གྲོང་ཁྱེར་དང་གྲོང་ཁྱེར་བ།

རེབ་གོང་སངས་རྒྱས་མཁར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-06-09

             གཅིག  
  ཟླ་བ་ཁེར་འགྲོས་དང་ལྷན་དུ་མཚན་མོ་དུས་ལྟར་སླེབས་བྱུང་།
  གྲོང་ཁྱེར་གྱི་མཚན་མོ་དེ་ཞིང་གྲོང་གི་མཚན་མོ་དང་གཏན་ནས་མི་འདྲ་བར། མི་རྣམས་ཀྱི་རྣམ་རིག་ནི།  གློག་འོད་ཀྱི་འཕྲོ་འགྱེད་འོག་ཏུ་ཇེ་གསལ་ནས་ཇེ་གསལ་དང་། ལུས་སྟོབས་ནི་མཚན་སྨག་གི་རྔམས་ཀའི་ཀློང་དུ་ཇེ་ངར་ནས་ཇེ་ངར་དུ་འགྲོ་བས། འདི་ནི་གྲོང་ཁྱེར་ཁོ་ནར་ལྡན་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་བསམ་ཡང་ཆོག
  ལམ་འགྲམ་དུ་འགྲེང་བའི་གློག་སྒྲོན་ལས་ལྐོག་གྱུར་གྱི་གཡོ་འཛུམ་ལམ་ལམ་དུ་འཚེར་ཞིང་། ཕྱོགས་བཞི་མཚམས་བརྒྱད་ནས་ངུ་སྨྲེང་དགོད་གསུམ་གྱི་སྐད་འགྲགས་དང་རླངས་འཁོར་གྱི་འཛེར་སྒྲ་རྣོན་པོ་ལྷགས་རླུང་དང་བསྡོངས་ཏེ་རྣ་བར་ཟུག་འོངས། མཚམས་འདིར་གྲོང་ཁྱེར་ལ་ལྷིང་འཇགས་ཡེ་ནས་མེད་པར། གཞའ་བརླན་གྱི་མཁའ་དབུགས་དང་མཉམ་དུ་འགུལ་ཏེ་མིའི་བསམ་གཞིག་ལ་བསམ་གཟས་ནས་བར་ཆད་གཏོང་བ་དང་འདྲ་ལ། ཁྲ་ཁྲ་རིག་རིག་གི་གློག་ངོགས་འདིས་སུ་ཞིག་ལ་བསླུ་བྲིད་ཀྱི་གཡབ་མོ་བྱེད་བཞིན་པའང་འདྲ།
  གང་ལྟར། མི་མང་པོ་ཞིག་གྲོང་ཁྱེར་གྱི་སྒོ་མོར་འཛུལ་རྗེས། གྲོང་ཁྱེར་གྱི་མཚན་མོའི་ཁྲོད་གྲོང་ཁྱེར་གྱི་ངོ་གདོང་ངོ་མ་མཐོང་ཞིང་། གྲོང་ཁྱེར་གྱི་མཚན་མོའི་ཁྲོད་རང་ཉིད་ཀྱི་ངོ་གདོང་ངོ་མ་བོར་སོང་།
             གཉིས།
  ཟླ་བ་ལས་བཀྱེས་པའི་འོད་ཐིག་ཅིག་ལྷིང་འཇགས་ངང་སྒེའུ་ཁུང་བརྟོལ་ཏེ་ཁོའི་ཁང་བའི་ནང་ལ་དཀར་འཁྱིལ་ལེར་འཕྲོས་བྱུང་། སྐབས་འདིར་ཁང་བའི་ནང་གི་རྣམ་པ་སྤྱི་ཁོག་ཙམ་ཞིག་མིག་ལམ་དུ་འཆར་འོངས་སྟེ། བཀན་མོ་མིན་པའི་མལ་ཁྲི་སྟབས་བདེ་ཞིག་དང་། མལ་ཁྲིའི་འགྲམ་དུ་གྱོན་པ་འཇོག་སའི་ཤིང་སྒམ་ཞིག  ལོ་རབས་བརྒྱད་ཅུ་བའི་ནང་ཧ་ཅང་དར་ཆེ་བའི་གཞུང་སྒྲུབ་ཅོག་ཙེ་སོགས་ཅ་ལག་ཉུང་ཉུང་ཞིག་གིས་ཁང་མིག་ཆུང་ཆུང་འདིའི་ནང་ལ་འཚང་ཁ་ཤིག་ཤིག་བྱེད་བཞིན་འདུག
  ཟླ་འོད་ཀྱི་འཕྲོ་འགྱེད་འོག་ཏུ་ཁོ་ཡང་ཁང་བའི་ནང་དལ་ཅག་སེར་བསྡད་ཅིང་།  ཅོག་ཙེ་ལ་རྒྱབ་བསྙེས་ནས་དྲན་མེད་དུ་ཧད་ཡོད་པའི་ཁོ་ཕར་བལྟས་ཚོད་ཀྱིས་བླ་འཁྱམས་པའི་བེམ་པོ་ཞིག་དང་འདྲ་ལ། མཉམ་འཇོག་ཅིག་མ་བྱས་ན་ཁོ་ཡོད་མེད་ཀྱང་མི་ཤེས། ཕྱི་རོལ་དུ་སྐད་འགྲགས་དང་འཛེར་སྒྲ་ཇི་ལྟར་ཆེ་ནའང་། ཁང་བའི་ནང་གྲག་འགུལ་མེད་པར་དལ་ཅག་སེར་ཡོད་ཅིང་། དབུགས་ཀྱི་འབྱིན་རྔུབ་དང་སྙིང་གི་འཕར་ལྡིང་། ཐ་ན་སྤུ་ལོང་གཡོ་བའི་སྒྲ་ཡང་གོ་ཐུབ་པའི་ཚོར་བ་ཞིག་བཅོས་མིན་ཏུ་སྟེར། དེ་བས་ཁོ་ལྷིང་འཇགས་མ་ཡིན་པའི་ལྷིང་འཇགས་ཤིག་གི་ཁྲོད་དུ་ལུས་འདུག  
ཁོའི་གྲིབ་གཟུགས་དེ་ཟླ་འོད་ལ་བརྟེན་ནས་གྱང་ངོས་སུ་ཁེར་རྐྱང་གིས་འཕོས་པ་འདུག  རིམ་གྱིས་ཟླ་འོད་གཉོམ་པོ་དེའི་འཕྲོ་སྟངས་ཤིག་གིས། གྱང་ངོས་ཀྱི་གྲིབ་གཟུགས་ཁེར་རྐྱང་དེ་གྲིབ་གཟུགས་གཉིས་སུ་གྱེས་པ་དང་། མཚམས་འདིར་བསེར་རླུང་གི་རྒྱུ་ཕྱོགས་ནས་ཧ་ཅང་གཉོམ་པའི་སྐད་སྒྲ་ཞིག་རྣ་རྩར་ཁུར་འོངས་ཏེ་ཁོ་དང་ཁོའི་ཁང་བའི་ལྷིང་འཇགས་དཀྲོགས་བྱུང་།  
