རྟེན་འབྲེལ་རྩོད་པ།
ལྷ་སྡེ་ཚོ་པ་གསུམ་པོ་ནི་གྲོ་ཞིང་གི་ཐེམ་པ་དང་མཁར་གྱང་གི་སྟར་ཕྲེང་མང་པོ་བརྩེགས་པའི་ལྷ་རི་ཡི་ཤར་ངོས་སུ་ཆགས་ཡོད་ལ། མཁར་གྱང་སྐྱ་མོ་རེ་རེ་དང་སྔོ་ལྗང་ལྗང་གི་གྲོ་ཞིང་མང་པོས་ཁོ་ཚོའི་སྡེ་མཚམས་གསལ་པོར་དབྱེ་ཡོད། ངག་རྒྱུན་ལ། ལྷ་སྡེ་ཚོ་པ་གསུམ་པོ་ནི་ལོ་ངོ་ཆིག་སྟོང་ལྷག་གི་སྔོན་ལ་བཙན་པོའི་དམག་དཔུང་ཞིག་གནས་འདིར་སླེབས་ཏེ་ཆགས་ཟེར། ད་ལྟ་ཡང་བླ་མ་གཅིག་གི་ལྷ་སྡེ་དང་དཔོན་པོ་གཅིག་གི་མངའ་འབངས་ཡིན་པས་ངག་རྒྱུན་དེ་བདེན་པར་འདུག
ལུང་པ་རེ་ལ་ཆུ་རེ་དང་སྡེ་བ་རེ་ལ་དཔེ་རེ་ཞེས་པ་ལྟར། ལྷ་སྡེ་ཚོ་པ་གསུམ་པོར་མཚོན་ན། རྒན་དར་གཞོན་གསུམ་ཡོད་ཚད་ཁ་རྩོད་ལ་དགའ། ཁོ་ཚོ་གནས་འདིར་ཆགས་པ་ནས་ཁ་རྩོད་རབ་དང་རིམ་པ་མང་པོ་ཞིག་བྱུང་བ་སུས་ཀྱང་བགྲང་དཀའ། གོ་ཐོས་ལ། ཁོ་ཚོས་ལྷ་སྡེ་དཔོན་ཚང་དང་སྒར་བ་ཚང་། སྟོང་དཔོན་ཚང་སོགས་ཀྱི་རུས་རྒྱུད་མཐོ་དམན་ལོ་ངོ་བཅུ་ཙམ་ལ་བརྩད་ཟེར། བརྩད་བརྩད་མཐར་ཨ་ལགས་ཚང་གིས་སྔོན་ཆད་ཀྱི་ལྷ་སྡེ་ཆེན་པོ་དེ་སྡེ་བ་གསུམ་དུ་བགོས་ཏེ་མིང་ལ་ཡང་སྡེ་བའི་ཆགས་རིམ་ལྟར་ལྷ་སྡེ་གོང་མ་དང་ཞོལ་མ། བར་མ་ཅེས་བཏགས་པར་བཤད། ཡིན་ཡང་། ད་ལྟ་ཧྲང་ལྷ་སྡེ་དང་ཀྲུང་ལྷ་སྡེ། ཞ་ལྷ་སྡེ་ཟེར་བའི་མི་ཇེ་མང་ནས་ཇེ་མང་རེད།
དེ་རིང་ནི་དབྱར་ཟླ་དྲུག་པའི་ཚེས་ཆེན་བཅོ་ལྔ་རེད། རོང་ཡུལ་ལ་མཚོན་ན། ཉིན་བཟང་འདིར་སྡེ་བ་སོ་སོ་སྤྲོ་བསང་ལ་འགྲོ་བ་དང་ཆོས་སྟོན་བྱེད་པ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད། དུས་འདིར་ཡུལ་ཁམས་ཐམས་ཅད་སྔོ་ལྗང་ལྗང་དང་མེ་ཏོག་ཐམས་ཅད་ཁྲ་ལམ་མེར་བཞད་ཡོད་ཅིང་། འབྲུ་རིགས་སྣ་ལྔའི་སྙེ་མ་དང་སིལ་སྡོང་སྣ་ཚོགས་ཀྱི་འབྲས་བུ་ལྡེམ་ལྕོག་ལྕོག་བྱེད་པས། ཕོ་མོ་རྒན་གཞོན་ཀུན་གྱིས་རེ་སྒུག་བྱེད་པའི་དུས་ཆེན་ཞིག་དང་གསེར་བུ་གསེར་མོ་ཚོས་སྣང་བ་ཆེས་སྐྱིད་པའི་དུས་ཆེན་ཞིག་རེད།
དེ་རིང་གི་མཚམས་སྤྲིན་བཀླུབས་པའི་ཉི་གཞོན་ཡང་དྲུག་པའི་ཚེས་ཆེན་གྱི་ལྟད་མོ་ལ་ཆས་པའི་བན་ཆུང་ཞིག་དང་འདྲ་བར་ཤར་ཕྱོགས་རི་བོའི་རྩེ་ནས་དལ་གྱིས་ཡར་འཕགས་པ་ན། ལྷ་སྡེ་ཚོ་པ་གསུམ་གྱི་མཁར་ཁའི་དུ་བ་ལྷག་ལྷོག་ཏུ་འཕྱུར་ལ། སྡེ་མི་རྣམས་ཟིང་ཟིང་ལང་ལོང་བྱེད། དེར་བརྟགས་ན། ལྷ་སྡེ་ཚོ་པ་གསུམ་གྱིས་བྱེད་སྒོ་གལ་ཆེན་ཞིག་ལ་གྲ་སྒྲིག་བྱེད་པ་ཤེས་ཐུབ། རེད་ལགས། དེ་རིང་ལྷ་སྡེ་གོང་མའི་ལབ་རྩེ་བསྟོད་པ་དང་ལྷ་སྡེ་བར་མའི་མཆོད་རྟེན་ལ་རབ་གནས་བྱེད་པ། ལྷ་སྡེ་ཞོལ་མར་ལུང་གནངས་པ་བཅས་རེད།
སྤྱིར་ལྷ་སྡེ་ཚོ་པ་གསུམ་པོར་ལབ་རྩེ་ཆེན་པོ་གཅིག་ཡོད་མོད། ལོ་འདི་དག་ལ། ལྷ་སྡེ་གོང་མར་མི་ཡི་ན་ཚ་དང་ཕྱུགས་ཀྱི་གོད་ཁ་མང་པས། སྡེ་བའི་རྒན་གསུམ་གྱིས་གྲོས་ཡང་ཡང་དང་ཨ་ལགས་ཚང་གིས་ཕྱག་མོ་ཡང་ཡང་གཟིགས་པ་བརྒྱུད་ས་གནས་གཞན་ཞིག་ནས་ལབ་རྩེ་བསྟོད་པར་ཐག་བཅད་དེ་ དེ་རིང་དངོས་སུ་ལབ་རྩེ་བསྟོད་པ་ཡིན། ལབ་རྩེ་གསར་པ་བསྟོད་པའི་གནས་ཚུལ་དེ་ལྷ་སྡེ་བར་མས་སྔོན་ནས་ཐོས་པས། འགྲན་སེམས་ཀྱིས་སྤྲུལ་སྐུ་ཚང་ལ་ཆོས་སྐལ་ཞིག་ཞུས། སྤྲུལ་སྐུ་ཡིས་ལྷ་སྡེ་བར་མའི་སྡེ་དཀྱིལ་ནས་ཡུལ་ཁམས་འདི་ན་མེད ་པའི་མཆོད་རྟེན་ཞིག་བཞེངས་ཐུབ་ན། ལྷ་སྡེ་བར་མའི་ཚེ་འདི་ཕྱི་གཉིས་དང་ཆོས་སྲིད་ཀུན་ལ་ཕན་ཚུལ་གསུངས། ཚེ་རིང་གཙོ་བྱས་པའི་ལས་དཔོན་ཐབས་མཁས་བཞི་ཟླ་བ་དྲུག་ཙམ་ལ་སྟོད་རྒྱ་གར་དང ་སྨད་རྒྱ་ནག་ལ་བརྒྱུགས་ཏེ་མཆོད་རྟེན་འགྲན་ཟླ་བྲལ་བ་ཞིག་ལེགས་གྲུབ་བྱུང་། དེ་རིང་གི་ཉིན་བཟང་འདིར་མཆོད་རྟེན་ལ་རབ་གནས་བྱེད་པ་ཡིན་པས། ལས་དཔོན་ཚོ་གཙོ་བྱས་པའི་སྡེ་མི་ཀུན་བྲེལ་འཚུབ ་འཚུབ་བྱེད།
