རྔུལ་ཁྲག་གིས་བརླན་པའི་དབྱར་རྩྭ་དགུན་འབུ།
དབྱར་ཟླ་དྲུག་པའི་ཚེས་ཆེན་བཅོ་ལྔའི་ཟླ་བ་ནི་དུང་ལྟར་དཀར་ཞིང་ཉ་ཡོངས་སུ་གང་བས། མི་རྣམས་ཀྱིས་དུང་ཟླ་དཀར་པོ་དང་ཉ་གང་ཟླ་བ་ཞེས་ཆེས་ལེགས་པའི་ཚད་གཞི་རུ་བཤད། ཡིན་ཡང་། དོ་དགོང་གི་ཨ་སྔོན་དབྱིངས་ཀྱི་ཟླ་བ་ནི་སྤྲིན་ནག་ཕོན་པོ་སྤྱང་ཁུ་ལྟ་བུ་ཞིག་གི་མཆེ་བ་གཙིགས་པའི་བར་དུ་ཚུད་འདུག་ལ། མདོག་དང་དབྱིབས་གང་ལ་བལྟས་ཀྱང་སྐྱོ་སྣང་གིས་ཁེངས་པའི་རྒན་པོ་ཞིག་གི་ངོ་གདོང་དང་ཡོངས་སུ་མཚུངས།
མག་མོག་གི་ཟླ་འོད་དང་འདར་སིག་སིག་བྱེད་པའི་སྐར་ཚོགས་ཀྱི་འོག་ཏུ། མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ཆིལ་ཆིལ་དུ་སྒྲོག་པའི་རླབས་སྒྲ་དང་རླངས་འཁོར་ཆེ་ཆུང་གི་ལྷང་ལྷང་དུ་སྒྲོག་པའི་དུང་བརྡ། ཆུ་བྱ་སྣ་ཚོགས་ཀྱི་སྙན་པའི་གྲེ་འགྱུར་བཅས་ནི་བསེར་བུ་རླུང་དང་བསྡོངས་ཏེ་ཕྱོགས་བཞིར་མཆེད་ཀྱིན་ཡོད་ལ། སྔོ་ལིང་ལིང་གི་རླབས་ཕྲེང་རེ་རེ་ནི་གཅིག་རྗེས་གཅིག་གིས་མ་ཆོད་པ་ཇི་བཞིན་མཚོ་འགྲམ་དུ་སྙེག་བཞིན་ཡོད།
མཚོ་འགྲམ་དང་ཐག་མི་རིང་བའི་དེའུ་འབུར་ཞིག་གི་སྟེང་དུ་ནག་རོག་རོག་གི་མི་ཞིག་བསྡད་འདུག་པ་ནི་མཚོ་སྐྱེས་རྡོ་རྗེ་རེད། ཁོའི་ངོ་གདོང་ནི་ཟླ་བའི་གཟུགས་བརྙན་ལྟར་སྤྲིན་གྱི་འགྱུར་བ་དང་བསྟུན་ནས་སྐྱོ་སྣང་དང་འཇིགས་སྣང་། ཞེ་སྡང་དང་ཐེ་ཚོམ་བཅས་ཀྱི་རྣམ་འགྱུར་ཞིག་སྐྱོ་ལྷང་ལྷང་གིས་མངོན་ཡོང་། ཁོའི་མིང་ལ་མཚོ་སྐྱེས་ཞེས་འབོད་དོན་ནི་ཨ་ལགས་རྟ་མགྲིན་ཚང་གིས་གསུངས་ན། སློབ་དཔོན་པདྨ་འབྱུང་གནས་ནི་མཚོ་ནང་གི་མེ་ཏོག་པདྨ་ལས་སྐྱེས་པ་ཡིན་པས། དེ་ལྟར་བཏགས་པ་ཡིན་ཟེར་མོད། ཁོ་རང་གིས་བཤད་ན། མཚོ་སྐྱེས་ཞེས་པ་ནི་མཚོ་སྔོན་པོའི་འགྲམ་ནས་སྐྱེས་པའི་དོན་དང་རྡོ་རྗེ་ནི་སྲ་ཞིང་མཁྲེགས་པ་དང་འགྱུར་བ་མེད་པའི་དོན་ཡིན་ཅེས་ཀུན་ལ་སྒྲོག་བཞིན་ཡོད། གང་ལྟར་ཁོ་ནི་མཚོ་སྔོན་པོའི་འགྲམ་ངོགས་ཀྱི་འབྲོག་ཁྱིམ་དཀྱུས་མ་ཞིག་ནས་སྐྱེས་པ་ཤ་སྟག་རེད།
མཚོ་སྔོན་པོའི་མིང་འདི་མི་སུ་ཞིག་གིས་ཐོས་མ་ཐག སྔོ་སང་སང་གི་ནམ་མཁའ་ཐང་དུ་ལྷུང་འདྲའི་མཚོ་མོ་དང་ཁྲ་ལམ་ལམ་གྱི་མེ་ཏོག་རླབས་ལྟར་གཡོ་བའི་མཚོ་ངོགས། སྔོ་ལྗང་ལྗང་གི་གོས་སྔོན་གདན་དུ་བཏིངས་འདྲའི་རྩྭ་ཐང་སོགས་སྐད་ཅིག་ཉིད་དུ་བློ་ངོས་ལ་འཆར་ཡོང་། ཁོར་མཚོན་ན། མཛེས་སྡུག་གི་ཞིང་ཁམས་དེའི་རི་ལུང་མཚོ་གསུམ་ལ་ཤིན་ཏུ་དགའ་ཞིང་། བག་ཡངས་སུ་རྒྱུ་བའི་རྟ་ནོར་ལུག་གསུམ་དང་མཚོ་ནང་དུ་ལྷོད་ཀྱིས་འཁྱུག་པའི་ཉ་མོའི་ཚོགས་ལ་ཤིན་ཏུ་དུངས།
ལྷག་པར། ཁོ་རང་སློབ་ཆུང་འགྲིམ་པའི་སྐབས་སུ། མཁས་དབང་དོན་གྲུབ་རྒྱལ་གྱིས་ཚིག་བརྩམས་ཤིང་མ་ཁྱེ་གཅོད་པ་ཐར་གྱིས་དབྱངས་སྦྱར་བའི《མཚོ་སྔོན་པོ》ཞེས་པའི་གླུ་དབྱངས་དེ་གླུ་བ་རྡོ་རྗེ་ཚེ་བརྟན་གྱིས་སྙན་མོ་ངག་ལ་བཀུགས་ཏེ་མདོ་དབུས་ཁམས་གསུམ་དུ་བསྒྲགས་པ་ནས། ཁོས《མཚོ་སྔོན་པོ》ཡི་གདངས་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ཏེ་ཉ་གསེར་མིག་དང་ལུག་གཡང་དཀར་བཅས་ཀྱི་འགྱུར་ལྡོག་ལ་དོ་སྣང་བྱེད་པའི་འགོ་བརྩམས།
ལོ་འགའི་ཡར་སྔོན་དུ། འབྲོག་ཁུལ་གྱི་རི་སྒང་ཀུན་ལ་ལུས་ཁམས་གསོ་ཞིང་ནད་བརྒྱ་འཇོམས་པའི་དབྱར་རྩྭ་དགུན་འབུ་སྐྱེས་པ་ནས། ཁོའི་ཕ་ཡུལ་གྱི་རྟ་ནོར་ལུག་གསུམ་འཚོ་སྐྱོང་བྱེད་པའི་འཚོ་བའི་གོམས་གཤིས་དེར་བརྡབ་གསིག་ཆེན་པོ་ཐེབས། དབྱར་རྩྭ་དགུན་འབུ་ནི་རྫ་སྒང་མཐོན་པོ་དང་རི་མཐོ་ས་ནས་སྐྱེས་པ་མང་ཞིང་། ས་དམའ་ས་དང་བདེ་ས་ནས་སྐྱེས་པ་ཉུང་བས། འབྲོག་ཁྱིམ་སོ་སོའི་ཡོང་སྒོ་ཡང་གནམ་ས་བླ་འོག་བརྗེ་བ་ལྟར་གྱུར།
མཚོ་སྐྱེས་རྡོ་རྗེ་ཚང་ལ་མཚོན་ནའང་། ཁོ་ཚང་གི་བདེ་ཞིང་སྙོམས་པའི་རྩྭ་ས་ནི་སྔོན་ཆད་རྟ་ནོར་ལུག་གསུམ་གྱི་ཤ་ཤེད་རྒྱས་པའི་གནས་མཆོག་ཁྱད་པར་བ་ཞིག་ཡིན་མོད། ད་ལྟ་དབྱར་རྩྭ་དགུན་འབུ་ཡི་ཤ་ཤེད་རྒྱས་པ་ཕར་ཞོག དབྱར་རྩྭ་དགུན་འབུ་སྐྱེས་པ་ཤིན་ཏུ་ཉུང་བས། ཁོའི་སེམས་པ་ནི་མཚོ་རླབས་འཕྱུར་བ་ཇི་བཞིན་འཇགས་ཐབས་བྲལ། ལོ་རེ་རེའི་དབྱར་ཟླ་དྲུག་པའི་དུས་སུ། དབྱར་རྩྭ་དགུན་འབུ་ཡི་ཡོང་སྒོ་སྤྱི་སྡོམ་བྱས་ཏེ་ཚར་ཡོད་པས། ལྷིང་འཇགས་ཀྱི་མཚན་མོ་རེ་རེར་ཁོ་རང་རྒྱབ་རི་སྒང་ལ་བུད་དེ་ནམ་མཁའི་ཟླ་བར་རྒྱང་བལྟ་བྱེད་བཞིན་ཁམས་གསེང་མི་བྱེད་ག་མེད་དུ་གྱུར།
དབྱར་རྩྭ་དགུན་འབུ་ཡིས་རོང་འབྲོག་མང་ཚོགས་ལ་ཀུ་རེ་བརྩེ་བ་དང་འདྲ་བར་ལོ་རེར་སྐྱེས་པ་མང་ཞིང་ལོ་རེར་སྐྱེས་པ་ཉུང་། རིན་གོང་ཡང་མཚོ་སྔོན་པོའི་ཆུ་རླབས་དང་ནམ་མཁའི་ཟླ་བའི་འཕེལ་འགྲིབ་ལྟར། མཚམས་རེར། དབྱར་རྩྭ་རགས་མོ་ཞིག་ལ་སྒོར་དྲུག་བཅུ་དང་ཕྲ་མོ་ཞིག་ལའང་སྒོར་སུམ་ཅུ་སྟེར། མཚམས་རེར། དབྱར་རྩྭ་རགས་མོ་ཞིག་ལ་སྒོར་སུམ་ཅུ་དང་ཕྲ་མོ་ཞིག་ལ་སྒོར་གསུམ་མ་གཏོགས་མི་སྟེར་བས། མ་རྩ་བརྡིབས་པའི་སྦྱིན་བདག་ལ་ལས་རང་ལུས་བྲག་ལ་བརྡབས་པ་དང་རང་སྲོག་ཆུ་ལ་ལྕེབས་པའི་དོན་དག་ཀྱང་བྱུང་དང་འབྱུང་བཞིན་འདུག
ད་ལོ་ཡང་འབྲོག་ཁུལ་ཡོངས་ནས་དབྱར་རྩྭ་དགུན་འབུ་སྐྱེས་པ་ཉུང་ལ། རིན་གོང་ཡང་ལྡབ་འགྱུར་གྱིས་མར་འགྲིབ་སྟེ། རོང་འབྲོག་མང་ཚོགས་ཀྱི་དབྱར་རྩྭ་དགུན་འབུ་རྐོ་སློག་དང་ཉོ་ཚོང་བྱེད་པའི་ཚ་ཚ་འུར་འུར་གྱི་ལས་སྒོ་དེ་ལྷོད་ཡེངས་སེར་བཏང་། མཚོ་སྐྱེས་རྡོ་རྗེར་མཚོན་ནའང་དེ་ལས་མ་འདས་པས། སྔ་མོ་ནས་ཁོ་ཚང་གི་རྒྱབ་རི་སྒང་ལ་བུད་དེ་མཁའ་དབུགས་དྭངས་མོ་རྔུབ་བཞིན་དལ་ཅག་ཅག་གིས་ནམ་མཁའི་ཟླ་བར་ཅེར་འདུག