“ ཁྱོད་སུ་ཡིན།”
 ཁོས་སྐྲག་སྣང་དང་བཅས་མིག་ཟུང་གིས་ཁང་བའི་ནང་མྱུལ་ཞིབ་ཅིག་བྱས་ཀྱང་ཅི་ཡང་མཐོང་རྒྱུ་མ་བྱུང་། བསམ་པར་འདི་ནི་ངའི་འཕྲུལ་སྣང་ཞིག་ཡིན་སྙམ་སྟེ་སེམས་ཅུང་ཙམ་ལྷོད་ལ་བབས་ནའང་། མངོན་སུམ་མམ་ལྐོག་གྱུར་གྱིས་ཐོས་པའི་དྲི་བ་ཡ་མཚན་དེས་ཁོའི་བློ་ཁ་དེ་མུར་རྩ་བ་ནས་འཁྲུགས་པར་བྱས། ཁོས་སྔོན་ཆད་གཏན་ནས་འདང་བརྒྱབ་མ་མྱོང་བའི་དྲི་བ་དེར་ལན་ཅི་ཞིག་ལྡོན་དགོས་སམ་སྙམ་ནས་བསམ་གཞིག་བཏང་།
 བསམ་གཞིག་གཏོང་བ་ནི་ཏག་ཏག་ཡ་མཚན་ཞིག་ཏུ་བརྩིས་ན་རེད། བསམ་གཞིག་གིས་བོར་སོང་བ་མང་པོ་ཞིག་ཕྱིར་རྙེད་ཐུབ་པ་དང་། བསམ་གཞིག་གཏོང་བ་ནི་ཏག་ཏག་རྒྱས་སྤྲོས་ཤིག་ཀྱང་ཡིན་སྲིད། གང་ལྟར་ཁོ་ལ་མཚོན་ན་དེ་འདྲ་ཞིག་ཡིན་ངེས། ཁོས་གྲོང་ཁྱེར་འདིའི་ས་གཞིའི་སྟེང་རྐང་མཐིལ་གླན་པ་ནས་བཟུང་ཞེ་ལྷོད་པའི་ངང་བྱ་བ་དང་འཚོ་གནས་ལས་འགོངས་པའི་བསམ་གཞིག་ཅིག་ཧ་ལམ་བཏང་མེད། ཁོ་ལ་གཏོང་ཁོམ་མེད་ལ་གཏོང་དབང་ཡང་མེད།
“ ང་སུ་རེད། ”
 ཁོས་རང་གིས་རང་ལ་ལྡོག་འདྲི་ཞིག་བྱས་པ་ན།  ཁ་ནས་རང་དགར་ཐོན་པའི་ཚིག་དུམ་འདིས་ཁོར་ཐོལ་བྱུང་གི་ཞེད་སྣང་ཞིག་བསྐྱེད་བྱུང་། འདི་ནི་ཁོས་ཐོག་དང་པོར་རང་གི་ངོ་རང་གིས་མ་ཤེས་པར་དངངས་ཞེད་སྐྱེས་པ་ཡིན། ཐོལ་བྱུང་གི་དངངས་ཞེད་དེ་སེལ་ཆེད་ཁོས་རང་གི་དྲན་ཤེས་ཀྱི་གཏིང་རིམ་ལ་ལག་སྙོབ་བྱས་ཏེ་རང་ཉིད་བཙལ། འོན་ཀྱང་ཁོས་རྣམ་རིག་བསྒྲིམས་ཏེ་སྨག་ནག་གི་ཁྲོད་དུ་ཐིམ་པ་ལྟ་བའི་རང་ཉིད་ཇི་ལྟར་བཙལ་ཀྱང་། མིག་ལམ་དུ་གཞི་ནས་ཅི་ཡང་མཐོང་རྒྱུ་མ་བྱུང་ལ། དྲན་ཤེས་སུའང་ཅི་ཡང་འཆར་རྒྱུ་མ་བྱུང་།
                གསུམ།
 ཁོས་དྲན་པ་ཚགས་སུ་སྒྲིག་ནས་ཡང་བསྐྱར་བསམ་གཞིག་གི་ཀློང་ལ་ལག་སྙོབ་བྱས་ཏེ། དང་ཐོག་གྲོང་ཁྱེར་འདིར་ཡོང་བ་ནས་ད་ལྟའི་བར་གྱི་དོན་དག་རྣམས་རེ་རེ་བཞིན་ཕྱིར་དྲན་དང་ཚང་རྩིས་བྱས་ཏེ་འདང་རྒྱག་ཏུ་ལྷུང་སོང་།
 ཁོ་ཐོག་དང་པོར་གྲོང་ཁྱེར་ལ་ཡོང་དོན་དེ་མདོར་དེད་ན་སྡེ་བའི་གསར་བུ་ཞིག་གི་སྟོང་ལབ་བརྒྱབ་པ་དང་འབྲེལ་བ་ཡོད་དེ། ལོ་གང་མང་ལ་ནང་ལོགས་སུ་ཉུལ་མྱོང་བའི་གསར་བུ་ཞིག་གིས་ཕ་ཡུལ་གྱི་ས་མཐའ་གྲུ་བཞི་མ་གཏོགས་ས་ཆ་གཞན་ལ་སོང་མ་མྱོང་བའི་གསར་བུ་ཁ་ཤས་ལ་ངོམ་སོ་དང་ཟུར་ཟའི་ཚུལ་དུ། ནང་ལོགས་ཀྱི་གྲོང་ཁྱེར་དུ་ཉུལ་ན་སྐྱིད་པོ་ཡིན་ཚུལ་དང་། དེ་ནས་སྒོར་མོ་བཙལ་ན་རྙེད་སླ་ཚུལ། གང་དགོས་གང་མཁོའི་ཚོང་སྣ་ཚོགས་ཡོད་ཚུལ། ད་དུང་མཛེས་མ་མང་ཚུལ་སོགས་ལབ་ཏེ་ཁྲོན་པའི་ནང་གི་སྦལ་བ་ལྟ་བུའི་མི་དེ་ཚོར་འགྲམ་ཆུ་ལྡང་དུ་བཅུག་པ་དང་། ལྷག་པར་དུ་གྲོང་ཁྱེར་གྱི་མཚན་མོ་ནི་ལྷ་ཡུལ་ལས་ཀྱང་སྐྱིད་ཚུལ་སོགས་བཤད་ནས་ཁྲོན་པའི་ནང་གི་སྦལ་བ་དེ་ཚོ་ཡང་ཁྲོན་པའི་ཕྱི་རོལ་ལ་མཆོང་འདོད་ཀྱི་འདུན་པ་ཞིག་ལུས་སེམས་ཡོངས་སུ་ཁྱབ་སོང་། གྲོང་ཁྱེར་དང་གྲོང་ཁྱེར་གྱི་མཚན་མོའི་སྐྱིད་སྡུག་དེ་ལོ་གང་མང་གི་ཉམས་མྱོང་ཡོད་པའི་གསར་བུ་དེའི་སེམས་ན་ཁྲིགས་ཁྲིགས་ཡིན་ནའང་། གོང་གི་སྐད་ཆ་དེ་དག་ངོ་སོ་ཙམ་གྱི་དོན་དུ་འུད་ཤོབ་བྱས་པ་ཁོ་རང་ཉིད་ལས་སུ་ཞིག་གིས་ཤེས། བརྩམས་སྒྲུང་གི་མི་སྣ་གཙོ་བོ་ཁོ་ཡང་ཟེར་སྒྲོས་ཙམ་གྱི་དབང་གིས་གྲོང་ཁྱེར་གྱི་འཚོ་བ་ལ་ཡིད་སྨོན་བྱེད་མཁན་གྱི་གྲས་ཡིན་ལ། དེའི་ཁྲོད་དུ་ཅི་བསམ་ལག་ལེན་དུ་བཏབ་མཁན་གཅིག་པུའང་ཡིན། སློབ་ཆུང་གི་ཡོན་ཚད་ལས་མེད་ཅིང་རྫོང་ཐོག་མ་གཏོགས་སོང་མ་མྱོང་བའི་ཁོས་ཕ་མ་གཉིས་ཀྱི་ངོ་བཟློགས་ཏེ་ཨུ་ཚུགས་དང་བཙན་ཚུགས་བྱས་ཀྱང་། ཕ་མ་གཉིས་ཀྱིས་གཏན་ནས་མ་འཐད་པས། ཧ་ཅང་རྒྱུན་ལྡན་ཡིན་པའི་མཚན་མོ་ཞིག་ལ་ལྐོག་ཏུ་བྲོས་ཏེ་གྲོང་ཁྱེར་དུ་སོང་།
དེ་དུས་ཁོ་ཕོ་ལོ་ཉེར་གསུམ་རེད།
                     བཞི།
ཁོ་དང་ཁོ་ལྟ་བུའི་མི་མང་དག་ཅིག་ལ་མཚོན་ན། གྲོང་ཁྱེར་གྱི་བག་ཆགས་དང་པོ་རུ་མེ་འཁོར་འབབ་ཚིགས་ནི་ནམ་ཡང་གོ་གནས་གལ་ཆེན་ཞིག་ཟིན་ཡོད་པས་མི་གླེང་ཐབས་མེད་རེད།  
 ཁོ་གྲོག་ཚང་ལྟ་བུའི་མེ་འཁོར་ལས་བུད་པ་ན། གང་ས་གང་དུ་མི་ཚོགས་ཀྱིས་བཀང་སྟེ་གྲོག་ཚང་ཞིག་ནས་བུད་དེ་གྲོག་ཚང་གཞན་ཞིག་ཏུ་འཛུལ་སོང་བའི་སྣང་བ་ཞིག་བཅོས་མིན་དུ་སྟེར་ལ། དབུགས་ཀྱི་འབྱིན་རྔུབ་དང་བསྟུན་ནས་སྐད་རིགས་འདྲ་མིན་གྱི་ལབ་གླེང་སྣ་ཚོགས་རྣ་ལམ་དུ་དྲག་ཆར་བཞིན་བྱོ་འོངས་པས། ཁོར་སུན་སྣང་ཞིག་སྐྱེས་ལ། སུན་སྣང་དེ་དང་མཉམ་དུ་ཞེད་སྣང་ཞིག་ཀྱང་སེམས་ཀྱི་ཟབ་ས་རུ་དེ་ལྟར་རྩ་བ་ཚུགས་སོང་། ཞེད་སྣང་དེ་ཁོས་གྲོང་ཁྱེར་འདིའི་ཁོར་ཡུག་དང་གོམས་གཤིས་སོགས་ལ་གོམས་འདྲིས་སུ་གྱུར་ཚུན་གྱི་ཐོག་མཐའ་བར་གསུམ་ཀུན་ཏུ་ཁོའི་ལུས་སེམས་དང་ཁ་བྲལ་མ་ཐུབ།
འཚང་ཁའི་ཁྲོད་ཀྱི་འབབ་ཚིགས་ལས་ཕྱི་རོལ་དུ་བུད་པ་ན། བལྟས་པ་ཙམ་གྱིས་ཕྱོགས་བཞི་མཚམས་བརྒྱད་གང་དུའང་གཞུང་ལམ་མང་པོ་ཞིག་བཟོས་ཏེ་འགྲོ་བདེ་བ་ལྟར་སྣང་ལ། ལམ་འགྲམ་གྱི་ཚོང་ཁང་དང་ཆང་ཁང་། མགྲོན་ཁང་སོགས་ཀྱི་སྒོ་ག་ལེར་ཕྱེས་ཏེ་སུ་ཡང་ནང་དུ་སོང་སྟེ་ངལ་སྐྱིད་པོ་ཞིག་གསོ་བ་དང་། ཇ་ལྷོད་པོ་ཞིག་འཐུང་བའམ་ཆང་ཚིམ་པོ་ཞིག་བཏུངས་ཆོག་པར་སྣང་། འོན་ཀྱང་ཧབ་ཐོབ་ཀྱི་ཁ་ཆེས་ཆེར་གདངས་པའི་སྒོ་མོ་དེ་དག་ཏུ་འཛུལ་དགོས་ན་ད་དུང་གཟུགས་མེད་ཀྱི་སྒོ་ཆེན་ཞིག་ཀྱང་བརྒྱུད་དགོས་པ་དང་། གཟུགས་མེད་ཀྱི་སྒོ་མོ་དེའི་སྒོ་གླགས་འབྱེད་པ་དེ་རྗེས་ཕྱོགས་ཀྱི་ཁོའི་གྲོང་ཁྱེར་གྱི་འཚོ་བ་དང་འཚོ་བའི་དམིགས་འདུན་འབའ་ཞིག་ཏུ་གྲུབ་སྲིད་པ་བློ་ཡུལ་དུ་ཡང་མ་ཤར། དེ་ཡང་ལོས་ཡིན།  འཇིག་རྟེན་གྱི་བྱ་བ་གང་མང་ཞིག་ཏག་ཏག་མིའི་བསམ་ཡུལ་ལས་རིང་དུ་འགོངས་ཤིང་།  དེ་མི་ཚེའི་མཛེས་སྡུག་ཡིན་ལ་སྐྱོ་སྡུག་ཀྱང་ཡིན།
 ཁོས་དོ་དགོང་འདུག་ས་ཞིག་བཙལ་དགོས་སྙམ་སྟེ་ཕྱོགས་བཞིར་བལྟས་པ་ན།  མདུན་ཕྱོགས་སུ་རྒྱས་ཤོམ་དོད་པའི་མགྲོན་ཁང་ཞིག་ཡོད་པ་མཐོང་བྱུང་།  ཁོ་འདུར་མ་རྒྱུག་གིས་མགྲོན་ཁང་དེ་རུ་འཛུལ་རྗེས། ཞབས་ཞུ་མ་དེས་བཅོས་འཛུམ་ཞིག་ལངས་ཏེ།
“ སྐུ་ཞབས་ལགས།  ཁྱེད་ལ་རོགས་ཅི་ཞིག་བྱེད་དགོས།”
“ ང་ལ་དོ་དགོང་འདུག་ས་ཞིག་དགོས” ཞེས་རྒྱ་སྐད་ལྡབ་ལྡིབ་ཅིག་བཤད།
 “ ང་ཚོའི་མགྲོན་ཁང་འདི་ནི་སྐར་ལྔ་ཅན་གྱི་མགྲོན་ཁང་ཡིན་པ་མ་ཟད།  ཁང་བའི་ཁོད་ཡངས་ཤིང་ཁོར་ཡུག་གཙང་བ་དང་།  བརྙན་འཕྲིན་དང་ཁ་པར་སོགས་དེང་རབས་ཀྱི་གློག་ཆས་ཀྱང་ཡོད” ཅེས་ཞབས་ཞུ་མ་དེས་ཧ་ཅང་བྱང་ཆ་ཡོད་པའི་སྒོ་ནས་ངོ་སྤྲོད་བྱས།
