གཅེས་ལང་གི་བྱས་ཉེས།

སྟག་རིག་འབྲུག་ཐར།༼ཁྲི་ཀ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-11-28

  བྱིའུ་ཆུང་ཅོ་ཀའི་སྙན་གླུ་དང་ཤག་ཤག་བཞུར་བའི་ཆུ་ཕྲན།རྟ་ནོར་ལུག་གི་འབའ་ལྡིར་དང་སྦྲའི་ཁ་ཚུབ་ལས་འཕྱུར་བའི་དུ་ཞགས་སྔོན་མོ་སོགས་ཀྱིས་དྭངས་གཙང་ལྷད་མེད་ཀྱི་མཐོ་སྒང་ས་ཆར་ཡིད་དུ་འོང་བའི་མཛེས་ཆོས་གསར་བ་ཞིག་བསྣན་ཡོད་ཅིང་། སྤྱིའི་མཐོང་སྣང་ལ་རགས་ལྟ་ཞིག་བྱེད་དུས་ལྷ་བཟོ་མཁན་པོའི་པིར་རྩལ་ལས་ཐོན་པའི་རི་མོའི་བཞེངས་བཀོད་ཅིག་དང་དབྱེར་མ་མཆིས། ཨ་ཁུ་དཔལ་ལྡན་གྱིས་ཕྱག་སོར་དཔྲལ་ངོར་གཏད་ནས་འབྱམས་ཀླས་བདེ་སྐྱིད་རྩྭ་ཐང་གི་གཤོངས་ཁུགས་དེར་ཉི་འོད་གཉོམ་པོ་འཕྲོ་སྟངས་ཀྱིས་གྲིབ་གཟུགས་ཤིག་ནག་ཀྲིག་གེར་རིམ་གྱིས་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་པ་མཐོང་འཕྲལ། དོན་ཁོ་རེམ་མ་སྦྲ་སྒོར་བུད་དང་། འུ་ཚང་གི་ཕྱོགས་སུ་མགྲོན་པོ་ཞིག་སླེབས་འོང་ཚོད་འདུག་ཅེས་བྲེལ་འཚུབ་འདྲེས་མས་བཤད། བུ་དོན་ཁོ་ནི་ད་ཆ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དུ་སློབ་གཉེར་བྱེད་བཞིན་ཡོད་ཅིང་། རྒྱུན་པར་སློབ་སྦྱོང་ལ་དགའ་ཞིང་སྒྲིག་ལམ་བརྩི་བས་སློབ་གྲྭས་ཐེངས་དུ་མར་བཟང་གསུམ་སློབ་མའི་མཚན་སྙན་གྱི་ཆོ་ལོ་ཁོར་སྤྲད་མྱོང་བ་རེད། ལྷག་པར་ཟླ་གནང་གི་ཉིན་ཁ་ཤས་དང་དབྱར་དགུན་གནང་གི་སྐབས་སུ་སློབ་སྦྱོང་གི་ཆུ་ཚད་ཅུང་ཞན་པའི་སློབ་གྲོགས་རེ་འགའ་ཁོའི་གམ་དུ་ཟུར་ཁྲིད་ཡོང་བའང་རྒྱུན་མི་ཆད། རྐྱེན་དེའི་དབང་གིས་ཨ་ཁུ་དཔལ་ལྡན་གྱིས་ཁོ་ལ་འདང་རྩིས་ཧ་ཅང་ཆེ་བས་དཀྱིལ་འཁོར་ནང་གི་བུམ་པ་དང་རི་མོའི་ནང་གི་ཐིག་ལེར་གྱུར་ཡོད། ཏག་ཏག་ཨ་ཁུ་དཔལ་ལྡན་གྱི་རྣམ་འགྱུར་འདིས་ཉེ་འཁོར་རུ་སྡེ་ཕྲ་མོའི་སློབ་གྲོགས་ཤིག་གིས་དྲི་གཞིའི་རྒྱ་མ་གྲོལ་པར་དོན་ཁོར་འདྲི་རུ་ཡོང་བ་ཚོད་དཔག་ཙམ་བྱས་ནས་མཚར་ཉམས་ཀྱིས་ལག་ཟུང་རྒྱབ་ལག་བཅོས་ཤིང་རྡོག་སྣེ་གཡས་ཕྱོགས་སུ་ལན་འགའ་སྤོས་པ་དང་ཡང་རྒྱང་ལྟ་རེ་བྱེད་ཞོར་གཡོན་ཕྱོགས་སུ་རེ་འགའ་སྤོ་ཞོར་འགྲུལ་བ་སུ་ཞིག་ཡིན་མིན་གྱི་བདེན་པ་བདར་སྙམ་པའི་དགའ་ཚོར་གྱི་བཞིན་མདངས་ཤིག་ངང་གིས་ཤར། དོན་ཁོས་སྙིང་རྗེ་བའི་ཡ་ལན་ཞིག་སྤྲད་ནས་བག་ལྷོད་པའི་ངང་རིང་ལྟ་ཞིག་བྱེད་དུས། འཕྲུལ་རྟ་ཞོན་པའི་བསམ་འགྲུབ་བྱ་འཕུར་བ་ལྟར་འོང་བཞིན་པ་གསལ་བོར་ཚོར།མགོ་ཐོག་ལ་བྱ་འཕུར་མ་མྱོང་ཞིང་རྐང་འོག་ལ་ཁྱི་འཛུལ་མ་མྱོང་བའི་བསམ་འགྲུབ་ནི་རྫོང་དཔོན་བཀྲ་ཁོའི་བུ་ཡིན་ཞིང་། ཁྱིམ་ཚང་གི་རྒྱུ་འབྱོར་བའི་སྟོབས་ཤུགས་སམ་ཡང་ན་དཔོན་པོའི་བུ་ཡིན་སྙམ་པའི་ང་རྒྱལ་ཞིག་རྒྱུན་དུ་ཁོའི་འགྲོ་འདུག་སྤྱོད་གསུམ་ལས་མངོན་འོང་། དོན་ཁོ་དང་ཁོང་གཉིས་ཀྱིས་རྒྱུན་པར་སྐྱིད་ལ་ཁའི་རྩྭ་སྔོན་མཉམ་ཟ་དང་དུག་སྔོན་མོའི་ཆུ་མོ་མཉམ་འཐུང་བྱས་ནས་ད་ལྟའི་བར་ཁྱོད་ཀྱིས་མི་བཟའ་ན་ངས་མི་འཐུང་བའི་གྲོགས་མཆོག་དམ་པར་གྱུར་ཡོད་སྟབས། བསམ་འགྲུབ་ཀྱི་ལས་བྱ་མ་ལུས་དོན་ཁོས་སྒྲུབ་ཀྱིན་ཡོད་ཅིང་། རྒྱུགས་ཆེ་ཆུང་གང་ལའང་དོན་ཁོ་ནི་ཁོའི་རྒྱབ་རྟེན་དཔུང་གཉེན་བཅོལ་སའི་འཁར་བ་ལྟ་བུར་གྱུར། ཤུགས་རྐྱེན་ངན་པའི་དབང་གིས་དོན་ཁོ་ཡང་མཚམས་མཚམས་སུ་བསམ་འགྲུབ་དང་མཉམ་དུ་སློབ་བྱོལ་བྱས་ནས་རྒྱ་སྲང་མྱུལ་རྒྱུའི་ཁ་གྲངས་རིམ་བཞིན་ཇེ་མང་ནས་ཇེ་མང་རེད། མ་གཞི་བསམ་འགྲུབ་དང་དོན་ཁོ་གཉིས་ཀྱིས་ཕྱི་གྲོས་སྲ་མོ་ལྕགས་རི་འདྲ་འདྲ་དང་ནང་གྲོས་གོར་མོ་ཟླ་བ་འདྲ་འདྲ་འཐེན་ནས་ཐེངས་འདིའི་གཡོ་སྒྱུས་དོན་ཁོའི་འཆར་གཞི་ལེགས་འགྲུབ་ཀྱི་ཆེད་གྲོང་ཁྱེར་དང་ཁ་ཐག་རིང་བོའི་མཐོ་སྒང་གི་འབྲོག་ཁྱིམ་འདི་འདྲ་ཞིག་ལ་རྐང་གཟས་ནས་ཐང་ཆེན་པོ་ཤོག་སྐྱ་ལྟེབ་ལྟེབ། ལ་ཆེན་པོ་གྲུ་གུ་རྒོལ་རྒོལ། ཆུ་ཆེན་པོ་རྟ་རྔ་གཅོད་གཅོད་ལྟར་དཀའ་ཚེགས་འོ་བརྒྱལ་མ་མྱངས་པར་ཡོང་བ་ཐག་གིས་ཆོད། དེ་སྔ་བསམ་འགྲུབ་ཀྱི་ཁྱིམ་གྱི་གནས་ཚུལ་མཐའ་དག་ཨ་ཁུ་ལ་བཤད་མྱོང་བས། ཨ་ཁུས་བསམ་འགྲུབ་ཡིན་པ་ཤེས་ནས་སྣེ་ལེན་ལ་སྤྲོ་བའི་ཚུལ་གྱིས་རང་བྱུང་འཛུམ་ཆུང་ཞིག་བཏེགས་ནས་བསམ་འགྲུབ་ཁྱིམ་དུ་བསུས་ཤིང་འོ་ཇ་དཀར་ཡོལ་གང་། ཤ་སྡེར་འཇོག་ཅིག་མདུན་ཐད་ཀྱི་ཅོག་ཙེ་ཆུང་ངུ་དེའི་ངོས་སུ་བཤམས་ནས་ཟོ་ཟོ་འཐུང་འཐུང་གི་འགྲུལ་རྩིས་ཤ་ཉེ་བ་བྱས། དེ་ནི་ལོ་ངོ་དུ་མར་རང་གི་ཤ་ལས་ཆད་པའི་སྤུན་གྲོགས་ཤིག་དང་ཐོག་འཕྲད་པའི་བཟོ་ལྟ་དང་ཕལ་ཆེར་མཐུན་ལས་ཆེ། བསམ་འགྲུབ་ཀྱིས་རྒྱབ་ཀྱི་ཀོ་ཁུག་ནག་པོ་དེ་པང་ལ་བླངས་ནས། ཨ་ཁུ་དཔལ་ལྡན་ལ་ངོམ་སོའི་ཚུལ་དུ་ཁུག་མ་ལས་ལག་ཁྱེར་གློག་ཀླད་ཅིག་བླངས་ཤིང་། སྟབས་བདེ་བའི་སྒོ་ནས་ཁ་ཕྱེ་མ་ཐག ཨ་ཁུ་དཔལ་ལྡན་ཡ་མཚར་བའི་ངང་སྤྱན་ཟུང་ཟངས་ཕོར་འདྲ་བ་ཆེ་རུ་བགྲད་དེ་ཧ་ལས་ཤིང་ཧང་སངས་ནས་ཡུན་རིང་ལ་མ་ཞི་བ་རེད། ཁོས་ཆད་མ་མཐུད་ཀྱིས་དེང་སང་ཚན་རིག་གི་གློག་གི་ཀླད་པ་ཞིག་ཡོད་ཟེར་བ་དེ་འདི་མ་ཡིན་ནམ་ཞེས་མིག་ཧྲིག་ཧྲིག་གིས་ལྟ་དུས། བསམ་འགྲུབ་ཀྱིས་གློག་ཀླད་ཀྱི་འཆར་ངོས་སུ་སྣ་ཚོགས་པའི་ཚོན་ལྡན་འདྲ་པར་དང་། སྙན་འཇེབས་ཀྱི་གླུ་དབྱངས། བོད་ཀྱི་བརྙན་གཟུགས་ཐུང་ངུ་རེ་འགའ་རེས་མོས་སྒོས་དུས་ཚོད་ངེས་ཅན་ཞིག་ལ་ཤར་དུ་བཅུག་པར། ཁ་མེ་ཏོག་འཁོར་འཁོར་དང་ལག་ཐལ་མོ་སྦྱར་སྦྱར་ལྟར་མིག་གིས་ཕུར་ཚུགས་སུ་བལྟས་ནས་ཡུན་ཙམ་ལ་མིག་འབྱེད་འཛུམ་ཡང་བརྗེད་སོང་བ་འདྲ། ཁོ་གཉིས་ཀྱིས་ཁ་སྣའི་བར་ནས་རྫུན་ལབ་ཅིང་མཛུ་གུའི་བར་ལ་རི་བཀབ་ནས་མུ་མཐུད་དུ་ཨ་ཁུ་ལ་བཤད་ནས་མི་ཚར་བྲིས་ནས་མི་རྫོགས་པའི་གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་དང་དུང་དཀར་ཚིག་མཛོད་ཆེན་མོ་སོགས་ཡིག་ཆ་ཅི་རིགས་ཀྱང་གློག་ཀླད་འདིའི་ནང་དུ་བསྡུ་གསོག་བྱས་ཆོག་པའི་ཁྱད་ཆོས་བརྗོད་ཅིང་། མ་ཟད་འཛམ་