ཁོའི་སྣང་བར་མཚམས་རེར་ཁོ་ནི་ནམ་མཁའི་ཟླ་བ་ཡིན་པ་དང་མཐའ་སྐོར་གྱི་རི་ལུང་ནི་ནམ་མཁའི་སྤྲིན་ཕུང་དུ་འགྱུར་ལ། མཚམས་རེར། ཁོ་ནི་མཚོ་སྔོན་པོའི་ནང་གི་ཟླ་བ་ཡིན་པ་དང་མཚོ་ནང་གི་ཉ་གསེར་མིག་ནི་ནམ་མཁའི་སྐར་ཚོགས་ཡིན་པའི་འཁྲུལ་སྣང་སྐྱེས། ཡང་མཚམས་རེར། ཁོ་ནི་ཁོའི་གྲོགས་པོ་བཀྲ་ཤིས་རྒྱ་མཚོ་ཡིན་ལ། ཁོ་ཚང་གི་རྩྭ་ས་དང་རྟ་ནོར་ལུག་གསུམ་ཡོད་ཚད་ནི་བཀྲ་ཤིས་རྒྱ་མཚོ་ཚང་གི་རྩྭ་ས་དང་རླངས་འཁོར་ཡིན་ན་སྙམ་པའི་འདོད་བློ་ཡང་སྐྱེས།
བཀྲ་ཤིས་རྒྱ་མཚོ་ནི་ཁོའི་མ་གཅིག་སྤུན་ལས་ལྷག་པའི་གྲོགས་པོ་བཟང་བོ་ཡིན། མཚན་མོ་རེ་རེ་ནི་ཁོ་གཉིས་ལ་དབང་བའི་ལྷིང་འཇགས་ཀྱི་དུས་སྐབས་ཤིག་ཡིན་པས། ཞག་གང་པོར་ཆང་རག་འཐུང་བཞིན་ནམ་མཁའི་ཟླ་བར་ཅེར་ཏེ། འཁྲུལ་སྣང་དང་འདོད་བློ་སྣ་ཚོགས་གླེང་སྟེ་བསྡད་མྱོང་།
གློ་རྡེག་ལ། “ཨེ་མ། ཁྱེད་ནི་མི་རིགས་ཀྱི་ལ་རྒྱ་དང་མ་འོངས་པའི་རེ་བ་རེད”ཅེས་གསལ་ཞིང་དག་པའི་རོལ་དབྱངས་ཤིག་གིས་ལྷིང་འཇགས་ཀྱི་མཚན་མོ་ཡོངས་སུ་དཀྲོགས་ཏེ་ཟླ་བར་ཅེར་འདུག་པའི་མཚོ་སྐྱེས་རྡོ་རྗེ་ཧང་སངས་པར་བྱས། ཁོས་འཚབ་འཚུབ་ཀྱིས་ལྭ་བའི་ཁུག་མ་ལས་ལག་འཁྱེར་ཁ་པར་བླངས་ཏེ་ཁ་ཕྱེས་པ་ན། བཀྲ་ཤིས་རྒྱ་མཚོས་དལ་ལྷོད་ལྷོད་ཀྱིས“ཨ་རོགས། ང་བཀྲ་ཤིས་ཡིན། དོ་དགོང་ཡང་ཁྱོད་ཀྱིས་ཟླ་བའི་ལྷ་མོར་སེམས་གཏམ་བཤད་ཀྱིན་ཡོད་དམ”ཞེས་དྲིས་བྱུང་།
བཀྲ་ཤིས་རྒྱ་མཚོ་ཡི་ཀུ་རེ་འདྲེས་མའི་སྐད་གདངས་ལ་བལྟས་ན། ཁོའི་དགའ་སྤྲོ་ནི་ཉ་གང་ཟླ་བ་བཞིན་རྒྱས་ཡོད་པ་རྟོགས་ཐུབ། ཡིན་ཡང་། མཚོ་སྐྱེས་རྡོ་རྗེ་ལ་མཚོན་ན། ཟུར་ཟ་འདྲེས་མའི་ཚིག་མདའ་རྣོན་པོ་ཞིག་ཡིན་པས། “དོན་དག་ཅི་ཞིག་ཡོད”ཅེས་འཐད་མི་འཐད་ཀྱི་སྒོ་ནས་དྲིས།
“དོན་དག་མེད་ན། ཁྱོད་ལ་ཁ་པར་གཏོང་མི་ཉན་པ་ཨེ་རེད། ཨ་ལ། ཀུ་རེ་ཡིན། ཁྱོད་ཀྱིས་སྒུགས་དང་། ང་ཡང་མྱུར་དུ་ཐོན་ཡོང་།” བཀྲ་ཤིས་རྒྱ་མཚོ་ཡི་དེ་ལྟར་བཤད་མཚམས་བཞག
དབྱར་རྩྭ་དགུན་འབུ་ཡིས་ཁོ་གཉིས་ཀྱི་དབུལ་ཕྱུག་གི་ཁྱད་པར་ཕྱེས་པ་ནས། གཅིག་གི་བཤད་ཚུལ་དང་གཅིག་གི་ཉན་ཚུལ་ཞེས་པའི་དཔེ་ལྟར་ཁོ་གཉིས་ཀྱི་ཁ་བརྡ་ནི་སེམས་གཏམ་ཡིན་ནའང་ཚིག་རྩོད་མ་འདྲེས་པ་གཅིག་ཀྱང་མེད། ཡིན་ཡང་། མཚོ་སྐྱེས་རྡོ་རྗེ་ཡི་སེམས་ཁམས་མི་སྐྱིད་པའི་དུས་སུ། རང་དབང་མེད་པར་ཁོའི་གྲོགས་པོ་བཀྲ་ཤིས་རྒྱ་མཚོ་དྲན་ཡོང་།
བཀྲ་ཤིས་རྒྱ་མཚོ་ནི་ཁོ་ལས་ལྡོག་སྟེ། དབྱར་རྩྭ་དགུན་འབུའི་དྲིན་གྱིས་ཕྱུག་པོ་ཆེན་པོ་ཆགས་ཡོད་པས། ངོ་ཤེས་པའི་རོང་འབྲོག་མང་ཚོགས་ཀུན་གྱིས་ཁོར་སྦྱིན་བདག་བཀྲ་ཤིས་ཞེས་འབོད། སྤྱིར་སྦྱིན་བདག་ཅེས་པའི་མིང་འདི་ནི་རྒྱུ་ནོར་སོགས་སྦྱིན་པ་གཏོང་མཁན་ལ་འབོད་པ་ཡིན་མོད། ད་ལྟའི་དུས་འདིར་རྒྱུ་འབྱོར་པ་ཅན་ལ་འབོད་པའི་མིང་བརྡ་ཞིག་ཏུ་གྱུར་འདུག