ལྷ་སྡེ་ཞོལ་མ་ཡང་ད་ལྟའི་བར་དུ་ལྷ་སྡེ་གོང་བར་གཉིས་ཀྱི་འགྲན་ཡ་བྱས་ཏེ་རྒྱལ་ཕམ་གྱི་དབྱེ་བ་མ་ཆོད་པར་ཡོད། དེའི་ཁར་ལྷ་སྡེ་ཞོལ་མར་མཚོན་ན། ལོ་འདི་འགར་ནང་འཁྲུག་དང་ནང་རྐུན། ནང་གྱོད་སོགས་ལ་ཐུགས་ཏེ་བདེ་ལ་འབབ་མ་ཐུབ་པས། བླ་མ་ཚང་ལ་ཞུས་ཏེ་དེ་རིང་གི་ཉིན་བཟང་སྐར་བཟང་འདིར་ལུང་གནང་རྒྱུ་གཏན་འཁེལ་བྱས་ཡོད།
དེའི་ཕྱིར། དེ་རིང་གི་ཉིན་མོ་འདི་ནི་ལྷ་སྡེ་ཚོ་པར་མཚོན་ན། རྒྱུན་ལྡན་མིན་པའི་དྲུག་པའི་བཅོ་ལྔ་ཞིག་ཡིན་པས། ལྷ་སྡེ་ཚོ་པ་གསུམ་པོའི་དད་ལྡན་ཕོ་མོ་རྒན་གཞོན་ཀུན། སྔ་གཞུག་ཏུ་རང་རང་གི་ས་གནས་སུ་འཛོམས་ཏེ་ཆོས་ཀྱི་ཆོ་ག་དང་མཆོད་པ་སྒྲུབ་ཀྱིན་གདའ།
ལྷ་སྡེ་གོང་མའི་ལབ་རྩེ་ཡི་གཏིང་གཞི་ནི་རྒྱ་དཔངས་ནར་མོའི་དབྱིབས་ཀྱི་ས་སྟུག་ཧ་ཅང་མཐུག་པོ་ཞིག་ཡིན་ལ། དེའི་སྟེང་དུ་སྡོང་རྐང་ཕྲ་མོ་བཅུ་གཉིས་ལྷག་བསྒྲིགས་ཏེ་གྲུབ་ཡོད། ཨ་ལགས་ཚང་གི་འདོན་པ་དང་བསྟུན་ནས་སྟག་ཤར་ཚོས་དབྱར་བའི་མདའ་དང་གསོམ་དཀར་གྱི་མདུང་སོགས་ལབ་རྩེ་ནང་དུ་གསེབ་ཀྱིན་འདུག མདུང་གི་རིང་ཐུང་དང་མདའ་ཡི་ཡག་གཙོག་གིས་སྟག་ཤར་ཞིག་གི་ཡོད ་ཚད་མཚོན་གྱིན་ཡོད། དེ་རིང་གི་ཆེས་རིང་བའི་མདུང་ནི་སྡེ་དཔོན་བཀྲ་ཤིས་ཀྱི་མདུང་རེད། བཀྲ་ཤིས་ལ་ཕུ་ནུ་མིང་སྲིང་དང་གཉེན་ཉེ་མང་པས་སྡེ་མི་ཡོངས་ཀྱིས་ཁོ་རང་བསྟུད་མར་ལྷ་སྡེ་ཚོ་པ་གསུམ་གྱི་སྡེ་དཔོན་ལ་བདམས་ཏེ་ད་ལོ་ཡང་སྡེ་དཔོན་གྱི་འགན་བཞེས་ཡོད། གོ་ཐོས་ལ་ལྷ་སྡེ་ཚོ་པ་གསུམ་གྱིས་ཁོ་རང་ཞང་དཔོན་དུ་བདམ་པའི་གྲ་སྒྲིག་བྱེད་ཀྱིན་ཡོད་ཟེར།
དེའི་ཕྱིར། ཁོས་མི་མང་འཚོགས་ས་རུ་མི་ཤེས་ཤེས་འདོག་དང་རྩལ་ནུས་ཡོད་རྒུ་འདོན་གང་ཐུབ་བྱེད། ཁོའི་མདུང་གི་ཡུ་བ་ནི་རྨིད་ཉི་ཤུ་ལྷག་གི་ལྕགས་དབྱུག་ཁོག་སྟོང་མ་ཞིག་ཡིན་ལ། མདུང་མགོ་ཡང་རྣོ་ལྕགས་ཀྱིས་བཟོས་ཡོད་པས་རིང་བ་དང་ལྕི་བ་མ་གཏོགས་མདུང་ངོ་མ་ཞིག་རེད། མདུང་སྐེད་ན་ཡང་དར་ལིང་དམར་ནག་ཅིག་དཔྱངས་ཡོད་པས། མཐོང་བ་ཙམ་གྱིས་སྐྱི་གཡའ་བ་ཞིག་རེད།
ལྷ་སྡེ་གོང་མའི་དར་གོས་སྣ་ཚོགས་དང་བལ་ཐིག་ཕྲ་མོས་དཀྲིས་པའི་ལབ་རྩེ་དང་ལྷོག་ལྷོག་ཏུ་འཕྱུར་བའི་བསང་དུ། ད་དུང་ཨ་ལགས་ཚང་གི་འབུད་བརྡུང་དཀྲོལ་གསུམ་གྱི་སྒྲ་བཅས་ཀྱིས་དེར་འདུས་ཀྱི་མང་ཚོགས་ལ། ཡུལ་ལྷ་གཞི་བདག་ཅིག་གི་རྔམ་བརྗིད་བསྟན་ཡོང་། ལྷག་པར། ཨ་ལགས་ཚང་གིས་ཆོས་སྐྱོང་སྲུང་མ་དང་ལྷ་སྲིན་སྡེ་བརྒྱད་འགུགས་པའི་བསང་འབོད་བྱས་པ་ན། ཨ་སྔོན་དབྱིངས་ནས་གཡུ་འབྲུག་སྔོན་མོས་ཀྱང་ངར་སྐད་ལྷང་ལྷང་བསྒྲགས། སྡེ་དཔོན་བཀྲ་ཤིས་གཙོ་བྱས་པའི་སྡེ་མི་ཚོས་ཇི་འདྲའི་གཞི་བདག་གཉན་པོ་ཞིག ཇི་འདྲའི་རྟེན་འབྲེལ་ལེགས་པོ་ཞིག་སྙམ་སྟེ། “ལྷ ་རྒྱལ་ལོ། ལྷ་རྒྱལ་ལོ”ཞེས་དགའ་འབོད་གནམ་ས་བསྒུལ་བ་ལྟར་བསྒྲགས།
ལྷ་སྡེ་བར་མའི་མཆོད་རྟེན་གྱི་མཐོ་ཚད་ལ་ཕལ་ཆེར་ཁང་པ་སུམ་ཐོག་གི་ཚད་ཡོད་དེ། མཐོང་བ་ཙམ་གྱིས་བརྗིད་ཉམས་ལྡན་པ་ཞིག་རེད། ཉི་ཟླ་སྐར་གསུམ་ནི་གསེར་སེར་པོས་བརྒྱན་ཡོད་པས་གསེར་འོད་ལམ་ལམ་དུ་འཕྲོ། བུམ་པའི་ནང་དུ་ཁྲི་དོ་ཙམ་གྱི་ལི་མའི་སྐུ་ཞིག་གོས་སེར་པོས་བཏུམས་ཡོད། སྐུ་དེ་ནི་གསོན་ཉམས་ལྡན་པའི་སྤྱན་རས་གཟིགས་ཀྱི་སྐུ་ཞིག་རེད། སྐུ་དེའི་འཛུམ་པའི་ཞལ་དང་སྤྱན་ཟུང ་ལས་གཟི་མདངས་ཤིག་འཕྲོ་བཞིན་འདུག་པས། དད་ལྡན་མང་ཚོགས་ཀྱི་མིག་ལམ་དུ་ཐུགས་རྗེ་ཆེན་པོས་ཁོ་ཚོར་བརྩེ་བའི་འཛུམ་མདངས་སྟོན་པ་དང་ཧ་ཅང་འདྲ། མཆོད་རྟེན་གྱི་གཡེར་དྲིལ་མང་པོའི་སིལ་སྙན་དང་དྲིལ་བུ། ཌ་རི། ད་དུང་སྤྲུལ་སྐུ་ཚང་གི་གསུང་དབྱངས་སྙན་མོ་སོགས་མཉམ་དུ་གྲགས་པ་ན། རང་བྱུང་གི་མཉམ་སྒྲོག་རོལ་དབྱངས་ཤིག་དང་འདྲ་བར་སྙན་ཞིང་འཇེབས། དེ་དང་མཉམ་དུ་གཡུ་འབྲུག་གི་དགོད་སྒྲའང་སྐག་སྐག་གྲགས་པས། ལྷ་སྡེ་བར་མའི་དད་ལྡན་མང་ཚོགས་ཀྱིས་རྟེན་འབྲེལ་ཡག་སོང་སྙམ་བཞིན་ཡིད་ཚིམ་ཡོད།
