འཕྲུལ་སྣང་གི་འཇིག་རྟེན།

  ད་ལོ་ཡང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཆམ་རིམས་ཀ་བའི་རིགསH1N1བྱུང་སྟེ་མི་ཕྱུགས་མང་པོ་ཤི་བས། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་གྱི་སྨན་ཁང་ཀུན་ཏུ་ཆམ་ནད་དང་མགོ་ནད། ཕོ་ནད་སོགས་ཀྱི་སྨན་ལེན་མཁན་ནི་གྲོག་ཚང་བརྡོལ་བ་དང་འདྲ། རྨ་ཆུའི་ཁུགས་སོར་ཆགས་པའི་རྫོང་མཁར་ཆུང་ཆུང་དེའི་རྒྱ་སྨན་ཁང་གི་སྨན་ལེན་སར་ཡང་བཀྲ་ཤིས་གཙོ་བྱས་པའི་མི་སྐོར་ཞིག་གིས་འཚང་ཁ་ཤིག་ཤིག་བྱེད་ཀྱིན་ཡོད།  
  གློ་བུར་དུ། ལག་འཁྱེར་ཁ་པར་ཞིག་ལས“བྲེ་སེར་འབྲོང་གི་རྭ་རྩེར་བསྐྱོན་པའི་གདོང་དམར་ཅན་གྱི་མི་རིགས་ཤིག  ཡར་ཀླུང་གཙང་པོའི་འགྲམ་ནས་ཆས་ཏེ་རྟ་ཕོའི་རྨིག་སྒྲ་ཕྱོགས་བཞིར་བསྐྱལ། ཨོ། འདི་བཙན་པོའི་གདུང་རྒྱུད་དེ། ངེད་གངས་ཅན་བོད་པ་རེད། ང་དགའ་དུས་སྙིང་གཏམ་བཤད་ཡ་དང་། ང་སྡུག་དུས་སྐྱོ་གླུ་ལེན་ས་རེད”ཅེས་གླུ་དབྱངས་བརྗིད་པོ་ཞིག་གྲགས་པས། སྨན་ལེན་མཁན་དང་ནད་པ་དག་ཧད་དུ་བཅུག་ལ། ལྷག་པར་སྨན་སྟེར་མཁན་གྱི་རྒྱ་མོ་གཞོན་ནུ་མ་དེ་སྐྲག་ཐག་ཆོད་དེ་ངོ་མདངས་ཀྱང་དམར་ནག་ཏུ་གྱུར། ཡིན་ནའང་། གཟུགས་སྟོབས་ཆེ་བའི་བཀྲ་ཤིས་ལ་ཐེངས་གཅིག་བལྟས་རྗེས་ལྐོག་ནས་ཤབ་བི་ཤུབ་བི་བཤད་པ་ལས་སྔོན་ཆད་ལྟར་སྐད་མཐོན་པོས་སྡིགས་མོ་བྱེད་མ་ཐུབ།   
  <<གངས་ཅན་པ>>ཞེས་པའི་གླུ་དབྱངས་འདིའི་རྗོད་བྱེད་ཚིག་འགའ་ཡིས་བོད་མི་རིགས་ཀྱི་ལོ་རྒྱུས་ལ་སྤྱི་སྡོམ་ཐེངས་གཅིག་བྱས་ཡོད་ལ། གདངས་དབྱངས་དྲག་པོས་ཆོལ་ཁ་གསུམ་གྱི་རྨོངས་གཉིད་དུ་ཡུར་བའི་བོད་མི་རྣམས་ལ། རྒྱང་འབོད་ཐེངས་གཅིག་བྱས་ཡོད་པས། ཉན་མཁན་མང་པོ་ཞིག་གི་ཟུངས ་ཁྲག་མྱུར་བསྐྱོད་བྱེད་དུ་བཅུག་སྟེ་དབང་རྩ་ཡོངས་སུ་སྟོབས་ཤུགས་ཀྱིས་ཁེངས་པའི་སྣང་བ་སྦྱིན་མྱོང་།        
  དང་ཐོག་གངས་ཅན་པའི་ཁྲོད་དུ་སྤོབས་པའི་མཆོངས་ལྡིང་བྱེད་མཁན་ཡོད་ལ། སྐྱོ་བའི་མིག་ཆུ་བཞུར་མཁན་ཡང་ཡོད།
  བཀྲ་ཤིས་ཀྱང་ཁོ་ཚོའི་གྲས་ཀྱི་གཅིག་ཡིན། ཁོས་གླུ་དབྱངས་དེ་ཁག་གཉིས་སུ་བགོས་ཏེ་ལག་འཁྱེར་ཁ་པར་གྱི་འབོད་དབྱངས་སུ་བཞག་ཡོད། ཚན་པ་དང་པོ་ནི་ཁོའི་གྲོགས་པོ་དང་ཤ་ཉེ་དག་གིས་འབྲེལ་གཏུག་བྱེད་དུས་གྲགས་པའི་བྱང་བུའི་འབོད་དབྱངས་ཡིན་ལ། ཚན་པ་གཉིས་པ་ནི་མི་གཞན་གྱིས་འབྲེལ་གཏུག་བྱེད་དུས་གྲགས་པའི་བྱང་བུའི་འབོད་དབྱངས་ཡིན།
  ནམ་རྒྱུན་ཁོ་རང་ཆང་གིས་བཟི་ཐེངས་རེར་གླུ་དབྱངས་དེར་ཉན་ཏེ་དགའ་བའི་བྲོ་འཁྲབ་མྱོང་ལ།  སྐྱོ་བའི་མིག་ཆུའང་ཡང་ཡང་བཞུར་མྱོང་། ཡིན་ནའང་། མདང་དགོང་ཞག་གང་པོར་གླུ་དབྱངས་དེར་ཉན་པའི་རྐྱེན་ཡིན་ནམ། དེ་རིང་ཉིན་གང་པོར་མགོ་ན་བའི་རྐྱེན་ཡིན་ནམ། གང་ལྟར་ཁོ་གཅིག་པུས་མ་གོ་བ་ལྟར་ཁ་ཡ་འང་མ་བྱས། ཁོས་བསིལ་ཆུ་འཐུང་ཞོར་དུ་རྒྱ་མོ་གཞོན་ནུ་མ་དེའི་ཡག་མོ་སྒོ་དང་གཟུགས་སྐྱེས་ལུས་ལ་ཅེར་ཏེ། མགོ་སྨན་ནུས་པ་ཅན་ཞིག་སྟེར་བ་དང་ཁོ་ལ་མྱུར་དུ་འཛུམ་ཞིག་སྟོན་པར་རེ་སྒུག་བྱེད་ཀྱིན་འདུག  
  རྒྱ་མོ་གཞོན་ནུ་མ་དེས་དལ་ལྷོད་ལྷོད་ཀྱིས་སྨན་སྣ་འགའ་རེ་ཤོག་ཐུམ་གཅིག་ཏུ་བཏུམས་ཏེ་ཁོ་ལ་བྱིན་རྗེས་འཐད་མི་འཐད་ཀྱིས“ཐུན་རེར་སྨན་སྣ་ཚང་མ་མཉམ་དུ་འཐུང་ཆོག  ཉིན་གཅིག་ལ་ཐུན་གསུམ་ཐུངས། སྨན་འདི་དག་བཟི་སྨན་རྐྱང་རྐྱང་རེད། མགོ་ཡོམ་འདྲ་འཁོར་ན་འཐུང་མི་ཉན”ཅེས་སྡང་མིག་བགྲད་ཀྱིན་བཤད་མོད། ཁོས་ཁ་ཡ་མི་བྱེད་པར་སྨན་རིལ་སྤར་མོ་གང་བསིལ་ཆུ་ཁམ་གང་གིས་འཕུད་དེ་འཐུངས།
  ཁོ་མོས་མཐོང་སྟེ“སྨན་དེ་ལྟར་འཐུང་སྲོལ་ཞིག་གང་ན་ཡོད། ཆུ་ཁོལ་དང་མཉམ་དུ་འཐུང་དགོས་ནི་རེད། ངོ་མའི་ནོར་རེད”ཅེས་ཚིག་རྗེས་མ་དེ་སྐད་གདངས་དམའ་མོས་བཤད་པས། ཁོས་མ་གོ་བར“ང་འབྲོང་འདྲ་བ་འདི་ཆང་གིས་ཀྱང་བཟི་མི་ཐུབ་པས་སྨན་ཞིག་གིས་བཟི་ཐུབ་བམ། ཁྱོད་ཀྱི་སེམས་བདེ་མོ་བྱོས”ཟེར་བཞིན་ཁོ་མོར་ཁ་བསླང་གྲབས་བྱས།
  སྐབས་དེར། ཁོའི་ལག་འཁྱེར་ཁ་པར་ལས་ཡང་བསྐྱར“འཛམ་གླིང་ཤར་ཕྱོགས་ཞབས་ཀྱིས་བཅགས་པའི་བྱང་སེམས་ཅན་གྱི་མི་རིགས་ཤིག  གནམ་འདེགས་གངས་རིའི་རྩེ་རུ་བསྙེགས་ཏེ་བདེ་བ་ཅན་ལ་རྒྱང་གཟིགས་མཛད། ཨོ། འདི་བཙན་པོའི་གདུང་རྒྱུད་དེ། ངེད་གངས་ཅན་བོད་པ་རེད། ང་དགའ་དུས་སྙིང་གཏམ་བཤད་ཡ་དང་། ང་སྡུག་དུས་སྐྱོ་གླུ་ལེན་ས་རེད”ཅེས་གྲགས། ཁོས་མྱུར་དུ་ལག་འཁྱེར་ཁ་པར་བླངས་ཏེ་བལྟས་པ་ན། ཁོའི་གྲོགས་པོ་ཚེ་རིང་གི་མིང་ཤར་འདུག
  “ཨ་རོགས། བཀྲ་ཤིས་ཡིན་ནམ། ང་ཚེ་རིང་ཡིན།  ཁ་སང་ལག་བསོད་ཅི་འདྲ་རེད། ངས་དེ་རིང་གཉིས་ཙམ་ཡལ་ཐལ། ལྟོགས་ཏེ་མི་བཟོད་པས་དགོང་ཇ་ཞིག་གི་བཀོད་པ་ཞིག་འཐེན་དགོས་རྒྱུ་རེད།”   
  ཚེ་རིང་གིས་བཤད་པའི་གཉིས་ཞེས་པ་ནི་མཚམས་རེར་ཁྲི་གཉིས་དང་མཚམས་རེར་འབུམ་གཉིས ་ལ་གོ  དེ་ཡང་ཤོ་ཁང་གི་ཆེ་ཆུང་ལྟར་དབྱེ་དགོས་ཏེ། ཤོ་ཁང་ཆུང་ན་ཁྲི་གཉིས་ལ་གོ་ཞིང་། ཤོ་ཁང་ཆེ ་ན་འབུམ་གཉིས་ལ་གོ  གསང་བ་འདི་ཤོ་རྩེད་མཁན་མ་གཏོགས་གཞན་སུ་ཞིག་གིས་ཀྱང་མི་ཤེས་པའི་གསང་བ་ཞིག་ཡིན།  
  བཀྲ་ཤིས་ཀྱིས་ཁྲི་གཉིས་ཡིན་པ་ཤེས་ཏེ “ང་ཚོ་ལ་མཚོན་ན། ཕར་ཡལ་ཚུར་ཡལ་བྱེད་པ་ནི་རྒྱུན་ལྡན་གྱི་བྱ་བ་ཞིག་ཡིན། སེམས་ཕམ་མི་དགོས། ང་དེ་རིང་ཆང་གིས་གནོད་དེ་ཉིན་གང་པོར་ཉལ་ནས་བསྡད་པ་ཡིན།  མདང་དགོང་གི་ཆང་བསྲེས་པའི་སྐྱོན་ཡིན་རྒྱུ་རེད། ད་རུང་མགོ་ན་སྟེ་མི་འཇོག་པས་སྨན་ལེན་བཞིན་ཡོད། ཁྱོད་རྒྱ་སྨན་ཁང་གི་སྒོ་ཁར་ཤོག་དང་ངས་མགྲོན་བྱེད།  དོ་དགོང་ཡང་ཆང་འཐུངས་ཏེ་ཆང་དུག་ཆང་གིས་མ་བླངས་ན་འདི་ལྟར་ཉི་མ་འཁྱོལ་དཀའ་རྒྱུ་རེད”ཅེས་བཤད་དེ་རྒྱ་མོ་གཞོན་ནུ་མ་དེར་འཛུམ་ཞིག་བསྟན་རྗེས་སྒོར་བུད།  
  ཅུང་ཙམ་ཡང་མ་འགོར་བར་ཚེ་རིང་གླ་གཏོང་རླངས་འཁོར་ཞིག་ལ་བསྡད་དེ་བསླེབས་བྱུང་། ཚེ་རིང་རླངས་འཁོར་ལས་མར་བུད་དེ་བཀྲ་ཤིས་ལ“རླངས་འཁོར་གྱི་འདྲུད་གླ་སྒོར་ལྔ་བྱིན་དང་། དེ་རིང་ངའི་ལག་ཏུ་སྐར་གང་ཡང་མེད”ཅེས་བཤད།
  བཀྲ་ཤིས་ཀྱིས་སྒོར་ཁུག་ལས་སྒོར་བརྒྱ་ཤོག་ཅན་ཞིག་བླངས་ཏེ་ཁ་ལོ་པར་བྱིན་པ་ན། ཁ་ལོ་པས“ལྔ་ཤོག་ཅན་དང་བཅུ་ཤོག་ཅན་མེད་དམ། དེ་རིང་ཉིན་གང་པོར་མི་གཅིག་ཀྱང་འདྲུད་མ་ཐུབ་པས་་་་་་” ཟེར་བཞིན་མགོ་བོར་འཕྲུག་འཕྲུག་བྱས།  
བཀྲ་ཤིས་ཀྱིས་སྨན་ཉོས་ནས་ཕྱིར་བསློགས་པའི་སྒོར་བཅུ་ཤོག་ཅན་དེ་དག་ལ་རེག་རེག་བྱེད་ཀྱིན “སྒོར་ཁྲི་འགའ་ཡི་རླངས་འཁོར་ཉོ་ཐུབ་སྟེ་སྒོར་བརྒྱ་ཡང་བསློགས་མི་ཐུབ་ན་ང་ལ་བཀོད་པ་མེད” ཅེས་བཤད་དེ་དུ་བ་རྔུབ་བཞིན་བསྡད། ཁ་ལོ་པས“ད་ཐེངས་མ་བྱིན་ནའང་སྐྱོན་མེད། རྗེས་ནས་རླངས་འཁོར་འགྲོ་ས་ཡོད་ན་ང་ལ་ཁ་པར་ཐོངས”ཟེར་གྱིན་ཁོ་ལ་མིང་བྱང་ཆུང་ཆུང་ཞིག་གཏད།
  བཀྲ་ཤིས་ཀྱིས་མིང་བྱང་དེ་སྒོར་ཁུག་ཏུ་བཅུག་སྟེ“ དེ་ན་ད་ཞོར་གཅིག་ཏུ་ངེད་གཉིས་རྨ་ཆུ་མགྲོན ་ཁང་དུ་སྐྱོལ”ཅེས་བཤད་ཀྱིན་རླངས་འཁོར་གྱི་སྔོན་སྒོ་ཕྱེས་ཏེ་ཁ་ལོ་པའི་རྩིབ་ཏུ་བསྡད། ཁ་ལོ་པས “ཆོག་གི ཆོག་གི”ཟེར་བཞིན་ཁོང་གཉིས་རྨ་ཆུའི་མགྲོན་ཁང་དུ་བསྐྱལ།
  རྨ་ཆུ་མགྲོན་ཁང་ནི་རྫོང་མཁར་དེའི་ཆེས་བཟང་བའི་མགྲོན་ཁང་ཞིག་ཡིན་ལ། ཉལ་ཁང་དང་ཟ་ཁང་མཉམ་དུ་གཉེར་ཞིང་ཞབས་ཞུ་རྣམ་འགྱུར་ཆེས་ལེགས་པ་ཞིག་ཡིན། ལྷག་པར། དེའི་ནང་གི་ཞབས ་ཞུ་མ་དག་ནི་གཟུགས་སྐྱེས་ལུས་དང་། ཡག་མོ་སྒོ་གང་གི་ཆ་ནས་བལྟས་ཀྱང་བརྙན་འཕྲིན་ནང་གི་མཛེས་མ་དག་དང་ཨ་ན་མ་ན་ཡིན་པས། ནམ་རྒྱུན་རྫོང་འདིའི་ཞིང་པ་མང་ཚོགས་ཀྱི་ལྟད་མོ་བལྟ་ས་དང་། གསར་བུ་ཚོའི་ཁ་བརྡའི་གླེང་གཞི་ཡིན་པ་ལས་ཞག་སྡོད་བྱེད་ཐུབ་མཁན་གཅིག་ཀྱང་མེད། རྒྱུ་མཚན་ནི་ཞག་མ་རེར་ཁང་པ་གཅིག་ལ་སྒོར་བརྒྱ་ཙམ་ཡིན་པས་རེད། དེའི་ཕྱིར། སྔོན་ཆད་རྨ་ཆུ་མགྲོན ་ཁང་དེ་ནི་ས་ཆ་གཞན་ནས་ཡོང་བའི་སྐུ་མགྲོན་དང་ཚོང་པ་ཕྱུག་པོ། སྦྱིན་བདག་ཆེན་པོ་སོགས་ཞག་སྡོད་བྱེད་ས་ཡིན། འོན་ཀྱང་། དུས་ཀྱི་འགྱུར་བ་དང་བསྟུན་ནས་རྫོང་འདིའི་ས་གནས་མང་ཚོགས་ཀྱང རྨ་ཆུ་མགྲོན་ཁང་དུ་ཞག་སྡོད་བྱེད་པ་ཇེ་མང་ནས་ཇེ་མང་རེད། བཀྲ་ཤིས་དང་ཚེ་རིང་གཉིས་ནི་རྨ་ཆུའི་མགྲོན་ཁང་དུ་རྒྱུན་སྡོད་བྱེད་པའི་སྐུ་མགྲོན་གཙོ་བོ་གཉིས་ཡིན།