བཀྲ་ཤིས་རྒྱ་མཚོའི་གཤིས་སྤྱོད་ཀྱང་ཁོ་དང་གཏན་ནས་མི་འདྲ་བར་ཆུང་དུས་ནས་རྒྱུ་མེད་ཀྱང་རྒྱས་པོ་བྱ་རྒྱུ་ཤིན་ཏུ་དགའ། ཁོ་གཉིས་སློབ་གྲྭ་འགྲིམས་པའི་དུས་སུ། ཁྱིམ་ཚང་གི་རྒྱུ་འབྱོར་པའི་ཕྱོགས་ནས་ཁོ་རང་བཟང་མོད། གྱོན་ཆས་ཀྱི་ཕྱོགས་ནས་བཀྲ་ཤིས་རྒྱ་མཚོ་ནི་གནམ་དང་ཁོ་ནི་ས་ལྟ་བུའི་ཁྱད་པར་ཡོད། རྒྱུ་མཚན་ནི་བཀྲ་ཤིས་རྒྱ་མཚོ་ཡིས་ཁྱིམ་ནས་བསླངས་པའི་སྒོར་མོ་ཡོད་ཚད་ཀྱིས་གྱོན་ཆས་ཉོ་བ་མ་ཟད། ཁོ་ལ་གོས་ལྭ་གསར་པ་ཞིག་ཡོད་ན། དེ་ནི་བཀྲ་ཤིས་རྒྱ་མཚོ་ཡི་ཤོམ་ལྭ་རུ་འགྱུར་སྲིད་ལ། ཡག་པོ་ཡིན་ན་ཁོ་ལ་ཡང་མི་དབང་། དེའི་ཕྱིར། ད་ལྟ་ཡང་བཀྲ་ཤིས་རྒྱ་མཚོས་རྒྱས་བཟའ་རྒྱས་འཐུང་བྱས་བྱེད་པ་ནི་སྡེ་མི་གཞན་ལས་འགོངས་པ་གདོན་མི་ཟ།
བཀྲ་ཤིས་རྒྱ་མཚོ་ཡིས་རླངས་འཁོར་ཉོས་པའི་ཁ་གྲངས་དང་ཆུང་མ་བླངས་པའི་གྲངས་ཀ་ནི་ཡར་ངོས་ཟླ་བཞིན་འཕར། སྤྱིར་ཡིན་ན། འབྲོག་ཁྱིམ་དེ་རྟ་ནོར་ལུག་གསུམ་གྱིས་བསྐོར་དགོས་མོད། ཁོ་ཚང་གི་ཁང་པ་ནི་རླངས་འཁོར་ཆེ་ཆུང་མང་པོས་བསྐོར་ཡོད་པས། མཐོང་བ་ཙམ་གྱིས་ཁོ་ཚང་ནི་རླངས་འཁོར་འཚོ་སྐྱོང་བྱེད་པའི་འབྲོག་ཁྱིམ་ཞིག་དང་མཚུངས། ད་ལྟ་ཁོས་བསྐོར་བའི་རླངས་འཁོར་ནི་སྒོར་ཁྲི་སུམ་ཅུ་ལྷག་གི་པོད་མ་(宝马)ཟེར་བ་ཞིག་ཡིན། མིང་འདི་ནི་དབྱིན་སྐད་BMWདེ་རྒྱ་སྐད་ལ་ཐད་བསྒྱུར་བྱས་པ་རེད། རྒྱ་སྐད་དེ་བོད་སྐད་ལ་བསྒྱུར་ན། རྟ་མཆོག་རིན་པོ་ཆེ་ཞེས་བཏགས་ཆོག་ཆོག་ཡིན། རྒྱུ་མཚན་ནི་རླངས་འཁོར་དེ་ནི་བུང་བུའི་གྲས་ཀྱི་རྟ་མཆོག་ཅང་ཤེས་ཇི་བཞིན་བརྒྱུགས་ན་མགྱོགས་ཤིང་བསྡད་ན་བདེ་བ་མ་ཟད། དབྱིབས་དང་ཁ་དོག་སོགས་ཀྱང་རླངས་འཁོར་གཞན་ལས་ཁྱད་དུ་འཕགས།
ཆུང་མ་ཡང་ཁོ་ལ་ས་ཆ་རེ་ན་གཅིག་རེ་ཡོད། ཡུལ་ཕ་མས་བླངས་པའི་ཁྱིམ་གྱི་ཆུང་མ་མ་གཏོགས། གཞན་དག་ནི་ལྟ་བས་ཆོག་མི་ཤེས་པའི་མཛེས་མ་ཏག་ཏག་ཡིན། ད་ལྟ་ཁོ་རང་གི་འདང་ཆེན་དུ་གྱུར་ཡོད་པ་ནི་ཡག་མོ་སྒོ་དང་གཟུགས་སྐྱེས་ལུས་གཉིས་ཀ་འཛོམས་པ་ཞིག་སྟེ། ཡག་བཏོད་ཕྱོགས་དང་གོས་གྱོན་ཕྱོགས་ལས་མོ་ནི་ལོ་བཅུ་དྲུག་ཡས་མས་ཀྱི་གཞོན་ནུ་མ་ཞིག་རེད། མི་ཆ་མེད་ཚང་མས་ཁོ་གཉིས་མཐོང་མ་ཐག“ཁྱོད་ཕ་བུ་གཉིས་གང་དུ་འགྲོ་བ་ཡིན་ནམ”ཞེས་འདྲི་སྲིད། ད་ལྟ ་ཁོ་རང་གང་ལ་འགྲོ་ན་རླངས་འཁོར་པོད་མ་བསྐོར་ཏེ་སྙིང་སྡུག་གཞོན་ནུ་མ་དེ་རྗེས་སུ་ཁྲིད་ཡོད།
ཁོའི་བཅའ་སྲོལ་ལས་སྲོལ་འདི་དག་ནི་མཚོ་སྐྱེས་རྡོ་རྗེ་ཡི་སྙིང་གི་ཚེར་མ་ལྟར་གྱུར། ལྷག་པར། ཁོས་ཁྱིམ་གྱི་ཆུང་མ་དང་བུས་ཕྲུག་དག་ལ་ཁ་ཡ་མི་བྱེད་པར་རྩྭ་ས་ཁོ་ན་བདག་ཏུ་བཟུང་བ་མ་ཟད། སྡེ་པའི་རྩྭ་ས་ཡོད་ཚད་ཀྱང་ཁོས་ཁ་པར་གྱི་ལམ་ནས་ས་བདག་དང་ཉོ་བདག་མཚམས་སྦྱོར་བྱས་ཏེ་འཚོང་བཞིན་ཡོད་པས། ངལ་བ་སྤུ་ཙམ་ཡང་མེད་པར་བར་ཁེ་མཐོན་པོ་ལེན་ཐུབ། ཐེངས་ཤིག་ལ། ཁོ་བཟི་སྟེ“ངས་སྡེ་པའི་རྩྭ་ས་འཚོང་རོགས་བྱས་ན། ཉུང་བརྩིས་བྱས་ཀྱང་ཁྱིམ་ཚང་རེ་ནས་སྒོར་ཁྲི་གཉི་རེ་ལོན་ཐུབ”ཅེས་བཤད་པས། མཚོ་སྐྱེས་རྡོ་རྗེ་ཡིས་ཚམ་ཚོམ་མེད་པར་ཁོའི་མགོ་བོར་ཆང་དེམ་གྱིས་མཇལ་ཁ་བཞག་སྟེ། ཁོ་གཉིས་ཀྱི་བརྩེ་འདང་གི་རི་མོའི་སྟེང་དུ་ཁྲག་གི་རྨ་ཁ་བཟོས་མྱོང་།