“ ཞག་གཅིག་ལ་སྒོར་མོ་ག་ཚོད་དགོས། ”
“ སྒོར་༣༩༨ ཡིན།”
“ ཨ།  ཁྱོད་ཀྱིས་ཅི་ཟེར།  འདི་མངོན་འཕྲོག་མིན་ནམ།  ང་འདི་ནས་མི་འདུག་ཁོ་ཐག་ཡིན” ཞེས་ཁོས་ཧ་ལས་ཤིང་ཚིག་པ་ཟ་བའི་ངང་ནས་ཞབས་ཞུ་མར་དེ་ལྟར་བཤད།  ཁོ་ལ་ཁག་ཅི་ཡོད།  ཁོ་བསྡད་མྱོང་བའི་རྫོང་ཐོག་གི་མགྲོན་ཁང་ཆེས་རྒྱས་སྤྲོས་ཅན་དེ་ལ་ཡང་སྒོར་མོ་༩༨ ལས་སྟེར་མི་དགོས་པས།  ཁང་མིག་ཆུང་ཆུང་ཞིག་གི་དོན་དུ་སྒོར་མོ་དེ་འདྲ་མང་པོ་ཞིག་སྟེར་བ་ཁོ་ལ་མཚོན་ན་ཡིད་སེམས་ཀྱི་གཏིང་ནས་དང་ལེན་བྱེད་མི་ཐུབ་པ་མ་ཟད།  ཁོས་ཞབས་ཞུ་མ་དེས་ཁོ་ལ་མགོ་སྐོར་གཏོང་བཞིན་ཡོད་པར་ཀྱང་སྙམ་བྱུང་།  
“ འོ་ན་ཁྱོད་གཞན་དུ་སོང་ན་ཆོག ” ཅེས་ཞབས་ཞུ་མས་ཁོ་ལ་བཤད།
 ཁོ་ཁ་ཕྱིར་འཁོར་ནས་འགྲོ་གྲབས་བྱེད་དུས། ཞབས་ཞུ་མ་དེས་ཟུར་ཟ་དང་མཐོང་ཆུང་གིས་ “ ཞིང་གྲོང་གི་སྤྲང་བོ་འདི་ཚོ” ཞེས་སྐད་ཆུང་ངུས་བཤད་པར་ཞབས་ཞུ་མ་གཞན་དེས་མོར་ཡིད་འཐད་པའི་མིག་བརྡ་བསྟན་བྱུང་།  
 ཁོ་ཡང་འོན་པ་ག་ལ་ཡིན།  ཁ་ཕྱིར་འཁོར་ཏེ་ “སྐྱག་གཟན་མ།  ཁྱོད་ཀྱིས་ཅི་ཟེར” ཞེས་ཞབས་ཞུ་མ་དེའི་གདོང་ལ་གཏད་དེ་དྲིས།  ཞབས་ཞུ་མ་དེ་སྐྲག་ཏེ་ཁ་ནས “ངས་ཅང་མ་བཤད”ཅེས་ཡང་ཡང་དུ་བཟློས།  དོན་རྐྱེན་འདི་ནི་ཁོའི་བློ་ཡུལ་ལས་ཡོངས་སུ་འདས་པ་སྟེ།  གྲོང་ཁྱེར་གྱིས་ཐོག་མར་གྲོང་ཁྱེར་ནང་དུ་ཐོན་པའི་ཁོ་ལ་བསུ་བ་འདི་ལྟར་བྱས་པ་དང་།  གྲོང་ཁྱེར་ནང་དུ་ཐོན་པའི་ཁོས་ཀྱང་གྲོང་ཁྱེར་ལ་འཚམས་འདྲི་འདི་ལྟར་བྱེད་དགོས་བྱུང་།
                    ལྔ།
གྲོང་ཁྱེར་གྱིས་ཁོ་ལ་བསླུ་བྲིད་མང་པོ་བཏང་མྱོང་།  དེ་བས་ཁོས་གྲོང་ཁྱེར་ལ་བཅངས་པའི་རྣམ་འགྱུར་དེའང་འགྱུར་བཞིན་ཡོད།  གལ་སྲིད་ད་ལྟ་གནད་དོན་འདི་དང་འདི་ལྟ་བུ་ལ་ཐུག་པ་ཡིན་ན།  ཁོའི་རྣམ་འགྱུར་ནི་དེ་ལྟ་བུ་ཞིག་གཏན་ནས་ཡིན་མི་སྲིད།  
གྲོང་ཁྱེར་གྱིས་ཁོའི་གཤིས་ཀའི་རྣོ་འབུར་གྱི་ཆ་དེ་ཤེས་མེད་ཚོར་མེད་ངང་གཞོག་ཅིང་བརྡར་ནས་ཇེ་འཇམ་དང་ཇེ་གཡུང་དུ་བཏང་བ་དང་།  དེ་ཡང་ཚད་ངེས་ཅན་ཞིག་གི་ཆ་ནས་བཤད་ན།  གོ་རིམ་དེ་ནི་ཁོ་ངེས་པ་དོན་གྱི་གྲོང་ཁྱེར་བ་ཞིག་ཏུ་འགྱུར་བའི་གོ་རིམ་ཡིན་ཡང་སྲིད།  
འོན་ཏེ་ངེས་པ་དོན་གྱི་གྲོང་ཁྱེར་བ་ཞིག་བྱེད་རྒྱུ་ལས་སླ་མོ་ཞིག་ག་ལ་ཡིན།  ཚུལ་འཆོས་ཀྱིས་གཡོགས་པའི་གུས་ཞབས་ཀྱི་གཤིས་སྤྱོད་ཁོ་ནས་ཅི་ཞིག་བྱ་ཐུབ།  ལྷག་པར་དུ་གྲོང་ཁྱེར་བ་དག་གི་གུས་ཞབས་དེ་ནི་དབང་དང་སྒོར་མོ་འབའ་ཞིག་གི་མདུན་དུ་མ་གཏོགས་མཐོང་དཀའ་བས།  དབང་དང་རྒྱུ་ཡོད་ན་ད་གཟོད་གྲོང་ཁྱེར་ནས་གྲོང་ཁྱེར་བའི་འཚོ་བ་ཞིག་རོལ་ཐུབ་ལ།  ད་གཟོད་ངེས་པ་དོན་གྱི་གྲོང་ཁྱེར་བ་ཞིག་ཡིན།  འདི་ནི་ཁོ་གྲོང་ཁྱེར་དུ་ཡོང་ནས་ཡུན་རིང་འགོར་རྗེས་རྟོགས་པའི་གནས་ལུགས་འཁྲུལ་མེད་ཅིག་རེད།  
 སྐབས་དེར་ཁོ་རང་གྲོང་ཁྱེར་དུ་ཡོང་ནས་ཟླ་གཅིག་ལྷག་འགོར་ཡོད།  ཁོས་ཟླ་གཅིག་ལྷག་གི་གྲོང་ཁྱེར་གྱི་མཐོང་ཐོས་མྱོང་གསུམ་བརྒྱུད།  ཁོ་ཕ་ཡུལ་ནས་ཡོང་དུས་སུ་སྣང་ངོ་ན་ཡོད་པའི་གྲོང་ཁྱེར་གྱི་གཟུགས་བརྙན་དེ་ནི་ཁོའི་བག་ཆགས་སུ་ཡོད་པའི་ཕ་ཡུལ་བཞིན་ཇེ་མོག་ནས་ཇེ་མོག་ཏུ་གྱུར་ཞིང་།  མཐའ་མར་ཕ་ཡུལ་ནས་རབ་རྟོག་བྱས་པའི་གྲོང་ཁྱེར་གྱི་གཟུགས་བརྙན་དེ་ཕ་ཡུལ་དང་མཉམ་དུ་ཁོའི་དྲན་པའི་གཏིང་ནས་བསུབས་སོང་།  འདི་ནི་གྲོང་ཁྱེར་གྱིས་ཁོ་གྲོང་ཁྱེར་བ་ཞིག་ཏུ་འགྱུར་བའི་གོ་རིམ་ཡིན་སྲིད་ལ།  ཡང་གཅིག་བཤད་ན་མ་གཞི་ནས་གྲོང་ཁྱེར་ན་ཕ་ཡུལ་ལས་ལྷག་པའི་བདེ་སྐྱིད་ཅིག་ཡོད་ཟེར་བའང་ངོམ་སོའི་ཆེད་དུ་རྫུན་གཏམ་བཤད་པ་ཞིག་ཡིན་གཤིས།  གྲོང་ཁྱེར་དེ་ཁོ་དང་ཁོ་ལྟ་བུའི་འཁོས་དམན་དང་ཉམས་མྱོང་མེད་པའི་མི་དག་ལ་མཚོན་ན་དམྱལ་ཟངས་ཤིག་ཀྱང་ཡིན་སྲིད།  མ་མཐའ་ཡང་ཟླ་གཅིག་ལྷག་གི་རིང་ལ་དེ་ལྟར་ཡིན་ལ།  དུས་ཡུན་དེའི་ནང་ཁོས་ད་གཟོད་གྲོང་ཁྱེར་གྱི་འཚོ་བའི་མངར་སྐྱུར་ཁ་གསུམ་གྱི་དྭངས་ཕུད་དངོས་སུ་མྱངས་པ་རེད།  
དེ་དུས་ཁོར་ཕ་ཡུལ་ལ་ལོག་འདོད་ཀྱི་འདུན་པ་ཞིག་སེམས་ཀྱི་ཟབ་ས་ནས་འགོག་མེད་དུ་སྐྱེས་རུང་།  ཁོ་ཕ་ཡུལ་ལ་ལོག་མི་ཐུབ་ལ་ལོག་ཀྱང་མི་ཆོག  གལ་ཏེ་ཕ་ཡུལ་དུ་སོང་ན།  ཁོས་ཕ་མ་གཉིས་ཀྱི་ངོ་ལ་ཇི་ལྟར་བལྟ།  རྗེས་ཕྱོགས་སུ་སྡེ་བའི་ཁ་ངན་སྤུ་གྲི་འདྲ་བ་དེ་ཚོར་འགྲེལ་བཤད་ཅི་ཞིག་བྱ།  ཕོ་གསར་རྣམས་ཀྱི་གྲས་སུ་མགོ་བོ་ཇི་ལྟར་འགྱོག  མོ་གསར་རྣམས་ཀྱི་གསེང་དུ་འཇོན་ཐང་ཇི་ལྟར་ངོམ།  དེ་བས།  ཁོས་འདི་དག་ཡོད་ཚད་རྨི་ལམ་གྱི་ནང་དུ་བྱུང་བ་ཞིག་ཡིན་ན་ཅི་མ་རུང་སྙམ།  རྨི་ལམ་སད་རྗེས་ཁོ་སྔར་བཞིན་མགོ་བོ་དགྱེ་སྟེ་མི་ཚོགས་ཀྱི་ཁྲོད་དུ་འགྱིང་ནས་སོང་ན་ཆོག  འོན་ཀྱང་ཡོད་ཚད་ཀྱི་ཡོད་ཚད་འཁྱག་སིབ་སིབ་ཀྱི་རྡོ་ལོག་ཅིག་དང་འདྲ་བར་ཁོའི་གློ་སྙིང་མཆིན་གསུམ་ལ་ཡང་ཡང་གླན་ཏེ་འདི་དག་ཡོད་ཚད་དངོས་ཡོད་ཡིན་པའི་དྲན་སྐུལ་བྱས་པས།  ཁོར་ཁག་ཅི་ཡོད།  ཁོར་དངོས་གནས་ཁག་ཅི་ཡོད།   
                          དྲུག
    ལྷགས་རླུང་འུར་འུར་དུ་ལྡང་བའི་མཚན་མོ་ཞིག་ལ།  གྲོང་ཁྱེར་ནས་ངོ་ཤེས་པའི་གྲོགས་པོ་ཞིག་གིས་ཁོ་ལ་མགྲོན་བྱས་ཏེ་ཆང་ཁང་ཞིག་གི་ནང་དུ་འཛུལ།  
རེ་ཆད་ཅིང་ཡི་མུག་པའི་སྐབས་དང་སྐབས་སུ།  ཕོ་གསར་ཚོར་མཁོ་བ་ནི་ཆང་རག་ཡིན་ལ།  ཆང་གིས་ད་གཟོད་ཁོ་ཚོར་སེམས་གསོ་བྱེད་ནུས་ཤིང་རྟོགས་པ་སད་ཐུབ།  ཆང་འཐུང་བ་ཁོ་ལ་མཚོན་ན་ཆུང་དུས་ནས་གོམས་ཤིང་ལོབས་ཡོད་ནའང་།  འདི་འདྲའི་རྒྱས་སྤྲོས་དང་འཁྲུག་ཆ་དོད་པའི་ཆང་ཁང་དུ་ཆང་འཐུང་བ་ནི་ཁོ་ལ་མཚོན་ན་ཐེངས་དང་པོ་ཡིན།  དགོང་མོ་དེར་ཆང་འཐུང་གིན་འཐུང་གིན་ཁོ་ཡང་སྤྲོ་བ་རབ་ཏུ་རྒྱས་པ་དང་།  མཚམས་རེར་སྐད་ཆེན་པོས་གླུ་ལེན་པ་དང་།  མཚམས་རེར་གད་མོ་ལྷུག་ལྷུག་ཏུ་བགད་པ་སོགས་སེམས་གཏིང་དུ་འཐིབས་སྐྱོ་སྣང་དང་ཞེད་སྣང་མཐའ་དག་སྔ་ས་ནས་བརྗེད་ཟིན།  
འདི་ནི་ཁོས་གྲོང་ཁྱེར་གྱི་འཚོ་བའི་སྐྱུར་རྩི་ལས་བཞིབས་པའི་མངར་ཁའི་དྭངས་ཕུད་ཡིན་ལ།  གྲོང་ཁྱེར་གྱིས་གྲོང་ཁྱེར་དུ་ཐོན་པའི་ཁོ་ལ་ཕུལ་བའི་ལེགས་སྐྱེས་ཐོག་མ་ཡང་ཡིན།  དེ་ལས་ཀྱང་དགའ་བ་ཞིག་ལ།  མཚན་མོ་དེར་ཁོས་ཆང་ཁང་ནས་རྒྱ་རིགས་བུ་མོ་ཞིག་དང་ངོ་ཤེས་སུ་གྱུར་ལ།  བུ་མོ་དེས་ཁོ་ལ་ཁ་པར་ཨང་གྲངས་བཞག་ནས་རྗེས་ཕྱོགས་སུ་དགོས་མཁོ་ག་རེ་ཡོད་ན་འབྲེལ་གཏུགས་བྱ་དགོས་པར་བཤད།  