གླིང་གོ་ལ་ཧྲིལ་བོའི་གནས་ཚུལ་གསར་བ་བསྡུ་ལེན་བྱ་ཐུབ་པ། ཐ་ན་ས་གནས་དང་རྒྱལ་ཁབ་མི་གཅིག་པའི་དུས་དང་ཡུལ་གྱི་ཚད་བཀག་ཇི་འདྲ་ཡོད་ཀྱང་རང་གི་གྲོགས་པོ་དང་གཉེན་ཉེ་སོགས་ཕན་ཚུན་རིག་ཐུབ་ལ། སྐབས་དོན་སྐད་ཆ་མང་པོ་ཡོད་ནའང་ལྷུག་པོར་བཤད་ཆོག་པའི་ཡོན་ཏན་རེ་རེ་བཞིན་བགྲངས་པ་ན། ཨ་ཁུ་དཔལ་ལྡན་དགའ་མགུ་ཡི་རང་ཚད་མེད་པ་ཞིག་སྐྱེས་ནས་རང་གི་ཚ་བོ་ལ་ཡང་འདི་ལྟ་བུའི་ཚན་རིག་གི་ཡོ་ཆས་ཤིག་ཅིས་ཀྱང་ཉོ་དགོས་ཞེས་ཐོལ་བྱུང་ཡ་མཆུ་མ་མཆུའི་བར་ནས་ཁས་བླངས་པའི་ཚིག་འབྲུ་འགའ་རང་དབང་བྲལ་བར་ལྷུང་སོང་བ་རེད། དེའི་མུར་དོན་ཁོ་དགའ་དྲགས་ནས་ཨ་ཁུའི་གདོང་ལ་ཤ་ཞེན་ཆེ་བའི་འོ་ཞིམ་པོ་ཞིག་བྱས་ཏེ་བཀའ་དྲིན་གྱི་ཚིག་འཇམ་པོ་འོ་མ་འདྲ་བ་བསྟུད་མར་བཤད་ཅིང་རེབ་འདིའི་གཡོ་ཇུས་འཆར་གཞི་བདེ་ལེགས་ངང་འགྲུབ་པར་བསམ་འགྲུབ་ལ་མིག་བརྡ་ཡན་གར་བ་ཞིག་ཀྱང་སྤྲད། ཉམས་འགྱུར་དེས་དོན་ཁོར་མཚོན་ན་བྱ་སྐྱ་ཀའི་མགོ་ལ་འཇའ་ཚོན་ཤར་ཞིང་འབུ་གྲོག་མའི་ལུས་ལ་གཤོག་དྲུག་རྒྱས་པ་དང་ཀུན་ནས་མཚུངས། ཞར་དུ་ཨ་ཁུས་ཁ་སྣོན་གྱི་ཚུལ་དུ་དགོད་འཛུམ་འདྲེས་མས་ཁྱེད་ཀྱིས་བློ་ཡིད་ཚིམ་པའི་སློབ་ཆེན་ཞིག་ལ་རྒྱུགས་འཕྲོད་ཚེ།  ཁྱོད་ཀྱི་འདོད་མོས་ལྟར་གློག་ཀླད་ཅིག་ཉོ་ཁོ་ཐག་ཡིན་ཞེས་བཤད་པར། དོན་ཁོས་ཀྱང་ཨ་ཁུའི་ཚིག་རྔ་སྐྱོང་ནས་གདེང་ཚོད་ཆེན་པོས་ཡ་ལན་ཡག་པོ་ཞིག་ལྡོན། དུས་ཀྱི་འགྲོས་དང་བསྟུན་ནས། དོན་ཁོས་བདེ་བླག་ངང་མཚོ་སྔོན་དགེ་ཐོན་སློབ་ཆེན་ལ་རྒྱུགས་འཕྲོད་པ་མ་ཟད། རྒྱུ་ཤུགས་གང་རུང་ནས་བསམ་འགྲུབ་ཀྱང་སློབ་གྲྭ་དེ་གའི་དངོས་གཞིའི་སློབ་མ་ཞིག་ཏུ་གྱུར་པས། ཁོང་གཉིས་ཉིན་མི་ཐུག་རུང་དགོང་ཐུགས་འཕྲད་ཡོད་པ་རེད། དུས་རྒྱུན་དུ་ཡང་དོན་ཁོས་ཁས་ལེན་དམ་བཅའ་ལས་ཐོབ་པའི་ལག་ཁྱེར་གློག་ཀླད་དེ་ཕྲག་སྟེང་དུ་འཕྲེད་གསེགས་སུ་ཁུར་ནས་སློབ་གླིང་གི་གྲུ་ཟུར་གང་རུང་ནས་སློབ་ཆེན་སློབ་མའི་མིང་བྱང་རྫིག་པོ་དེ་ངོམ་ཅི་ཐུབ་བྱེད། རིམ་བཞིན་གྲོང་ཁྱེར་གྱི་འཚོ་བ་ལ་གོམས་ལོབས་སུ་གྱུར་ཞིང་གྲོང་ཁྱེར་གྱི་འདུ་འཛི་རྒོད་པོས་དོན་ཁོའི་བསམ་པའི་འདུ་ཤེས་དང་སློབ་སྦྱོང་གི་རྣམ་འགྱུར་ཡང་ངང་ངམ་ཤུགས་ཀྱིས་ཇེ་ཞན་དུ་གྱུར། ལྷག་པར་དགོང་སྦྱོང་གྲོལ་རྗེས་བསམ་འགྲུབ་ལྟ་བུའི་སློབ་གྲོགས་སྐོར་དང་སྐོར་ཞིག་མལ་ཁང་དུ་མཉམ་དུ་འཛོམས་ནས་གློག་ཀླད་ཁྲོད་ཀྱི་རོལ་རྩེད་སྣ་ཚོགས་པ་སྟེ། ཤོག་ཕེའེ་དང་འཐབ་འཁྲུག་རོལ་རྩེད་སོགས་ལ་ཚོ་ཁག་གཅིག་ཏུ་བགོས་ཏེ་ཕན་ཚུན་དགྲ་ཟླའི་ཚུལ་འཆོས་བཟུང་ནས་རྩེད་འཇོའི་མུན་དོང་ལ་བྱིངས་ཤིང་། ད་དུང་ཁོའུ་ཁོའུ་བརྒྱུད་དེ་གྲོགས་པོ་གྲོགས་མོ་འདྲ་མིན་ལ་མངོན་ལྐོག་གང་རུང་གི་ལམ་ནས་ལྒིང་མོལ་བྱས་ཏེ་མཚམས་རེར་མཚན་སྐྱེལ་བའི་སྐབས་ཡོད་ལ། མ་ཟད་རྒྱུན་པར་དགོང་མོའི་ཆུ་ཚོད་གཅིག་ནས་གཉིས་རག་བར་དུ་རྩེད་མཚམས་མི་འཇོག་པར། གློག་ཀླད་ཁྲོད་ཀྱི་རོལ་རྩེད་སྣ་ཚོགས་པར་དགའ་བདེའི་དཔལ་ལ་རོལ་པས། ནངས་དགོང་སྦྱོང་ལ་གཟབ་ནན་སྒོས་རང་སྦྱོང་དང་དཔེ་ཀློག་གི་བྱ་བར་འཇུ་བ་ལྟ་ཅི།  ཐ་ན་ཕྱི་ཉིན་སློབ་ཁྲིད་ལ་ཞུགས་དུས་གཏི་མུག་གི་ར་རོས་བཟི་ནས་སྣོད་ཞབས་རྡོལ་དང་སྣོད་ཁ་སྦུབ་ལྟར་སློབ་ཁྲིད་ཀྱི་ནང་དོན་བློ་ངོར་ཡེ་ནས་འབྱོར་སྐལ་མ་བྱུང་རྐྱེན། བལྟས་བལྟས་རིག་རིག་ལ་དོན་ཁོའི་སློབ་སྦྱོང་གི་ཆུ་ཚད་མར་འཇགས་ཤིང་། སློབ་དཀྱིལ་རྒྱུགས་དང་མཇུག་རྒྱུགས་སྐབས་སུ་སྐར་གྲངས་དྲུག་ཅུ་ལོན་པའི་རེ་བའང་གཏིང་མཐའ་ནས་ཆད་འདུག ཐེངས་དུ་མར་ཁོའི་འཛིན་བདག་དང་བསླབ་ཁག་དགེ་རྒན་གྱིས་ཕན་པའི་ཚུལ་གྱིས་ཁ་ཏ་སློབ་གསོ་གནང་ནའང་། སྐབས་གླགས་དེར་འབད་པའི་བརྡ་ལ་མགོ་བོ་གུག་གུག་ལྡེམ་ནས་རང་གི་བྱས་ཉེས་ལ་འགྱོད་པའི་ཚུལ་གྱིས་ཉིན་རེ་འགར་ནངས་མོར་ལངས་ནས་བློ་སྐྱོར་དང་དགོང་མོའི་དགོང་སྦྱོང་གི་སྐབས་སུ་