་པ་ཐོགས་ནས་ཁོ་རང་ས་ལ་འགྱེལ་ཅིང་མིག་ཤེལ་ཡང་བཅག་སོང་བས། ཁོ་ཁྲོས་ཐེངས་གཅིག་གིས“གདོན---གདོན་མོ་མ འཛོམས་སྐྱིད་དང་ཁྱེད་ཚོས---”ཟེར་བཞིན་ཁོ་རང་སྐྱོར་རྩིས་བྱེད་པའི་བུད་མེད་དེར་འགྲམ་ལྕག་ཅིག་བཞུས། བུད་མེད་དེའི་ཨག་སྐད་གོ་བ་དང་མཉམ་དུ། རྣམ་རྒྱལ་གྱི་འགྲམ་པར་ཅི་ཞིག་གིས་བཞུས་བྱུང་བས་མགོའི་ནང་ལ་ལྦང་སྒྲ་ཞིག་གྲགས་པ་དང་མཉམ་དུ་སླར་ཡང་ཐང་ལ་སྒྱེལ་ཞིང་། མིད་པ་ལས་ཁྲག་དྲི་ཞིག་ཀྱང་བྲོ་གིན་འདུག ཡར་ལངས་ནས་སྐྱིན་ཚབ་ཞིག་སྤྲོད་བསམ་ཀྱང་མིག་ལམ་རབ་རིབ་ཏུ་གྱུར་ནས་རླངས་འཁོར་དང་མི་ཡང་གསལ་བོར་དབྱེ་བ་མི་ཕྱེ་བས། ད་ནི་རང་ཉིད་ཀྱང་བོར་འདུག་པའི་སྣང་བ་ཞིག་སྐྱེས། ལག་པ་གཉིས་པོ་ས་ལ་གཙུགས་ནས་ཤེད་ཤུགས་ཡོད་རྒུ་བཏོན་ཏེ་ཡར་ལངས་རྩིས་བྱས་མོད། སླར་ཡང་རང་སར་འགྱེལ། ད་ནི་མགོ་ཕྱོགས་གང་ལ་འཁོར་འདུག་པའང་ཤེས་ཀྱི་མི་འདུག་པས། རྣམ་རྒྱལ་གྱི་སེམས་པར་ད་ནི་ཡར་ལངས་མ་ཐུབ་རུང་མགོ་བོ་ལྷ་སའི་ཕྱོགས་ལ་འཁོར་ཡོད་ན་ཅི་མ་རུང་སྙམ།།
རྩོམ་ཁུངས། ངེད་དྲ་བ།