“སྙིང་ཉེ་མ། ཉིན་འགའི་རྗེས་སུ་ཁྱོད་ལ་བལྟ་རུ་ཡོང་ཆོག ད་ལྟ་ང་རང་ལྷ་ས་ན་ཡོད།”དེ་ནི་བཀྲ་ཤིས་རྒྱ་མཚོ་ཡིས་གཞོན་ནུ་མ་ཞིག་ལ། རྫུན་གཏམ་གྱི་འཁོར་ལོ་བསྐོར་བཞིན་པ་མཚོ་སྐྱེས་རྡོ་རྗེ་ཡིས་གསལ་པོར་རྟོགས་སྟེ་ཁ་ཡའང་མ་བྱས།
བཀྲ་ཤིས་རྒྱ་མཚོས“ཉིན་འགར་མ་ཐུག་ན། ཁ་པར་བཏང་སྟེ་སྡོད་དུ་མི་འཇུག ངོ་མས་སུན་ནི་ཞིག་རེད”ཟེར་བཞིན་ལག་གི་ཁ་བའི་མེ་ཏོག་རྟགས་ཅན་གྱི་སྦི་རག་ཤོག་སྒམ་བཞི་སར་བཞག་སྟེ “ཨ་ལས་ངན་པོ། ཁ་མ་གྲག་པར་དེ་ལྟར་སྒོང་ནས་བསྡད་ན། ཁྱོད་ཀྱི་ཚུགས་ཀ་ནི་འུག་རྒན་མ་ཞིག་དང་ཨ་ན་མ་ན་རེད། ཧ་ཧ་ཧ”ཞེས་ཧབ་ཆ་བརྒྱབ།
མཚོ་སྐྱེས་རྡོ་རྗེ་ཡི་སྣང་བར་ཧབ་ཆ་དེ་ནི་བྲག་ཆ་ཞིག་དང་འདྲ་བར་ཡུན་རིང་དུ་ཁོའི་རྣ་དབང་ལས་ཡལ་མ་ཐུབ་པས། སེམས་སུ་འདྲེ་རྒན་འདི་དགའ་ཡོད་པར་བརྟགས་ན། ད་ལོ་ཡང་རོང་འབྲོག་མང་ཚོགས་མང་པོ་ཞིག་གི་མགོ་བོ་བརྡུངས་ཡོད་པ་འདྲ་སྙམ་སྟེ“ངའི་ཚུགས་ཀ་འུག་རྒན་ཞིག་དང་འདྲ་བར་སྐྱོན་ཆེན་པོ་མེད། དེ་ནི་ལོ་རྒས་པའི་རྟགས་རེད། ཁྱོད་ཀྱི་ལས་སྲོལ་ནི་འུག་རྒན་ལས་ཀྱང་སྡུག་པ་འདི་ནི་ཧ་ལས་དགོས་པའི་དོན་ཆེན་ཞིག་རེད”ཅེས་བཤད།
བཀྲ་ཤིས་རྒྱ་མཚོས“ད་ནངས་ནས་མགོ་བོར་ཟ་ཕྲུག་ལངས་ཏེ་མི་བཟོད་པ་དང་། ད་ལྟ་ཁྱོད་རང་ཁོང་ཁྲོ་ལངས་ཡོད་པར་བལྟས་ན། དོ་དགོང་ཡང་ཁྱོད་ཀྱིས་ང་ལ་མཇལ་ཁ་ལྕི་མོ་ཞིག་གནང་རྒྱུ་ཡིན་པ་འདྲ། ཡིན་ཡང་། ཁྱོད་ཀྱིས་མཇལ་ཁ་ཇི་ལྟར་གནང་ཡང་ང་རང་སྐྲག་དོན་སྤུ་ཙམ་ཡང་མེད། རྒྱུ་མཚན་ནི་འདི”ཞེས་སྦི་རག་གི་སྣོད་ལྕགས་ཀྲིན་ཡིན་པ་བསྟན་ཏེ་ཁ་ཕེག་སེ་ཕྱེས།
“སྦི་རག་གི་སྣོད་འདི་ལྕགས་ཀྲིན་ཡིན་པ་བདེན་མོད། ཁ་མ་ཕྱེས་པར་བརྒྱབ་ན། མི་ཞིག་གསོད་མི་ཐུབ་ཀྱང་འུག་རྒན་ཁྱོད་རང་འཆི་ལམ་དུ་བརྫང་ཁོ་ཐག་རེད།” མཚོ་སྐྱེས་རྡོ་རྗེ་ཡིས་སིར་སིར་སིར་འཕྱུར་བའི་སྦི་རག་ཉུང་ཙམ་འཐུང་རྗེས་དེ་ལྟར་སྨྲས།
“གཞན་གྱི་མིག་ལམ་དུ་ང་ནི་སྦྱིན་བདག་ཆེན་མོ་དང་ཚོང་དཔོན་ཆེན་མོ། སྙིང་སྡུག་དགའ་ལོ་སོགས་ཡིན་མོད། ཁྱོད་ཀྱི་སེམས་ནས་ང་རང་ནམ་ཡང་འདྲེ་རྒན་དང་ཁྱི་རྒན། བླུན་རྒན། འུག་རྒན་སོགས་སུ་འགྱུར་དོན་ཅི་རེད།”
མཚོ་སྐྱེས་རྡོ་ཡིས་མྱུར་དུ“བླུན་རྒན། མི་གཞན་གྱི་མིད་ཐག་ཕྲ་མོ་ཡན་གྱི་སྐད་ཆ་ལ་ཡང་ཡིད་ཆེས་སམ། ཁྱོད་རང་ངས་བཤད་པ་ལྟར་མིན་ན། ད་ལྟ་རོང་འབྲོག་མང་ཚོགས་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་ཡོད་མོད། ཁྱོད་གཅིག་པུ་འུག་རྒན་མ་ཞིག་དང་འདྲ་བར་ཧབ་ཆ་རྒྱག་དོན་ཅི་རེད” ཟེར་བཞིན་སྦི་རག་ལྕགས་ཀྲིན་གང་འཐུང་ཐེངས་གཅིག་གིས་ཚར།
