སྒོ་བརྒྱབ་པའི་འཇིག་རྟེན།
༡
རླངས་འཁོར་དང་འཕྲུལ་རྟ། ས་རྐོ་འཕྲུལ་དང་ས་སྙོམས་འཕྲུལ། ད་དུང་ལྗིད་འདེགས་འཕྲུལ་འཁོར་དང་། ལྕགས་རིགས་གཏུབ་པ་དང་མཐུད་པར་བཀོལ་བའི་འཕྲུལ་འཁོར་སྣ་ཚོགས་ཀྱིས་ཁུལ་ཆུང་ཆུང་དེ་ཧ་ཅང་འུར་འུར་ཟིང་ཟིང་ཞིག་ཏུ་བཏང་འདུག་ལ། འཕྲུལ་ཆས་དེ་དག་གི་འུར་སྒྲ་དེ་དང་བསྟུན་ནས་ཁུལ་ཆུང་ཆུང་དེ་ ལའང་ངང་གིས་ཁྲ་ཁྲ་ རིག་རིག་གི་ཁ་དོག་ཞིག་ཀྱང་མངོན་འོང་གིན་འདུག།དེ་ནི་རྟ་གཡག་གི་འགྲུམ་འགྲུལ་དང་པགས་པ་ཡི་གྱོན་ཆས་བཟོ་བའི་གདོན་མའི་སྤྱི་ཚོགས་ཤིག་ནས།ཆ་འཕྲིན་ལག་རྩལ་དང་རྫས་ཀྱི་སྡེབ་སྤྱོར་སྣ་ཚོགས་ཤེས་བའི་དུས་རབས་ཤིག་དུ་ངང་གིས་བསྐྱོད་པའི་འཕེལ་རྒྱས་ཤིག་ཀྱང་ཡིན་པའི་དགའ་འོས་བ་ཞིག་ཀྱང་རེད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན།དེ་ནི་རང་བྱུང་གི་གཏེར་མཛོད་དང་ཚེ་སྲོག་དུ་མ་ཞིག་ལ་སྣང་ཆུང་དང་གཅེས་འཛིན་མི་བྱེད་པའི་རང་འདོད་ཅན་གྱི་སྲོག་ཆགས་གཅེར་བུ་དེས་རང་འདོད་ཀྱི་བདེ་སྐྱིད་འཚོལ་ཐབས་ཤིག་ཀྱང་ཡིན་པའི་སྡང་འོས་བ་ཞིག་ཀྱང་རེད།
༢
ཁུལ་ཆུང་ཆུང་དེ་ནི་ཁ་ནས་མ་ཎི་འདོན་ཞིང་ལག་ལ་རལ་གྲི་ཐོགས་པའི་ཤན་པ་དེའི་མདུན་གྱི་ཉམ་ཆུང་གི་ཚེ་སྲོག་དེ་དང་འདྲ་ཞིང་། ཅག་ཅོག་དང་ག་གུག་དུ་གནས་བའི་རྩྭ་ཆུ་རྒྱུ་སྣོད་ཀྱི་རྒྱུ་མ་དེ་དང་འདྲ་བའི་ སྲང་ལམ་དེ་དག་བརྒྱུད་རྗེས། གཞི་ནས་བཟོ་བསྐྲུན་གྱི་ལས་ལ་བྲེལ་བའི་Gབོད་ཡིག་སློབ་འབྲིང་ གི་སྒོ་ཆེན་ ལ་སླེབས་ཐུབ། སློབ་གྲྭ་དེ་ནི་ཁུལ་ཆུང་ཆུང་དེས་ནང་གི་ལས་ཁུངས་ཆུང་ཆུང་ཞིག་ཡིན་ལ། དཔེར་བཞག་ན་ ཁུལ་དེ་ནི་སྡེ་བ་ཆུང་ཆུང་ཞིག་ཡིན་པར་ཆ་བཞག་ན། Gབོད་ཡིག་སློབ་འབྲིང་ནི་དེས་ནང་གི་མི་གྲངས་ཅུང་ མང་བའི་ཁྱིམ་ཚང་ཞིག་ཡིན་ལ། ཁྱིམ་ཚང་སོ་སོའི་གནས་ཚུལ་དང་། དེས་ནང་གི་ཁྱིམ་མི་སོ་སོའི་རང་རང་ གི་ལས་ཀ་དང་བྱ་བ་མི་འདྲ་བ་བཞིན། སློབ་གྲྭ་དེས་ནང་གི་དགེ་སློབ་སོ་སོའི་རང་རང་གི་ལས་ཀ་དང་མོས་ འདུན། ཕུགས་བསམ་སོགས་ཀྱང་མི་འདྲ་ལ།སོ་སོ་རང་རང་གི་འཚོལ་སྙེགས་དེས་ལམ་ཁ་ན་ཤ་ཐང་ཐང་དུ་ འདུར་བཞིན་ཡོད། སློབ་གྲྭ་དེས་རྒྱ་སྒོའི་ཕྱི་རོལ་གྱི་འུར་ཟིང་གི་འཛེར་སྒྲ་དེ་དག་གིས་སུ་དང་གང་གི་སྣ་བར་ བཟོད་པར་དཀའ་བའི་འཛེར་སྣང་ཞིག་གིས་བཅུམ་དུ་བཅུག་འོང་མོད། སློབ་གྲྭ་དེས་མཐོ་ཞིང་བརྟན་པའི་རྒྱ་ ར་དེ་ནི་སྒྲ་རླབས་སྣ་ཚོགས་ཚགས་སུ་འབྱེད་ནུས་བའི་འཕྲུལ་ཆས་ཤིག་དང་མཚུངས་བར། སློབ་རའི་ནང་གི་ འཛེར་སྒྲ་དེ་ནི་ལྡབ་འགྱུར་གྱིས་ཇེ་འཇགས་སུ་བཏང་འདུག་ལ། དེ་བཞིན་དུ་སློབ་ཁང་དང་མལ་ཁང་སོ་སོ་ ནི་དེ་བས་ཀྱང་ཕྱི་ཡི་འཛེར་སྒྲ་ཡི་སྒྲ་རླབས་དེ་དག་གཏན་དུ་འགོག་པའི་སྲ་འཁྲེགས་ཀྱི་ཁེབས་མ་ཞིག་དང་ འདྲ་བར། ཡོད་ཚད་དེ་བས་ཀྱང་ཧ་ཅང་ལྷིང་འཇགས་སུ་བཏང་འདུག དེ་ནི་སློབ་གྲྭ་དེའི་རྒྱ་སྒོའི་ཕྱི་ རོལ་ གྱི་མི་ཚོགས་ཤིག་ལ་མཚོན་ན། ཁོ་ཚོ་ཐུན་མོང་ལ་འཚམ་པའི་ལྷིང་འཇགས་ཀྱི་ངལ་གསོའི་བསྟི་གནས་བཟང་ ཤོས་ཤིག་ཡིན་ནའང་། སློབ་གྲྭ་དེའི་ལྷིང་འཇགས་ཀྱི་ཁོར་ཡུག་དེ་ནས་འཚོ་བ་སྐྱེལ་བའི་སློབ་མ་ཚོ་ལ་མཚོན་ ན། དེ་ནི་དེ་འདྲའི་སྙིང་བོ་ཡོད་པའི་གནས་ཤིག་དང་། ངལ་གསོའི་བདེ་སྣང་ཐོབ་ཐུབ་སའི་གནས་ཤིག་མ་ ཡིན་ པར། ཁོ་ཚོ་ཁོ་ཚོའི་ལྷིང་འཇགས་ཀྱི་བསྟི་གནས་དེའི་ཕྱི་རོལ་གྱི་འུར་ཟིང་གི་འཚོ་བ་དེ་ལ་སྤྲོ་བཞིན་ ཡོད། དེ་ནི་སོ་སོའི་འགྱུར་ལྡོག་མེད་པའི་ཁོར་ཡུག་དེས་གནང་བའི་སུན་སྣང་རིགས་ཤིག་གིས་བསྐྱེད་པའི་ མཇུག་འབྲས་དེའང་ཡིན་སྲིད།
༣
ཁུ་སིམ་མེར་ཁྲིད་སྟེགས་སུ་འགྱིང་བའི་དགེ་རྒན་བཙན་པོ་དེས་བཀའ་བཀྱོན་ལ་གསན་པའི་སློབ་མ་དེ་ དག་ནི། དབྱིག་པ་ཕྱར་བའི་ཕ་མ་བཙན་པོའི་དེས་མདུན་གྱི་བུ་ཕྲུག་གཅེར་བུ་དེ་དག་དང་འདྲ་བར་ངུ་ཡང་ མ་སྤོབས་དགོད་ཀྱང་མ་ནུས་བར་ཁུ་སིམ་མེར་ཉེས་ཆད་ལྗི་མོ་ཞིག་མགོ་རུ་མི་འོང་བར་སྔོན་འགོག་རྒྱག་གིན་འདུག །