  བཀྲ་ཤིས་ནི་རྨ་ཆུའི་གློག་འདོན་ས་ཚུགས་བཙུགས་ཏེ་ས་ཞིང་དང་ཁང་པ་ཆུས་བསྣུབས་པའི་མི་རྐྱང་ཞིག་ཡིན་ལ།  ཚེ་རིང་ནི་གཡང་ལུང་སྡེ་བའི་སྡེ་དཔོན་རེད། ཁོ་གཉིས་སློབ་འབྲིང་གི་གྲལ་མཚེས་་དང་ད་ལྟའི་ཤོ་གྲོགས་བཟང་བོ་ཡིན། དམའ་འབྲིང་ལོ་རིམ་དང་པོ་དང་གཉིས་པའི་སྐབས་སུ།  ཁོ་གཉིས་ཀྱི་སྦྱངས་འབྲས་དང་ཀུན་སྤྱོད་སོགས་འཛིན་གྲྭ་ལས་ཆེས་ལེགས་པ་ཡིན་མོད། དམའ་འབྲིང་ལོ་རིམ་གསུམ་པ་ནས་བཟུང་། བཀྲ་ཤིས་ཀྱི་ཨ་ཁུ་ཞིག་རྫོང་མཁར་དུ་ཡོང་སྟེ་བརྙན་ཕབ་སྟོན་འགོ་བརྩམས། དུས་   དེ་ནས་བཟུང་ཁོ་གཉིས་ལ་ཁོམ་པ་རེ་ཡོད་དུས་རྒྱུན་དུ་བརྙན་ཕབ་ལ་བལྟ་རུ་འགྲོ   
  ལྷག་པར། དབྱར་གནང་དང་དགུན་གནང་གི་སྐབས་སུ། ཁོ་གཉིས་ཡུལ་ལ་མི་འགྲོ་བར་ཨ་ཁུ་དེ་དང་འགྲོགས་ཏེ། ཚེ་རིང་གི་ཕ་ཡུལ་དང་སློབ་གྲོགས་གཞན་གྱི་ཕ་ཡུལ་དུ་བརྙན་ཕབ་བསྟན་དུ་སོང་།   སྐབས་དེར་ཁོ་གཉིས་ལ་སྒོར་མོའི་ཕྱོགས་ནས་དཀའ་ཁག་ཅི་ཡང་མེད་པས། ཁོ་གཉིས་ཀྱིས་བརྙན་ཕབ་ནང་གི་གསར་བུ་ཆང་འཐུང་དང་དུ་འཐེན་དག་ལ་ལད་ཟློས་བྱས་ཏེ་དུ་བ་འཐེན་པ་དང་ཆང་འཐུང་བ་སོགས་མ་རབས་ཀྱི་ལས་སུ་ཞུགས་འགོ་བརྩམས་ལ། ཁོང་གཉིས་ཀྱི་སྦྱངས་འབྲས་ཀྱང་འཛིན་གྲྭ་ཡོངས་ཀྱི་ཐ་མར་ལྷུང་།
  དེ་ལས་ཀྱང་ཡ་ང་བ་ཞིག་ནི་ཁོང་གཉིས་བརྙན་ཕབ་ནང་གི་དྲག་སྤྱོད་ཀྱི་ལས་དང་ཤོ་རྒྱག་པ་སོགས་མི་དགེ་བའི་ལས་ཐ་དག་ལ་ཡིད་སྨོན་ཤོར་ཏེ། ཁྲིན་ལོང་ལྟར་རྡུང་རེས་བྱེད་རྒྱུར་དགའ་བ་དང་ཀྲུག་རོན་ཧྥ་ལྟར་ཤོ་རྒྱག་རྒྱུར་དགའ་བར་གྱུར།  ཁོ་གཉིས་ཀྱིས་མཚམས་རེར་སློབ་གྲོགས་ཕན་ཚུན་བར་གྱོད་བསླངས་པ་དང་མཚམས་རེར་འཛིན་གྲྭ་དང་འཛིན་གྲྭའི་བར་དུའང་གྱོད་བསླངས་མྱོང་། ཁོ་གཉིས་ཀྱི་སེམས་སུ་ནམ་ཞིག་གི་ཚེ། མིག་ཤེལ་ནག་པོ་བརྒྱབ་ཅིང་སྐུ་སྲུང་བ་མང་པོས་བསྐོར་ཅིང་། སྒོར་མོ་སྒམ་ཆུང་གང་མདུན་དུ་བཞག་སྟེ་ཤོ་བརྒྱག་ཐུབ་ན་སྐྱེས་ཕོ་རབ་ཅིག་གི་ཁྱད་ཆོས་རེད་སྙམ། དེ་ནི་འཕྲུལ་སྣང་གི་འཇིག་རྟེན་ལ་དུངས་པའི་འགོག་མེད་ཀྱི་འདུན་པ་ཞིག་ཡིན་པས། ཁོ་གཉིས་ཀྱི་ཀུན་སྤྱོད་ཀྱང་སློབ་གྲྭའི་སློབ་མ་ཡོངས་ལས་ཆེས་ཐ་ཤལ་བར་གྱུར།   
དེ་ལྟར་མི་རིགས་དགེ་ཐོན་སློབ་གྲྭར་རྒྱུགས་འཕྲོད་རྒྱུ་ཕར་ཞོག  མཐོ་འབྲིང་དུའང་རྒྱུགས་མ་འཕྲོད།  ཡུལ་མི་ཚོས་ཞུ་བ་ཡང་ཡང་བྱས་པའི་བཀའ་དྲིན་གྱིས་མཐོ་འབྲིང་དུ་ཞུགས་ཐུབ་པ་ཙམ་བྱུང་། ཡིན་ནའང་། སློབ་སྐབས་གཅིག་ཀྱང་མ་བགོར་བར་ཁོ་གཉིས་ཀྱིས་དགེ་རྒན་བཙན་པོ་ཞིག་ལ་གཅར་རྡུང་བྱས་ཏེ་སྨན་ཁང་དུ་བསྐྱལ། གནས་ཚུལ་དེ་ནི་རྫོང་མི་རིགས་སློབ་འབྲིང་དུ་ཐེངས་དང་པོར་བྱུང་བའི་ཛ་དྲག་ཅན་གྱི་གསར་འགྱུར་ཡིན་པས། ཁོ་གཉིས་སློབ་གྲྭ་ནས་ཕྱིར་ཕུད། དེ་ནས་བཟུང་ཁོ་གཉིས་ཡར་མྱུལ་མར་མྱུལ་བྱས་ཏེ། ད་ལྟའི་ཚད་འདི་འདྲ་ཞིག་ཏུ་ལྷུང་བ་རེད།
   ཞབས་ཞུ་མ་སྒྲོལ་མས་ངོ་མདངས་འཛུམ་གྱིས་ཁེངས་ཤིང་གོམ་གང་མདུན་དུ་སྤོས་ཏེ“ཉལ་ཁང་དུ་འགྲོ་རྒྱུ་ཡིན་ནམ། ཟ་ཁང་དུ་འགྲོ་རྒྱུ་ཡིན”ཅེས་སྨྲས། སྒྲོལ་མ་ཡང་ཁོ་གཉིས་ཀྱི་སློབ་གྲོགས་ཡིན་ལ། སློབ ་ཆེན་དུ་རྒྱུགས་མ་འཕྲོད་པས། ད་ལྟ་རྨ་ཆུའི་མགྲོན་ཁང་གི་ཞབས་ཞུ་མར་གྱུར་ཡོད།
  ཚེ་རིང་གིས་མྱུར་དུ“ཟ་ཁང་དུ་འགྲོ  ཁ་སང་དྲོས་ཇ་ནས་མཱ་ཅང་རྩེས་ཏེ་ཁོག་སྟོང་དུ་བསྡད་ཡོད་ནི་རེད།     ང་ལྟོགས་ཏེ་མཆིན་པ་ང་ར་ར”ཞེས་ལན་བྱིན།
  “སྒྲོལ་མ།  ཁ་སང་ངས་སྒོར་ཁྲི་གཉིས་ལྷག་བླངས་ཡོད་པས། ད་ཐེངས་ཁྱོད་ལ་ཅི་ཞིག་དགོས་ན། ངས་ཉོ་ཁོ་ཐག་ཡིན།”
  “ཁྱོད་ཀྱིས་ཁ་སྟོང་ནང་གི་ཚིག་སྟོང་མ་བཤད། མདང་དགོང་ཁྱོད་རང་གང་དུ་སོང་བ་ཡིན། ཁྱོད་ཀྱིས་ཐེངས་དུ་ལ་གསེར་གྱི་རྒྱན་ཆ་ཉོ་རྒྱུ་ཁས་བླངས་པ་བརྗེད་སོང་ངམ། ཤོ་རྒྱག་མཁན་ཞིག་གི་ཁ་ལ་ཉན་རྒྱུ་མེད་པ་ངས་ཤེས་ཡོད། དེ་ལས་ཁྱེད་གཉིས་ཟ་མ་ཟ་རུ་འགྲོ”ཞེས་ཡིད་ཆད་པའི་རྣམ་འགྱུར་ཞིག་སྟོན་གྱིན་བཤད།
  ཟ་ཁང་དུ་ཐོན་མ་ཐག  བཀྲ་ཤིས་ཀྱི་ལག་འཁྱེར་ཁ་པར་ལས“བྲེ་སེར་འབྲོང་གི་རྭ་རྩེར་བསྐྱོན་པའི ་གདོང་དམར་ཅན་གྱི་མི་རིགས་ཤིག ཡར་ཀླུང་གཙང་པོའི་འགྲམ་ནས་ཆས་ཏེ་རྟ་ཕོའི་རྨིག་སྒྲ་ཕྱོགས་བཞིར་བསྐྱལ”ཅེས་གྲགས། ཁོས་ལག་འཁྱེར་ཁ་པར་ལ་ཐེངས་གཅིག་བལྟས་ཏེ“ཡང་དོམ་ནག་ཅིག་རེད། སུན་སྤྱད་ཏག་ཏག་རེད”ཟེར་བཞིན་ཁ་པར་ཕྱིར་སྣོད་དུ་བཅུག  དོམ་ནག་ཅེས་པ་ནི་ཤོ་རྒྱག་མཁན་ཚོས་བཀོལ་སྤྱོད་བྱེད་པའི་མིང་ཚིག་གསར་བ་ཞིག་ཡིན། དོན་ལ་ཁོ་ཚོར་སྒོར་མོ་མང་པོ་བསྐྱིས་ཡོད་པའི་མི་ལ་གོ་བ་རེད།  
  སྒྲོལ་མས“ཁྱོད་ཀྱིས་གསེར་ཉོ་རྒྱུར་ཁས་བླངས་པའི་ཞི་མོ་ཞིག་མིན་ནམ”ཟེར་བཞིན་སྡང་མིག་བགྲད། “ ཨོ། ཁྱོད་ཨ་མ་སྒྲོལ་མ་མ་གཏོགས། ང་ལ་སྐྱབས་རེ་ས་ཞིག་དང་མགོན་སྐྱབས་གནང་མཁན་ཞིག་གང་ན་ཡོད། ད་ཐེངས་ད་ཡིན་གཅིག་མིན་གཉིས་ཁྱོད་ལ་ཉོ་རྒྱུ་ཡིན། ཁྱོད་ཀྱི་སེམས་བདེ་མོ་བྱོས། ”
  “ཡ་ཆོག་གི་ཆོག་གི  ཁ་ཡག་མ་བཤད།  ཟ་མ་ཅི་ཞིག་ཟ་རྒྱུ་ཡིན།”
  “དེ་རིང་ཉིན་གང་པོར་མགོ་ན་སྟེ་མི་བསྲན་པས།  སྔོན་ལ་ཆང་དགའ་ཞིག་ཁྱེར་ཤོག  ཟ་མ་ཁྱེད་གཉིས་ཀྱིས་ཅི་ཞིག་ཟ་འདོད་ན་དེ་ཁྱེར་ཡོང་ཆོག ངའི་ཁམ་གང་ཡང་མི་ཟ”ཞེས་བཤད་དེ་ལག་ཟུང་གིས་ཟ་འགྲམ་གཉིས་འཕུར་འཕུར་བྱས།
    “མགོ་བོ་ན་ན་སྨན་འཐུང་དགོས་ནི་རེད། ཚེ་རིང་ཁྱོད་ཀྱིས་ཟ་མ་ཤོད་དང་ང་སོང་སྟེ་མགོ་སྨན་ཞིག་འཁྱེར་ཡོང”ཟེར་བཞིན་འཚབ་འཚུབ་ཀྱིས་སྒོའི་ཕྱི་རོལ་དུ་བུད། ཁོ་མོས་བཀྲ་ཤིས་ལ་སེམས་ཁུར་བྱེད་པར་བལྟས་ན་ཁོ་གཉིས་ཀྱི་བར་དུ་སྔ་མོ་ནས་འབྲེལ་བ་ཞིག་ཆགས་ཡོད་པ་ཤེས་ཐུབ།
   “བཀྲ་ཤིས། ད་ཐེངས་ད་ཁྱོད་ཀྱིས་མོར་གསེར་གྱི་རྣ་ལུང་དང་གདུ་བུ།  སྐེ་རྒྱན་སོགས་ཉོས་ན་རེད། སྙིང་མ་རྗེ། ཁྱོད་ཀྱི་དོན་དུ་ཁོ་མོས་ཅི་ཡང་ལས་ཕོད། བྱིས་པ་མངལ་དུ་ཆགས་ཀྱང་ཕྱིར་འདེད་ཐུབ། ཁྱོད་ལ་སྒོར་མོ་མེད་དུས་ཁོ་མོ་མ་གཏོགས་ཁྱོད་ལ་ཤ་ཚ་མཁན་ཞིག་མེད། ཟ་མ་ཟོས་རྗེས་ང་ལ་སྒོར་ཁྲི་གཅིག་སྐྱིས་དང་ང་མཱ་ཅང་བརྒྱག་ཏུ་འགྲོ  ད་ཐེངས་ཀྱི་ཟླ་འདིར་ང་ལ་ལག་བསོད་འདི་འདྲ་ཞིག་མེད་པ་ཅི་ཡིན་ནམ། རྣ་ལ་མི་འགྲོ  ངས་ཆུང་མར་ཁ་པར་བཏང་སྟེ་སྒང་བསང་འཕུད་དུ་མངགས་ཡོད། དོ་དགོང་ང་ཡི་ལག་ཡོང་བཟང་ན། ངས་ཀྱང་ཁྱོད་ལ་རོགས་བྱེད། འུ་གཉིས་ཀྱིས་མ་མཐའ་ཡང་ཁོ་མོར་སྒོར་ཁྲི་གཅིག་གིས་གསེར་ཉོ།” ཚེ་རིང་གིས་ཞབས་ཞུ་མ་ཆུང་ཆུང་ཞིག་ལ་བྱ་ན་འགའ་བཤད་རྗེས་དེ་ལྟར་སྨྲས།
  ཚེ་རིང་གི་སྐད་ཆ་བཤད་དེ་ཚར་མ་ཐག ཁོའི་ལག་འཁྱེར་ཁ་པར་ལས“གངས་དཀར་ལྷུན་པོ་ང་ཡི་ལྕགས་རི་ཡིན། ནམ་མཁའི་མཐོངས་སུ་ཆགས་པའི་གནས་མཆོག་འདི། འཛམ་གླིང་ཡང་རྩེ་གངས་ལྗོངས་ཕྱུག་མོ་སྟེ། ངེད་གངས་ཅན་བོད་པའི་ཕ་ས་ཡིན” ཅེས་གྲགས། ཁོས“ཁོ་ཡང་དོམ་ནག་ཅིག་ཡིན ་རྒྱུ་རེད། ཁོ་ཚོར་སྒོར་ཁྲི་གཅིག་ལ་ཟླ་རེར་སྟོང་གཅིག་གི་སྐྱེད་ཀ་བྱིན་ཡང་ཉི་ཆད་ལ་ཐོན་ན། སྐྱག་སྦྲང ་བཞིན་དུ་འཁོར་ཡོང་།  ངོ་མས་སུན་སྤྱད་རེད”ཅེས་བཤད་དེ་ཁ་ཡའང་མ་བྱས་པར་དུ་བ་འཐེན་བཞིན་བསྡད།
   ཡང་བསྐྱར་ཁོའི་ལག་འཁྱེར་ཁ་པར་ལས“འགྲོ་དྲུག་སེམས་ཅན་རང་གི་ཕ་མ་ཡིན། འཚེ་མེད་ཞི་བདེ་སེམས་ཀྱི་ལོངས་སྤྱོད་ཡིན། དཔའ་འཛངས་རྟུལ་ཕོད་སྙིང་གི་རུས་པ་ཡིན། གངས་རིའི་ལྗོངས་སུ་གནས་པའི་མི་རིགས་འདི། མཐོ་སྒང་འདི་ཡི་གཞི་འཛིན་དང་པོ་སྟེ”ཞེས་གྲགས། “ཁ་པར་གྱི་ཨང་གྲངས་འདི་དོམ་ནག་ཚོས་མི་ཤེས་པས། ངའི་ཆུང་མ་ཡིན་རྒྱུ་རེད། སྙིང་མ་རྗེ། མོས་སྒང་བསང་ཕུད་དེ་ཕྱིར་ཐོན་པ་ཡིན་རྒྱུ་རེད”ཟེར་བཞིན་ཁ་པར་བླངས།