ལྷག་པར། ལས་དཔོན་ཚེ་རིང་གིས་སྟོད་རྒྱ་གར་ནས་བཀླུས་ཡོང་བའི་སྤྱན་རས་གཟིགས་ཀྱི་སྐུ་ལ་དོན་སྙིང་ཡོད་སོང་སྙམ་སྟེ་དགའ་བ་འབུམ་གྱིས་མྱོས་ཡོད། ཁོ་ནི་མི་ཁོག་དཔུང་ལ་རྒྱ་ཅན་ཞིག་ཡིན་ལ། སྡེ་བའི་ལས་དོན་ཐམས་ཅད་དང་དུ་ལེན་མཁན་ཞིག་ཀྱང་ཡིན། ལྷ་སྡེ་གོང་ཞོལ་གཉིས་ལ་འགྲན་པའི་ལས་དོན་ཞིག་ཡིན་ན་ཁོ་ཡིས་རང་ནུས་གང་ཡོད་ཀྱིས་བསྒྲུབས་པས། ད་ཐེངས་མཆོད་རྟེན་གྱི་ལས་དཔོན་ལ་ཡང་ཁོ་བཞག་པ་རེད།
ལྷ་སྡེ་ཞོལ་མའི་མ་ཎི་ཁང་གི་སྟེང་དུ་རྒྱང་སྒྲོག་ཕྱིང་ཞྭ་འདྲ་བ་གཉིས་ཡོད། དེ་གཉིས་ལས་བླ་མ་ཚང་གི་གསུང་དབྱངས་སྒྲོག་བཞིན་ཡོད། རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་བླ་མའི་གསུང་ཡང་དར་ལྕོག་བཞིན་གཡོས་ཏེ་མཚམས་རེར་གསལ་ལ་མཚམས་རེར་ཅི་ཡང་མི་ཐོས་པས། བྱིས་པ་ལ་ལས་བླ་མ་ཚང་གིས་རྡུང་ལེན་ལེན་བཞིན་འདུག་ཟེར་བ་ལའང་ཁག་མི་འདུག མ་ཎི་ཁང་གི་ལྷས་སུ་སྐྱེ་བོ་ཕོ་མོ་ཀུན་གྱི་མགོ་བོ་བསྒུར་སྟེ་བླ་མའི་གསུང་ལ་བསམ་པ་རྩེ་གཅིག་གིས་ཉན་བཞིན་ཡོད། བླ་མ་ཚང་གིས་ཚེ་འདི་ཕྱི་དང་ལས་རྒྱུ་འབྲས་སོགས་ཆེ་སངས་རྒྱས་ཀྱི་གོ་འཕང་ནས་ཆུང་འབའ་འབུ་ཡི་སྐྱེ་བའི་བར་དུ་ཞིབ་བརྗོད་བྱེད་ཀྱིན་འདུག དེར་ཉན་ན་བླ་མ་ཁོང་ཚང་དངོས་སུ་སངས་རྒྱས་དང་འབའ་འབུ་ཡི་ཞིང་ཁམས་རེ་རེར་འགྲིམས་མྱོང་བ་དང་འདྲ་བས། ལྷ་སྡེ་ཞོལ་མའི་སྐྱེ་བོ་ཕོ་མོ་ཀུན་ལ་སེམས་འགུལ་ཚད་མེད་ཐེབས་ཏེ་སྔོན་བྱས་ཀྱི་སྡིག་ལས་ལ་འགྱོད་པ་དང་རྗེས་ནས་དགེ་བའི་ལས་ལ་བརྩོན་པའི་དམ་བཅའ་འཇོག་བཞིན་ཡོད།
སྐབས་དེར། ནམ་མཁའི་གཡུ་འབྲུག་གིས་ཀྱང་དགའ་འབོད་ཡང་ཡང་བསྒྲགས། གཉེར་དཔོན་དོན་གྲུབ་ཀྱི་སེམས་ལ་སེར་སྐྱ་མང་ཚོགས་ལ་ཕན་པའི་ཆོས་ཟབ་མོ་ནི་འདི་རེད། གཡུ་འབྲུག་གི་རྟེན་འབྲེལ་བསྒྲིགས་པར་བརྟགས་ན། ལྷ་སྡེ་ཞོལ་མའི་ནང་གྱོད་དང་ནང་རྐུན། ནང་འཁྲུག་ད་ནས་བཟུང་ཞི་འཇགས་སུ་འགྲོ་ངེས་སྙམ་སྟེ་དགའ་བཞིན་ཡོད། དོན་གྲུབ་ཁོ་ནི་མི་གཉོམ་ཆུང་ཡ་རབས་ཤིག་ཡིན་པས། སྡེ་མི་ཆེ་ཆུང་ཀུན་གྱིས་བྱ་བ་ཆེ་ཆུང་ཡོད་ཚད་ཁོར་ལས་སུ་འཇུག ལྷག་པར། སྡེ་བའི་ཆོས་ཕྱོགས་ཀྱི་བྱ་བ་ཞིག་ཡིན་ན། རྒྱུན་དུ་ཁོ་རང་གཉེར་དཔོན་ལ་བཞག་ཡོད།
མཁའ་དབྱིངས་ཀྱི་སྤྲིན་པ་ནི་རང་བྱུང་གི་དབྱིབས་འགྱུར་རི་མོ་ཞིག་དང་འདྲ་བར་སྐད་ཅིག་སྐད་ཅིག་གི་ཡུན་ལ་སྲོག་ཆགས་དང་དངོས་པོའི་དབྱིབས་སྣ་ཚོགས་སུ་འགྱུར། སྔོན་གྱི་སྤྲིན་ནག་ལེབ་མོ་དེ། ད་ལྟ་བུམ་པའི་དབྱིབས་ལ་གྱུར་ཏེ་སྦྲང་ཆར་བསིལ་མ་ཡང་ཟིམ་ཟིམ་དུ་བྱོ། ཉི་འོད་འཇམ་པོ་དང་ཆར་ཐིགས་བསིལ་མ་གཉིས་ཀྱིས་སྐྱེ་འགྲོ་ཀུན་ལ་ཞི་བདེ་བག་ཕེབས་ཀྱི་སྣང་བ་ཞིག་སྦྱིན་པ་མ་ཟད། ཁ་དོག་སྣ་ལྔའི་འཇའ་གུར་རིང་མོ་ཞིག་ཀྱང་བསྩལ་ཡོང་།
སྔོན་ཆད་དང་འདྲ་བར་འཇའ་གུར་གྱི་མགོ་ནི་ལྷ་སྡེ་གོང་མའི་ལབ་ཙེ་ཁར་ཐུག་ལ། སྐེད་ལྷ་སྡེ་བར་མའི་མཆོད་རྟེན་གྱི་མགོར་ཤར་བ་དང་མཇུག་ལྷ་སྡེ་ཞོལ་མའི་མ་ཎི་ཁང་དུ་ཐུག་འདུག འཇའ་ཚོན་སྣ་ལྔའི་འོག་ཏུ་དཀར་དམར་སྔོ་གསུམ་གྱི་མེ་ཏོག་དང་གྲོ་ནས་སྲན་གསུམ་གྱི་འབྲུ་དྲུག རྟ་ནོར་ལུག་གསུམ་གྱི་སྒོ་ཕྱུགས། གོང་ཞོལ་བར་གསུམ་གྱི་མང་ཚོགས་བཅས་ནི་སྦྲང་ཆར་བསིལ་མས་གཙང་མར་བཀྲུས་ཏེ་དགའ་བ་འབུམ་གྱིས་མྱོས་འདུག
ཉིན་གོང་གི་དུས་ལ་ཐོན་པ་ན། ལྷ་སྡེ་ཚོ་པ་གསུམ་པོས་ཆོས་ཀྱི་ཆོ་ག་དག་ལེགས་གྲུབ་བྱུང་སྟེ་སྤྲོ་སྣང་དང་བཅས་ཆོས་སྟོན་བྱེད་སའི་ལྷ་བསུ་སྒང་དུ་འཛོམས། ཤ་མར་ཐུད་གསུམ་གྱི་བཟའ་བ་དང་འོ་ཞོ་ཆང་གསུམ་གྱི་བཏུང་བའི་རིགས་ནི་ཆོས་སྟོན་སྔོན་མ་དག་ལས་ཀྱང་མང་པས། མཐོང་བ་ཙམ་གྱིས་འགྲམ་ཆུ་དབང་མེད་དུ་འཁྱིལ་མོད། ལྷ་སྡེ་ཚོ་པ་གསུམ་གྱི་དད་ལྡན་མང་ཚོགས་ལ་མཚོན་ན། བཟའ་བཏུང་དེ་དག་ལས་ཀྱང་འགྲམ་ཆུ་ཤོར་བ་ནི་དད་པའི་སེམས་སུ་བསྙལ་བའི་རྟེན་འབྲེལ་གྱི་དགེ་མཚན་རེད།
ལྷ་བསུ་སྒང་ནི་ལྷ་རི་ཡི་རྩེ་མོ་རུ་ཡོད་ཅིང་། མཐའ་འཁོར་དུ་གསར་སྐྱེས་ཀྱི་གསོམ་ཕྲུག་དང་སྤེན་མ། ཤུག་པ་སོགས་གོར་གོར་བྱས་ཏེ་སྐྱེས་འདུག་ཅིང་དཀྱིལ་དུ་རྩྭ་རྩི་ཤིང་གི་མེ་ཏོག་སྣ་ཚོགས་སྐྱེས་འདུག་པས་མེ་ཏོག་གི་སྐྱེད་ཚལ་ཆུང་ཆུང་ཞིག་དང་འདྲ། ངག་རྒྱུན་ལ། སྒང་འདི་ནི་ལྷ་ལྷ་མོ་རྩེན་སའི་གནས་ཁྱད་པར་བ་ཞིག་ཡིན་ཅིང་། ཆོས་ཀྱི་དགེ་མཚན་སོགས་གླེང་ན་མཆོད་ཡོན་ཤིན་ཏུ་ཆེ་ཟེར་བས། དེ་རིང་གི་རྟེན་འབྲེལ་ལེགས་པོ་འདི་ཁོ་ཚོས་གླེང་རིན་ཡོད་ཆོག་ཆོག་རེད།
གོས་སྔོན་བཏིངས་འདྲའི་ལྷ་བསུ་སྒང་དུ་ལྷ་སྡེ་ཚོ་པ་གསུམ་པོ་གྲལ་ཤར་གསུམ་བྱས་ཏེ་བསྡད་འདུག དཀྱིལ་གྲལ་དུ་ལྷ་སྡེ་གོང་མའི་སྡེ་མི་དང་གཡས་གྲལ་དུ་ལྷ་སྡེ་བར་མའི་སྡེ་མི། གཡོན་གྲལ་དུ་ལྷ་སྡེ་ཞོལ་མའི་སྡེ་མི་བཅས་བསྡད་ཡོད། གོ་ཐོས་ལ་གྲལ་འདི་ཡང་ཁོ་ཚོས་བརྩད་ཟེར། བརྩད་བརྩད ་མཐར་སྤྲུལ་སྐུ་ཚང་གིས་ཚོ་པའི་ཆེ་ཆུང་ལྟར་ལྷ་སྡེ་དཔོན་ཚང་ཡོད་པའི་ལྷ་སྡེ་གོང་མར་དཀྱིལ་གྲལ་བགོས་པ་དང་སྒར་བ་ཚང་ཡོད་པའི་ལྷ་སྡེ་བར་མར་གཡས་གྲལ་བགོས་ལ། སྟོང་དཔོན་ཚང་ཡོད་པའི་ལྷ་སྡེ་ཞོལ་མར་གཡོན་གྲལ་བགོས་པ་ཡིན་ཟེར།
རྒྱང་རིང་ནས་བལྟས་ན། བརྙན་འཕྲིན་ནང་གི་གེ་སེར་རྒྱལ་པོའི་དམག་དཔུང་གི་གསོལ་སྟོན་བཞེས ་པ་དང་འདྲ། ཨ་ལགས་དང་སྤྲུལ་སྐུ། བླ་མ་གསུམ་ནི་རང་རང་གི་སྡེ་བའི་གྲལ་མགོ་ན་གེ་སེར་རྒྱལ་པོ་དང་འདྲ་བར་བཞུགས་ཁྲི་མཐོན་པོ་རེ་ལ་བཞུགས་ཏེ་མར་འཁོར་འདུག
སྔོན་ལ། ལྷ་སྡེ་གོང་མའི་བཀྲ་ཤིས་ཀྱིས་ལག་གཡོན་དུ་ཐོགས་པའི་ཆང་དཀར་དགུང་ལ་བཏེགས་ཏེ། ལག་གཡས་པས་མཆོད་པ་འཕེན་བཞིན་དུ“མཆོད་ཨོཾ་ཨ་ཧཱོུ། མཆོད་ཨོཾ་ཨ་ཧཱོུ།
མཆོད་མཆོད་མཆོད་ལ་དགུང་སྔོན་པོར་མཆོད།།
དགུང་སྔོན་པོར་མ་མཆོད་མ་བཀུར་ན།།
ངེད་གཡང་ལུང་གོང་མའི་ལབ་རྩེ་ལ།།
གཡུ་འབྲུག་གིས་དགའ་འབོད་གང་ནས་སྒྲོག།
ལྷ་ལྷ་མོས་སྦྲང་ཆར་གང་ནས་འབུལ།།
ཀླུ་ཀླུ་མོས་འཇའ་གུར་གང་ནས་ཕུབས།།”
ཟེར་བཞིན་སྐད་གདངས་ཇེ་མཐོ་ནས་ཇེ་མཐོར་བཏང་། དེར་བལྟས་ན། ཡང་ཁོ་ཚོས་ཁ་རྩོད་ཅིག་གི་མགོ་བརྩམས་པ་རྟོགས་ཐུབ། ལྷ་སྡེ་གོང་མར་མཚོན་ན། ཁོང་གི་སྐད་གདངས་དེ་ནི་ཁོང་དཔུང་ལ་རྒྱ་ཞིག་དང་གཞན་ལས་རྒྱལ་བའི་ཁ་གཡེང་ཞིག་ཡིན་པས། སྐད་གདངས་མཐོ་དགོས་ལ་སྒྲ་གདངས་དག་རྒྱུ་ནི་གཞན་སྡེ་གཉིས་ལས་རྒྱལ་བའི་ཐབས་ལམ་གཅིག་ཡིན། ཉོན་དང“ལགས་སོ། ལགས་སོ” ཟེར་བའི་དགའ་འབོད་ལ་ཉོན་དང་། ལྷ་སྡེ་གོང་མའི་ངར་སྐད་ཀྱིས་གཞན་སྡེ་གཉིས་བཅུམས་ཡོད་པ་གདོན་མི་ཟ།