ཁོའི་བཤད་པ་ལྟར། ད་ལོ་དངོས་ནས་རོང་འབྲོག་མང་ཚོགས་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་ཡོད། འབྲོག་པ་མང་ཚོགས་ལ་མཚོན་ན། སྔོན་ཆད་ནས་དབྱར་རྩྭ་དགུན་འབུ་ནི་གནམ་རྒན་མས་གནང་བའི་འཛད་མེད་རིམ་འབྱུང་གི་ལེགས་སྐྱེས་རེད་འདོད་དེ། གོས་གདན་བཏིངས་འདྲའི་རྩྭ་ས་ལ་སེར་སྣ་དང་ཕངས་སེམས་སྤུ་ཙམ་ཡང་མེད་པར་འཚོང་བཞིན་ཡོད། དབྱར་རྩྭ་དགུན་འབུའི་ཡོང་སྒོ་བཟང་དུས། ཁྱིམ་ཚང་རེ་ལ་སྒོར་ཁྲི་བཅུ་ནས་བརྒྱ་ཡི་ཡོང་སྒོ་ཡོད་པས་རིམ་གྱིས་རྟ་ནོར་ལུག་གསུམ་ཡང་འཚོ་འདོད་མེད་པར་ལ་ལས་བཙོངས་པ་དང་། ལ་ལས་རོང་ཁུལ་གྱི་མི་ལ་ལོ་རེར་སྒོར་ཁྲི་གཅིག་རེ་དང་ས་རིན་སྐར་གང་ཡང་སྟེར་མི་དགོས་པར་ཁོའི་ས་ཐོག་ནས་དབྱར་རྩྭ་དགུན་འབུ་བརྐོས་ཆོག་པའི་གན་རྒྱ་བཞག་རྗེས། རླངས་འཁོར་རེ་བསྐོར་ནས་གྲོང་ཁྱེར་གྱི་མགྲོན་ཁང་དང་ཟ་ཁང་། ཆང་ཁང་མྱུལ་ཏེ་རྒྱས་བཟའ་རྒྱས་འཐུང་བྱེད་པའི་ཕྱོགས་ལ་གོམ་ཆེན་སྤོས།
ཁ་དཔེ་ལ་ལས་ཏེ་འཆི་བ་མེད་ལ། བསྡད་དེ་རུལ་བ་མང་ཞེས་པ་ལྟར་ལོ་འགའ་འགོར་རྗེས། ཁོ་ཚོས་ལས་དོན་གང་ཡང་བསྒྲུབ་འདོད་མེད་པའི་ཚད་དུ་ལྷུང་། ཐ་ན་ཟ་མ་གཡོ་བསྐོལ་བྱེད་མཁན་ཡང་གླ་དགོས་པར་གྱུར། བཟས་ན་རི་བོ་ཡིན་ཡང་འཛད་ཅེས་པའི་དཔེ་ལྟར་ལོ་མཇུག་ལ་ཐོན་དུས། རྩྭ་ས་བཙོངས་པའི་སྒོར་མོ་ཡོད་ཚད་ཚར་ཏེ་ཡིད་རྟོན་མཉམ་ལས་དངུལ་ཁང་གི་སྐུ་མགྲོན་གཙོ་བོར་གྱུར་ཡོད། ད་ལོ་དབྱར་རྩྭ་དགུན་འབུ་སྐྱེས་པ་ཉུང་དྲགས་པས། སྦྱིན་བདག་ཏུ་འབོད་པའི་རྩྭ་ས་ཉོ་མཁན་ཡོད་ཚད་འུ་ཐུག་ཐབས་ཟད་ཀྱིས་རྫ་ལུང་རི་ལུང་བརྒྱུད་དེ་ཕ་ཡུལ་དུ་བྲོས་ཚར་བ་རེད། དེའི་ཕྱིར། ལོ་གཅིག་ལ་སྒོར་ཁྲི་ཕྲག་མང་པོའི་འགྲོ་གྲོན་གཏོང་བར་ལོབས་ཡོད་པའི་འབྲོག་པ་མང་ཚོགས་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་ཡོད་པ་ནི་སྨྲ་མི་དགོས་པའི་གནས་ལུགས་ཤིག་རེད།
རོང་པ་མང་ཚོགས་ལ་མཚོན་ནའང་། གྲོ་ནས་སྲན་གསུམ་དང་སྔོ་ཚོད་འདེབས་འཛུགས་བྱས་ན། རྒྱབ་མི་གྲང་བ་དང་ལྟོ་མི་ལྟོགས་པ་ཙམ་ཡིན་ཞིང་། ཞོར་དུ་ལས་རིགས་གཞན་ཏེ། ལྷ་བཟོ་དང་ཤིང་བཟོ། རྡོ་བཟོ་དང་གྱོ་བཟོ། གོས་བཟོ་དང་གུར་བཟོ། ཟ་ཁང་དང་མགྲོན་ཁང་། ཚོང་ཁང་དང་དཔར་ཁང་སོགས་གཉེར་ན། ཡོང་སྒོ་ཇེ་མང་ནས་ཇེ་མང་དང་ལག་རྩལ་ཇེ་བཟང་ནས་ཇེ་བཟང་ཡིན་མོད། དབྱར་རྩྭ་དགུན་འབུ་རྐོ་སློག་དང་ཉོ་ཚོང་བྱས་པ་ནས། ཞིང་ལས་དང་ཞོར་ལས་ལས་པའི་འདུན་པ་མེད་པར་གྱུར་ཏེ། ཚོགས་ས་འདུ་ས་ཡོད་ཚད་དུ། སྦྱིན་བདག་སུ་ཞིག་གིས་རྩྭ་ས་ཉོས་ཏེ་སྒོར་ཁྲི་ག་ཚོད་བླངས་པ་དང་དེས་ཁྲི་ག་ཚོད་ཀྱི་རླངས་འཁོར་ཉོས་ཡོད་པ་ཏག་ཏག་ཡིན།