  “ཚེ་རིང་ཡིན་ནམ།  ད་ནངས་སྔ་མོ་ཉི་རྩེ་ཡར་ཤར་ནས་ད་བར་དུ་ཁྲི་བསང་ཞིག་ཕུད་ཡོད།  སྐྱབས་འཇུག་ཡོད་ཚད་ཀྱང་ཞུས་ཡོད་པས། ད་ཐེངས་ལག་བསོད་ཆེ་ན། སྡེ་བའི་རྨོ་བསྐྱུར་རྩྭ་འདེབས་ཀྱི་སྒོར་ཁྲི་བཅུ་བོ་མང་ཚོགས་ལ་སྟེར་དགོས། ཁྱོད་རྫོང་ཐོག་ནས་བསྡད་དང་ན་ཅི་ཡང་ཤེས་ཀྱིན་མེད།  གོ་ཐོས་ལྟར་ན་སྡེ་བའི་གསར་བུ་འགས་ཁྱོད་རང་ཁྲིམས་ཁང་དུ་གཏུག་གྲབས་ཡོད་ཟེར། ཨ་ཁུ་ལོ་ལོ། སྡེ་མི་ཚོས་ངེད་མ་བུ་གཉིས་མཛེ་བོ་ལྟར་རིག་ས་ཞིག་མེད་པས། ཁྱོད་ཀྱིས་རྒྱས་བཟའ་རྒྱས་འཐུང་ཞིག་མ་བྱེད། ཨ་ཁུ་ལོ་ལོ། བུ་ཆུང་སློབ་གྲྭར་སོང་ན་གོན་པ་གྲ་དག་གཅིག་ཀྱང་གོན་རྒྱུ་མེད། ང་ལ་ཡང་བོད་ལྭ་ཐ་རྐྱང་ཞིག་ཀྱང་མེད་པས། མི་མང་འཚོགས་ས་འདུ་ས་ཞིག་ཏུ་འགྲོ་སྲོལ་མེད། ཨ་ཁུ་ལོ་ལོ།  ངེད་མ་བུ་གཉིས་ལ་སྙིང་མི་རྗེའམ”ཟེར་བཞིན་ཁ་པར་གྱི་ཁ་གཏན།
“སྙིང་མ་རྗེ། ཡང་སྡུག་གཏམ་ལུང་པ་བཀང་རེད། འུ་ཅག་ལ་ཐུག་ཐུག་ཐམས་ཅད་སྙིང་མ་རྗེ། ད་ཐེངས་ལག་བསོད་ཆེ་ན། ངའི་ཆུང་མ་ལ་ཡང་གསེར་གྱི་རྒྱན་ཆ་ཞིག་དང་བོད་ལྭ་གྲ་དག་ཅིག་ཉོ་དགོས།  མོ་ངེད་ཚང་ལ་ཡོང་སྟེ་སྐྱིད་སེན་མོ་ཙམ་ཡང་རྒྱག་མ་ཐུབ།”
 “ཆོག་གི  སྒོར་མོ་སྟོང་ལྔ་ཁྱོད་ལ་བསྐྱིས་ཆོག ངོ་མ་རེད། ད་ཐེངས་སྒྲོལ་མ་དང་ཁྱོད་ཀྱི་ཆུང་མ་
གཉིས་ལ་རྫོང་འདིར་མེད་པའི་རྒྱན་ཆ་ཉོ། ངས་ཀྱང་སྒྲོལ་མ་ལ་ཐེངས་མང་པོར་ཁས་བླངས་མྱོང་
མོད། ད་བར་དུ་ཉོ་མ་ཐུབ།”
  སྐད་ཆ་འདི་ནི་སྔོན་ཆད་ཁོའི་སྒོར་མོ་ཡལ་དུས་སེམས་ལ་ཡང་ཡང་དྲན་མྱོང་ཞིང་། ད་ཐེངས་སྒྲོལ་མ་དང་ཚེ་རིང་གཉིས་ཀྱིས་གསལ་འདེབས་བྱས་པའི་བཀའ་དྲིན་གྱིས་ཡང་བསྐྱར་ཁོ་ཡིས་ཁས་བླངས་པ་ཞིག་རེད།
མཚམས་དེར་སྒྲོལ་མ་ཐོན་པས། ཁོ་གཉིས་རང་རང་ས་ནས་ཁ་རོག་གེར་བསྡད། སྒྲོལ་མས“བོད་སྨན་འདི་ཐུངས་དང་མགོ་ན་བར་ཤིན་ཏུ་ཕན། ཁྱོད་ཀྱི་མགོ་ན་བ་འདི་ཡང་སྨན་ཁང་དགའ་ཞིག་ཏུ་མ་བསྟན་ན། ནད་ཅི་ཞིག་ཡིན་པ་སུ་ཡིས་ཤེས། ངའི་ཁ་ལ་ཉན་ན་ད་ཐེངས་ཁྱོད་ཟི་ལིང་གི་སྨན་ཁང་ཞིག་ཏུ་སོང་ན་རེད། རྒྱུན་དུ་མགོ་ན་ན་ཆང་འཐུང་། སྨན་སྤར་མོ་གང་རེ་གང་རེ་བྱས་ཏེ་འཐུང་བ་འདི་ཐབས་བཀོད་ཅིག་མ་རེད”ཟེར་བཞིན་ཆུ་ཁོལ་ཇ་དཀར་གང་གཏད་རྗེས་ལག་ཟུང་གིས་བཀྲ་ཤིས་ཀྱི་ཟ་འགྲམ་གཉིས་ལ་འཕུར་གྱིན་བསྡད། བཀྲ་ཤིས་ཀྱང་ཨ་མའི་པང་གི་བྱིས་པ་ཡ་རབས་ཤིག་དང་འདྲ་བར་མིག་ཟུང་བཙུམས་ཏེ་སྒྲོལ་མའི་ལག་ཟུང་གི་བདེ་བ་མྱངས།
  ཚེ་རིང་གིས་ཁ་གཅིག་ཀྱང་མི་གྲགས་པར་ཟ་མ་སྨྱོན་ཟ་བྱས། ཚེ་རིང་ཟས་ཀྱི་འགྲངས་རྗེས་བཀྲ་ཤིས་ཀྱིས་ཚེ་རིང་ཁོའི་ལག་ཏུ་སྒོར་སྟོང་ལྔ་བཞག་སྟེ“གསེར་གྱི་རྒྱན་ཆ་ཉོ་ཐུབ་མིན་ཁྱོད་ལ་རེག་ལས་ཡོད་ནི་རེད། ཆོས་སྐྱོང་སྲུང་མར་ལས་བཅོལ་བྱོས་དང་ཁྱོད་རང་རྒྱལ་ཁོ་ཐག་ཡིན། ངའི་མགོའི་ན་ཟུག་བབས་ན་ང་ཡང་ཡོང”ཟེར་བཞིན་ལམ་འཇུག་བྱས། ཚེ་རིང་ཡང་གཡུལ་ངོར་ཆས་པ་དང་འདྲ་བར“དོ ་དགོང་ཟི་ལིང་གི་རྒྱ་རྒན་དེ་གཉིས་ལངས་རྒྱུ་མེད་པར་མ་བཏང་ན། ང་མི་མིན། དེ་གཉིས་ཀྱིས་འུ་ཚོའི་ལག་ནས་ཉུང་བརྩིས་བྱས་ནའང་སྒོར་འབུམ་གསུམ་ལྷག་བླངས་ཡོད་རྒྱུ་རེད”ཟེར་བཞིན་སྒོར་མོ་གློ་ཁུག་ཏུ་བཅུག་སྟེ་སྒོར་བུད།
  སྒྲོལ་མས་ད་ཐེངས་ཀྱང་བཀྲ་ཤིས་ཀྱི་ལག་གི་སྒོར་མོ་ཟར་མ་རྡོ་ནང་ཡིན་རྒྱུ་རེད། ཁོ་མོར་གསེར་ཉོ་རྒྱུ་ཕར་ཞོག  ཁོའི་མགོ་ནད་ཀྱང་བསྟན་ཐུབ་རྒྱུ་མ་རེད་འདོད་དེ་ཁ་ཅི་ཡང་མ་གྲགས་པར་ཟ་ཁང་གི་སྒོར་འབྲོ་གྲབས་བྱས།
བཀྲ་ཤིས་ཀྱིས་མྱུར་དུ་ཁོ་མོ་བཀག་སྟེ“སྒྲོལ་མ། ཁྱོད་ཀྱིས་ཀྱང་ཟས་ཤིག་ཟོ་དང་། ད་ཐེངས་ཁྱོད་ལ་གསེར་གྱི་རྒྱན་ཆ་ཉོ་ཁོ་ཐག་ཡིན།  ངའི་ལག་ཏུ་སྒོར་ཁྲི་གཅིག་དང་སྟོང་ལྔ་ཡོད། ཁྲི་གཅིག་གིས་ཁྱོད་ལ་གསེར་ཉོ། སང་ཉིན་འུ་ཅག་ཟི་ལིང་དུ་འགྲོ”ཞེས་བཤད་དེ་རིན་གོང་སྒོར་དགུ་བཅུ་ལྷག་ཡིན་པའི་ནས་ཆང་གི་ཁ་སོ་ཡིས་ཕྱེས།
  སྒྲོལ་མས་མ་འཐད་པའི་ལན་དུ“བརྒྱ་བཤད་སྟོང་བཤད་སྟོང་བ་རེད། ངས་སྔོན་ཆད་ཁྱོད་ཀྱི་སྒོར་འབུམ་གཅིག་ཡལ་བའི་དགོང་མོ་དེར་ཁྱོད་རང་ཇི་ལྟར་བཀག  ངའི་ཁ་ལ་མ་ཉན་པར་ཚང་མ་ཡལ་སོང་བ་མིན་ནམ། དོམ་ནག་དེ་དག་ལ་ཁྱོད་ཀྱིས་ཅི་ཞིག་སྟེར་རྒྱུ་ཡིན། ཁྱོད་ཀྱི་དོན་དུ་ང་དགོང་མོ་གཉིད་ཀྱང་མི་ཡོང་། བཀྲ་ཤིས་ལོ་ལོ།  ཐབས་བཀོད་ཅིག་འཐེན་ཏེ་སྒོར་མོ་སྟེར་རན་རེད། སྒོར་མོ་བྱིན་རྗེས་་་་་་”ཟེར་བཞིན་ཚིག་མཚམས་བཅད།
ཚིག་རྔ་དེ་ཁོང་གཉིས་ཀྱིས་རུམ་གཅིག་ནས་ཁ་བརྡ་བྱེད་དུས་ཀྱང་ཁོ་མོས་འདི་ལྟར་བསྐྱུར་འགྲོ  ཚིག་སྔ་མ་དེ་ནི་བཀྲ་ཤིས་ཁོའི་མགོ་ན་བྱེད་ཀྱི་རྒྱུ་གཙོ་བོ་ཡིན་པས། ཁ་ཅི་ཡང་མ་གྲགས་པར་བསྡད།
  སྒྲོལ་མས་ཡང་བསྐྱར“ཤ་ཚ་བའི་གཏམ་ལ་སྙན་པོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད་ཟེར་ནི་རེད། ངས་ཀྱང་ནམ་ལངས་ན་ས་རིབ་ན་ཁྱོད་གར་འགྲོ་སེམས་ཀྱིས་འཚོས་ཡོད། ཁྱོད་ཀྱིས་དེ་མི་ཤེས་པར་སྒོར་མོའི་ཡོང་སྒོ་ཡོད་དུས་རྒྱས་བཟའ་རྒྱས་འཐུང་དང་རི་ཉལ་ཐང་ཉལ། ཕར་ཡལ་དུས་ང་མིན་ན་ཁྱོད་ལ་ཤ་ཚ་མཁན་སུ་ཞིག་ཡོད་དམ”ཟེར་བཞིན་ལྐོག་ནས་མིག་ཆུ་འབྱིད།
  བཀྲ་ཤིས་ཀྱིས“གནས་ལུགས་དེ་དག་ཡོད་ཚད་ངས་ཀྱང་ལོས་ཤེས། ད་ཚད་འདི་འདྲ་ཞིག་ཏུ་ལྷུང་ཡོད་པས། ང་འདུག་འདོད་ཀྱང་སྒོར་མ་དེ་དག་གང་ནས་ཁྱེར་ཡོང་ངམ། ངའི་རྗེས་ན་དོམ་ནག་ཐ་ར་ར། སྐྱེད་ཀ་ཁོ་ན་ཡང་སྒོར་ཁྲི་འགའ་ལ་བུད་ཡོད། འོན་ཀྱང་།  ནམ་ཞིག་གི་ཚེ་ངས་ཀྱང་སྒོར་འབུམ་གཉིས་ལེན་ཐུབ། དེ་དུས་ངའི་དོམ་ཡང་སོད་ལ། ངས་ཁྱེད་རང་དོན་དངོས་ཀྱི་ཆུང་མར་བསུ་འདོད་ཡོད། སྒྲོལ་མ། ད་ཁྱོད་སེམས་མ་སྡུག ད་ཐེངས་ཡིན་གཅིག་མིན་གཉིས་ངས་གསེར་ཉོ། ཁྱོད་སེམས་མ་སྡུག” ཟེར་བཞིན་སྒྲོལ་མར་སེམས་གསོ་བྱས། ནམ་རྒྱུན་ཁོ་གཉིས་ཀྱི་ཁ་བརྡ་འདི་ལྟར་མཇུག་རྫོགས་འགྲོ་ལ། དེ་རིང་ཡང་དེ་ལས་མ་འདས། སྒྲོལ་མས་ཟས་ལྷག་དག་འགྱིག་ཤོག་གི་སྣོད་དུ་བཅུག་ཅིང་། བཀྲ་ཤིས་ཀྱིས་ཆང་དང་དུ་བ་ལག་ཏུ་བཟུང་སྟེ་ཉལ་ཁང་དུ་ལོག
ཉལ་ཁང་དེ་ནི་ཁོང་གཉིས་ཀྱི་ཁྱིམ་དང་འདྲ་བར་རྒྱུན་སྡོད་བྱས་ཡོད་པས། ཁང་པདག་གིས་གོང་ཇེ་བདེར་བཏང་སྟེ་ཞག་མ་རེར་སྒོར་ལྔ་བཅུ་བྱས་ཡོད་མོད།  བཀྲ་ཤིས་ཀྱིས་ཁང་གླར་སྒོར་ལྔ་སྟོང་ལྷག་ཆད་ཡོད་པས། ཞབས་ཞུ་མ་གཞན་གྱིས་ལྐོག་ནས་ཤབ་ཤུབ་བཤད་པ་ལས་ཁོ་ལ་རྣམ་འགྱུར་ལེགས་པོ་སྟོན་གྱིན་མེད། ཁོས“སྒྲོལ་མ། ངའི་མགོ་ན་སྟེ་ཀླད་པའི་ནང་དུ་འབུ་འཛུལ་བ་དང་འདྲ་བར་མི་བསྲན་པས་ང་ཉལ་དགོས།  ཁྱོད་སོང་དང་ཆོག”ཅེས་བཤད་པས་སྒྲོལ་མ་ཡང་སྒོར་བུད།
  ཚེ་རིང་ཤོ་རར་ཐོན་པ་ན། དུ་བའི་ཀློང་དུ་ཟི་ལིང་གི་རྒྱ་མི་དེ་གཉིས་དང་དོན་གྲུབ་སོགས་མི་བཞི་ཡིས་མཱ་ཅང་རྩེ་བཞིན་འདུག  དོན་གྲུབ་ཀྱིས་ཁོ་བསླེབས་པ་མཐོང་སྟེ“ཁྱོད་ཀྱི་ཤུལ་འདི་འགྲིག་མེད་པ་འདྲ། ངས་ཀྱང་གཉིས་ཡལ་ཐལ། ཁྱོད་ཀྱིས་སྦྱིན་བདག་མར་ང་ལ་སྒོར་ཁྲི་གཉིས་དགོས་ཞེས་ཤོད་དང” ཟེར་བཞིན་དུ་རྐང་གཅིག་གཏད།  ཚེ་རིང་གིས་དུ་བ་ལེན་གྱིན་སྐད་གསང་མཐོན་པོས“སྦྱིན་བདག་མ། སྒོར་མོ་ཚར་འདུག”ཅེས་བོས། སྦྱིན་བདག་མས་ཀོ་ཁུག་ནག་པོ་ཞིག་མཆན་དུ་བཙིར་ནས་མྱུར་སྟབས་ཀྱིས་ཡོང་སྟེ“ དོན་གྲུབ་ཁྱོད་ལ་དགོས་ན། བདག་པོས་ཁྱོད་ལ་སྒོར་ཁྲི་གཉིས་བསྐྱིས་ཡོད་པས།  བསྐྱི་མི་ཉན་ཟེར། ང་ལ་བཀོད་པ་མེད”ཅེས་སྨྲས།
 དོན་གྲུབ་ཀྱིས“གཅིག་དང་ལྔ་སྟེར་ཞེས་ཤོད་དང་བསྐྱི་ཁོ་ཐག་ཡིན”ཅེས་བཤད། གཅིག་ལྔ་སྟེར་ཞེས་པ་ནི་སྒོར་ཁྲི་གཅིག་ལ་ཟླ་རེར་སྐྱེད་ཀ་སྒོར་སྟོང་གཅིག་དང་ལྔ་བརྒྱ་སྟེར་ཞེས་པའི་དོན་ཡིན་ལ། ཤོ་རྒྱག་མཁན་མང་པོའི་དོམ་ཇེ་མང་དུ་སོང་བ་དང་བསྟུན་ནས་དངུལ་བུན་གཏོང་མཁན་གྱིས་སྒོར་མོ་མི་བསྐྱིས་པས། ཁོ་ཚོས་སྐྱེད་ཀ་ཇེ་མཐོར་མི་གཏོང་ཐུ་མེད་ཡིན། སྐྱེད་ཀ་མཐོན་པོ་བྱིན་ན་དངུལ་བུན་གཏོང་མཁན་གྱིས་ཀྱང་སྒོར་མོ་བསྐྱིས་པའི་སྲོལ་ཞིག་མ་ཆགས་རང་ཆགས་སུ་གྲུབ་ཡོད།