བྱ་སྤྱོད་འདི་ལྷ་སྡེ་བར་མའི་སྡེ་མི་ཚོས་མཐོང་མ་ཐག་སེམས་ལ། སྤྲུལ་སྐུ་རིན་པོ་ཆེ་ཚང་གིས་ཁོ་ཚོའི་མཆོད་རྟེན་ལ་གནངས་པའི་རྟེན་འབྲེལ་ཡིན་པ་ལས། ཁྱོད་ལྷ་སྡེ་གོང་མའི་རྟེན་འབྲེལ་མིན་མོད་ཁ་གང་སྔ་བརྩད་དེ་འཕྲོག་པ་ནི་ཡིད་ཆེས་དཀའ་བ་ཞིག་རེད་སྙམ་བཞིན་ཡོད། ཚེ་རིང་གིས་རྟེན་འབྲེལ་ལེགས་པོ་བཙན་འཕྲོག་བྱེད་པ་འདི་དངོས་གནས་ཐུབ་ཚོད་ཅིག་རེད་འདོད་དེ་ཁོང་ཁྲོ་དང་བཅས་ཡར་ལངས་ཏེ་མདོ་བའི་ཞང་ཆུང་གི་གླུ་སྐད་ལ་བཞག་སྟེ
“ དགུང་ཨ་སྔོན་དབྱིངས་ནས་འབྲུག་ཅིག་དགོད།།
ངེད་ལྷ་སྡེ་འབྲུག་བཞིན་གྲགས་པའི་རྟགས།།
ཀླུ་ཀླུ་མོས་སྦྲང་ཆར་ཟིམ་ཟིམ་གཏོར།།
ངེད་ལྷ་སྡེའི་བསམ་དོན་འགྲུབ་པའི་རྟགས།།
ལྷ་ལྷ་མོས་འཇའ་ཚོན་གུར་དུ་ཕུབས།།
ངེད་མཆོད་རྟེན་འགྲུབ་པའི་རྟེན་འབྲེལ་རེད།།
གླུ་ཤེས་པ་མིན་ལ་བསྒྲིགས་ནས་ཡིན།།
འདིར་ཚོགས་ཀྱི་ཁྲོམ་པ་དགའ་ནི་བྱོས།།”
ཟེར་བཞིན་སྐད་གདངས་བཀྲ་ཤིས་ལས་ཀྱང་མཐོ་བར་བྱས། ཚེ་རིང་གི་སྐད་ངག་སྙན་མོའི་གླུ་དེས་ལྷ་སྡེ་བར་མའི་སྡེ་མི་ཡོངས་ཀྱི་ཁོང་དཔུང་ལ་རྒྱ་མཚོན་པས། ཁོ་ཚོས་དགའ་འབོད་དང་བཅས“གླུ་ཡིན། གླུ་ཡིན། གླུ་ཡིན”ཅེས་གནམ་ས་བསྒུལ་བ་ལྟ་བུའི་ཁ་གཡེང་བསྒྲགས་ལ། གདོང་གི་རྒྱལ་ཁའི་འཛུམ་མདངས་གཞན་སྡེ་གཉིས་ལ་ངོམ་གང་ཐུབ་བྱེད།
ལྷ་སྡེ་ཞོལ་མའི་དོན་གྲུབ་བྲེལ་འཚུབ་འཚུབ་ཀྱིས་ཡར་ལངས་པར་བལྟས་ན། ལྷ་སྡེ་གོང་བར་གཉིས་ཀྱི་རྟེན་འབྲེལ་རྩོད་པའི་བྱ་སྤྱོད་ལ་འཐད་ཀྱིན་མེད་པ་ཤེས་ཐུབ། དོན་གྲུབ་ཀྱིས་ཆང་དཀར་བླ་མ་ཚང་ལ་འཕུལ་ཏེ་མཆོད་པ་འཕེན་དུ་བཅུག་རྗེས། ཀོ་ལིང་ལིང་གི་གླུ་སྐད་ལ་སྦྱར་ཏེ
“དགུང་སྔོན་པོ་དཀྱིལ་ནས་འབྲུག་ཅིག་གྲགས།།
ཆར་བསིལ་མ་འབབ་པའི་རྟེན་འབྲེལ་རེད།།
དེ་རྩོད་པ་བྱེད་མཁན་ངོ་རེ་ཚ།།
དགུང་སྔོན་པོ་དཀྱིལ་ནས་ཆར་ཞིག་བབས།།
འབྲུ་ལོ་ལེགས་འབྱུང་བའི་རྟེན་འབྲེལ་རེད།།
དེ་རྩོད་པ་བྱེད་མཁན་བག་རེ་ཚ།།
དགུང་སྔོན་པོ་དཀྱིལ་ནས་གུར་ཞིག་ཕུབས།།
ངེད་སྡེ་བར་བསྒྲིགས་པའི་རྟེན་འབྲེལ་རེད།།
དེ་རྩོད་པ་བྱེད་མཁན་སྙིང་རེ་རྗེ།།”
ཞེས་བླངས། གླུ་ཤགས་འདིའི་སྐད་གདངས་སྔོན་མ་གཉིས་ལས་ཀྱང་མཐོ་བས། ལྷ་སྡེ་ཞོལ་མའི་སྡེ་མི་ཡོངས་ཀྱིས“དེ་རེད། དེ་རེད”ཅེས་འབྲུག་སྟོང་ལྡིར་ལྡིར་བྱས།
ཉིན་ཕྱེད་ཙམ་ལ་འདོན་པ་དང་ཕྱག་རྒྱ་སྣ་ཚོགས་ཀྱི་སྐུ་ངལ་མྱངས་པའི་ཨ་ལགས་དང་སྤྲུལ་སྐུ། བླ་མ་ཚོས་ཞལ་ཟས་ཡིད་ཚིམ་པ་ཞིག་མཆོད་རྗེས། སྡེ་བ་སོ་སོའི་མ་ཎི་ཁང་དུ་ངལ་གསོ་བར་ཕེབས། ཤུལ་དུ་ལུས་པ་ནི་ལྷ་སྡེ་སོ་སོའི་དད་ལྡན་ཕོ་མོ་དག་རེད། ཁོ་ཚོའི་སེམས་ལ། གཡུ་འབྲུག་སྔོན་མོའི་ངར་སྒྲ་དང་ལྷ་ལྷ་མོས་གཏོར་བའི་སྦྲང་ཆར། འཇའ་ཚོན་སྣ་ལྔའི་གུར་ཁྱིམ་བཅས་ནི་རང་སྡེ་བའི་རྟེན་འབྲེལ་ཡིན་མོད། མ་བསམས་ས་ནས་སྡེ་བ་གཞན་གྱིས་འཕྲོག་འདོད་པ་ནི་དངོས་གནས་བསམ་ཡུལ་ལས་འདས་པ་ཞིག་རེད་སྙམ་བཞིན་ཡོད།
དགའ་སྟོན་ཆེ་ཆུང་གང་ཡིན་ཡང་ཆང་འཐུང་མེད་ན་དགོད་སྒྲ་མེད་ལ། བཟི་རྟགས་མེད་ན་ལྟད་མོ ་ཡང་མེད། དེ་ཡང་སྔོན་ལ་ཁྱོད་བཟང་ང་བཟང་གིས་ཟས་བཟའ་བ་དང་ཆང་འཐུང་བ་སོགས་བྱེད། རིམ་གྱིས་ཆང་གིས་བཟི་བ་དང་བསྟུན་ནས་བུ་ང་ངར་དང་རྩལ་ང་ཡོད། ཤེད་ང་ཆེ་སོགས་ཀྱིས་ཁ་རྩོད ་བྱེད། མཚམས་རེར་ཁ་རྩོད་དེ་ཕྱག་རྒྱ་སྣ་ཚོགས་དང་འབྲེལ་བའི་སྨྱོན་རྟགས་སུ་འགྱུར་ལ། ཤེལ་དམ་དང་དཀར་ཡོལ། སྡེར་མ་སོགས་ནི་མཚོན་ཆ་གཙོ་བོར་གྱུར་ཏེ་གང་སར་འཕུར་གྱིན་ཡོད། འདི་ནི་ལྷ་སྡེ་ཚོ་པའི་གོམས་སྲོལ་ཞིག་ཏུ་གྱུར་འདུག དེ་རིང་ཡང་ལྷ་སྡེ་ཚོ་པ་གསུམ་གྱི་གསེར་བུ་དག་གིས་ཆང་འཐུང་གིན་འཐུང་གིན་ཁ་ཕོ་ཇེ་ཆེ་ནས་ཇེ་ཆེར་འགྱུར་པཞིན་འདུག