མཚན་མོ་དེ་ནས་བཟུང་།  ཁོའི་ཚེ་སྲོག་ལ་གསོན་ཤུགས་རྒྱས་ཤིང་འཚོ་བ་ལ་མདངས་གསར་བསྣན།  ཕ་ཡུལ་ལ་ལོག་འདོད་ཀྱི་འདུན་པའང་ཉིན་རེ་ནས་ཉིན་རེར་ཇེ་ཉམས་དང་ཇེ་ཞན་དུ་གྱུར་སོང་།  དམ་བཅའ་འདུས་བྱས་ཡིན་པ་བདེན་ཡང་།  དངོས་གནས་མི་ཞེས་པ་དེ་ཇི་འདྲའི་བརྟན་ཚུགས་མེད་པ་ཞིག་རེད་ཨང་།  
 བར་སྐབས་ཤིག་ལ་ཁོའི་འཚོ་བ་ནི་ཆང་ཁང་དེ་དང་ཁ་པར་ཨང་གྲངས་དེ་གཉིས་ཡིན་ལ།  མཐར་གཏུགས་ནས་བཤད་ན།  གྲོང་ཁྱེར་གྱི་ཆང་ཁང་དུ་ཆང་འཐུང་བའི་སྣང་བ་དེ་དང་།  ཁ་པར་ཨང་གྲངས་ཀྱི་བདག་མོ་དེ་གཉིས་རེད།  ཁོས་གྲོང་ཁྱེར་གྱི་ཆང་ཁང་ནས་ཆང་འཐུང་བའི་སྐབས་སུ་ད་གཟོད་རང་ཉིད་ཀྱང་གྲོང་ཁྱེར་འདིའི་ཆ་ཤས་ཤིག་སྟེ་གྲོང་ཁྱེར་བ་རྣལ་མ་ཞིག་ཏུ་འདོད་ཅིང་།  གྲོང་ཁྱེར་གྱི་ཡོད་ཚད་རང་ཉིད་ལའང་དབང་ཆོག་པའི་ཚོར་བ་ཞིག་སྐྱེས་ཡོང་།  དེར་མ་ཟད།  ཁོར་ཞེ་སེམས་འཁྲེང་ས་གཞན་ཞིག་ཡོད་པ་ནི་ཆང་ཁང་ནས་ངོ་ཤེས་པའི་བུ་མོ་དེ་རེད།  ཁ་པར་གྱི་ཕར་ངོགས་ན་ཡོད་པའི་སྐྱེས་མ་དེ་ཁོའི་ལུས་སེམས་ཀུན་ཏུ་སིམ་ནས་ཉིན་མོར་གྲིབ་གཟུགས་དང་འདྲེས་ཤིང་མཚན་མོར་རྨི་ལམ་དང་བསྡེབས་ནས་ཡོད་ལ།  ཁོས་ཀྱང་བྱེད་ཐབས་ཅི་ཡོད་གང་ཡོད་སྤྱད་ནས་སྐྱེས་མ་དེ་དང་བསྙེན་གཏུག་ལ་འབད།  འོན་ཀྱང་།  དེ་ལྟ་ནའང་ཁོ་གཉིས་རྒྱུན་པར་ཁ་པར་ནང་ནས་འབྲེལ་གཏུགས་བྱེད་པ་མ་གཏོགས།  ངོ་ཞིག་ཐུག་དགོས་ཟེར་ན་བུ་མོ་དེས་ཁ་གཡར་ས་སྣ་ཚོགས་བཙལ་བས་གཞི་ནས་ངོ་ཞིག་ཐུག་མ་ཐུབ།  དེ་ལྟར་འགྲོ་རྒྱུ་མེད་པའི་དུས་ཚོད་དང་འཇགས་རྒྱུ་མེད་པའི་དྲན་གདུང་གིས་ཁ་པར་ཕ་རོལ་གྱི་སྐྱེས་མ་དེ་དང་ཐུག་འདོད་ཀྱི་འདུན་པ་དྲག་པོ་ཞིག་བསླངས་བྱུང་།
 དེ་ནི་མཚན་མོ་ཞིག་རེད།  མཚན་མོ་དེ་ཁོས་མི་ཚེ་གང་བོར་བརྗེད་མི་སྲིད།                           
 མཚན་མོ་དེར་ཁོས་ཐབས་མཁས་དང་ཨུ་ཚུགས་ལ་བརྟེན་ནས་ཁ་པར་ཕར་ངོགས་ཀྱི་རྨི་ལམ་ལྷ་མོ་དང་དུས་ཆད་བྱེད་ཐུབ་སོང་།  ངོ་མ་དོན་དག་དེ་ཁོ་ལ་མཚོན་ན་དགའ་འོས་པ་ཞིག་རེད།  དུས་ཡུན་རིང་བོར་བསགས་པའི་དྲན་གདུང་གི་དུད་ཞག་མཚན་མོ་དེ་ནས་དྭངས་འགྲོ་ལ།  དུས་ཡུན་རིང་བོར་རེ་བའི་ཕུགས་ཇུས་ཀྱི་ཟླ་ཁྱིམ་ཡང་མཚན་མོ་དེ་ནས་བསྒྲིགས་ཆོག  
འོན་ཏེ།  ཏག་ཏག་དངོས་ཡོད་དང་ཀུན་སློང་གཉིས་རྒྱུན་པར་རྒྱབ་འགལ་དུ་ཡོད་པ་བཞིན་དུ་ཁོ་ཡང་བཀྲ་མི་ཤིས་པའི་ཆོས་ཉིད་དེ་ལས་ཐར་མ་ཐུབ།  མཚན་མོ་དེའི་རྣམ་པ་ཁོས་ཀླད་པའི་ནང་དུ་བློས་བསླངས་ཐེངས་མང་བྱས་ནའང་།  བློས་བསླངས་བྱས་པའི་གོ་རིམ་མམ་རྣམ་པ་དག་མཚན་མོ་དེར་བྱུང་བའི་དོན་དངོས་གཉིས་རྩ་བ་ནས་རྒྱབ་འགལ་དུ་གྱུར་སོང་།  
    ཁ་པར་གྱི་ཕར་ཚུར་ན་དྲན་གདུང་ཡང་ཡང་བསླངས་མྱོང་བའི་ཁོ་གཉིས་མཉམ་དུ་ཐུག་པས་དགའ་བས་བརྟས་ཤིང་།  དང་ཐོག་ཟ་ཁང་ཞིག་ཏུ་ཟ་མ་སྟབས་བདེ་ཞིག་ཟོས་རྗེས་ཁོ་གཉིས་ངོ་ཤེས་སའི་ཆང་ཁང་དེ་རུ་སོང་།  ཡོད་ཚད་སྔར་བཞིན་གནས་ཤིང་འགྱུར་བ་ཅི་ཡང་མི་འདུག  གལ་ཏེ་འགྱུར་བ་ཞིག་བཤད་དགོས་པའི་དབང་དུ་བཏང་ན།  ཆང་ཁང་དེ་རུ་འདུས་པའི་ཕོ་གསར་དང་མོ་གསར་རྣམས་སྔར་ལས་ཇེ་མང་དུ་སོང་འདུག  ཁོ་གཉིས་འདུག་ས་ཞིག་བཙལ་ནས་ཆང་འཐུང་ཞོར་ལ་ཁ་བརྡ་བྱས།  ཆུ་ཚོད་ཕྱེད་ལྷག་ཙམ་འགོར་རྗེས།  ཆང་གི་བཟི་སྟོབས་ལ་བརྟེན་ནས་ཁོས་ཀྱང་རྒྱུན་པར་ཁ་པར་ནང་ནས་བཤད་མ་ཕོད་པའི་སྐད་ཆ་དེ་དག་བཤད།