ཤོ་རྒྱག་མཁན་དང་དངུལ་བུན་གཏོང་མཁན་དེ་དག་ནི་ཕ་མེས་ཡང་མེས་ནས་བརྒྱུད་པའི་ཕྱུགས་ཟོག་དང་གསེར་དངུལ་གཡུ་བྱིར་སོགས་བཙོངས་སྟེ་གྲོང་ཁྱེར་དུ་གཞིས་སྤར་བའི་གསར་བུ་དང་། རྨ་ཆུ་གློག་འདོན་ས་ཚུགས་ཀྱི་ཆུ་ཡིས་ས་ཞིང་དང་ཁང་པ་ཡོད་ཚད་ཆུས་བསྣུབས་པའི་ཕོ་མོ་སྐོར་ཞིག་རེད། ད་དུང་ལས་བྱེད་པ་དང་དགེ་རྒན། སྡེ་དཔོན་སོགས་ཡོང་སྒོ་ཅན་གྱི་མི་སྐོར་ཞིག་ཀྱང་ཡོད། དེ་དག་ལས་ཤོ་རྒྱག་མཁན་ནི་ད་ལྟ་དོམ་འཁུར་མཁན་རྐྱང་རྐྱང་ཡིན་ལ། དངུལ་བུན་གཏོང་མཁན་ནི་ལག་ཏུ་བསྐྱིས་ཡིག་འགའ་ལས་ཅི་ཡང་ལྷག་མེད་པའི་མི་ཏག་ཏག་རེད།
   ཤོ་རྒྱག་སྐབས་སྒོར་མོ་ཡལ་བ་ཡིན་ན། སྐྱེད་ཀ་སྤྲོད་རྒྱུ་ཕར་ཞོག  སྒོར་མོའི་མ་རྩའང་མ་འཕྲོད་པར་ལོ་འགའ་འགོར་བ་དང་། ཤོ་རྩེ་མཁན་ཡུལ་གཞན་དུ་བྲོས་པའི་གནས་ཚུལ་ཡང་ཡོད།  ཤོ་རྒྱག་མཁན་ལ་ལག་ཡོང་ཡོད་དུས་ཕྱིར་མ་རྩ་དང་ལོག་གཉིས་ཀ་འཕྲོད་སྲིད་པས། ཤོ་རྒྱག་པ་ནི་ཤོ་རྒྱག་ཁོ་ནའི་ལག་བསོད་མ་ཡིན་པར་དངུལ་བུན་གཏོང་མཁན་གྱི་ལག་བསོད་ཀྱང་ཡིན་པས། ཤོ་རྒྱག་མཁན་དང་དངུལ་བུན་གཏོང་མཁན་གཉིས་ཀྱིས་རང་རང་ས་ན་བསང་མཆོད་རྒྱ་ཆེན་པོ་བྱེད་ཀྱིན་ཡོད།  
དེ་ལས་འགྲོ་སྒོ་གཅིག་ཀྱང་མེད་པ་ནི་ཤོ་ཁང་འབྱེད་མཁན་གྱི་སྦྱིན་བདག་མ་རེད། སྦྱིན་བདག་མ་དེ་ནི་བུད་མེད་གྲུམ་པོ་ཞིག་སྟེ། རྫོང་མཁར་འདིར་མགྲོན་ཁང་གཉེར་མཁན་དང་པོ་ཡིན།  སྔོན་ཆད་བཀྲ་ཤིས་དང་ཚེ་རིང་གཉིས་དམའ་འབྲིང་གི་སློབ་མ་ཡིན་དུས་ནས་ཁོ་མོས་མགྲོན་ཁང་གཉེར་ཡོད། ཁོ་མོས་མགྲོན་ཁང་གསར་དུ་གཉེར་དུས། རྫོང་འདིའི་འགྲིམ་འགྲུལ་སྟབས་མི་བདེ་བས་ཞག་སྡོད་བྱེད་མཁན་ཧ་ཅང་མང་། དེའི་ཕྱིར། སྐབས་དེར་མོའི་ཡོང་སྒོ་ཧ་ཅང་བཟང་། རིམ་བཞིན་འགྲིམ་འགྲུལ་ཇེ་བཟང་དང་འཕྲུལ་རྟ་ཇེ་མང་དུ་སོང་བ་དང་བསྟུན་ནས་ཞག་སྡོད་བྱེད་མཁན་ཇེ་ཉུང་དུ་སོང་མོད། ཤོ་དར་བ་ནས་ཁོ་མོའི་ཡོང་སྒོ་ལྡབ་འགྱུར་གྱིས་འཕེལ། ད་ལྟ་ཁོ་མོས་སྒོར་མོ་འབུམ་གསུམ་གྱིས་ཐོག་ཁང་ཞིག་ལས་ཡོད། ཉིས་ཐོག་ནི་བལྟ་བས་ཆོག་མི་ཤེས་པའི་ཤོ་ཁང་གྱན་བརྒྱད་དང་ཁེར་ཐོག་ནི་མི་གཞན་ལ་གླས་ཡོད།
  མོའི་ཡོང་སྒོ་གཙོ་བོ་ནི་ཤོ་ཁང་གི་ཡོང་སྒོ་ཡིན། ཤོ་ཁང་གི་ཡོང་སྒོ་ལ་དབྱེ་ན་གསུམ་ཡོད་དེ་མཱ་ཅང་རྩེས་ཡོན་དང་ཤོག་ཕཱའེ་རྩེས་ཡོན། བཟའ་བཏུང་གི་རིན་བཅས་ཡིན། དེ་དག་ཀྱང་དུས་ཀྱི་འགྱུར་བ་དང་བསྟུན་ནས་ལྡབ་འགྱུར་གྱིས་འཕེལ་བཞིན་ཡོད།
དང་ཐོག་མཱ་ཅང་མི་བཞི་ཡིས་རྩེ་དུས། སྒོར་ལྔ་ཡི་བསྐུག་བྱ་ཡིན་ན། མི་རེས་སྒོར་ལྔ་རེ་ཁོ་མོར་བྱིན་རྗེས་ཉིན་གང་པོར་རྩེ་ཆོག་ལ། རྗེས་སུ་སྒོར་བརྒྱ་ཡི་བསྐུག་བྱ་འཇོག་མཁན་ཡང་ཇེ་མང་རེད། ད་ལྟ་མི་མང་པོས་མཱ་ཅང་རྩེ་སྲོལ་ཞིག་དར་ཡོད། དེ་ནི་སྦྱིན་བདག་གཅིག་གིས་མཱ་ཅང་སྟེར་དགོས་ལ་ཕྱོགས་གསུམ་པོར་བསྐུག་བྱ་འཇོག་མཁན་གྱིས་རིབ་ཡོད།  གལ་ཏེ་སྦྱིན་བདག་གི་མཱ་ཅང་མཐོ་ན། བསྐུག་བྱའི་སྒོར་མོ་ཡོད་ཚད་སྦྱིན་བདག་གི་ཡིན།  ཁོ་རང་རྒྱལ་ཐེངས་རེར་བསྐུག་བྱ་རེ་ཁོ་མོའི་སྣོད་སྒམ་དུ་བརྫང་དགོས། བསྐུག་བྱའང་སྒོར་ལྔ་བཅུ་དང་བརྒྱ།  ཉིས་བརྒྱ་སོགས་འཇོག་སྲོལ་ཡོད།  གལ་ཏེ་ཕྱོགས་གཞན་ཞིག་གི་མཱ་ཅང་མཐོ་ན། སྦྱིན་བདག་གིས་ཕྱོགས་དེའི་བསྐུག་བྱ་འཇོག་མཁན་རེ་ལ་སྒོར་མོ་དུ་བཞག་པ་དེ་སྟེར་དགོས།
  ད་ལྟ་ཡང་མི་གསུམ་རྩེས་ཆོག་པའི་མཱ་ཅང་རྩེ་སྲོལ་ཞིག་དར་འདུག དེ་ཡི་བསྐུག་བྱ་ནི་རིམ་པ་གསུམ་དུ་བགར་ཡོད། བརྒྱ་དང་ཉིས་བརྒྱ། སུམ་བརྒྱ། ཡང་ན་ཉིས་བརྒྱ་དང་བཞི་བརྒྱ། དྲུག་བརྒྱ་
སོགས་ཡིན།  དེ་ནི་མཱ་ཅང་སྒྲིག་རིམ་གྱི་མཐོ་དམའ་བར་གསུམ་གང་ཡིན་རུང་སུ་ཞིག་གིས་སྔོན་ལ་བསྒྲིགས་ན།  མི་གཞན་གཉིས་ཀྱིས་སྒྲིག་རིམ་མཐོ་དམའ་ལྟར་སྒོར་མོ་སྟེར་དགོས། མི་སུ་ཞིག་གིས་རྒྱག་ཐེངས་གཅིག་ལ་སྒོར་ལྔ་བརྒྱའི་ཡན་བླངས་ན་ཁོ་མོར་སྒོར་བརྒྱ་རེ་སྟེར་དགོས།
  ཤོག་ཕཱའེ་ལའང་རྩེ་སྲོལ་རིགས་གཉིས་ཡོད་དེ། རིགས་གཅིག་ནི་རྩེ་མཁན་མང་པོས་ཤོག་ཕཱའེ་གསུམ་ལས་རིགས་མཐུན་པ་དང་རིམ་པ་ཅན་བཙལ་རྒྱུ་དེ་ཡིན།  ཆེས་མཐོན་པོ་ནི Aགསུམ་ཡིན་ལ། ཁོ་ཚོས་དེའི་མིང་ལ་གནམ་ཞེས་བཏགས་ཡོད།  དེའི་འཕྲོར Kགསུམ་དང Qགསུམ་སོགས་རིམ་པ་ལྟར་ཡིན།  གསུམ་ཅན་གྱི་འཕྲོར་རིགས་གཅིག་གི་རིམ་པ་ཅན་གྱི་ཆེ་ཆུང་ལ་བལྟ་བ་དང་།  དེའི་འཕྲོར་རིགས་མི་གཅིག་པའི་རིམ་པ་ཅན་གྱི་ཆེ་ཆུང་ལ་བལྟ་དགོས། དེའི་འཕྲོར་ཆ་ཅན་གཙོ་བྱས་ཏེ་ཆེ་ཆུང་ལ་བལྟ་དགོས།
 ་ཡངབདང་་པོ་ནི་མས་ཀྱིས་འཚོས་ཡོད་བསྐུག་བྱ་ནི་སྒོར་ལྔ་བཅུ་དང་བརྒྱ་སོགས་ཡིན་ལ། སུ་ཞིག་གིས་རང་ཉིད་ཀྱི་ཤོག་ཕཱའེ་མཐོ་བར་འདོད་ན།  སྒོར་མོ་ལྡབ་འགྱུར་གྱིས་བཞག་ཆོག  དེ་ལྟར་སུ་ཞིག་གི་ཤོག་ཕཱའེ་མཐོ་ན། མི་དེས་ཁོ་མོར་བསྐུག་བྱ་རེ་སྟེར་དགོས། ཤོག་ཕཱའེ་རྩེ་སྲོལ་གཞན་ཞིག་ནི་མི་གསུམ་དང་བཞི་ཡི་རྩེ་བ་རེད། དེ་ནི་རྩེ་མཁན་སུ་ཞིག་གིས་སྔོན་ལ་ཤོག་ཕཱའེ་འཕངས་ཚར་ན། དེ་རྒྱལ་བ་ཡིན་ལ། མི་དེས་ཁོ་མོར་བསྐུག་བྱ་རེ་སྟེར་དགོས།
  གཞན་བཟའ་བཏུང་གི་རིན་ནི་ཟས་རིགས་དང་དུ་ཆང་སོགས་རིན་གོང་མཐོན་པོས་ཤོ་རྩེ་མཁན་དག་ལ་བཙོངས་པ་དེ་ཡིན། རྗེས་ནས་ཤོ་ཁང་འབྱེད་མཁན་ཇེ་མང་དུ་སོང་བ་དང་བསྟུན། ཤོ་རྩེ་མཁན་འགུགས་པའི་ཆེད་དུ་རིན་མི་ལེན་པར་བཟའ་བཏུང་མཁོ་སྤྲོད་བྱེད་པའི་སྲོལ་ཞིག་ཀྱང་ཆགས་ཡོད་ལ། ལུག་བཤོས་ཏེ་ཤ་འཚོད་མཁན་དང་བྱ་ན་མང་པོ་བརྔོ་མཁན་ཡང་ཡོད།
  མདོར་བསྡུས་སྟེ་བཤད་ན། ཤོ་རྩེ་མཁན་གྱི་སྒོར་མོ་ཇེ་ཉུང་དང་ཤོ་ཁང་འབྱེད་མཁན་གྱི་སྒོར་མོ་ཇེ་མང་རེད། ལོ་འགའི་སྔོན་དུ་གོང་རིམ་གྱིས་ཤོ་རིགས་རྩ་བ་ནས་འགོག་པའི་ལས་འགུལ་ཞིག་བསླངས་ཏེ། རྫོང་གི་སྤྱི་བདེ་མི་སྣས་ཉིན་མཚན་མེད་པར་སྔོག་གཤེར་བྱས།  ཡིན་ན་འང་། ཁོ་མོས་རྫོང་དཔོན་ལ་གསུག་ཡང་ཡང་བརྫངས་པས། ད་ལྟ་ཁོ་མོའི་ཤོ་ཁང་མ་གཏོགས་གོང་རིམ་ལ་འབྲེལ་བ་མེད་པའི་ཤོ་ཁང་ཡོད་ཚད་ཀྱི་སྒོ་གཏན། ད་ལྟའི་བར་དུ་ཁོ་མོས་སྒོར་ས་ཡ་གཅིག་ལྷག་བསོགས་ཡོད་ཚུལ་རྫོང་འདིའི་མི་ཆེ་ཆུང་ཀུན་གྱིས་གླེང་བཞིན་ཡོད།   
  ཁོ་མོ་ལག་སྟོང་དུ་ཕྱིར་ཡོང་སྟེ“ད་བསྐྱི་མི་ཉན་ཟེར། སྒོར་ཁུག་ཀྱང་བླངས་ཟིན་པས་ང་ལ་བཀོད་པ་མེད”ཟེར་བཞིན་ཚེ་རིང་ལ་མིག་བརྡ་ཞིག་བྱས། དེའི་དོན་ནི་ཚེ་རིང་ཁྱོད་ལ་སྒོར་མོ་ཡོད་ན་ཁྱོད་རང་རྩེས་ཟེར་བ་རེད།  ཚེ་རིང་གིས་ཀྱང་ཁོ་མོའི་རྣམ་འགྱུར་གོ་ཡོད་པས“དོན་གྲུབ།  ཁྱོད་ངལ་གསོས་དང་། ང་ཡོང་། རྣ་བར་མི་འགྲོ” ཞེས་སྨྲས། སྐབས་དེར།  རྒྱ་མི་མིག་ཤེལ་གྱོན་མཁན་དེ་ཡར་ལངས་ཏེ་ལག་གཡས་པས་མཱ་ཅང་གི་ཙོག་ཙེའི་སྟེང་ཐག་སེ་བརྒྱབ། “དེ་རིང་ལག་བསོད་ངོ་མས་བཟང་བ་ལ། ཡང་རང་ཉིད་ཀྱིས་བླངས་ཟིན”ཟེར་བཞིན་བསྒྲིགས་པའི་མཱ་ཅང་ཁོ་ཚོར་བསྟན། སྟབས་མ་ལེགས་པར་ཁོའི་མིག་ཤེལ་ཐང་དུ་ལྷུང་སྟེ་སུམ་གས་བྱས། མིག་ཤེལ་དེ་ནི་གོང་ཆེན་ཞིག་ཡིན་ཚུལ་དང་གཞན་གྱི་མཱ་ཅང་མཐོང་ཐུབ་ཚུལ་ཤོ་གྲོགས་ཚོས་བཤད་ཀྱིན་ཡོད་པས། ཚེ་རིང་གི་སེམས་སུ་ཆོས་སྐྱོང་སྲུང་མས་སྡོང་གྲོགས་མཛད་ཀྱིན་འདུག་སྙམ་སྟེ་ཁོང་དགོད་ཅིག་བྱས།
  དོན་གྲུབ་ཀྱིས“དེ་རིང་ངོ་མས་ལག་བསོད་གཙོག་པ་ལ། གཉིས་ཡལ་ཐལ། ད་ཚར་སོང་བས་སྒོར་མོ་སྟེར་རྒྱུ་མེད། ཚེ་རིང་ཁྱོད་ཤོག”ཟེར་བཞིན་སྒོར་བུད། ཐེངས་དེར་དོན་གྲུབ་ཀྱིས་རྒྱ་མི་དེར་སྒོར་ལྔ་བརྒྱ་ལྷག་སྟེར་དགོས་མོད། ཤོ་རྒྱག་སུ་ཞིག་གི་སྒོར་མོ་ཚར་ན། ཐེངས་རྗེས་མ་དེར་སྒོར་མོ་སྟེར་མི་དགོས ་པ་དེ་ཡང་ཤོ་རྩེ་ལུགས་ཤིག་ཏུ་གྱུར་ཡོད་པས། རྒྱ་མི་དེས་དོན་གྲུབ་ལ་སྒོར་མོ་སྟེར་དགོས་མི་ཟེར་བར་མིག་ཤེལ་ཆག་རོ་དེ་ཐེངས་གཅིག་གོན་རྗེས་རང་ཉིད་ཀྱི་བྲང་ཁུག་ཏུ་བཅུག
ཚེ་རིང་གིས་སྒོར་སྟོང་ལྔ་བོ་རྩེ་གྲོགས་གསུམ་པོར་བསྟན་རྗེས་དོན་གྲུབ་ཀྱི་ཤུལ་ནས་བསྡད། གློག་སྒུལ་ཅན་གྱི་མཱ་ཅང་ཅོག་ཙེ་ཡིས་ཁོང་བཞི་བོའི་མདུན་དུ་མཱ་ཅང་བསྒྲིགས་པས། ཁོ་ཚོས་རང་རང་ས་ནས་མི་དགོས་པ་ཕྱིར་འཕེན་པ་དང་དགོས་པ་རང་གི་སྔོན་དུ་སྒྲིག་བཞིན་ཡོད།  ཚེ་རིང་གིས་རང་ཡུལ་གྱི་ཆོས་སྐྱོང་སྲུང་མ་ལན་གསུམ་བོས་ཏེ་རྒྱལ་ན་དེ་རིང་ཡིན་ལ། ཕམ་ནའང་དེ་རིང་ཡིན་ཅེས་སྐྱབས་འཇུག་ཞུས། ཆོས་སྐྱོང་སྲུང་མའི་སྐུ་དྲིན་ཡིན་ནམ། རང་ཉིད་ཀྱི་ལག་བསོད་ཅེས་པ་ཡིན་ནམ། གང་ལྟར་ཁོ་གཅིག་པུས“གཏུགས་དང་ཟ།  ཨ། ཆོས་སྐྱོང་། ངས་བླངས་ཟིན། ད་ཤོ་ལྷ་དཀར་མོ་ཐོན་འདུག”ཟེར་བ་ལས་ཅི་ཡང་གོ་རྒྱུ་མེད།