སྤྱིར་དགེ་རྒན་བཙན་པོ་དེ་དག་གི་བཀའ་བཀྱོན་དང་ལེན་མི་བྱེད་པའི་སློབ་མ་པྲ་ཚག་རེ་བྱུང་མྱོང་ ནའང་། རྒྱུ་རྐྱེན་དེར་དམིགས་ནས་སློབ་གྲྭའི་མགོ་ཁྲིད་བཙན་པོ་བཙན་པོ་དེ་དག་གིས་སློབ་གྲྭར་བཅའ་ ཁྲིམས་སམ་སྒྲིག་ལམ་བཙན་པོ་ཞིག་ཀྱང་བཟོས་ཡོད། དེ་ནི་སློབ་མ་པྲ་ཚག་དེ་དག་འདུལ་བྱེད་ཀྱི་ཁྲིམས་ ཐབས་བཙན་པོ་ཞིག་ཀྱང་རེད།
ཁྲིམས་ཐབས་དེས་རྐྱེན་གྱིས་ད་ལྟ་དགེ་རྒན་བཙན་པོ་དེ་དག་གི་བཀའ་བཀྱོན་ཚོའི་ཁྲིམས་ཐབས་དེས་ནང་ དུ་སློབ་མ་པྲ་ཚག་པྲ་ཚག་དེ་དག་གི་དགེ་རྒན་གྱི་བཀའ་བཀྱོན་གཙོའི་སློབ་གྲྭའི་སྒྲིག་ལམ་དེར་མི་མཐུན་པའི་དོན་རྐྱེན་གཅིག་བཟོས་ན། སློབ་མ་དེར་སྙིང་རྗེ་གང་ཡང་མེད་པར་སློབ་གྲྭ་ནས་ཕྱིར་ཕུད་གཏོང་གིན་ཡོད་ པའི་། སློབ་མ་དེ་དག་གི་པྲ་ཚག་གི་རང་གཤིས་རྒོད་པོ་དེར་བཅོས་བསྒྱུར་མི་བྱེད་ག་མེད་དུ་འགྱུར་ཡོད།
ཉིན་དེ་ནི་ཚ་གདུང་རབ་ཏུ་ཆེ་བའི་ཉིན་ཞིག་ཏེ། ཕལ་ཆེར་ས་གཞི་ཡོངས་རྫོགས་སྲེག་ལ་བྱེད་ཀྱིན་འདུག་ ལ། དེས་ཁར་ཉིན་དེ་ནི་དཔྱིད་དུས་ཀྱི་ཉིན་ཞིག་ཀྱང་ཡིན་པའི་དགེ་སློབ་ཡོད་ཚད་ལ་དཀའ་སྣང་དང་ གཉིད་སྣང་དུབ་པོ་ཞིག་ཀྱང་ངང་གིས་བསྐྱེད་འོང་གིན་ཡོད།
ཁུ་སིམ་ལྷིང་འཇགས་ཀྱི་སློབ་ཁང་དེ་ནི་བྱིས་གཉོར་ཁང་ཞིག་དང་འདྲ་ལ། སློབ་མ་དེ་དག་གི་མདུན་དུ་ བྱ་རྨང་ཡང་ཡང་རྒྱག་གིན་སློབ་ཁྲིད་ལྡབ་ལྡིབ་ཞིག་བྱེད་ཀྱིན་པའི་དགེ་རྒན་དེ་ནི་བྱིས་པ་གཉོར་སྐྱོང་བྱེད་ མཁན་དེ་དང་འདྲ་ཞིང་། ངག་གི་སློབ་ཁྲིད་ལྡབ་ལྡིབ་དེ་དག་ཀྱང་བྱིས་པ་དག་ལ་གཉིད་ཁུགས་བྱེད་དུ་ གཏོང་བའི་གླུ་དབྱངས་ཤིག་དང་ཀུན་ནས་མཚུངས།
གཉིད་འགུག་གླུ་དབྱངས་ལྟ་བའི་སློབ་ཁྲིད་དེ་མཇུག་རྫོགས་པ་ན། ཡང་བསྐྱར་གཉིད་འགུག་གླུ་དབྱངས་ ལྟ་བའི་སློབ་ཁྲིད་ཅིག་གི་མགོ་བརྩོམ་དགོས་བའི་། ཕལ་ཆེར་སློབ་ཐུན་བཞི་བར་ཐོན་དུས་སློབ་མ་ཡོངས་ རྫོགས་གཉིད་ཀྱིས་བཅུམ་ནས་ར་རོ་རུ་འགྱུར་འདུག །ཡིན་ནའང་དགེ་རྒན་བཙན་པོ་བཙན་པོ་དེ་དག་གིས་ སློབ་མའི་ སློབ་ཁྲིད་ལ་མི་ཉན་པར་མགོ་བོ་མདུན་ཅོག་ཏུ་བཞག་ནས་གཉིད་པར་དེ་འདྲའི་དོ་སྣང་བྱེད་ གྱིན་མེད་པ་འདྲ་ལ། ཁོ་ཚོའི་དོ་སྣང་བྱེད་ས་གཙོ་བོ་དེ་ནི་རིག་པ་གསལ་ཞིང་རྣམ་དཔྱོད་རྒོད་པའི་སློབ་ མ་དེ་དག་གིས་སློབ་ཁྲིད་ཀྱི་ལས་འགན་སྒྲུབ་བཞིན་པའི་དགེ་རྒན་དེ་དག་ལ་ཕྱིར་བཤད་པ་དང་། སློབ་ཁང་ ནས་འུར་རྒྱག་པ་དེ་ཡིན། དེ་བས་སློབ་ཁྲིད་ལ་དེ་འདྲའི་མོས་བ་མེད་པའི་སློབ་མ་དག་ནི་སློབ་ཁྲིད་དང་བོ་ འཚོགས་པ་ནས་བཟུང་གཉིད་དེ་སད་མྱོང་མེད། ཡིན་ནའང་དེ་འདྲ་བའི་སློབ་མ་ནི་འགའ་ཤས་ལས་མེད་དེ། ཕལ་ཆེར་སློབ་གྲྭ་དེར་ལྔ་དྲུག་ཙམ་ལས་མེད་ཞེས་བཤད་ནའང་ཆོག །ཡིན་ཡང་ད་ལྟ་དེ་འདྲ་བའི་སློབ་ མའང་ཉིན་རེ་བཞིན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།
༤
ནམ་རྒྱུན་ནུབ་ལྭ་རྙིང་བ་ཚི་དྲེག་ཅན་དེ་གྱོན་པའི་དགེ་རྒན་དེ་ནི་སློབ་གྲྭ་དེས་ནང་གི་མགོ་ཁྲིད་བརྗིད་ པོ་དེ་དག་གི་གཅིག་ཡིན་ལ། ཁོའི་མིང་ལ་སྐྱབས་ལོ་ཟེར། ཁོ་རང་སློབ་སྟོན་ཁང་གི་གཙོ་འགན་ཡིན་པས། སློབ་ཁྲིད་ཀྱི་ལས་འགན་ལྕི་མོ་ཞིག་ཁོའི་མགོ་ལ་བཞག་མེད་ལ། ཁོའི་ལས་འགན་དེ་ནི་འཛིན་གྲྭ་གཅིག་གི་ སྐད་ཡིག་དགེ་རྒན་བྱས་པའི་ཆོག །དེ་ལྟར་ནའང་ཁོ་ནམ་རྒྱུན་སློབ་གྲྭའི་གཞུང་དོན་དང་རང་ཉིད་ཀྱི་སྒེར་ དོན་ཡོད་ཚད་ལ་འདུར་དེ་སློབ་ཁྲིད་ལ་ཡོངས་བའི་དུས་ཚོད་ནི་ཉུང་ཉུང་ལས་མེད་མོད། རིམ་གྱིས་དེའང་མེད་པར་བཟོ་རྒྱུའི་ཐབས་ལ་འབད་དེ། སློབ་གྲྭའི་མགོ་ཁྲིད་གཞན་དག་ལ་རང་གི་འཛིན་གྲྭ་ གཅིག་ལ་སློབ་ཁྲིད་བྱེད་རྒྱུ་དེའང་ཅུང་དཀའ་སོང་ཞེས་རྒྱུ་མཚན་དང་གནས་ལུགས་མང་བོ་དྲངས་ནས་བཤད་ཅིང་། དེ་ལས་སླ་བའི་ལས་ཀ་ཞིག་ནི་སྙེད་མ་བྱུང་། སྤྱིར་ཡིན་ན་དབྱིན་ཡིག་དང་ཆ་འཕྲིན་ལག་རྩལ་སོགས ་ནི་སློབ་གྲྭ་དེར་ས་བཅད་མ་བཏང་བ་ཙམ་ལས་མེད་ལ་ད་དུང་དེ་དག་ལ་དོ་སྣང་ཡང་བྱེད་ཀྱིན་མེད་པས། དེ་དག་ལས་སླ་བའི་སློབ་ཁྲིད་ཞིག་ནི་མེད། ཡིན་ནའང་ཁོའི་ཁྲིད་གཞི་དེ་དག་ནི་གཞན་ལ་ཁྲིད་པ་མ་དགོས་ རང་ཉིད་ཀྱིས་ཀྱང་མི་ཤེས་བས། གནས་སྐབས་སུ་སྐད་ཡིག་དགེ་རྒན་བྱས་དེ་སྡོད་པ་ལས་ཐབས་གཞན་མ་ རྙེད། དེའང་ཁོ་རང་གཅིག་པུ་མ་ཡིན་ཏེ། ཁོ་ནི་དེ་ལྟ་བུའི་རང་གི་དཀའ་ལས་འཕྲི་མཁན་ཐོག་མ་དེ་ཡིན་ པ་ཙམ་ལས། ཁོ་ལ་འགྲན་བསྡུར་བྱེད་ཀྱིན་པ་འདྲ་བའི་དགེ་རྒན་མང་བོ་ཞིག་བྱུང་དང་བྱུང་བཞིན་ཡོད།
ཉིན་དེས་ཕྱི་དྲོའི་སློབ་ཐུན་དང་བོའི་ཅོང་བརྡ་དེས་ལྷིང་འཇགས་ཀྱི་སློབ་ར་དེ་ཀུན་ནས་དཀྲོགས་བྱུང་། སློབ་མ་དེ་དག་ལ་མདའ་ཡི་ཕོག་པ་བཞིན་སུག་གེར་བཏང་ཅིང་། ཅུང་ཙམ་གྱིས་ལྐོག་ལྐོག་ཏུ་ལྡིང་བའི་སྙིང་ ཆུང་དེ་དག་ལ་ངལ་གསོའི་ཤུ་རིང་རེ་བྱས་རྗེས། ཅི་མགྱོགས་གང་མགྱོགས་ཀྱིས་སློབ་ཁང་ལ་རྒྱུགས་མགོ་ བརྩམས། དེ་དང་བསྟུན་ནས་དགེ་རྒན་དག་གིས་ཀྱང་རང་རང་གི་གཞུང་ལས་ཁང་ན་རང་གི་ཁྲིད་གཞིའི་ དཔེ་དེབ་དེ་དག་མཆན་ལ་བཙུར་ནས་སློབ་ཁང་དུ་འགྲོ་བར་བརྩམ་གྱིན་ཡོད། སློབ་ཁྲིད་མེད་པའི་དགེ་རྒན་ དེ་དག་གིས་གློག་ཀླད་ལས་རྩེད་ཆས་ཀྱི་འགྲན་བསྡུར་བྱེད་པ་དང་། གང་འདོད་དུ་ཁ་བརྡ་བྱེད་པ། ད་དུང་ ཇ་ཕོར་དུ་ཆུ་རྒོད་བསུ་བ་སོགས་ལ་བྲེལ་བཞིན་ཡོད། དགེ་རྒན་སྐྱབས་ལོ་ནི་གང་འདོད་དུ་ཁ་བརྡ་བྱེད་དེ་ དག་གི་གྲས་སུ་ཡོད། སྐབས་ཤིག་ལ་གམ་གྱི་དགེ་རྒན་ཞིག་གིས་ཁོ་ལ་༼ ཕྱི་དྲོ་ཁྱེད་ལ་སློབ་ཁྲིད་མེད་དམ ༽ ཞེས་དྲིས་བར། གསར་དུ་རང་ཉིད་ལ་སློབ་ཁྲིད་ཀྱི་འགན་ཁུར་ཞིག་ཡོད་པ་ཤེས་བ་བཞིན། མྱུར་དུ་མདུན་ ཅོག་ཐོག་གི་སློབ་ཁྲིད་རིས་མིག་ལ་བལྟས། ཁྲིགས་སེར་ཉིན་དེས་ཕྱི་དྲོའི་སློབ་ཐུན་དང་བོར་ཁོ་ལ་སློབ་ཐུན་ ཞིག་ཡོད་པའི་། འདོད་ལ་མི་འདོད་ཀྱིས་གཞུང་ལས་ཁང་ནས་བུད་དེ་སློབ་ཁང་དེར་འགྲོ་མགོ་བརྩམས།