“ཉིན་མཚན་ཀུན་ཏུ་ངས་ཁྱོད་དྲན་བཞིན་པ་ཁྱོད་ཀྱིས་ཤེས་སམ།”
“ངས་ཤེས་ཡོད། ”
“འོ་ན་ད་རག་བར་དུ་ང་དང་ངོ་མི་ཐུག་པ་ཅི་ཡིན།”
“ཉིན་རྒྱུན་དོན་དག་མང་སོང་བས་་་་་་ ”
“ཁ་གཡར་ས་དེ་དག་མ་བཤད།  ང་ལ་ཉན་འདོད་མེད།  དྲང་མོར་ཤོད། ”
“ངས་མི་ཤེས། ”
“ང་ཁྱོད་དང་ཚེ་གཅིག་ལ་འགྲོགས་ན་འདོད། ”
“དེ་འདྲ་མ་བྱེད།  འུ་གཉིས་མཉམ་དུ་འཚོ་བ་རོལ་ན་འཚམས་པོ་མ་རེད། ”
“ཅིའི་ཕྱིར། ”
“ང་ད་དུང་ཁྱོད་ལ་རྒྱུས་དེ་འདྲ་གསལ་པོ་ཞིག་མེད་ནའང་།  ཁྱོད་ཀྱི་གནས་ཚུལ་ཁ་ཤས་ཤིག་ངས་ཤེས་ཡོད།  དེས་ན་ཁྱོད་ལ་ཁང་བ་ཡོད་དམ།  ཁྱོད་ལ་རླངས་འཁོར་ཡོད་དམ།  ཁྱོད་ལ་གསོག་དངུལ་ཡོད་དམ།  མ་མཐའ་ནས་ཀྱང་ལས་ཀ་གཏན་ཆགས་ཤིག་ཡོད་དམ།  ཁྱོད་ལ་ཡོད་པ་ཡག་ཕོ་སྒོ་ཁོ་ན་རེད།  ཡག་ཕོ་སྒོ་ཁོ་ནས་ཅི་ཞིག་བྱ་ཐུབ།  དེས་ཁ་གསོ་ཐུབ་བམ།  ངས་བལྟས་ན་འུ་གཉིས་འཚམས་པོ་མ་རེད། ”
་་་་་་  ་་་་་་  ་་་་་་
                 བདུན།
 སྐད་ཆ་དེ་དག་མདའ་མོའི་ཆར་རྒྱུན་དང་འདྲ་བར་ཁོའི་སྙིང་ཤ་ཕྱེད་ཀ་ནས་དུམ་བུ།  དུམ་བུ་ནས་ཚལ་བུར་བཏང་།  ཡིན་ཏེ་གྲོང་ཁྱེར་འདི་ནས་ཁོ་ལ་ཅི་ཡང་མེད།  ཁོ་ལ་ཡོད་པ་ནི་སྟོང་བསམ་དང་སྟོང་བསམ་ཁོ་ན་རེད།  
མཚན་མོ་དེར་ཁོས་ཨ་རག་མང་པོ་འཐུངས་ནས་མཚན་ཞག་རིང་མོ་བསྐྱལ།  ཕྱི་ཉིན་གཉིད་ལས་སད་དེ་བཟི་དྭངས་རྗེས།  ཞེ་སེམས་ཀྱི་གཏིང་ནས་སྐྱོ་དུང་ངེ་བ་ཞིག་བྱུང་ཞིང་།  གྲོང་ཁྱེར་འདི་ནས་རང་ཉིད་གང་ཡང་མ་ཡིན་པའི་རྟོགས་པ་སད་སོང་།  གྲོང་ཁྱེར་འདི་ནས་དབང་དང་རྒྱུ་མེད་ན་མི་གྲལ་ཕར་ཞོག་ཁྱི་གྲལ་ཡང་མི་འཇོག་པའི་རྟོགས་པ་སད་སོང་།  དེ་བས་ཁོས་འདང་རྒྱག་པ་ནི་སྒོར་མོ་ཅི་ལྟར་བཙལ་བ་དེ་རེད།  སྒོར་མོ་ཡོད་ན་ད་གཟོད་ཁོ་ཡང་གྲོང་ཁྱེར་བ་རྣལ་མ་ཞིག་ཡིན་ལ།  ད་གཟོད་བུ་མོ་དེ་དང་མཉམ་དུ་འགྲོགས་ཆོག་པ་རེད།  ད་གཟོད་་་་་་
 དུས་དེ་ནས་བཟུང་།  མཚན་མོ་དེ་དང་གྲོང་ཁྱེར་དེ་ནས་རྟོགས་པའི་གནས་ལུགས་འཁྲུལ་མེད་དེ་ཁོ་ཡང་ཡང་བསྐུལ་བས།  ཁོས་ཀྱང་གྲོང་ཁྱེར་བ་རྣལ་མ་ཞིག་ཏུ་འགྱུར་བའི་ཆེད་དུ།  མི་གྲལ་ནས་ཁྱི་གྲལ་ལ་མི་ལྷུང་བའི་ཆེད་དུ།  ད་དུང་བུ་མོ་དེ་དང་ཚེ་གཅིག་ལ་འགྲོགས་པའི་ཆེད་དུ་ཐབས་མཁས་དང་གཡོ་སྒྱུ།  དཔའ་མཛངས་དང་རྟུལ་ཕོད་སྣ་ཚོགས་ལ་བརྟེན་ནས་སྒོར་མོ་བཙལ་འགོ་བརྩམས།  དེ་དུས་ཁོས་ཕ་ཡུལ་བརྗེད་སོང་ལ་ཕ་མ་ཡང་བརྗེད་སོང་།  འཚོ་བ་བརླགས་སོང་ལ་རང་ཉིད་ཀྱང་བོར་སོང་།  ཁོ་ལ་མཚོན་ན་གྲོང་ཁྱེར་གྱི་ཉི་མའང་སྒོར་མོ་བཙལ་བའི་ཆེད་དུ་ཤར་བ་ཡིན་ཤས་ཆེ།  