ཡིན་ཡང་། ད་ལོའི་བར་ཆད་ཆེན་པོ་དེས་ཁོ་ཚོའི་ཁ་བརྡའི་གླེང་ཕྱོགས་ཀྱང་བསྒྱུར་ཏེ། སྦྱིན་བདག་སུ་ཞིག་གིས་གླ་པ(དབྱར་རྩྭ་རྐོ་མཁན་ལ་གོ)དག་ཁྲིད་དེ་ཉིན་ཞག་ག་ཚོད་ལ་བྲོས་ཏེ་ཡོང་ཚུལ་དང་། སྦྱིན་བདག་སུ་ཞིག་འབྲོ་གྲབས་བྱེད་སྐབས་ས་བདག་གིས་གཅར་རྡུང་བྱས་ཏེ་ད་དུང་ཡང་སྨན་ཁང་དུ་ཡོད་ཚུལ། སྦྱིན་བདག་སུ་ཞིག་གི་གླ་པ་བྲོས་ཏེ་ཡོང་དུས་གར་སོང་མ་ཤེས་པར་ད་དུང་བཙལ་བཞིན་ཡོད་པ་སོགས་ཡ་ང་བའི་གཏམ་རྒྱུད་བརྗོད་ལས་འདས་པ་ཞིག་ཡིན།
བཀྲ་ཤིས་རྒྱ་མཚོར་མཚོན་ན། ཁོའི་ཡོང་སྒོ་ནི་ཁ་པར་ཐེངས་འགའ་བཏང་བ་དང་། ས་བདག་དང་ཉོ་བདག་མཚམས་སྦྱོར་བྱས་ཏེ་ཐོབ་ཀྱིན་ཡོད་པས། དབྱར་རྩྭ་དགུན་འབུ་སྐྱེས་པའི་མང་ཉུང་དང་རིན་གོང་གི་མཐོ་དམར་འབྲེལ་བ་གཏན་ནས་མེད། དེའི་ཕྱིར། མཚོ་སྐྱེས་རྡོ་རྗེ་ཡིས་ཁོའི་ལས་སྲོལ་ནི་འུག་རྒན་ལས་ཀྱང་སྡུག་ཅེས་སྨྲས་པ་ཡིན་སྲིད།
ཡིན་ཡང་། ཁོས་ཀྱང་ཡིད་སྐྱོ་བའི་རོང་འབྲོག་མང་ཚོགས་ཀྱི་གཏམ་རྒྱུད་འདི་དག་ཐོས་པས་ཡིན་ནམ། དབྱར་རྩྭ་དགུན་འབུའི་རྐོ་སློག་དང་ཉོ་ཚོང་གི་དཀའ་སྡུག་སོགས་རྟོགས་པས་ཡིན་ནམ། གང་ལྟར་ལན་ཅི་ཡང་མ་བཏབ་པར་མཚོ་སྐྱེས་རྡོ་རྗེ་ཡི་གཡས་ནས་སྦི་རག་འཐུང་བཞིན་བསྡད།
སྐབས་དེར། ནམ་མཁའི་སྤྲིན་ནག་གིས་བཅོ་ལྔའི་དུང་ཟླ་ཡོངས་སུ་བཏུམས་ལ། སྦི་རག་གིས་ཀྱང་ཅི་ཞིག་ལ་ཉན་པ་ལྟར་སིར་སིར་གྱི་སྒྲ་མ་བསྒྲག་པར་དལ་ཅག་གེར་གྱུར་པས། ནག་ཡོར་ཡོར་གྱི་ཁོང་གཉིས་ནི་དོན་དངོས་ཀྱི་འུག་རྒན་གཉིས་སུ་གྱུར། ཤར་ཕྱོགས་ནས་ནུབ་ཕྱོགས་སུ་འཐེན་པའི་མཚོ་འགྲམ་གྱི་གཞུང་ལམ་སྟེང་དུ། རླངས་འཁོར་ཆེ་འབྲིང་ཆུང་གསུམ་ནི་སྐར་མདའ་ལྷུང་བ་ལྟར་རྒྱུགས་ཏེ་སྐད་ཅིག་ཉིད་དུ་ཡལ་འགྲོ་བས། ཁོ་གཉིས་ལ་གནས་དེ་རུ་སྡོད་མི་ཚུགས་པའི་བྲེལ་འཚུབ་ལངས།
ལྷག་པར། ཁོ་གཉིས་ཀྱི་ཚིག་མཚམས་གཅོད་མཁན་མཚོ་སྐྱེས་རྡོ་རྗེ་ཡི་སེམས་སུ། རོང་འབྲོག་མང་ཚོགས་ཀྱི་སྡུག་བསྔལ་ནི་དབྱར་རྩྭ་དགུན་འབུས་བསྐྱེད་པ་ཡིན་པས། རྒྱུན་དུ་བཀྲ་ཤིས་རྒྱ་མཚོ་ལ་ཟུར་ཟ་བྱས་ན་ག་ལ་རུང་སྙམ་སྟེ། འགྱོད་པ་དང་བཅས་དངན་པ་རིང་མོ་ཞིག་འཐེན་རྗེས“ཨ་རོགས་བཀྲ་ཤིས། ཉིན་མཚན་མེད་པར་རྒྱུགས་པའི་རླངས་འཁོར་ཀན་ཚོས་ཅི་ཞིག་འདྲུད་ཀྱིན་ཡོད་དམ”ཞེས་ཚིག་སྣེ་གཞན་ལ་སྒྱུར་ཐབས་བྱས།
“སུ་ཞིག་གིས་མཁྱེན། གང་ལྟར་དབྱར་རྩྭ་དགུན་འབུ་མིན་པ་ཐག་གིས་ཆོད། དབྱར་རྩྭ་དགུན་འབུ་མིན་ན། ང་ཚོས་ཁ་ཡ་བྱ་མི་དགོས།”འདི་ནི་བཀྲ་ཤིས་རྒྱ་མཚོའི་སེམས་གཏམ་ཡིན་མིན་མི་ཤེས
་མོད། བོད་རིགས་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ཚོས་ཉིན་མཚན་དུས་དྲུག་ཏུ་དབྱར་རྩྭ་དགུན་འབུ་ཁོ་ན་ལས་བསམ་རྒྱུ་གཞན་མེད་པའི་སེམས་ཁམས་ངོ་མ་ཞིག་རེད།
མཚོ་སྐྱེས་རྡོ་རྗེ་ཡིས་མྱུར་དུ“རེད། རེད། ད་ལྟ་རོང་འབྲོག་མང་ཚོགས་ཀྱི་དབྱར་རྩྭ་དགུན་འབུ་མ་གཏོགས་ཅི་ཡང་ཤེས་ཀྱིན་མེད། གོ་ཐོས་ལྟར་ན། མགོ་ལོག་ནས་མ་རྩ་བརྡིབས་པའི་སྦྱིན་བདག་གཅིག་གིས་རང་སྲོག་བཅད་ཟེར་བ་བདེན་ནམ”ཞེས་དྲིས།