ཁུ་སིམ་མེར་ཡུན་རིང་རང་སྤྱོངས་བྱས་དེ་སློབ་ཁྲིད་ཀྱི་བགོ་སྐལ་ཐོབ་མ་མྱོང་བའི་སློབ་མ་དེ་དག །སློབ་ཁང་དེ་རུ་ཡིན་རིང་རྒྱང་སྤྱོད་བྱས་པའི་དམག་གི་རུ་དཔུང་ཞིག་དང་འདྲ་བར། ཁུ་སུམ་མེར་རང་ རང་གི་འདུག་སྟེགས་སུ་ཙོག་དེ་ལ་ལ་གཉིད་ཀྱང་ལ་ལས་ཁ་རོག་གེར་དཔེ་ཆར་བལྟ་བཞིན་ཡོད།
ཁུ་སིམ་ལྷིང་འཇགས་ཀྱི་སློབ་ཁང་དེས་སྒོ་མོ་དེ་ཁྲོག་གེར་ཕྱེས་བ་དེས། ལྷིང་འཇགས་དང་དཀྱེལ་ ཡངས་ཀྱི་ཁོར་ཡུག་ཆུང་ཆུང་དེ་ཀུན་ནས་དཀྲོགས་བྱུང་ལ། སློབ་མ་དེ་དག་གི་མིག་ཟུང་ལས་དངངས་སྐྲག་ གི་གཉོམ་མདངས་ཤིག་ཀྱང་ཐོལ་གྱིས་མངོན་བྱུང་། ཡུན་རིང་འགོར་རྗེས་དགེ་རྒན་སྐྱབས་ལོའི་དགོད་ཁ་ སློང་བྱེད་ལྟ་བུའི་། ཡང་ན་ཞེན་པ་ལོག་བྱེད་ལྟ་བུའི་སློབ་ཁྲིད་དེ་བྱེད་མགོ་བརྩམས་བྱུང་། སྤྱིར་ལོ་གཅིག་ གི་ཡ་སྔོན་དེ། སློབ་མ་དེ་དག་གི་དགེ་རྒན་དེས་སློབ་ཁྲིད་ལ་ཐོག་དང་བོར་ཉན་དུས། སློབ་ཁང་དུ་ཧ་ཅང་ ཚད་ལས་བརྒལ་བའི་དགོད་སྒྲའི་ཧབ་ཆ་ཡི་གང་ཞིང་། དེ་དང་བསྟུན་ནས་དགེ་རྒན་དེ་ཁྲོས་བའི་བཀའ་ བཀྱོན་འབྲུག་གྲགས་པ་འདྲ་བའི་དངངས་འདར་སྐྱེ་ཡོངས་བ་ཞིག་ཀྱང་བྱས་ལ། མཐའ་མར་དགོད་མཁན་ གྱི་གཙོ་བོ་ལྟ་བུའི་སློབ་མ་གཉིས་ལ་ཐོག་གིས་འཕང་བ་ལྟ་བའི་གཅར་རྡུང་མིག་གིས་མི་བཟོད་པ་ཞིག་ཀྱང་ བྱས་མཐར། སློབ་གྲྭ་ནས་ཕྱིར་ཕུད་བྱས། སློབ་འགྲིམ་ལ་མོས་བ་ཆེ་བའི་སློབ་མ་དེ་དག་གི་སེམས་ལ་དེ་ནི་ ཅི་འདྲའི་སྐྱི་གཡའ་བའི་དོན་དག་ཞིག་རེད་ཨང་།