 དེ་ལྟ་ནའང་།  ཁོ་ནི་འཆར་གཞི་དང་དམིགས་ཡུལ་ཅན་གྱི་མི་ཞིག་མིན་པས།  ལག་ཏུ་ཡོང་བའི་སྒོར་མོ་རྣམས་ཡུན་རིང་མི་འདུག་པར།  གྲོགས་པོ་ཚོ་དང་མཉམ་དུ་ཆང་ཁང་དང་སྤྲོ་ཁང་སོགས་སུ་སོང་ནས་ཨམ་ཕྲག་སྟོང་བར་ཕུད་པ་རེད།  ཨམ་ཕྲག་སྟོང་བར་ཇི་ལྟར་ཕུད་ན་ཁོས་སྒོར་མོར་འཁྲེན་པ་དེ་ལྟར་ཆེ་ཞིང་།  སྒོར་མོར་འཁྲེན་པ་ཇི་ལྟར་ཆེ་ན་སྙིང་སྟོབས་ཀྱང་དེ་ལྟར་རྒྱས་པས།  སྒོར་མོའི་ཆེད་དུ་ཁྲིམས་འགལ་གྱི་བྱ་བ་སྣ་ཚོགས་ཀྱང་བྱེད་འགོ་བརྩམས།  དང་ཐོག་མེ་འཁོར་འབབ་ཚིགས་ནས་གྲོང་ཁྱེར་གྱི་མི་ཚོགས་ལ་ཞེད་སྣང་སྐྱེས་མྱོང་བའི་ཁོ་ད་ལྟའི་ཚད་འདི་ལྟ་བུ་ཞིག་ཏུ་ལྷུང་བ་ངོ་མ་བསམ་ཡུལ་ལས་འདས་པ་ཞིག་རེད།  ད་ལྟའི་ཁོ་ནི་མི་གཞན་ཞིག་ཏུ་འགྱུར་སོང་ཡང་།  ཁོས་ད་དུང་ཚོར་གྱིན་མེད་པར་སྔར་མུས་བཞིན་སྒོར་མོའི་ཆེད་དུ་རང་ཉིད་སྟིམ་བཞིན་ཡོད།  བསྟིམས་ནས་འབོར་བཞིན་ཡོད།  
                  བརྒྱད།
 “རྣམ་ཁོ།  རྣམ་ཁོ། ”
 བསེར་རླུང་གི་རྒྱུ་ཕྱོགས་ནས་གསལ་ལ་མི་གསལ་བའི་རྒྱང་འབོད་ཅིག་ཁང་བའི་ནང་ཁྱབ་པ་དང་མཉམ་དུ་ཁོའི་མིག་མཐའ་མཆི་མས་བརླན་བྱུང་།  
འདི་ནི་ཁོའི་ཆུང་དུས་ཀྱི་གཅེས་མིང་ཡིན་ཏེ།  གཅེས་མིང་དེ་ཁོའི་ཕ་མ་དང་རྩེད་རོགས་ཚོ་མ་གཏོགས་འབོད་མཁན་མེད་པས།  ཁོའི་ཞེ་སེམས་ཀྱི་གཏིང་རིམ་ན་ཡུན་རིང་བག་ཏུ་ཉལ་བའི་དྲན་ཤེས་ཤིག་ངང་གིས་སད་བྱུང་།  དེ་ནི་ཁོས་རང་ཉིད་ལའང་ཕ་ཡུལ་ཞིག་ཡོད་པ་དང་།  ཕ་ཡུལ་གྱི་རྩེད་ར་དེ་རུ་ཆུང་དུས་ཀྱི་ཕུགས་བསམ་ད་དུང་ལུས་ཡོད་པ་ཚོར།  ཁོས་བསམ་གྱིན་བསམ་གྱིན་རང་ཉིད་གྲོང་ཁྱེར་འདི་ནས་མང་པོ་མང་པོ་ཞིག་བརྗེད་ནས་བོར་སོང་བ་གཞི་ནས་རྟོགས་སོང་།  ཕ་མ་གཉིས་ད་ལྟ་འཚམས་པོ་བདེ་མོ་ཡིན་ནམ།  རྩེད་རོགས་ཚོས་བཟའ་ཚང་བསྒྲིགས་ཡོད་དམ།  
ད་ལྟ་ཁོའི་སེམས་ཀྱི་ཕྱི་ནང་བར་གསུམ་དུ་ཡོད་པ་ནི་ཕ་ཡུལ་ཡིན་ཞིང་ད་ལྟར་ཆེས་མཁོ་བའང་རྒྱུས་ཡོད་ཀྱི་ཡུལ་སྐད་ཅིག་རེད།  དེ་བས་གྲོང་ཁྱེར་འདི་ནས་ཁོ་ལ་ཞེ་འཁྲེང་ས་དང་སེམས་ཆགས་ས་ཅི་ཡང་མེད།  དྲན་གྱིན་དྲན་གྱིན་ཁོས་ཕ་ཡུལ་དུ་ཕྱིར་ལོག་པའི་ཐག་བཅད་བྱུང་།  
 གློ་བུར་དུ་འུར་སྒྲ་ཆོམ་སྒྲ་དང་བཅས་མི་ནག་རོག་གསུམ་བཞི་ཞིག་ཁང་བའི་སྒོ་བཅག་སྟེ་ནང་དུ་འཛུལ་འོངས།  ཁ་ནས་ “ང་ཚོ་ཉེན་རྟོག་པ་ཡིན”ཞེས་སྒྲོག་གིན།  ཁོ་བཟུང་སྟེ་ལག་པར་ལྕགས་སྒྲོག་བསྐོན་སོང་།  
“ཁྱོད་ཀྱིས་ཉེས་སྤྱོད་ཚབས་ཆེན་བསགས་ཡོད་པས།  བཙོན་ཁང་ནས་བཀག་སྐྱིལ་བྱ་དགོས། ”
་་་་་་  ་་་་་་  ་་་་་་
 མཚམས་དེར། ཟླ་བ་ཁེར་འགྲོས་སྤྲིན་ནག་གཡོན་འཁྱིལ་ཞིག་གིས་བཅུམས་ཏེ་ཁོང་འདར་བྱེད་པའི་མོད་ལ། ཟླ་འོད་ཇེ་གཉོམ་ནས་ཇེ་གཉོམ་དང་། ཇེ་འཁྱགས་ནས་ཇེ་འཁྱགས་སུ་གྱུར།  གྲོང་ཁྱེར་ཧྲིལ་པོ་སྔར་བཞིན་ཟང་ཟིང་གི་ཀློང་ན་ཁྲ་ཁྲ་རིག་རིག་ཏུ་སྣང་ནའང་།  མཐོངས་སུ་བཏེགས་པའི་ཟླ་བས་གྲོང་ཁྱེར་འདིའི་ཚུལ་འཆོས་ཀྱི་མཛེས་པ་ལ་གཏིང་ནས་ཡི་ཆད་དེ།  ཕྱི་མིག་ཙམ་ཡང་མ་བལྟས་པར་སྤྲིན་ནག་གི་གསེབ་ཏུ་ཐིམ་སོང་།  
                       (༢༠༡༠ ལོའི་ཟླ ༡༢ པའི་ཚེས ༡༢ ཉིན་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འཚག)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོང་ཁྱེར་དང་གྲོང་ཁྱེར་བ།

2011-06-09 རེབ་གོང་སངས་རྒྱས་མཁར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།