ལྷ་སྡེ་གོང་མའི་བཀྲ་ཤིས་ཀྱི་ངོ་གདོང་ནི་དམར་ནག་ཅིག་ཏུ་གྱུར་ཡོད་ལ། ངོ་གདོང་དང་ཐོད་པའི ་རྩ་ཐམས་ཅད་འབུར་བར་བལྟས་ན། ཁོ་རང་ཆང་གི་བཟི་འདུག་པ་རྟོགས་ཐུབ། ཁོ་རང་སྔོན་ལ་བསྣུར་ཙམ་བྱས་ཏེ“ལྷ་སྡེ་དཔོན་ཚང་གི་བཀྲ་ཤིས་ང་། ཕ་བཟང་རུས་པ་གསེར་དང་མ་བཟང་རུས་པ་དུང་ཡིན། ང་ལྷ་སྡེ་དཔོན་ཚང་གོར་གོར་བྱས་ན་དཀྱིལ་ནས་འདུག་མཁན། ཤར་ཤར་བྱས་ན་མགོ་ནས་འདུག་མཁན་ཡིན། དེ་རིང་གི་ལྷ་སྡེ་གོང་མའི་རྟེན་འབྲེལ་བཟང་པོ་འདི་རྩོད་ཀྱི་ཟེར་ན་གྱོད་ཡིན། གྱོད ་ངོ་ཡ་ཡོང་ན་བུ་ཡིན”ཅེས་ལག་པས་ཕུ་རུང་ཡར་བརྫེས་བརྫེས་དང་ཆང་དམ་དགུང་ནས་གཡུག་གཡུག་བྱས།
ལྷ་སྡེ་བར་མའི་ཚེ་རིང་གི་སེམས་ལ། བཀྲ་ཤིས་ཁ་བདེ་ཁྱོད། དེང་མ་ལྷ་སྡེ་ཚོ་པ་གསུམ་པོས་ཚོ་པ་གཞན་པར་རྩྭ་ས་རྩོད་པའི་དུས་སུ། སྨན་ཁང་ནས་གཞའ་མཁན་དེ་ཁྱོད་མིན་ན་སུ་ཡིན་སྙམ་བཞིན་ཟར་ཟ་དང་བཅས“ཆང་འཐུང་གིན་འཐུང་གིན་སྙིང་ལ་རྒྱག སྙིང་ན་བཞིན་ན་བཞིན་ནད་དུ་འགྱུར། དེ་ལས་ཆང་འཐུང་ཤེས་བྱས་ན་ལུས་ལ་ཕན། གཏམ་བཤད་ཤེས་བྱས་ན་ཀུན་ལ་ཕན། ང་ལྷ་སྡེ་སྒར་བ་ཚང་གི་ཚེ་རིང་ཡིན། ང་ཕྱི་དགྲ་འཇོམས་པའི་ཐོ་བ་དང་ནང་མི་སྐྱོང་བའི་གཉེན་པོ་ཡིན། དེ་རིང་བུ་དཔའ་བོ་ཡོད་ན། རྟེན་འབྲེལ་རྩོད་དང་ང་ཚེ་རིང་གིས་དཔའ་རྩལ་ངོམ་རྒྱུ་ཡིན”ཅེས་ཚིག་མདའ་རྣོན་པོ་ཞིག་བཀྲ་ཤིས་གཙོ་བྱས་པའི་ལྷ་སྡེ་གོང་ཞོལ་གཉིས་ཀྱི་གསར་བུ་ཚོའི་གསེང་ལ་འཕངས།
གོ་ཐོས་ལ། སྔོན་ཆད་ལྷ་སྡེ་ཚོ་པ་གསུམ་པོས་ཚོ་པ་གཞན་དུ་རྩྭ་ས་རྩོད་སྐབས་ཁོས་ཕོ་རྒོད་སྟག་འདྲ་བ་གསུམ་ལ་མགོ་བསྐོར་གྱིས་བརྒྱབ་སྟེ་སྨན་ཁང་ལ་བསྐྱལ་མྱོང་ཟེར། གང་ལྟར་ད་ལྟའི་བར་དུ་ལྷ་སྡེ་གོང་ཞོལ་བར་གསུམ་དུ་ཁོ་ལ་འགྲན་འཛུགས་མཁན་ཞིག་མ་བྱུང་བས། ཚོགས་ས་འདུ་ས་གང་ཡིན་ནས་དཔའ་གཏམ་བཤད་པར་ལོབས་ཡོད།
ལྷ་སྡེ་ཞོལ་མའི་དོན་གྲུབ་ཀྱི་གདོང་ལ་འཛུམ་ཞིག་ལངས་ཏེ“གསར་བུ་ཁ་ཤས་ཆང་འཐུང་གིན་འཐུང་གིན་དཔའ་བོར་འགྱུར། དེ་དཔའ་ནི་མ་རེད་བཟི་ནི་རེད། དེ་དཔའ་རྟགས་མ་རེད་བླུན་རྟགས་རེད”ཅེས་བཀྲ་ཤིས་དང་ཚེ་རིང་གཙོ་བྱས་པའི་གསར་བུ་བཟི་འདུག་པ་དག་ལ་ཚིག་གིས་བརྒྱབ། ངོ་མ་ཁོས་བཤད་པ་ལྟར་ལ་རྒྱ་ཆང་ཁ་ནས་གླེང་ལ། དཔའ་རྟགས་ཆང་ཁ་ནས་སྟོན་པ་འདི་ནི་དངོས་གནས་
ཡིད་སྐྱོ་དགོས་པ་ཞིག་རེད།
ཁོས་མུ་མཐུད་དུ་སྐད་གདངས་མཐོན་པོས“ང་ལྷ་སྡེ་ཞོལ་མའི་དོན་གྲུབ། མ་ཁྲོས་ཐུགས་རྗེ་ཆེན་པོ་དང་ཁྲོས་ན་གླང་ཆེན་སྨྱོན་པ་ཡིན། དེ་རིང་ལྷ་སྡེ་ཞོལ་མའི་རྟེན་འབྲེལ་རྩོད་ནས་ཡོད་ན། ངས་རང་ལ་མི་བསྐྱུར་ཁོ་ཐག་ཡིན”ཅེས་བཤད། རྒྱུན་ལྡན་འཚོ་བའི་ཁྲོད་དུ། ཁོ་ནི་གཞན་གྱི་གདོང་ལ་ཡང་བལྟ་མི་ཕོད་པའི་མི་གཉོམ་ཆུང་ཞིག་ཡིན་མོད། ད་ལྟ་ཁ་ཤོམ་འཐེན་ཚུལ་ལ་བལྟས་ན། ཁོ་རང་བཟི་དྲགས་པ་ཐག་གིས་ཆོད།
ལྷ་སྡེ་ཚོ་པ་གསུམ་གྱི་ནང་འཁྲུག་ལ་མཚོན་ན། ཚིག་མཚོན་གྱིས་གཞན་སེམས་ཇི་ལྟར་བསད་ཀྱང་སྔོན་ཆད་ལྟར་ཁ་རྨས་ཀྱི་སྟོང་འཇལ་མི་དགོས། གལ་ཏེ། ཁ་རྩོད་ལས་བརྒལ་ཏེ་ལུས་པོར་རྨ་ཁ་སེན་མོ་ཙམ་ཞིག་བཏོལ་ན་ཡང་སྨན་ཡོན་རི་འདྲ་བ་ཞིག་སྤྲོད་དགོས་པས། ད་ལྟའི་བར་དུ་ལག་འཛིང་བྱེད་ཐུབ་མཁན་ཞིག་མེད། འོན་ཀྱང་། དེ་རིང་གི་རྩོད་གཞི་འདི་ནི་རང་རང་སྡེ་བའི་ཨ་ལགས་སམ་སྤྲུལ་སྐུ བླ་མ་ཡི་གྲུབ་རྟགས་ངོ་མཚར་ཅན་གཞན་གྱིས་བཙན་འཕྲོག་བྱེད་པ་ཡིན་པས། ལྷ་སྡེ་ཚོ་པ་གསུམ་པོའི་མང་ཚོགས་ཀྱི་སེམས་ནི་མེ་ལྟར་འབར་བཞིན་ཡོད།