  ནམ་ལངས་རེག་བར་དུ་ཁོའི་སྐད་སྒྲ་དེ་དག་མཚམས་མ་ཆད། སྦྱིན་བདག་མ་མཚམས་རེར་ཁོའི་རྩིབ་ལ་ཡོང་སྟེ་གླང་དམར་རྟགས་ཅན་གྱི་བསིལ་ཆུ་རེ་སྟེར་ལ། མཚམས་རེར་ལན་ཀྲུག་ནག་པོ་ཞེས་པའི་དུ་བ་བྱིན་ཏེ་ཁ་ཡག་ཡང་ཡང་བཤད།  ཁོས་ཀྱང་སེར་སྣ་མེད་པར་མོ་ལ་སྒོར་བརྒྱ་ཤོག་རེ་སྟེར།  དེ་ཡང་ཁོ་ཚོའི་རྩེ་སྲོལ་ཞིག་ཏུ་གྱུར་འདུག་པས།  དངུལ་བུན་གཏོང་མཁན་ཞིག་གིས་ཞག་མ་གཅིག་ལ་སྒོར་སྟོང་གཉིས་བླངས་པ་དང་། ཤོ་ལ་བལྟ་མཁན་ཞིག་གིས་སྒོར་སྟོང་གཅིག་བླངས་པའི་གནས་ཚུལ་ཡང་བྱུང་མྱོང་། དེའི་ཕྱིར། ཤོ་ལ་བལྟ་མཁན་གྱི་མི་ཡང་གཟན་ལ་འཁོར་བའི་ཁྭ་ཏ་ལྟར་ཤོ་ཁང་གི་ཕྱི་ནང་ཀུན་ཏུ་འཁོར་གྱིན་ཡོད།
  ནམ་ལངས་པ་ན། སྦྱིན་བདག་མས་སྒོར་སྟོང་གཅིག་ལྷག་བླངས་ཡོད་པས“ཅུའུ་ཀྲང་གི་ཁ་པར་ཡོང་སྟེ། དེ་རིང་སྔ་མོ་ནས་སྤྱི་བདེ་མི་སྣས་སྔོག་གཤེར་བྱེད་ཀྱིན་ཡིན་ཟེར། ད་ཁྱོད་ཚོས་མཚམས་ཞོག” ཅེས་བཤད། ཁོ་མོའི་སྐད་ཆ་དེ་དག་བདེན་མིན་མི་ཤེས་མོད། ལྡབ་ལྡིབ་ཏུ་གྱུར་པའི་ཁོ་ཚོས་མཚམས་མི་འཇོག་ཐུ་མེད་རེད། རྒྱུ་མཚན་ནི་སྔོན་ཏག་ཏག་ལ་སྤྱི་བདེ་མི་སྣས་ཁྱིམ་ཚང་ཞིག་ནས་ཤོ་རྩེ་མཁན་གྱི་སྒོར་མོ་ཡོད་ཚད་གཞུང་བཞེས་བྱས་པ་མ་ཟད། ཁོ་ཚོ་ཉིན་བཅོ་ལྔ་ལྷག་ལ་བཀག་ཉར་བྱས་པས་རེད། དེ་མ་གཏོགས་ཚེ་རིང་གི་རྩེད་གྲོགས་གསུམ་པོས་འདི་ལྟར་མཚམས་འཇོག་མི་སྲིད། ཡིན་ནའང་། ཚེ་རིང་ལ་མཚོན་ན་ད་མཚམས་ཞོག་ཅེས་པའི་སྐད་ཆ་དེ་ནི་འདོད་པའི་ཆར་དང་མཁོ་བའི་སྨན་ལྟར་ཡིན། ཁོས་རང་ཉིད་ཀྱིས་བླངས་པའི་སྒོར་མོ་བརྩིས་པ་ན། སྒོར་འབུམ་གཅིག་དང་ཁྲི་ལྔ་ལྷག་ཡོད། ཁོའི་ལག་པ་ཡ་གཅིག་གིས་སྒོར་མོ་བཅུག་པའི་ཀོ་ཁུག་ཐེག་དཀའ་བའི་སྣང་བ་ཞིག་སྐྱེས་ལ། རང་ཉིད་ས་ན་ཡོད་པ་དང་གནམ་ན་ཡོད་པའང་མི་ཤེས་པའི་ཚད་དུ་བསླེབས།    
ཁོ་རང་ཁྲོམ་སྲང་དུ་ཐོན་པ་ན། ནམ་མཁའ་གཡའ་དག་ཅིང་ས་གཞི་རྡུལ་དག་ལ།  ཚོང་རྫས་སྒྲིག་པའི་ཚོང་པ་དང་ཞོགས་ཟས་སྐོལ་བའི་ཇ་མ། འགྲུལ་བ་སྐྱེལ་བའི་ཁ་ལོ་པ། སློབ་གྲྭར་འགྲོ་བའི་དགེ་སློབ་སོགས་ཀྱིས་རང་རང་ས་ན་ཟང་ཟིང་ལང་ལོང་བྱེད་མོད། ཁོའི་མིག་ལམ་དུ་དེ་དག་ནི་སྐྱིད་པའི་གར་ལ་རོལ་བའི་ཉམས་སྣང་ཤར།   ཁོས་ཆུང་མའི་ཁ་པར་གྱི་ཨང་གྲངས་མནན་པ་ན། ཆུང་མས་འགོར་འགོར་ཏེ་ཁ་པར་གྱི་ཁ་ཕྱེ།
  “ལྷ་གོ  ཚེ་རིང་རྒྱུ་མ། མདང་དགོང་གི་རྨི་ལམ་འེ་བཟང་གི”ཞེས་ཀུ་རེ་རྩེས། རྒྱུན་དུ་ཁོ་རང་གི་ལག་ཡོང་བཟང་དུས་ཁོས་འདི་ལྟར་ཆུང་མའི་གཅེས་མིང་གིས་བོས་ཏེ་ཀུ་རེ་རྩེས་པས། ཁོ་མོས་ཀྱང་ཁོ་རང་ལ་ཡོང་སྒོ་ཡོད་པ་ཤེས།
  “མདང་དགོང་གི་རྨི་ལམ་དུ་རྟ་དཀར་དཀར་དུང་འདྲ་བ་ཞིག་ལ་བཅིབས་མཁན་གྱི་རྒན་པོ་སྨ་ར་ཅན་ཞིག་གིས་འུ་གཉིས་བྲག་ཁ་ནས་ཕྱིར་བསྐྱབས་ཏེ། ད་ནས་བཟུང་བྲག་ཁ་འདིར་མ་ཡོང་གསུངས་པ་རྨིས་བྱུང”ཞེས་ལན་བྱིན། ཚེ་རིང་གི་སེམས་སུ་གཞི་བདག་ཨ་མྱེས་གངས་རི་ཡིན་རྒྱུ་རེད་འདོད་དེ་དད་པའི་སྤུ་ལོང་རྒྱས།
  “མདང་དགོང་ཞག་གང་པོར་མཱ་ཅང་རྩེས་སྟེ་གཅིག་དང་ལྔ་བླངས་ཡོད་པས་དོམ་ཕལ་ཆེར་བསལ་ཐུབ། ད་ནས་བཟུང་ངས་ཤོ་ཞིག་མི་རྩེ། རྩེས་ན་ཆོས་སྐྱོང་སྲུང་མ། རྩེས་ན་དཀོན་མཆོག་གསུམ་པོ། རྩེས་ན་མགོ་ཐོག་ཉི་མ”ཞེས་མནའ་ཡང་དང་ཡང་དུ་བསྐྱལ། ཆུང་མའི་སེམས་སུ་སྒོར་ཁྲི་གཅིག་དང་སྟོང་ལྔ་བླངས་པ་ཡིན་རྒྱུ་རེད་འདོད་དེ“སྒོར་དེ་འདྲ་ཞིག་གིས་སྡེ་བའི་རྨོ་བསྐྱུར་རྩྭ་འདེབས་ཀྱི་སྒོར་མོའི་དོམ་ཡང་མི་འདང་མོད། ད་ཁྱོད་ཀྱིས་བསམ་ཤེས་ཀྱང་འཕྱིས་མེད། ད་ནས་བཟུང་ཤོ་མ་རྩེ་བར་འུ་གཉིས་དབྱར་རྩྭ་བརྐོ་རུ་སོང་ན།  མ་མཐའ་ཡང་ལོ་རེར་སྒོར་ཁྲི་གཅིག་རེ་ཡི་དོམ་སྟེར་ཐུབ་པས། ཧ་ཅང་བཟང”ཞེས་ངུ་ངག་འདྲེས་མས་བཤད།ཚེ་རིང་ལ་ཡང་དགའ་བའི་མིག་ཆུ་འཁོར་བཞིན“ངས་ང་རང་གི་མི་ཚེ་འདི་ཤོ་ཡིས་བརླགས་ཏེ་ཚར་སོང་འདོད་ཡོད་མོད། ཆོས་སྐྱོང་སྲུང་མའི་བཀའ་དྲིན་གྱིས་མདང་དགོང་སྒོར་འབུམ་གཅིག་དང་ཁྲི་ལྔ་ལྷག་བླངས་ཡོད། ཁྲི་བཅོ་ལྔ་རེད། ཁྱོད་ཀྱིས་ཡིད་མི་ཆེས་ལ། ངས་ཀྱང་རྣ་བར་མི་འགྲོ”ཟེར་བཞིན་མིག་ཆུ་ཕྱིས།  ཆུང་མས་རང་གི་རྣ་ལའང་ཡིད་མི་ཆེས་པར“སྒོར་མོ་དུ་བླངས་པ་ཡིན་ནམ”ཞེས་དྲིས། “ཁྲི་བཅོ་ལྔ་ལྷག་རེད། ད་ཁྱོད་རྫོང་ཐོག་ཏུ་ཤོག་དང་། ཟི་ལིང་ལ་གསེར་གྱི་རྒྱན་ཆ་ཉོ་རུ་འགྲོ  ད་ཐོན་དུ་བཅུག”ཅེས་བཤད་པས། ཆུང་མའི་ངག་ལྐུགས་ཏེ་ཡ་ལན་ཡང་སྟེར་མ་ཐུབ།
  ཁོ་རང་ཐད་ཀར་དངུལ་ཁང་དུ་སོང་སྟེ་སྒོར་འབུམ་གཅིག་དང་ཁྲི་བཞི་རང་ཉིད་ཀྱི་དངུལ་དེབ་སྟེང་བཞག་པ་ན། ད་དུང་སྒོར་ཁྲི་གཅིག་དང་སྟོང་བརྒྱད་ཙམ་ལྷག་ཡོད་པས། འཇིག་རྟེན་སྟེང་དུ་ཁོ་རང་གཅིག་པུ་མ་གཏོགས་མེད་པའི་སྣང་བ་དང་བཅས་རྨ་ཆུ་མགྲོན་ཁང་དུ་སོང་།  
  སྒྲོལ་མ་ཡར་ལངས་འདུག་ལ་བཀྲ་ཤིས་ད་དུང་གཉིད་འདུག ཁོས་སྒྲོལ་མ་ལ་“ད་ཐེངས་ཁྱོད་དང་ངའི་ཆུང་མ་གཉིས་ལ་གསེར་ཉོ་ཐུབ་སོང་།  གྲ་སྒྲིག་བྱོས་དང་ཟི་ལིང་དུ་འགྲོ”ཞེས་བཤད་མ་ཐག བཀྲ་ཤིས་ཀྱིས་མགོ་བོ་ཏག་སེ་ཡར་བཀྱགས་ཏེ་“སྒོར་མོ་དུ་བླངས་ཟིག ”ཅེས་མིག་ཕུར་ཕུར་བྱེད་ཀྱིན་དྲིས།
  སྒོར་འབུམ་གཅིག་དང་ཁྲི་ལྔ་ལྷག་བླངས་འདུག  རྒྱ་རྒན་དེ་གཉིས་ཉལ་སར་འཕངས་ཡོད། ངས་ཆུང་མ་ཡང་བོས་ཡོད། མོ་ཐོན་ན་ཟི་ལིང་དུ་ཁོ་མོ་གཉིས་ལ་གསེར་ཉོ་རུ་འགྲོ  ངས་སྒྲོལ་མར་སྒོར་སྟོང ་གསུམ་གྱིས་རོགས་བྱེད། ད་ལྟ་ང་ཅུང་ཙམ་གཉིད་དགོས”ཟེར་བཞིན་བཀྲ་ཤིས་ཀྱི་ལག་ཏུ་སྒོར་སྟོང་བརྒྱད་བཞག སྒྲོལ་མ་ནི་ཀ་ར་ཐོབ་པའི་བྱིས་པ་ཞིག་དང་འདྲ་བར་ཡར་ལྡིང་མར་ལྡིང་བྱེད་ཀྱིན“ཚེ་རིང་། ལྷ་མོ་དང་བྱིས་པ་གཉིས་ལ་འདང་རྒྱག་ན། ད་ནས་བཟུང་ཤོ་མ་རྩེ”ཞེས་སྨྲས།
  “ངས་ཀྱང་ལྷ་མོར་ཁས་བླངས་ཡོད། ད་ནས་བཟུང་ཤོ་མི་རྩེ། ཟི་ལིང་ནས་ཕྱིར་ཐོན་ན། ཨ་ལགས་ཚང་གི་སྐུ་མདུན་ལ་སོང་སྟེ་ཤོ་གཅོད་ཀྱི་ཡིན། བཀྲ་ཤིས་ཁྱོས་ཀྱང་སྒྲོལ་མར་འདང་བརྒྱབ་སྟེ་ཤོ་བཅད་ན་འགྲིག འདི་ལྟར་ཤོ་བརྒྱབ་ན། ཡང་མིན་ན་དོམ་ནག་ཚོས་གཅར་ཏེ་གསོད་རྒྱུ་རེད་ལ། ཡང་མིན་ན་ཡུལ་གཞན་ལ་ལྡོམ་དགོས་རྒྱུ་རེད”ཅེས་བཤད་མོད། བཀྲ་ཤིས་ཀྱིས་ལན་ཅི་ཡང་མ་བཏབ། སྒྲོལ་མས “འདི་ནི་སྟག་ཤ་ར་ཞིག་གི་ལས་སྲོལ་རེད”ཟེར་བཞིན་བཀྲ་ཤིས་ལ་འོག་མིག་གིས་ཐེངས་གཅིག་བལྟས་མོད། བཀྲ་ཤིས་ཀྱིས་ལན་ཅི་ཡང་མ་བྱིན་པར་ཡར་ལངས་ཏེ་ཁ་ལག་བཀྲུས།
  ཚེ་རིང་ནི་བརྒྱུགས་བརྒྱུགས་ཏེ་ཐང་ཆད་པའི་བྱིས་པ་པྲ་ཆལ་ཞིག་དང་འདྲ་བར་མགོ་སྔས་ཐོག་ཏུ་བཞག་མ་ཐག  སྔུར་སྒྲ་རིང་མོ་ཞིག་འཐེན་བཞིན་གཉིད་དུ་ཡུར། བཀྲ་ཤིས་ཀྱིས་གོ་སྐབས་འདི་འདྲ་ཞིག་ལ་བསྒུགས་སྟེ་ད་ལྟ་སྒོར་འབུམ་གཉིས་ལྷག་ཡལ་ཡོད་པས། ཁོའི་སྣང་བར་ཚེ་རིང་ཁོ་དོང་ཁར་བུད་པ་དང་རང་ཉིད་དོང་ཞབས་སུ་ཇེ་ནུབ་ཇེ་ནུབ་ཡིན་པའི་སྐྱོ་སྣང་ཞིག་གིས་མནན་ཏེ།  དབུགས་ཀྱང་འབྱིན་རྔུབ་བྱེད་དཀའ་བར་གྱུར། སེམས་སུ་ད་ཐེངས་ཚེ་རིང་གི་སྒོར་མོའི་མ་རྩ་ཡོད་པས།  ཟི་ལིང་གི་ཤོ་ཁང་དུ་སོང་སྟེ་ལེན་ན་ལེན་ཤ་སྟག་དང་། ཡལ་ན་ཡལ་ཤ་སྟག་བྱེད་དགོས་སྙམ་མོད། ཚེ་རིང་ནི་ཁ་བཤད་དོན་ལ་གནས་མཁན་ཞིག་ཡིན་པ་མ་ཟད། མྱུར་དུ་སྡེ་བའི་རྨོ་བསྐྱུར་རྩྭ་འདེབས་ཀྱི་སྒོར་མོ་མ་བྱིན་ན། བཙོན་ཁང་དུ་འཁྲིད་པའི་ཉེན་ཁ་ཡོད། དེའི་ཕྱིར། བཀྲ་ཤིས་ཁོ་ནི་རྐང་པ་མེ་ཐོག་ཏུ་སྤོས་པ་ལྟར་མཚམས་རེར་མགོ་བོར་འཕྲུག་འཕྲུག་བྱེད་པ་དང་།  མཚམས་རེར་གློ་ཁུག་ནང་སློག་སློག་བྱེད་ཀྱིན་ཡར་འགྲོ་མར་འགྲོ་བྱེད་ལ། མཚམས་རེར་མགོ་སྨན་སྤར་མོ་གང་རེ་གང་རེ་བྱས་ཏེ་འཐུངས།