ཁྲིད་སྟེགས་སུ་འགྱིང་བའི་དགེ་རྒན་སྐྱབས་ལོ་རང་གི་མདུན་གྱི་དཔེ་ཆ་དེའི་ཁ་ཕྱེས་དེ་སློབ་ཁྲིད་ གསར་བ་ཞིག་བྱེད་མགོ་བརྩམ་སོང་། སློབ་དེབ་ངོས་སུ་བྲིས་ཡོད་པའི་ལ་དོན་གྱི་གོ་དོན་དང་རྩ་ ཚིག་དག་ཆད་ཆོད་ཅིག་བཏོན་རྗེས། ཕྲད་ཀྱི་འཇུག་ཡུལ་དག་ཁྲིད་མགོ་བརྩམས། ༼ ས་的后面加སུ། ག་ད་བ་དང་ད་དྲག་གྱི་后面加ཏུ།…… ༽ ཞེས་བོད་རང་གི་སྐད་ཡིག་དེའང་རྒྱ་སྐད་ཆད་ཆོད་ ཞིག་གི་ཁྲིད་པར་བྱས། དེ་ནི་ཅི་འདྲའི་དགོད་ཁ་འཆོར་བྱེད་ཅིག་རེད་ཨང་། ཡིན་ནའང་སློབ་ཁང་དེའི་ ནང་གི་ སློབ་མ་དེ་དག་གི་སེམས་སུ་སྤས་བའི་ཟུར་ཟ་དང་འཕྱ་དགོད་དེ་དག །ཁོ་ཚོའི་གདོང་གི་སྐྱི་པགས་ ལ་ཕྲན་ཙམ་ཡང་ཕུད་ཕོད་ཀྱིན་མེད། དེ་ནི་ཁོ་ཚོའི་ཟུར་ཟ་དང་འཕྱ་དགོད་དེས་རྗེས་ན་འཇིགས་སུ་རུང་ བའི་ཉེས་ཆད་ལྗི་མོ་ཞིག་ཡོད་པ་སྔ་མོ་ནས་རྟོགས་ཡོད་པའི་ཡིན་སྲིད།
སྤྱིར་དགེ་རྒན་སྐྱབས་ལོར་ངན་གཤིས་ཤིག་ཡོད་པ་དེ་ནི་རང་གི་སློབ་ཁྲིད་དེ་མཇུག་རྫོགས་པའི་བར་ དུ་རྒྱ་སྐད་ཀྱིས་བཤད་ཤེས་རུང་མ་ཤེས་རུང་བཙན་ཚུགས་ཀྱིས་བཤད་ཀྱིན་ཡོད་པ་དེ་ནི། དེ་ནི་ཁོ་རང་རྒྱ་ སྐད་ལ་བྱང་ཆ་དོད་པའི་མ་ཡིན་ཏེ། དྲང་མོར་བཤད་ན། གོང་རུམ་ནས་ལྟ་རྟོགས་པ་རེ་ཐོན་དུས་ཁོའི་ངེས་ པར་དུ་རང་གི་གམ་ལ་ལོ་ཙཱ་བ་རེ་ཁྲིད་ཀྱིན་ཡོད། སྟབས་མ་ལེགས་པར་གོང་རིམ་གྱི་མགོ་ཁྲིད་བཙན་པོ་ རེར་ཐུག་དུས། ཁོ་ལ་སྡིགས་དམོད་དཔེ་མེད་པ་རེའང་བྱེད་ཀྱིན་ཡོད། ད་དུང་ཉེན་ཁ་ཅན་ཞིག་ལ་ཁོའི་གམ་ དུ་ལོ་ཙཱ་བ་ཡོང་དུ་མི་འཇུག་པར་ཁོ་ལ་བཙན་གྱིས་རྒྱ་སྐད་ཀྱང་བཤད་དུ་འཇུག་གིན་ཡོད། དེ་བས་མགོ་ཁྲིད་ བཙན་པོ་རེ་ཡིན་པ་ཤེས་དུས་ཁོ་རང་གི་ཚབ་ལ་རྒྱ་ཡིག་གི་དགེ་རྒན་རེ་མངགས་རྒྱུ་གང་སྙེད་བྱེད་ཀྱིན་ཡོད། ཡིན་ནའང་ཅི་གསུང་དང་ལེན་བྱས་དེ་སྡོད་དགོས་བའི་སློབ་མ་དེ་དག་གི་མདུན་དུ་ཁོ་ནི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཆེན་པོ་ཞིག་ཏུ་ངང་གིས་གྲུབ་ཀྱིན་ཡོད།
སྤྱི་ལོ ༢༠༡༢ ལོའི་ཟླ་བ་ ༩ བའི་ཚེས་༡༦
ཉིན་མལ་ཁང་ནས་རྫོགས
རྩོམ་ཁུངས། ངེད་དྲ་བ།