སློབ་གྲྭའི་དཔེ་མཛོད་ཁང་དུ་གཟུགས་རིས་ལན་འགའ་མཐོང་རྒྱུ་ཡོད་ཀྱང་ཕྱིས་སུ་སླར་ཡང་བརྗེད་ངས་རྐུན་པོས་ཁྱེར་ཏེ་རྩེད་འཇོའི་གཟེབ་ལ་ཚུད་བྱུང་།སྔོན་ཆད་ཨ་ཁུ་དཔལ་ལྡན་གྱིས་ཐ་ན་ཐེངས་རེ་གཉིས་ཙམ་ལ་ཡང་དོན་ཁོ་ཕྱུགས་རྫིར་མངགས་མ་མྱོང་ཞིང་དཀའ་ཚེགས་ཀྱི་ལས་ཀར་དེ་བས་ཀྱང་འཐམ་དུ་བཅུག་མ་མྱོང་བས་དོན་ཁོ་ངན་ལངས་སྐྱག་ལངས་སུ་སོང་ཡོད། ཨ་ཁུས་དུས་ད་བར་དུ་དབྱར་དགུན་སྟོན་དཔྱིད་དང་ཉིན་མཚན་དུས་དྲུག་ལ་མུག་གསོག་སྡུག་གསོག་བྱས་པའི་ཟོག་ལུག་ཆ་བོའི་དྲིན་ལ་དོན་ཁོ་ལྟོགས་ནས་སྐོམ་དུ་བཅུག་མ་མྱོང་ཞིང་གྲང་ནས་ངུ་རུའང་བཅུག་མ་མྱོང་བ་མ་ཟད། སློབ་གྲྭ་འགྲོ་སྐབས་འབྱོར་ལྡན་ཁྱིམ་ཚང་གི་བྱིས་པ་ཚོའི་ཕྱིའི་གོན་པ་སོགས་འཛད་སྤྱོད་ཀྱི་ཚད་ཅི་འདྲ་མཐོ་ན་དོན་ཁོ་ཡང་དེའི་ཚོད་ཀྱིས་ཨ་ཁུས་སྤར་ཁ་མ་ལྷོད་པར་ནུས་ཚོད་ཅི་ཚོད་ཀྱིས་སྒོར་མོ་བསྐུར་གྲངས་ནམ་ཡང་མཚམས་ཆད་མྱོང་མེད་པས་ནམ་ཡང་བུ་རེ་བ་ཅན་ལ་རེ་བཞག་དང་གོས་རི་མོ་ཅན་ལ་རྒྱང་བལྟས་བྱས་ཡོད། གཏམ་མི་ཁ་བརྒྱུད་ན་ཇེ་མང་ཞེས་པ་ལྟར་ཨ་ཁུ་དཔལ་ལྡན་གྱིས་དོན་ཁོ་སློབ་སྦྱོང་ལ་ཇེ་ཞན་དུ་གྱུར་བའི་གཏམ་ངན་དེ་ཐོས་རྗེས། ད་གཟོད་ཁ་འགྱོད་ཞེ་ནས་འགྱོད། ཞེ་འགྱོད་གཏིང་ནས་སྐྱེས་ཏེ་གློག་ཀླད་ནི་སློབ་སྦྱོང་གི་གེགས་ཆེན་པོ་ཞིག་ཡིན་པ་ར་སྤྲོད་བྱས་པ་དང་ཡོད་ཚད་གློག་ཀླད་ཅེས་པའི་དངོས་ཟོག་ཐན་ལྟས་འདི་ལ་ལན་པ་གཞི་ནས་ཤེས། དེའི་མི་ཚད་བསམ་འགྲུབ་དང་དོན་ཁོ་གཉིས་ཀྱིས་ཁ་ཡག་ལ་བསྒྱུར། མགོ་འོག་ལ་བསྡུས་པའི་གཡོ་ཇུས་ཀྱིས་ཨ་ཁུ་དཔལ་ལྡན་ལ་ཨུ་ཚུགས་མཐར་སྐྱེལ་ནས་གློག་ཀླད་ཉོ་རུ་བཅུག་པའང་ད་གཟོད་ཤེས་ཚོར་བྱུང་ངོ་།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཅེས་ལང་གི་བྱས་ཉེས།

2012-11-28 སྟག་རིག་འབྲུག་ཐར།༼ཁྲི་ཀ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།