  ཡུད་ཙམ་འགོར་རྗེས་ཁང་པའི་ནང་དུ་ལྷ་མོ་འཛུལ་ཡོང་། ཁོ་མོ་དང་བཀྲ་ཤིས། སྒྲོལ་མ་གསུམ་གཅིག་གཅིག་ལ་ལོབས་ཡོད་པས། བཀྲ་ཤིས་ཀྱིས“ཡ་ཤོག་ཤོག ནང་དུ་ཤོག ཁྱོད་ཨ་མྱེས་ཡུལ་ལྷ་ལྟར་བོས་ས་རླུང་རེད་ལ། ཨ་ལ་ཀུ་རེ་ཡིན། ད་ཐེངས་ཚེ་རིང་གིས་ཁྱོད་ལ་གསེར་གྱི་རྒྱན་ཆ་ཉོ་ཐུབ་སོང་བ་རེད”ཅེས་བཤད་དེ་དུ་བ་འཐེན་བཞིན་སེམས་ལྷོད་ལ་འབབ་ཏུ་འཇུག་གང་ཐུབ་བྱས།
  ལྷ་མོས“ངེད་ཚང་གི་ཚེ་རིང་དང་ཁྱེད་གཉིས་ཀྱིས་ཡོད་དུས་རྒྱས་བཟའ་རྒྱས་འཐུང་དང་མེད་དུས་ཆུ་ནག་སྟོང་གདུས་བྱེད་པས། ཨ་མྱེས་ཡུལ་ལྷའི་སྐྱེས་པ་མ་བླངས་ན་འགྲིག་གམ། འེ་ནང་། སྒྲོལ་མ”ཞེས་སྐྲ་ལས་བཞིན་པའི་སྒྲོལ་མ་བཤད་གྲོགས་ལ་བོས།
སྒྲོལ་མས“འོ་ལེ། ཨ་ཅེ་ལྷ་མོ་ཁྱོད་བུད་ཡོང་ངམ”ཞེས་བཤད་དེ་ཆུ་ཁོལ་ཇ་དཀར་གང་ལྷ་མོ་ལ་གཏད། ལྷ་མོས“ཡིན་ཡ། ད་ནས་བཟུང་ངས་ཀྱང་མགོ་གནམ་ལ་བཀྱགས་ཏེ་འགྲོ་ཐུབ་སོང་ནི་རེད” ཟེར་བཞིན་མིག་ཆུ་བཞུར།
  སྒྲོལ་མས“ ཚེ་རིང་གིས་ཀྱང་ཟི་ལིང་ནས་ཕྱིར་ཐོན་ན་ཨ་ལགས་ཚང་གི་སྐུ་མདུན་དུ་ཤོ་གཅོད་དུ་འགྲོ་རྒྱུ་ཡིན་ཟེར། ད་ཐེངས་ཁྱོད་ཀྱིས་ཚེ་རིང་འཆོར་དུ་མ་འཇུག ངའི་བསམ་ཚུལ་ཡིན་ན།   བཀྲ་ཤིས་ཀྱིས་ཀྱང་ཤོ་བཅད་ན་འགྲིག་མོད། ངའི་ཁ་ལ་མི་ཉན་པས་་་་་་”ཟེར་བཞིན་མིག་ཆུ་བཞུར།   
  ཁོ་མོ་གཉིས་ཀྱི་མིག་ཆུ་ནི་གདུང་སེམས་མཉམ་སྐྱེས་ཀྱི་མིག་ཆུ་ཞིག་དང་ཐོབ་ཤོར་གཉིས་འཛོམས་ཀྱི་མིག་ཆུ་ཞིག་ཡིན་པ་མ་ཟད། ཤོ་ཡིས་བརླགས་པའི་མི་སུ་ཞིག་ཡིན་ཡང་བཞུར་མྱོང་བའི་གཉོམ་ཆུང་གི་མིག་ཆུ་ཞིག་ཡིན་པས། བཀྲ་ཤིས་ཀྱིས་ཀྱང་དུ་བ་རྔུབ་བཞིན་མིག་ཁར་རེག་རེག་བྱས།
  སྒྲོལ་མས“བཀྲ་ཤིས། ཨ་ཅེ་ལྷ་མོས་བཤད་པ་འེ་གོ་ཐལ། ད་ཐེངས་ཟི་ལིང་ནས་ཕྱིར་ཐོན་ན་ཁྱོད་ཀྱང་ཨ་ལགས་ཚང་གི་སྐུ་མདུན་དུ་ཤོ་གཅོད་དུ་འགྲོ  སྒོར་མོའི་དོམ་ཡོད་ཀྱང་འུ་གཉིས་ཀྱིས་མཉམ་དུ་བསལ་ན་ཆོག འུ་གཉིས་ལ་བརྩོན་པ་ཡོད་ན། ལས་མི་ཐུབ་པ་ཅི་ཞིག་ཡོད”ཅེས་བཤད་མོད། བཀྲ་ཤིས་ཁོང་དགོད་ཅིག་བྱས་རྗེས་མོའི་སྐད་ཆར་འཐད་མིན་གྱི་ཁ་གཅིག་ཀྱང་མ་གྲགས། ལྷ་མོས་ཀྱང་སྒྲོལ་མ་ལ་རོགས་བྱས་ཏེ“བདེན་གི་ཡ། གནའ་མི་རྒན་པོས་ཡལ་ཤོ་ཟེར་ནི་རེད། ད་མ་བཅད་ན་རྗེས་ནས་མགོ་ཁང་པ་དང་ནང་བཟའ་ཚང་ཡལ་བ་ཕར་ཞོག རང་སྲོག་ཀྱང་འཆོར་རྒྱུ་རེད། དེ་ལས་སྒྲོལ་མའི་བཤད་པ་ལྟར་འུ་ཅག་ཟི་ལིང་ནས་ཕྱིར་ཐོན་ན། ཨ་ལགས་ཚང་གི་སྐུ་མདུན་དུ་འགྲོ རྗེས་ནས་ངེད་ཚང་གི་དོམ་བསལ་ཚར་ན།  ངེད་གཉིས་ཀྱིས་ཀྱང་གཡོར་བསྐྱིས་ཀྱི་བཀོལ་ཆོད་ནི་རེད”ཅེས་ཤ་ཚ་ཚ་དང་སྙིང་ཉེ་ཉེ་ཡིས་བཤད། དེ་ནི་བཀྲ་ཤིས་དང་སྒྲོལ་མ་གཉིས་ལ་ཤ་ཚ་བའི་སྐད་ཆ་ཡིན་ལ། རྗེས་ནས་བཀྲ་ཤིས་ཀྱིས་ཚེ་རིང་ཕྱིར་ལམ་ལོག་ཏུ་འཁྲིད་པར་དོགས་ཏེ་བཤད་པའི་སྐད་ཆ་ཞིག་ཀྱང་ཡིན།
  སྐད་ཆ་དེ་དག་གིས་བཀྲ་ཤིས་ཀྱི་མགོ་ལ་ཡང་བསྐྱར་ན་ཟུག་ཅིག་བསླངས་པས། ཁོས་བོད་སྨན་ཁེམ་བུ་གཉིས་ཙམ་འཐུངས། སྒྲོལ་མས“ད་རུང་མི་འཇོག་གམ། ཨ་ཅེ་ལྷ་མོ། ཁྱོད་ཀྱིས་ཤེས་ཀྱིན་མེད། ཁོའི་མགོ་རྒྱུན་དུ་ན་བཞིན་ཡོད་ནི་རེད།  ཁ་སང་མགོ་ན་སྟེ་ཉིན་གང་པོར་ཉལ་ནས་བསྡད་པ་རེད། ད་ཐེངས་ཟི་ལིང་དུ་སོང་སོང་ལ་ཁོའི་མགོ་འདི་ཡང་སྨན་ཁང་དགའ་ཞིག་ཏུ་སྟོན་རྩིས་ཡོད”ཅེས་བཀྲ་ཤིས་ཀྱི་ཟ་འགྲམ་འཕུར་འཕུར་བྱས།
“རྒྱུན་དུ་ན་བའི་ནད་འདི་མ་བསྟན་ན། ངེད་སྡེ་བའི་གསར་བུ་ཆུང་ཆུང་ཞིག་གིས་རྒྱུན་དུ་ཕོ་ཁ་ན་མོད། སྨན་ཁང་དུ་མ་བསྟན་པར་ཉིན་འགའི་སྔོན་དུ་སྨན་ཁང་ལ་སོང་སྟེ་བསྟན་དུས། ཕོ་བའི་སྐྲན་ནད་དུ་གྱུར་འདུག་ཟེར། ཁ་སང་མེད་སོང་བ་རེད། ཁྱོད་དང་ཚེ་རིང་གཉིས་ཀྱིས་སྒོར་མོའི་ཆེད་དུ་རང་ལུས་ལ་བདག་སྐྱོང་བྱེད་མི་ཤེས། ད་ཐེངས་འགྲོ་ཞོར་གཅིག་རེད། སྨན་ཁང་དགའ་ཞིག་ཏུ་བསྟན་ན་ཧ་ཅང་འགྲིག”ཟེར་བཞིན་ཚེ་རིང་བོས།
  ཚེ་རིང་གིས་མགོ་བོ་ཡར་བཀྱགས་ཏེ་ཁོ་མོར་ཐེངས་གཅིག་བལྟས་ཏེ“ཁྱོད་བུད་ཡོང་ངམ། དུས་ཚོད་དུ་རེད”ཅེས་དྲིས། བཀྲ་ཤིས་ཀྱིས“བཅུ་དང་ཕྱེད་ཀ་རེད། ཁྱོད་མ་ལངས་ན། འདི་གཉིས་ཀྱིས་ང་འདུག་ཏུ་མི་འཇུག  འུ་ཚོ་འགྲོ་རན་རེད། ཁྱོད་རང་འགྲུལ་འཁོར་ནང་དུ་གཉིད་ཆོག་ནི་རེད”ཟེར་བཞིན་ལག་འཁྱེར་ཁ་པར་གྱི་གློག་སྣོན་སྐུད་པ་དང་སོ་མང་། སོ་ཕྱིས་སོགས་ཀོ་ཁུག་ཆུང་ཆུང་ཞིག་ཏུ་བཅུག      
  ཁོ་ཚོས་ལམ་འགྲམ་གྱི་ཟ་ཁང་ཆུང་ཆུང་ཞིག་ནས་ནངས་ཇ་སྟབས་བདེ་ཞིག་འཐུངས་སྟེ་ཟི་ལིང་ལ་འགྲོ་བའི་འགྲུལ་འཁོར་དུ་བསྡད། སྟར་ཕྲེང་བསྒྲིགས་པའི་ལམ་འགྲམ་གྱི་སྡོང་བོ་རེ་རེ་ནི་རླངས་འཁོར་གྱི་འགྲོས་དང་བསྟུན་ནས་རྒྱབ་ཕྱོགས་སུ་ཡལ་ལ། ལས་ལ་བྲེལ་བའི་མི་ཚོགས་ཀྱིས་བཟའ་བཏུང་གཡོ་བསྐོལ་བྱེད་པ་དང་ཚོང་རྒྱག་པ། རླངས་འཁོར་བསྐོར་བ། འཕྲུལ་ཆས་ཞིག་གསོ་བྱེད་པ། ཁང་པ་ལས་པ་སོགས་ལས་རིགས་སྣ་ཚོགས་ཤིག་ལ་འབད་པ་ལྷོད་མེད་བྱེད་ཀྱིན་ཡོད་པས། གཉིད་དུ་ཡུར་བའི ་ཚེ་རིང་ལས་གཞན་བཀྲ་ཤིས་དང་སྒྲོལ་མ། ལྷ་མོ་སོགས་ལ་རང་དབང་མེད་པར་བྲེད་ཤ་ཞིག་ལངས།
  ལྷག་པར། ལམ་འགྲམ་གྱི་བྱ་དངོས་རེ་རེ་བཀྲ་ཤིས་ཀྱི་མིག་ལམ་དུ་བརྒྱུད་དུས་འགྱོད་སེམས་དང་སེམས་འཁྲལ་ཅིག་ཅར་དུ་སྐྱེས།  ཁོས་རླངས་འཁོར་མཐོང་སྟེ་སེམས་སུ་རང་ཉིད་ཀྱི་ཡལ་བའི་སྒོར་མོས་ལམ་ནང་དུ་རྒྱུག་བཞིན་པའི་རླངས་འཁོར་གཉིས་ཀྱང་ཁུག་སྙམ། ཁང་པ་ལས་པ་མཐོང་སྟེ་གྱན་དྲུག་ཅན་གྱི་ཉིས་ཐོག་གཅིག་ཁུག་པ་མ་ཟད། དེའི་ནང་དུ་ཅ་ལག་ཆ་ཚང་ཞིག་ཀྱང་ཁུག་ཡོད་སྙམ་སྟེ་འགྱོད་པ་ཚད་མེད་ཅིག་སྐྱེས་བཞིན་ཁ་ཅི་ཡང་མི་གྲགས་པར་འདུག   སྒྲོལ་མ་ནི་རླངས་འཁོར་ལ་གནོད་དེ་གཉིད་མ་སད་ཀྱིས་མིག་བཙུམས་ཡོད།
  ལྷ་མོ་ཡིས་སྒྲོལ་མ་འདོན་བཞིན་དངོས་པོ་འདི་འདྲ་མང་པོ་ཞིག་གང་ནས་ལས་པ་ཡིན་ནམ། ཚོང་རྫས་འདི་འདྲ་མང་པོ་ཞིག་ཉོ་མཁན་ཡོད་དམ། གསེར་ལ་དཀར་པོ་ཡང་ཡོད་ཟེར་བ་བདེན་ནམ།  གསེར་གྱི་རྒྱན་ཆ་བཏགས་ཏེ་དྲུག་པའི་སྨོན་ལམ་དུ་སོང་ན། སྡེ་བའི་མི་ཚོས་འཕྱ་དམོད་བྱེད་སྲིད་དམ།  ཚེ་རིང་ལ་དོན་དངོས་སུ་དོམ་ཅི་ཙམ་ཡོད་དམ། ད་ཐེངས་དོམ་ཡོད་ཚད་བསལ་ཐུབ་བམ།  ཚེ་རིང་གིས་དོན་ངོ་མར་ཤོ་གཅོད་ཐུབ་བམ།  ད་ཐེངས་ཡིན་གཅིག་མིན་གཉིས་ཤོ་གཅོད་དུ་འཇུག་དགོས་སོགས་རང་གི་དྲི་བར་རང་གིས་ལན་འདེབས་ཀྱིན་ཟི་ལིང་དུ་ཐོན།
  ཟི་ལིང་གི་མི་ཚོགས་དང་རླངས་འཁོར། ཨ་སྔོན་དགུང་ལ་ཟུག་པའི་ཁང་བརྩེགས། ཁྲ་ཁྲ་རིག་རིག་གི་ཚོང་ཟོག སྐད་རིགས་མི་གཅིག་པའི་གླུ་དབྱངས་བཅས་ཀྱིས་རྫོང་མཁར་ཆུང་ཆུང་ཞིག་ནས་བསླེབས་པའི་ཁོ་ཚོར་སུན་སྣང་ཞིག་སྦྱིན།  ལྷ་མོ་ཡི་སེམས་སུ་མི་འདི་འདྲ་མང་པོ་ཞིག་གང་ནས་ཡོང་བ་ཡིན་ནམ་སྙམ་བཞིན་མི་ཚོགས་དང་རླངས་འཁོར་གྱི་གསེབ་ནས་འགྲོ་འདུག་ཀྱང་བྱེད་མི་ཤེས་པའི་ཚད་དུ་སླེབས།  
  མགོ་ན་བཞིན་པའི་བཀྲ་ཤིས་ཀྱིས“སྔོན་ལ་གངས་ལྗོངས་མགྲོན་ཁང་དུ་སོང་སྟེ་ཐོ་འགོད་བྱས་རྗེས་གསེར་ཉོ་རུ་སོང་ན་ཆོག་གམ།  ངའི་མགོ་ཡང་ན་སྟེ་མི་འཇོག་པས་དེར་སོང་སྟེ་སྨན་ཞིག་ཀྱང་འཐུང་དགོས”ཞེས་བཤད་པ་ན།    ཚེ་རིང་གིས་འཐད་པའི་མགོ་བོ་གུག་གུག་བྱས།
  གླ་གཏོང་རླངས་འཁོར་ནི་སྐད་ཅིག་ཉིད་ལ་ཤར་ལམ་ཆེན་མོའི་འགྲམ་དུ་ཆགས་པའི་གངས་ལྗོངས་མགྲོན་ཁང་དུ་ཐོན། གངས་ལྗོངས་མགྲོན་ཁང་དེའི་སྦྱིན་བདག་ནི་བོད་མི་ཞིག་ཡིན་ལ། དེའི་ནང་དུ་བོད་ཟས་དང་རྒྱ་ཟས་གཡོ་བའི་ཟ་ཁང་། བོད་ཟོང་དང་རྒྱ་ཟོང་བཙོངས་པའི་ཚོང་ཁང་ཡོད་པ་མ་ཟད།  གླུ་གར་འཁྲབ་སའི་ནང་མ་ཁང་དང་ཆང་ཁང་ཡང་ཡོད།   ལྷག་པར། བཀྲ་ཤིས་དང་ཚེ་རིང་གཉིས་དགའ་བའི་ཤོ་ཁང་ཡང་ཡོད་པས། སྔོན་ཆད་ཁོ་གཉིས་ཀྱི་འདུག་ས་ཡང་མགྲོན་ཁང་དེ་ཡིན་པ་སྨས་མ་དགོས། ཤོ་ཁང་དེར་ཞིང་ཆེན་ཕྱི་ནང་གཉིས་ཀ་ནས་ཡོང་བའི་ཤོ་རྩེ་མཁན་ཡོད། མ་རྩ་སྒོར་འབུམ་གཅིག་མེད་ན།  ཤོ་རྩེ་བའི་ཐོབ་ཐང་མེད་པས་ཁོ་གཉིས་ཀྱིས ་སྔོན་ཆད་བལྟས་མྱོང་བ་ལས་རྩེས་མ་མྱོང་།
  ད་ཐེངས་ཁོང་གཉིས་ལ་ཚེ་རིང་གི་དངུལ་དེབ་སྟེང་སྒོར་འབུམ་གཅིག་དང་ཁྲི་བཞི་སྟོན་རྒྱུ་ཡོད་པས། ཁོ་གཉིས་རྩེས་མ་ཐུབ་ཀྱང་ཤོ་གྲོགས་གཞན་ལ་ངོམས་ཆོག  དེའི་ཕྱིར། མགྲོན་ཁང་དེར་བསྙེགས་པ་ཡིན་རྒྱུ་རེད། ལྷ་མོས་མགྲོན་ཁང་གི་སྡོད་གླ་ནི་ཞག་མ་རེར་སྒོར་ཉིས་བརྒྱ་ཡིན་པ་གོ་རྗེས“དཀོན་མཆོག་གསུམ་པོ། ཉིན་བཅུ་ཡི་ཉིན་གླ་རེད”ཅེས་ཁ་ནས་ཤོར་མོད། ཚེ་རིང་ལ་ཐེངས་གཅིག་བལྟས་ཏེ་གཞན་ཅི་ཡང་མ་བཤད།