སྟོན་ཆེན་ཞིག་ལ་མཚོན་ན། སྔོན་ལ་སྟོན་བཤད་དང་གླུ་ལེན་གར་རྩེ། རྗེས་ནས་ལ་གཞས་ལེན་པ་སོགས་གོ་རིམ་གཙོ་བོ་གསུམ་གྱིས་གྲུབ་ཡོད། སྟོན་མོའི་རྗེས་ཀྱི་རོགས་འཐེན་ནི་ན་གཞོན་ཕོ་མོ་དག་གིས་ནམ་ཡང་རེ་བ་བྱེད་ཀྱིན་ཡོད། སྐབས་ཤིག་ལ། ཁོ་ཚོའི་རེ་འདོད་ལྟར་སྐད་ངག་སྙན་པའི་གཞོན་ནུ་ཞིག་གིས་ལ་གཞས་ལེན་རྒྱུ་ཡིན་པའི་གནང་བ་ཞུས། གླུ་དང་སྟོན་བཤད་ལ་ཉན་པར་དགའ་བའི་ལོ་ལོན་དག་རང་རང་ས་ནས་ཡར་ལངས་ཏེ་ཕྱིར་མིག་ཡང་ཡང་བལྟ་བཞིན་རང་རང་གི་ཁྱིམ་དུ་བཞུད།
འགྲོ་མི་འདོད་པའི་ལོ་ལོན་ཚོ་སོང་རྗེས་ལྷ་བསུ་སྒང་དུ་ལུས་པ་ནི་གསར་བུ་གསར་མོ་ཚོ་རེད། བཀྲ་ཤིས་དང་ཚེ་རིང་། དོན་གྲུབ་གསུམ་གཙོ་བོར་གྱུར་པའི་གསར་བུ་ཚོས་ཆང་སྨྱོན་འཐུང་བྱེད་ཀྱིན་འཆལ ་གཏམ་སྣ་མང་བྱུང་རྒྱལ་དུ་སྨྲ་བཞིན་འདུག་ལ། སྐད་ངག་འཛོམས་པའི་གཞོན་ནུ་ཟུང་གིས་ལ་གཞས་ལེན་རེས་བྱེད། ད་དུང་ཆང་གི་བཟི་སྟེ་སྤང་ཐོག་ཏུ་གཡས་ལོག་གཡོན་ལོག་བྱས་པའི་གསར་བུ་དང་། ཆང་འཐུང་ཞོར་དུ་གསར་མོ་རྣམས་ལ་འདོད་གཏམ་སྣ་ཚོགས་ལབ་པའི་གསར་བུ། ཞེ་མཐུན་རོགས་ལོ་ཁྲིད་པའི་གསར་བུ་སོགས་འཇིག་རྟེན་འཁོར་བའི་ལྟད་མོ་སྣ་མང་ཞིག་ཡོད། རྣམ་པ་དེ་མཐོང་བ་ཙམ་གྱིས་གསར་བུ་གསར་མོ་ཚོའི་རང་དབང་གི་འཇིག་རྟེན་ནི་འདི་འདྲ་ཞིག་ལོས་ཡིན་སྙམ།
གློ་རྡེག་ལ། ལྷ་སྡེ་བར་མའི་ཚེ་རིང་གིས“ཧ་ཧ། གླང་རྐུན་དོན་གྲུབ་ཁྱོད་ནམ་ཞིག་ལ་གླང་སྨྱོན་དུ་གྱུར་པ་ཡིན་ནམ། རང་ཁ་གསེར་གྱི་སྒོ་མོ། རང་སྲོག་གཅོད་པའི་སྟ་རེ་རེད”ཅེས་དོན་གྲུབ་ལ་འཁོར་ཏེ་བཤད། གོ་ཐོས་ལ་དོན་གྲུབ་ཀྱིས་བ་གླང་ཞིག་བརྐུས་ཏེ་སྤྱི་བདེ་མི་སྣས་བཟུང་མྱོང་ཟེར། གླང་རྐུན་ནམ་ཞིག་ལ་གླང་སྨྱོན་དུ་གྱུར་པ་ཡིན་ནམ་ཞེས་པའི་ཚིག་འདི་ནི་ཚིག་གིས་གསོད་ཅེས་པའི་དཔེ་ལྟར་དོན་གྲུབ་ལ་མཚོན་ན་ཁོའི་སེམས་གསོད་བྱེད་ཀྱི་མཚོན་ཆ་རྣོན་པོ་ཞིག་ཡིན་པས། ཁོ་ལ་གློག་གིས་བརྒྱབ་པ་དང་འདྲ་བར་ཡར་ལངས་ཏེ་ཤེལ་དམ་ཞིག་གིས་ཚེ་རིང་གི་མགོ་ལ་མཇལ་ཁ་བཞག
གླང་རྐུན་གཉོམ་ཆུང་ཞིག་སྐད་ཅིག་ཉིད་ལ་གླང་སྨྱོན་དུ་གྱུར་འགྲོ་བ་ནི་ཚེ་རིང་གི་སེམས་ལ་ཡང་འཆར་མེད་པས“ཁྱོད་་་་་་ཁྱོད་་་་་་ཁྱོད་་་་་་”ཅེས་ལྐུགས་ཏེ་ཡུད་ཙམ་ལ་བསྡད་རྗེས་དོན་གྲུབ་ཀྱི་སྟེང་ལ་མཆོངས་འགོ་བརྩམས་མོད། སྡེ་མི་ཚོས་དམ་པོར་བསྡམས་ནས་ལག་ཐུག་ཏུ་མ་བཅུག
དོན་གྲུབ་ཀྱིས“ཕ་བཟང་མ་བཟང་བཤད་དེ་དགོས་པ་ཅི་ཡོད། གཙོ་བོ་མི་ལ་སྙིང་དང་སྙིང་ལ་རུས་པ་དགོས། གསར་བུ་ངར་བ་ཡོད་ན་ད་ཤོག་ཡ”ཞེས་ཁ་ཤོམ་འཐེན། སིང་སྒྲ་ཞིག་གྲགས་པ་དང་མཉམ་དུ་ཁོའི་ཐོད་དཀྱིལ་ནས་ཁྲག་གི་མེ་ཏོག་འཐོར། དོན་གྲུབ་ལ་རྒྱག་མཁན་ནི་ལྷ་སྡེ་གོང་མའི་བཀྲ་ཤིས་རེད། བཀྲ་ཤིས་ཀྱིས“ཁྱོད་བྱེའུ་ཆུང་རྒུམ་གྱིས་རྒྱགས་ན། ང་བྱ་རྒྱལ་ཁྱུང་ལ་འཕུར་རྩལ་འགྲན་པ་ནི་སྙིང་རེ་རྗེ། ཁྱོད་བུ་ངར་ན། ད་ཤོག་ཡ”ཟེར་བཞིན་ཡང་བསྐྱར་ཤེལ་དམ་ཞིག་བཟུང་སྟེ་དོན་གྲུབ་ལ་ཅེར་འདུག དོན་གྲུབ་ཀྱིས་མགོ་ཡི་ཁྲག་དམར་འབྱིད་ཞོར་དུ“བཀྲ་ཤིས་ཁ་བདེ་ཁྱོད་ཀྱིས་ལྐོག་རྒྱག་བྱས་ཏེ་ཅི་བྱེད”ཟེར་བཞིན་བཀྲ་ཤིས་ཀྱི་སྟེང་ལ་བརྒྱུགས་པས་སྡེ་མི་ཚོས་ཚེ་རིང་བཏང་སྟེ་དོན་གྲུབ་བཟུང་།
“རྫ་ཁྲ་ཡག་ཕ་རོལ་རིག་སོང་། འབྲོང་མགོ་རྡོ་ཡིན་པ་ཤེས་སོང་།” བཀྲ་ཤིས་ཀྱིས་སྡེ་མི་ཚོས་དོན་གྲུབ་བསྡམས་འདུག་པ་མཐོང་སྟེ་སྐད་ཆེན་པོས་ཟུར་ཟ་བྱེད། སྐབས་དེར། ཚེ་རིང་གིས་ཤེལ་དམ་སྟོང་བ་ཞིག་གིས་བཀྲ་ཤིས་ལ་མཇལ་ཁ་ལྕི་མོ་ཞིག་བཞག་པ་ན། སུས་བརྒྱབ་འདི་བརྒྱབ་མི་ཤེས་པའི་ཤེལ་དམ་དང་དཀར་ཡོལ། སྡེར་མ། ཐ་ན་གོ་རེ་སོགས་ཀྱང་ལྷ་བསུ་སྒང་གི་བར་སྣང་དུ་ཕར་འཕུར་ཚུར་འཕུར་བྱེད། སྐད་ཅིག་ཉིད་ལ་ན་ཆུང་རྩེད་ར་ཆེན་པོ་དེ་ནི་ཟིང་ཟིང་ལང་ལོང་གི་འཐབ་ར་ཆུང་ཆུང་ཞིག་ཏུ་གྱུར།