  ཚེ་རིང་གིས་ཆུང་མའི་སྐད་ཆ་ཕྱིར་མིད་པ་མཐོང་སྟེ“ད་ཐེངས། ཁྱོད་གཉིས་ཀྱིས་ཟོས་མ་མྱོང་བ་དང་བསྡད་མ་མྱོང་བ། མཐོང་མ་མྱོང་བ་ཡོད་ཚད་ལ་ཚོད་ལྟ་ཞིག་བྱོས། རྗེས་ནས་གོ་སྐབས་འདི་འདྲ་ཡོད་ནི་མ་རེད”ཅེས་བཤད་པས་ལྷ་མོ་མི་འཐད་ཀྱང་ཁ་རོག་གེར་བསྡད།
  བཀྲ་ཤིས་ཀྱིས་སྨན་འཐུངས་རྗེས་ཁོ་ཚོས་དངོས་པོ་དག་ཉལ་ཁང་དུ་བསྐྱུར་ཏེ་གསེར་ཉོ་སར་སོང་། གསེར་ཁང་སོ་སོའི་གསེར་གྱི་རྣ་ལུང་དང་མཛུབ་དཀྲིས། གདུ་བུ། སྐེ་རྒྱན་སོགས་ཀྱིས་མོ་གཉིས་ཀྱི་མིག་དབང་འཕྲོག་ཅིང་ཡིད་དབང་བཀུག་སྟེ་གང་ཞིག་ཉོ་དགོས་པའང་མ་ཤེས་པར་ཞིང་ཆེན་བོད་སྨན་ཁང་དུ་སོང་།
  ཞིང་ཆེན་བོད་སྨན་ཁང་ནི་ཟི་ལིང་གི་ལྷོ་རིའི་རྩ་རུ་ཆགས་ཤིང་མཐོང་བ་ཙམ་གྱིས་བོད་མིའི་གྲོང་ཁྱེར་ནི་འདི་འདྲ་ཞིག་ལོས་ཡིན་འདོད་པའི་སྣང་བ་ཞིག་སུ་ལ་ཡང་སྐྱེས་སྲིད། ལྷག་པར།  རྩྭ་ལྗང་སྟེང་རང་དབང་གིས་གཡས་ལོག་གཡོན་ལོག་བྱས་འདུག་པའི་འབྲོག་པ་དང་བོད་སྐད་བཤད་པའི་སྨན་པ་དག་མཐོང་བ་ན། ལྷ་མོ་ཡིས་མཚར་སྣང་དང་བཅས“སྒྲོལ་མ། ཟི་ལིང་ནའང་བོད་མང་གི འེ་ནང”ཞེས་སྒྲོལ་མར་འཁོར་ཏེ་དྲིས།
  སྒྲོལ་མས་ལན་དུ“སྙིང་མ་རྗེ། འུ་ཅག་བོད་རིགས་ཀྱི་འབྲོག་པ་ཚང་མ་སྨན་ཁང་དང་རོང་པ་ཡོད་ཚད་ཞོར་ལས་བྱེད་ས་ན་མ་གཏོགས་གང་ན་ཡོད། དེ་རིང་ང་རླངས་འཁོར་ལ་གནོད་པས། ལྷ་མོ་དང་
འུ་གཉིས་འདི་ནས་འདུག”ཟེར་བཞིན་རྩྭ་མཐུག་ས་ཞིག་བཙལ་ནས་བསྡད།
  སྨན་པས་བཀྲ་ཤིས་ཀྱི་མགོ་བོར་CTཡིས་བརྟགས་རྗེས“ཀླད་པའི་ནང་དུ་ནད་ཅི་ཡང་མེད། Bསྒྲ་རླབས་ཀྱིས་མཁྲིས་རྡོ་ཡོད་མེད་ལ་བརྟག་དགོས། དྲོས་ཇ་འེ་འཐུངས ”ཞེས་དྲིས། བཀྲ་ཤིས་ཀྱིས་མགོ་བོ་ནང་དུ་གུག་གུག་བྱས་ཏེ་འཐུངས་ཟིན་པའི་བརྡ་བསྟན། སྨན་པས“དེས་ན། སང་ཉིན་ཟས་ཁམ་གང་དང་ཆུ་ཧུབ་གང་ཡང་མ་འཐུང་བར་འདིར་ཤོག”ཅེས་བཤད་པས། ཁོ་ཚོ་ཕྱིར་མགྲོན་ཁང་དུ་ལོག་དགོས་བྱུང་།  མགྲོན་ཁང་དུ་རྒྱ་ཟས་དང་བོད་ཟས་སྣ་མང་ཡིད་ཚིམ་པ་ཞིག་ཟོས་རྗེས། རླངས་འཁོར་ལ་གནོད་པའི་སྒྲོལ་མ་དང་ལྷ་མོ་གཉིས་ཉལ་ཁྲི་སྟེང་བདེ་མོའི་གཉིད་དུ་ཡུར། སྐབས་དེ་དང་བསྟུན་ནས་བཀྲ་ཤིས་ཀྱིས་ཚེ་རིང་བཙན་གྱིས་ཁྲིད་དེ་སྔ་མོ་ནས་འགྲོ་འདོད་པའི་ཤོ་ཁང་དུ་འཛུལ། སྦྱིན་བདག་གཙོ་བྱས་པའི་ཤོ་གྲོགས་ཚོས་ཚེ་རིང་གི་དངུལ་དེབ་མཐོང་སྟེ་འདུག་སྟེགས་བྱིན། བཀྲ་ཤིས་ཀྱི་འདོད་ཐོག་ཏུ་རྟ་རྒྱུགས་མོད། ཚེ་རིང་གིས་སེམས་འཁྲལ་བྱས།
  སྐད་ཅིག་ཉིད་ལ། བཀྲ་ཤིས་ཀྱི་སྒོར་ཁྲི་གཅིག་ཚར། ཚེ་རིང་གིས་འགོག་བསམ་ཡང་ཤོ་གྲོགས་གཞན་གྱིས་འཕྱ་དམོད་བྱེད་སྲིད་འདོད་དེ“དེ་རིང་ལེན་ན་ལེན་ཤ་སྟག་དང་ཡལ་ན་ཡལ་ཤ་སྟག་བྱོས” ཟེར་བཞིན་མིག་བརྡ་ཡང་ཡང་བྱས། ཡིན་ནའང་། བཀྲ་ཤིས་ཀྱི་སེམས་སུ་གནད་འགག་ལ་ཐུག་དུས་གྲོགས་པོའི་འབྲེལ་བ་ཤེས་ཐུབ་ཟེར་བ་ནི་ངོ་མ་རེད་འདོད་དེ་སྤོབས་པ་ཇེ་ཆེར་གྱུར་སྟེ་བསྐུག་བྱ་ལྡབ་འགྱུར་ཡིན་ཟེར་བཞིན་མཱ་ཅང་རྩེས།  ཚེ་རིང་གིས་བལྟ་བར་མི་བཟོད་མོད། ཁྲིགས་ཁྲིགས་མེད་ན་ཕྱིར་ལེན་ཐུབ་ནའང་ཐང་སྙམ་སྟེ་ཆོས་སྐྱོང་སྲུང་མར་སྐྱབས་འཇུག་ཡང་ཡང་ཞུས། ནམ་སྨད་དུ་བཀྲ་ཤིས་ཀྱི་ལག་བསོད་ཇེ་ཆེ་ནས་ཇེ་ཆེར་གྱུར། བལྟས་ཚོད་ཀྱིས་སྒོར་འབུམ་གཅིག་ཙམ་བླངས་ལོས་ཡོད་འདོད་དུས། ཚེ་རིང་མྱུར་དུ་སྒྲོལ་མ་འབོད་དུ་སོང་།
ཁོས་སྒྲོལ་མར“ཁྱོད་སོང་སྟེ་བཀྲ་ཤིས་མ་བོས་ན། བཀྲ་ཤིས་ཀྱི་ཡལ་ཚར་ཐལ”ཞེས་བཤད་པ་ན། སྒྲོལ་མས་ཕྱི་ལྭ་ཡང་མ་གྱོན་པར་སྨྱོན་མ་ཞིག་དང་འདྲ་བར་ཤོ་ཁང་དུ་ཤོར། ཁོ་མོས “ཁྱོད་རང་ཤོ་རྒྱག་ཏུ་ཡོང་བ་ཡིན་ནམ། ཁྱོད་ཀྱི་ཚེ་རིང་གི་སྒོར་མོ་ཚར་དུ་འཇུག་འདོད་དམ། ད་འགྲོ ”ཟེར་བཞིན་སྒོར་འཐེན།      
  བཀྲ་ཤིས་ཀྱིས་ཤོ་གྲོགས་ཚོར“ངེད་ཚང་གི་སྟག་མོ་ཁྲོས་ན་འདི་འདྲ་རེད། དགོངས་པ་མ་ཚོམ། རྗེས་ནས་རྩེས”ཟེར་བཞིན་ཀོ་ཁུག་འཁྱེར་ཏེ་སྒོར་བུད། ཉལ་ཁང་དུ་ཐོན་མ་ཐག  བཀྲ་ཤིས་ཀྱིས་སྒྲོལ་མར་འོ་ཞིམ་པོ་ཞིག་བྱས་ཏེ“ཚེ་རིང་རྒྱུ་མ།  མདང་དགོང་། ཆོས་སྐྱོང་སྲུང་མ་དངོས་སུ་ཕེབས་འདུག” ཟེར་བཞིན་ལག་ཟུང་གིས་དད་པའི་ཕྱག་རྒྱ་ཡང་ཡང་བྱས།  
  སྒྲོལ་མ་དང་ལྷ་མོ་གཉིས་ཀྱིས་ཅི་ཡིན་འདི་ཡིན་མ་ཤེས་པར་མིག་རིག་རིག་ཏུ་འཁུར། ཚེ་རིང་དགོད་བཞིན “ཁ་སང་དེ་རིང་ངེད་གཉིས་ལ་ཆོས་སྐྱོང་སྲུང་མས་མགོན་སྐྱབས་གནངས་སོང་། བཀྲ་ཤིས། སྒོར་མོ་རྩིས་དང”ཞེས་བཤད། ཁོ་ཚོས་སྒོར་མོ་ཉལ་ཁྲི་སྟེང་དུ་བླུགས་ཏེ་མཉམ་དུ་བརྩིས་པ་ན།  སྒོར་འབུམ་གཅིག་དང་ཁྲི་གཉིས་ཙམ་བླངས་འདུག ཁོ་མོ་གཉིས་དགའ་སྟེ་མིག་ཆུ་བཞུར། ཚེ་རིང་གིས“ ད་ཐེངས། འུ་གཉིས་ཀྱིས་ཤོ་གཅོད་དགོས། དོམ་ལྷག་མ་ཡུན་གྱིས་བསལ་ཆོག”ཅེས་སྨྲས། སྒྲོལ་མ་དང་ལྷ་མོ་གཉིས་ཀྱིས་སེམས་གཏིང་ནས་འཐད་པའི་མགོ་བོ་ནང་དུ་གུག་གུག་བྱས་མོད། བཀྲ་ཤིས་ཀྱིས “ཨ་ཤི་རེ་ཁོ། ད་དུང་དུས་ཚོད་འགར་རྩེས་ཡོད་རྒྱུ་ན་སྒོར་འབུམ་གཉིས་ལེན་ཐུབ་པ་ཁོ་ཐག་རེད། ད་ལྟ་སྨན་ཁང་དུ་སོང་ན་སྔ་དྲགས་པས། ང་ཅུང་ཙམ་གཉིད་དགོས”ཟེར་བཞིན་མགོ་སྔས་ཐོག་ཏུ་བཞག་མ་ཐག་གཉིད་སོང་།
  ཚེ་རིང་གིས་སྒྲོལ་མ་དང་ལྷ་མོ་གཉིས་ལ་ཁོང་གཉིས་ཀྱིས་དོམ་ཡོད་ཚད་རྩིས་སྤྲད་ཅིང་བླངས་ཟིན་པའི་སྒོར་མོ་དོམ་ལ་བྱིན་རྗེས། ཁོ་ལ་སྒོར་ཁྲི་གསུམ་ལྷག་གི་དོམ་སྟེར་རྒྱུ་ཡོད་པ་དང་བཀྲ་ཤིས་ལ་སྒོར་ཁྲི་བརྒྱད་ཙམ་གྱི་དོམ་ཡོད་པ་གསལ་བསྒྲགས་བྱས། དེ་ནི་ཁོས་སེམས་གཏིང་ནས་ཤོ་གཅོད་རྒྱུ་ཡིན་པ་ཁས་བླངས་ཟིན་པས། དོམ་ཡོད་ཚད་གསལ་བསྒྲགས་བྱས་པ་ཡིན་རྒྱུ་རེད། དེ་མ་གཏོགས་ཤོ་རྩེ་མཁན་ཞིག་གིས་ནམ་ཡང་རང་ཉིད་ཀྱི་སྒོར་མོའི་དོམ་ཅི་ཙམ་ཡོད་པ་གཞན་ལ་བཤད་མི་སྲིད།
སྒྲོལ་མས“ སྒོར་མོ་ཁྲི་བརྒྱད་ནི་ཞིང་གྲོང་རྩེད་ར་གཉེར་ཏེ་ཡོང་སྒོ་བཟང་ན། ལོ་འགའི་ཡོང་སྒོ་རེད། དེ་མིན་ན་དབྱར་རྩྭ་ཡིས་ཚོང་བརྒྱབ་ཀྱང་ཡོང་སྒོ་བཟང་ན། ལོ་གཅིག་གི་ཡོང་སྒོ་རེད།  ངེད་གཉིས་ལ་ན་ཚ་འདྲ་མ་བྱུང་ན། སྒོར་མོའི་དོམ་ཡུན་གྱིས་བསལ་ཆོག ད་ཐེངས་འུ་ཚོས་ཡིན་གཅིག་མིན་གཉིས་ཁོ་ལ་ཤོ་གཅོད་དུ་འཇུག་དགོས”ཟེར་གྱིན་རེ་བའི་མིག་ཟུང་ཚེ་རིང་ལ་གཏད། ལྷ་མོས་ཀྱང་ཚེ་རིང་ལ་བལྟས་ཏེ“ངོ་མ་རེད། ཁོས་ཁྱོད་ཀྱི་ཁ་ལ་ཉན་ནི་རེད། ད་ཐེངས་ཁོ་ལ་ཡང་ཤོ་གཅོད་དུ་འཇུག” ཅེས་སྨྲས།
 “སྔོན་ཆད་ཁོས་ང་ལ་སྒོར་མོ་བླངས་ཏེ་དོམ་ཁྲི་འགའ་ལས་མེད་དུས་ཤོ་བཅད་ཆོག་ཟེར་མྱོང་། འུ་ཚོས་ཚོད་ལྟ་ཞིག་བྱས་ཆོག་མོད། ཤོ་གཅོད་ཐུབ་མིན་མི་ཤེས།”
 “ང་ལ་ཡང་དེ་ལྟར་བཤད་མྱོང་བས།  ཚེ་རིང་ཁྱོད་ལ་བསམ། འུ་ཚོས་ནན་བཤད་བྱས་ན་ཁ་ལ་ཉན་ནི་རེད། འདི་ནས་འདུག་ཡུན་རིང་ན། ཁོ་རང་ཤོ་རྩེ་བ་ཁོ་ཐག་རེད། དེ་ལས་དེ་རིང་གསེར་ཉོས་རྗེས་ཕྱིར་ཡུལ་ལ་འགྲོ” སྒྲོལ་མས་ཚེ་རིང་ནན་བཤད་བྱས།
དུས་ཚོད་བཅུ་ཡས་མས་སུ་ཁོ་ཚོས་བཀྲ་ཤིས་བོས་ཏེ་བོད་སྨན་ཁང་དུ་སོང་། ནད་བརྟག་ཐོག་ཁང་གི་སྒོ་ཁར་ཐོན་པ་ན། སྒྲོལ་མས“ཚེ་རིང་ཁྱོད་གཉིས་སོང་ན་འེ་ཆོག  ཉིན་འགའི་སྔོན་ནས་སྨན་དྲི་ངའི་སྣ་ལམ་དུ་བརྒྱབ་ན།   སྐྱུག་མེར་ལང་ཡོང་བས་་་་་་་”ཟེར་བཞིན་ཚིག་རྔ་ཕྱིར་མིད།
ལྷ་མོས “ཁ་སང་རླངས་འཁོར་ལ་གནོད་ཚུལ་དང་སྨན་དྲིར་སྐྱུག་མེར་ལང་ཚུལ་ལ་བལྟས་ན། མངལ་ཆགས་པ་མིན་ནམ། སྔོན་ཆད་ངའི་བུ་སྦྲུམ་དུས་ཀྱང་སྣ་ནང་དུ་དྲི་ཞིག་བརྒྱབ་ན་སྐྱུག་མེར་ལང་། དེ་རིང་སྨན་ཁང་དུ་ཐོན་ཐོན་ལ་སྨན་པར་བསྟན་ན་རེད”ཅེས་གདེང་ཚོད་ཡོད་པའི་ལན་ཞིག་བཏབ།  
  ཚེ་རིང་གིས“དེ་རེད། ཁྱོད་གཉིས་བུ་བཙའ་ཚན་ཁག་ཏུ་སོང་། ཁྲིགས་ཁྲིགས་མེད་ན་བུ་ཞིག་ཡིན་ན་ཐང་། ངེད་གཉིས་ཁོང་ནད་ཚན་ཁག་ཏུ་འགྲོ”ཞེས་སྨྲས།
  བཀྲ་ཤིས་ཀྱི་སེམས་སུ་མངལ་ཆགས་པ་ཡིན་ན། ད་ཐེངས་སྐྱེས་ཀྱང་ཆོག་སྙམ་པ་ལས་གཏམ་ཅི་ཡང་མ་བཤད་པར་ནད་བརྟག་ཁང་དུ་འཛུལ། Bསྒྲ་རླབས་ཁང་གི་གཤེར་ཁུ་འཁྱག་པ་དེ་དང་། བད་ཀན་ཙམ་ལས་ནད་གཞན་མེད་པའི་གཏམ་བཟང་གིས་བཀྲ་ཤིས་ཀྱི་ལུས་ཡོངས་ལ་བདེ་སྣང་སྦྱིན་པ་ལྟར་བྱས།
  ཁོ་གཉིས་ཀྱིས་སྨན་བླངས་ཏེ་སྒོ་ཁར་ཐོན་པ་ན། སྒྲོལ་མ་དང་ལྷ་མོ་གཉིས་ཀྱི་གདོང་ལའང་དགའ་བའི་འཛུམ་གྱིས་བཀང་འདུག ལྷ་མོས་མྱུར་དུ“བཀྲ་ཤིས། ཟླ་བདུན་གྱི་རྗེས་སུ་བུ་ཇོ་རུ་འདྲ་བ་ཞིག་སྐྱེས་རྒྱུ་རེད། དེ་རིང་་ནི་ཁྱོད་གཉིས་ཀྱི་ཉིན་བཟང་སྐར་བཟང་ཡིན་པས། ང་ཚོ་ལ་གསོལ་སྟོན་རྒྱ་ཆེན་པོ་ཞིག་བཤམ་ན་རེད། ད་དུང་ཁྱོད་ཀྱིས་ཤོ་གཅོད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་རེད། ཤོ་མ་བཅད་ན། རྗེས་ནས་བུ་ལ་སློབ་གསོ་ཇི་ལྟར་གཏོང”ཞེས་ང་རྒྱལ་གྱི་མགོ་འཕང་སྟོད་ཀྱིན་བཤད། ལོས་ཡིན།  མི་རེ་རེ་འཇིག་རྟེན་འདི་དང་ཁ་འབྲལ་དུས། གསོགས་པའི་རྒྱུ་ནོར་རི་རབ་ལས་མཐོ་ཡང་རང་གི་རྒྱུད་འཛིན་མི་ཐུབ་མོད། བུས་ཕྲུག་དག་གིས་མི་རབས་ནས་མི་རབས་དང་ལོ་རབས་ནས་ལོ་རབས་བར་རང་གི་ཤ་ཁྲག་རུས་གསུམ་གྱི་རྒྱུད་འཛིན་ཐུབ་པ་མ་ཟད། རང་གི་བསམ་པའི་རིག་གནས ་ཀྱི་རྒྱུན་འཛིན་ཐུབ་པས། ཤ་ལས་མཆེད་པའི་བུས་ཕྲུག་དག་ནི་འཇིག་རྟེན་སྟེང་གི་ཡིད་བཞིན་གྱི་ནོར་བུ་ཡིན་ཞེས་སྨྲས་ཆོག་ལ། དེའི་བསྐྱེད་མཁན་གྱི་ཨ་མ་ནི་འཇིག་རྟེན་གྱི་བདག་མོ་ཡིན་ཞེས་བརྗོད་ཆོག
  བཀྲ་ཤིས་ཀྱི་སྣང་བར་བོད་སྨན་ཁང་དེ་ནི་ལྷ་ཡུལ་ཁམས་དང་འདྲ་ཞིང་སྒྲོལ་མ་ནི་ཡིད་འཕྲོག་ལྷ་མོ་ལྟར་མཛེས་པའི་སྣང་བ་ཞིག་བཅོས་མིན་དུ་སྐྱེས། རྒྱུ་མཚན་ནི་མདང་དགོང་སྒོར་འབུམ་གཅིག་ལྷག་བླངས་པ་དང་དེ་རིང་སྒྲོལ་མ་ལ་བུ་ཞིག་སྦྲུམ་པ་ཤེས་པས་རེད། ཡིན་ཡང་། ཤོ་གཅོད་མིན་ཕྱོགས་ལ་ལན་ཅི་ཡང་མ་བཏབ་པར“ཆོག་གི  གསོལ་སྟོན་ངས་བཤམ་ཆོག  ལོ་ཏོག་ཡག་ན་འབུ་དང་བྱེའུས་ཅི་ཙམ་ཟ་ཐུབ། བུ་དང་བུ་མོ་གང་ཡིན་མཐོང་བ་འདི་ངོ་མ་ཡ་མཚན་རེད”ཟེར་གྱིན་རླངས་འཁོར་ཞིག་བཀག སྒྲོལ་མར་མཚོན་ན། བཀྲ་ཤིས་ཀྱིས་ཁོ་མོར་མངལ་ཆགས་པར་སྡིགས་མོ་མ་བྱས་པ་དང་སྒོར་མོ་ཡང་མང་པོ་བླངས་ཡོད་པས་དགའ་བ་འབུམ་གྱིས་མྱོས་ཏེ་ལག་ཟུང་གིས་ལྟོ་བར་འཕུར་འཕུར་བྱས།
  ཡུད་ཙམ་འགོར་རྗེས་སྒྲོལ་མས“ཟི་ལིང་དུ་རྐུན་མ་མང་རབས་བཤད། སྔོན་ལ་བཀྲ་ཤིས་ཀྱི་སྒོར་མོ་དངུལ་ཁང་དུ་བཅོལ་ན་མི་བཟང་ངམ”ཞེས་ཚེ་རིང་ལ་བློ་འདྲི་བའི་ཚུལ་གྱིས་སྨྲས། ཚེ་རིང་གིས་ཁོ་མོའི་བསམ་ཚུལ་རྟོགས་ཏེ“ངའི་བརྗེད་འདུག  སྒོར་མོ་རྐུན་མའི་ལག་ཏུ་ཤོར་ན། འུ་གཉིས་རྗེས་ནས་མི་གྲལ་ལ་ཇི་ལྟར་འགྲོ”ཟེར་བཞིན་ཁ་ལོ་པར“སྔོན་ལ་ཞིང་ལས་དངུལ་ཁང་ཞིག་ཏུ་སོང” ཞེས་སྨྲས།   
  ཁོ་ཚོས་སྒོར་འབུམ་གཅིག་དངུལ་ཁང་དུ་བཅོལ་རྗེས་གསེར་ཉོ་སར་སོང་། གྲོས་སྡུར་ཡང་ཡང་དང་ཞིབ་བལྟ་ཡང་ཡང་བྱས་པ་བརྒྱུད་དེ་སྒྲོལ་མ་དང་ལྷ་མོ་གཉིས་ལ་སྒོར་སྟོང་བརྒྱད་རེ་ཡིས་རྒྱན་ཆ་ཉོས།  སྔོན་ཆད་ཁོ་མོ་གཉིས་ཀྱིས་སྐོམ་པའི་ཆུ་ལྟར་འདོད་པའི་རྒྱན་ཆ། ད་ལྟ་ལག་ཏུ་དངོས་སུ་ཐོབ་པས་དགའ་བ་འབུམ་གྱིས་མྱོས་ཆོག་མོད། འོན་ཀྱང་ཁོ་མོ་གཉིས་ནི་དེ་ལས་ལྡོག་སྟེ་ལྗིད་ཏིག་ཏིག་གི་སེམས་འཁྲལ་གྱིས་མནར། རྒྱུ་མཚན་ནི་གསེར་གྱི་རྒྱན་ཆ་རྐུན་མའི་ལག་ཏུ་ཤོར་བ་དང་། བཀྲ་ཤིས་དང་ཚེ་རིང་གཉིས་ཀྱི་སྒོར་མོ་ཤོ་གྲོགས་ཚོའི་ལག་ཏུ་ཤོ་བར་དོགས་པ་དེ་ཡིན།
  ཁོ་མོ་གཉིས་ཀྱིས“ད་མྱུར་དུ་ཡུལ་ལ་འགྲོ”ཞེས་ཡང་ཡང་བཤད་མོད། བཀྲ་ཤིས་ཀྱིས“ད་ཐེངས་ཟི་ལིང་ལ་ཐོན་ཐོན་རེད། ཁྱོད་གཉིས་ལ་ཅི་མཁོ་དང་ཅི་འདོད་ཉོ་རུ་འགྲོ”ཟེར་བཞིན་མི་དམངས་སྤྱི་གླིང་དང་། རྒྱ་གྲམ་ཆེན་མོའི་སྣ་མང་ཚོང་ཁང་སོགས་སུ་འཁོར་ཏེ་རྒྱ་ལྭ་དང་བོད་ལྭ་སྣ་ཚོགས་ཉོས། ཕྱིར་མགྲོན་ཁང་དུ་ཐོན་དུས་ས་ཡང་རིབ་འདུག་ལ། ཕ་ཡུལ་གྱི་འགྲུལ་འཁོར་ཡང་མེད་པས་ཞག་སྡོད་མི་བྱེད་ཀ་མེད་བྱུང་། བཀྲ་ཤིས་ཀྱིས“དེ་རིང་ཉིན་གང་པོར་ཞོར་ཟས་ཁོ་ན་ཟོས་ཏེ་བསྡད་པས། ཚེ་
རིང་འུ་གཉིས་ནུབ་ཚ་དགའ་ཞིག་བཤད་དུ་འགྲོ”ཟེར་བཞིན་སྒོར་བུད།
  སྒྲོལ་མ་དང་ལྷ་མོ་གཉིས་ཀྱིས་མདང་དགོང་ཅི་ཡིན་འདི་ཡིན་མ་ཤེས་པར་ཁོ་གཉིས་ཤོ་ཁང་དུ་ཤོར་བ་རེད། དོ་དགོང་ཁོ་གཉིས་ཤོ་ཁང་དུ་འགྲོ་རུ་འཇུག་ན། དཀོན་མཆོག་གསུམ་སྙམ་སྟེ་རྗེས་སུ་བསྙེགས།  
  བཀྲ་ཤིས་དང་ཚེ་རིང་གཉིས་གང་དུ་སོང་ན་ཁོ་མོ་གཉིས་རྗེས་སུ་འབྲངས་གང་ཐུབ་བྱས། ཐ་ན་སྤྱོད་ཁང་དུ་འགྲོ་ན་ཡང་རྗེས་དེད་དེ་སོང་བས། ཁོ་ཚོ་མཉམ་དུ་མི་ཉལ་ཐུ་མེད་བྱུང་།
  ཟི་ལིང་གི་མཚན་མོ་ནི་གློག་སྒྲོན་སྣ་ཚོགས་ཀྱིས་ཉིན་དཀར་ལྟར་གསལ་ལ། རླངས་འཁོར་ཆེ་མ་ཆུང་གསུམ་གྱིས་དུང་སྒྲ་ལྷང་ལྷང་བསྒྲགས་པས།  ཁོ་མོ་གཉིས་མདང་དགོང་དང་མི་འདྲ་བར་གཉིད་གཏན་ནས་མ་ཁུགས།   
  ཉལ་ཁྲི་སྟེང་ཁོ་ཚོས་རང་རང་ས་ནས་རྗེས་ཕྱོགས་ལ་འཆར་བཀོད་སྣ་ཚོགས་འཐེན་བཞིན་འདུག
  ཚེ་རིང་གི་སེམས་སུ་ཤོ་འདི་བཟའ་གཞི་དཀྲུགས་པའི་གདོན་དང་སེམས་ཁམས་དཀྲུགས་པའི་འདྲེ། ཡུལ་ཁམས་འཁྲུགས་པའི་གཤེད། མི་འདྲེ་རུ་གཏོང་བྱེད་ཀྱི་བདུད་རེད། ད་ཐེངས་ངས་ཡིན་གཅིག་མིན་གཉིས་ཤོ་གཅོད་དགོས་སྙམ་བཞིན་གཉིད་དུ་ཡུར།
ལྷ་མོའི་སེམས་སུ་རང་ཉིད་ཀྱི་རྒྱན་ཆ་ནི་རང་སྡེ་ཕར་ཞོག དྲུག་པའི་སྨོན་ལམ་གྱི་ཤོམ་མ་དག་གི་རྒྱན་ཆ་ལས་ཀྱང་ཆེ་ཞིང་ཡིད་དུ་འོངས། ད་ནས་བཟུང་མི་གཞན་གྱི་སྔོན་ནས་ཁོག་དཔུང་ཟིན་སོང་། ད་ནས་བཟུང་རང་སྡེ་ན་ཟླའི་སྔོན་ནས་མགོ་བོ་དགྱེ་ཐུབ་སོང་བ་རེད་འདོད་བཞིན་གཉིད་དུ་ཡུར།
  སྒྲོལ་མས་བཀྲ་ཤིས་ལ་“སང་ཉིན་ཚེ་རིང་ཁྱེད་གཉིས་འགྲོགས་ཏེ་ཤོ་གཅོད་དུ་སོང་། སྒོར་ཁྲི་བརྒྱད་ཀྱི་དོམ་དེ་འུ་གཉིས་ཀྱིས་ཡུན་གྱིས་བསལ་ཆོག ད་ལྟ་ཞིང་གྲོང་རྩེད་ར་གཉེར་ན་ཡོང་སྒོ་མང་བས། འུ་གཉིས་ཀྱིས་ངེད་ཚང་གི་རྨ་ཆུའི་འགྲམ་གྱི་སིལ་ར་དེའི་སྟེང་ནས་རྩེད་ར་གཉེར་ཆོག  དེ་མིན་ན་ཁྱོད་ལ་ཤོ་གྲོགས་དང་བཟང་ས་མང་བས། འུ་གཉིས་ཀྱིས་རྫོང་མཁར་འདི་ནས་མགྲོན་ཁང་ཞིག་གཉེར་ཡང་ཆོག དེ་མིན་ན་ཁྱོད་ཀྱི་ཨ་ཁུ་ལ་འགྲོགས་ཏེ་དབྱར་རྩྭ་ཡིས་ཚོང་བརྒྱབ་ཆོག  དེ་མིན་ན་ངེད་ཚང་གི་ཕུ་བོར་འགྲོགས་ཏེ་ཁང་པ་དང་ལམ་སོགས་ལས་ཆོག”ཅེས་སེམས་ལ་དྲན་དྲན་ཐམས་ཅད་བཤད།
  སྐབས་དེའི་བཀྲ་ཤིས་ནི་རྨ་ཆུའི་རབ་ཁར་ཐོན་པའི་མི་ཞིག་དང་མཚུངས་པར། སྒྲོལ་མས་བཤད་པ་ལྟར་ཤོ་བཅད་དེ་བསྡད་ན། ཁོའི་རྗེས་སུ་སྒོར་ཁྲི་བརྒྱད་ཀྱི་དོམ་ནག་མང་པོས་སྙེག་བཞིན་ཡོད་ལ། ཤོ་བརྒྱབ་ཏེ་སྟབས་ལེགས་ན་དོམ་མེད་པའི་འགྲམ་ངོགས་སུ་བསླེབས་ཐུབ་མོད། སྟབས་མ་ལེགས་ན། རྨ་ཆུའི་ནང་ནས་འཁོར་ཏེ་ཐ་མར་རང་སྲོག་ཀྱང་ཤོར་འགྲོ་བའི་ཉེན་ཁ་ཡོད་པས་གཉིད་གཏན་ནས་མ་ཁུགས་ལ་ཁ་གཅིག་ཀྱང་མ་གྲགས། སྒྲོལ་མས་ད་ནས་བཟུང་རང་ཉིད་ཀྱང་བཀྲ་ཤིས་ཀྱི་ཁྱིམ་ཆུང་མར་གྱུར་སོང་བས། བཀྲ་ཤིས་ཀྱི་དོམ་བསལ་བའི་ཕྱོགས་ལ་འདང་སྣ་ཚོགས་རྒྱག་བཞིན་རྨི་ལམ་གྱི་ཞིང་ཁམས་མྱུལ། ཁོ་མོའི་རྨི་ལམ་དུ་དྲུག་པའི་སྨོན་ལམ་ཐོག་ཏུ་ཁོ་མོའི་གསེར་གྱི་རྒྱན་ཆ་ལ་ཁ་ཡ་ན་ཟླས་ཡིད་སྨོན་བྱེད་པ་དང་། རང་ཉིད་ལ་བུ་དང་བུ་མོ་སྙིང་རྗེ་བ་གཉིས་སྐྱེས་ཏེ་མཉམ་དུ་འཚོ་བ་སྐྱིད་པོ་རོལ་བཞིན་ཡོད་པ་སོགས་རྨིས་ཏེ་མཚམས་རེར་གཉིད་གཏམ་བཤད་ལ། མཚམས་རེར་ཧབ་དགོད་བྱེད།
  གློ་རྡེག་ལ། ཚེ་རིང་གིས“སྒྲོལ་མ། སྒྲོལ་མ། བཀྲ་ཤིས་འབོད་དུ་མ་སོང་ན། སྒོར་མོ་ཡལ་ཏེ་ཚར་ཐལ” ཞེས་པའི་འཛར་སྐད་ཅིག་གིས་ཁོ་མོའི་རྨི་ལམ་སྐྱིད་པོ་དེ་དཀྲོགས། ཁོ་མོ་ཡར་ལངས་པ་ན། བཀྲ་ཤིས་ཁོ་མོའི་རུམ་དུ་མེད་པ་རྟོགས་ཤིང་། དེ་ནི་རྨི་ལམ་སྐྱིད་པོ་ཞིག་ཡིན་པའང་རྟོགས་ཏེ། ཁ་ནས་རང་དབང་མེད་པར “ཨ་ཤི་རེ་ཁོ། ངའི་གསེར་གྱི་རྒྱན་ཆ་ཡང་འཁྱེར་སོང། ཨ་ཤི་རེ་ཁོ། ཨ་ཤི་རེ་ཁོ”ཟེར་བཞིན་ངུ་རྒྱངས་བྱས། ་་་་་་
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཕྲུལ་སྣང་གི་འཇིག་རྟེན།

2012-12-13 ཚེ་ལོ་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།