ལྷ་སྡེ་ཚོ་པའི་སྐྱེས་མ་དག་ཀྱང་འཐབ་ར་དེའི་ནང་དུ་ཡར་རྒྱུགས་མར་རྒྱུགས་བྱེད། མཐོང་བ་ཙམ་གྱིས་ཕོ་མོ་ཡོད་ཚད་ཞུགས་འདུག་པ་དང་འདྲ་མོད། ཡིན་པ་ནི་ཁོ་མོ་ཚོས་ལུག་ཁྱུ་ནས་ཤ་གཟན་འཛིན ་པ་ལྟར་རང་རང་གི་སྐྱེས་པ་འཛིན་གྱིན་འདུག ཅུང་ཙམ་འགོར་བ་ན། གཡུལ་ལ་ཞུགས་པའི་གསར་རྒོད་རྣམས་རང་རང་གི་ཆུང་མས་བསྡམས་ཏེ་ཅི་ཞིག་འགྲུབ་སོང་བ་ལྟར་ས་རུ་བསྡད། ཁྲག་གིས་སྦགས ་པའི་བཀྲ་ཤིས་དང་ཚེ་རིང་། དོན་གྲུབ་གསུམ་ཡང་ཐང་ཆད་པའི་བྱིས་པ་པྲ་ཚག་གསུམ་དང་འདྲ་བར་དལ་ཅག་གེར་གྱུར་ཅིང་། འགུལ་ཙམ་ཡང་མི་བྱེད་པར་འདུག
སྡེ་མི་རྣམ་རྟོག་ཅན་ཚོའི་སེམས་སུ་རྟེན་འབྲེལ་བཟང་པོ་དག་བསོད་ཟད་ཁ་ཤས་ཀྱིས་བརླགས་སོང་སྙམ་སྟེ་རྣམ་རྟོག་ལངས་བཞིན་ཆང་ཁེར་འཐུང་བྱེད། བྱིས་པ་ཚོས་ནམ་མཁའི་ཕོ་གློག་དང་མོ་གློག་འཕྲད་དེ་གློག་དམར་དང་འབྲུག་སྒྲ་བྱུང་ལ། ཆུ་རྡུལ་དང་འཁྱག་རླུང་འཕྲད་དེ་ཆར་པ་བབས་པ་དང་ཆར་རྡུལ་ལས་ཉི་འོད་གསེག་འཕྲོ་བྱས་པས་འཇའ་ཤར་བ་ནི་རང་བྱུང་གི་སྣང་ཚུལ་ཞིག་ཡིན་མོད། ལྷ་སྡེ་ཚོ་པ་གསུམ་གྱིས་བརྩད་པ་འདི་དངོས་གནས་གཞན་གྱིས་གོ་ན་འཕྱ་བ་དང་དགོད་བྲོ་བའི་བྱ་བ་ཞིག་ཡིན་པས། དེ་རིང་གི་ཉིན་མོ་འདི་སྐད་ཅིག་ཉིད་དུ་འདས་ན་ཅི་མ་རུང་སྙམ་བཞིན་ཡོད།
ངོ་མ་རེད། རྟེན་འབྲེལ་ནི་མིའི་བློ་ཡིས་རང་བྱུང་གི་སྣང་ཚུལ་ལ་བཟུང་བའི་འདོད་ཚུལ་ཞིག་ཡིན་པས་དངོས་པོ་ལྟར་འཕྲོག་ག་ལ་ཐུབ། བཀྲ་ཤིས་དང་ཚེ་རིང་། དོན་གྲུབ་གསུམ་གྱི་མགོ་བོ་བཅད་ཀྱང་རྟེན་འབྲེལ་སུ་ཡིན་ཐག་གིས་ཆོད་དཀའ་བ་མ་ཟད། སྲིད་ཁྲིམས་དང་ཆོས་ཁྲིམས་གང་ལ་གཏུགས་ཀྱང་ཐག་གཅོད་དཀའ་བས། ཨ་ལགས་དང་སྤྲུལ་སྐུ། བླ་མ་ཚོ་ཕྱིར་ལྷ་བསུ་སྒང་དུ་གདན་འདྲེན་མི་བྱེད་ག་མེད་བྱུང་།
རྒན་པོ་ཁ་བདེ་ཞིག་གིས་ཕྱག་གསུམ་འཚལ་ཏེ“རིན་པོ་ཆེ་རྣམ་པའི་སྐུ་ལུས་དཀའ་ཚེགས་ལ་མ་འཛེམས་པར་ཕྱིར་ཕེབས་པར་སྐུ་དྲིན་ཆེ། ཁྱོད་རྣམ་པས་ཀྱང་དེང་མའི་གླུ་ཡི་འབྲུ་དང་ཚིག་གི་གདངས ་ལ་ཉན་ན་ཕལ་ཆེར་མཁྱེན་ཡོད་སྲིད། དེ་རིང་གི་ལྷ་སྡེ་ཚོ་གསུམ་གྱི་རྟེན་འབྲེལ་བཟང་པོ་དེ་བསོད་ཟད་ཁ་ཤས་ཀྱིས་བརྩད་དེ་ད་ལྟ་གྱོད་དུ་གྱུར་འདུག ཁྱེད་རྣམ་པས་གསལ་པོར་མ་བགོས་ན། རྩོད་གླེང་གི་མཇུག་སྡུམ་དཀའ”ཞེས་ཞུས།
ཨ་ལགས་དང་སྤྲུལ་སྐུ་གཉིས་ཀྱི་ཞལ་ལ་འཛུམ་ཙམ་བྱེད་པ་ལས་ཅི་ཡང་མ་གསུང་ལ། བླ་མ་ཚང་གིས “ལྷ་སྡེ་དད་ལྡན་མང་ཚོགས་ཀྱི་ཤེས་དགོས་པ་ཞིག་ལ། འབྲུག་སྒྲ་དང་སྦྲང་ཆར། མཇའ་ཚོན་གསུམ་ནི་གཅིག་ལ་གཅིག་བརྟེན་གྱི་བྱུང་བའི་མ་གཅིག་གི་སྤུན་ལྟ་བུ་ཡིན། དེ་རིང་ནས་བཟུང་ལྷ་སྡེ་ཚོ ་པ་གསུམ་པོ་ནི་ནང་མི་སྤུན་ཟླ་བཞིན་དུ་འགྲིག་མཐུན་ཡོང་བའི་རྟེན་འབྲེལ་བསྒྲིགས་པ་རེད། ངེད་གསུམ་གྱིས་ཀྱང་བསྐལ་པ་མ་སྟོང་བར་དུ་ལྷ་སྡེ་ཚོ་པ་གསུམ་པོ་འགྲིག་མཐུན་ཡོང་བའི་སྨོན་ལམ་ཡང་ཡང་འདེབས། ངེད་གསུམ་གྱི་ཁ་ལ་ཉན་ན། སྡེ་དཔོན་བཀྲ་ཤིས་དང་ལས་དཔོན་ཚེ་རིང་། གཉེར་དཔོན་དོན་གྲུབ་གསུམ་གཙོ་བྱས་པའི་གསར་བུ་ཚོས་འགྲན་སེམས་ལྷ་སྡེ་ནང་དུ་མ་བཅངས་པར་མཐུན་སྒྲིལ་བྱོས་དང་བསམ་དོན་ཆེན་པོ་འགྲུབ་ཡོང”ཞེས་གསུངས་མ་ཐག ལྷ་སྡེ་ཚོ་པ་གསུམ་གྱི་དད་ལྡན་མང་ཚོགས་ཀྱིས “ལགས་སོ། ལགས་སོ། ལྷ་རྒྱལ་ལོ། ལྷ་རྒྱལ་ལོ”ཞེས་སེམས་གཏིང་ནས་འཐད་པའི་ཁ་གཡང་འབྲུག་སྒྲ་ལྡིར་ལྡིར་དང་ཕྱག་ཡང་ཡང་འཚལ།
རྩོམ་ཁུངས། ངེད་དྲ་བ།