“སྦྱིན་བདག་གཅིག་གིས་ག་ལ་ཚར། བསྡོམས་པས་གསུམ་རེད། གོ་ཐོས་བདེན་ན། མི་རེ་རེ་སྒོར་ ཁྲི་བརྒྱ་ལྷག་བརྡིབས་སོང་བས། མགྲོན་ཁང་ནས་མཉམ་དུ་ཆང་རག་ཡིད་ཚིམ་པ་འཐུང་རྗེས་རང་སྲོག་བཅད་པ་རེད་ཟེར། ང་ལྟ་བུའི་སྦྱིན་བདག་ཚོ་ནི་སྟབས་ལེགས་ན། སྦྱིན་བདག་ཆེན་མོ་ཡིན་མོད། སྟབས་མ་ལེགས་ན། མཇུག་འབྲས་འདི་འདྲ་རེད།” བཀྲ་ཤིས་རྒྱ་མཚོའི་མགོ་བོ་འཕྲེད་དུ་གཡུག་གཡུག་བྱེད་ཀྱིན་སྨྲས།
སྤྱིར་བཀྲ་ཤིས་རྒྱ་མཚོ་ནི་སྤྲོ་སྣང་ཅན་གྱི་མི་ཞིག་ཡིན་ལ། ཁ་ན་དགོད་གཏམ་དང་མཚར་གཏམ ་མ་གཏོགས་ལེ་བདའ་དང་སྡུག་གཏམ་ཅི་ཡང་མེད། མ་བསམ་ས་ནས་ཁོས་ཀྱང་སྡུག་གཏམ་བཤད་བྱུང་བས། ཁོ་ལའང་བཤད་མི་ཤེས་པའི་ན་ཟུག་ཅིག་དང་སྡུག་བསྔལ་ཞིག་ཡོད་པ་གདོན་མི་ཟ།
“ཨ་རོགས། འུ་གཉིས་གྲོགས་པོར་གྱུར་པ་ནས་ད་རག་བར་དུ་དགོད་གཏམ་རྐྱང་རྐྱང་ལས་སྡུག་གཏམ་ཞིག་མེད་མོད། དོ་དགོང་ཁྱོད་ལ་ཅི་བྱུང་བ་ཡིན་ནམ།”
བཀྲ་ཤིས་རྒྱ་མཚོས་སྦི་རག་ལྕགས་ཀྲིན་གང་འཐུང་ཐེངས་གཅིག་གིས་འཐུང་བ་དང་ལག་ཟུང་གིས་ལྕགས་ཀྲིན་དེ་བཙུར་གནོན་བྱས་ཏེ་ཕར་ལ་གཡུགས་རྗེས“སྦི་རག་ཐུངས་དང་། བཟི་སོང་ན། ཅི་ཡང་དྲན་རྒྱུ་མེད་པས། དེ་ལས་སྐྱིད་པ་ཞིག་གང་ན་ཡོད”ཟེར་བཞིན་ཡང་བསྐྱར་སྦི་རག་གཅིག་གི་ཁ་ཕེག་སེ་ཕྱེས།
“ཨ་ལས་ངན་པོ། ད་ལོ་ཁྱོད་ཀྱང་མ་རྩ་བརྡིབས་སོང་བ་མིན་ནམ། ”
“མ་རེད། མ་རེད། རང་སྲོག་བཅད་པའི་གཏམ་རྒྱུད་འདི་དག་ཐོས་ན། སྐྱོ་བའི་མིག་ཆུ་མི་འདོན་པའི་མགོ་ནག་མི་ཞིག་ཡོད་དམ།”
“ངའི་སེམས་སུ་ཁྱོད་ཀྱི་ཧམ་སེམས་མེ་ལྕེ་ལྟར་འབར་ཏེ་རྩྭ་ས་ཉོས་པ་རེད་འདོད་བྱུང་། འདོད་ཆུང་ཆོག་ཤེས་བྱས་ན་རང་སེམས་སྐྱིད་ཅེས་པ་བརྗེད་མི་ཉན། ཤོག ཤོག ཨ་རག་ཆང་གི་བཟི་ན་སྣང་བ་ལྷ་ཡུལ་ཁམས་རེད། རང་སྤུན་ཟླ་གཉིས་ཀྱིས་ཆང་ཐུངས།” མཚོ་སྐྱེས་རྡོ་རྗེ་ཡིས་དེ་ལྟར་བཤད་ཞོར་དུ་ལག་གི་ལྕགས་ཀྲིན་བཀྲ་ཤིས་རྒྱ་མཚོའི་ལྕགས་ཀྲིན་ལ་ཡང་ཡང་གཏུགས། སྦི་རག་གི་སྣོད་དེ་ཤེལ་དམ་ཞིག་ཡིན་པས་ན་སེང་སེ་གྲགས་ཏེ་ཁོ་གཉིས་ཀྱི་ངར་སེམས་དེ་མཚོན་ཐུབ་མོད། ལྕགས་ཀྲིན་གཏུགས་པའི་ཁྲོག་སྒྲ་དེ་ཡིས་ཆང་འཐུང་གི་རྣམ་པ་ཙམ་ཡང་ཕྱིར་མངོན་ཐབས་བྲལ།
སྦི་རག་གི་ཁ་འབྱེད་པའི་ཕེག་སྒྲ་དང་སྦི་རག་ཐོ་གཏུགས་པའི་ཁྲོག་སྒྲ་གཉིས་ནི་རྒྱུན་མི་ཆད་པར་ལྷིང་འཇགས་ཀྱི་དེའུ་འབུར་ལས་གྲག་བཞིན་ཡོད་ལ། གཞུང་ལམ་སྟེང་གི་ཆེ་ཞིང་རིང་བའི་ཟོང་སྐྱེལ་རླངས་འཁོར་དག་གིས་ཁོ་གཉིས་ལ་ཅོ་འདྲི་བ་ལྟར་དུང་བརྡ་ལྷང་ལྷང་སྒྲོག་བཞིན་ནུབ་ཕྱོགས་ནས་ཤར་ཕྱོགས་སུ་བཞུར་གྱིན་གདའ།
“མཚོ་སྐྱེས། སྔོན་ཆད་ངའི་སེམས་སུ་ཁྱོད་ཀྱིས་ང་ལ་ཕྲག་དོག་བྱེད་པ་རེད་འདོད་ཡོད། ད་ལྟ་བསམས་ན། ཁྱོད་ཀྱིས་བཤད་པའི་སྐད་ཆ་ཚང་མ་ནི་ཤ་ཚ་བའི་གཏམ་རེད། ལྷག་པར། འདོད་ཆུང་ཆོག་ཤེས་བྱས་ན་རང་སེམས་སྐྱིད་ཅེས་པ་ནི་ཉམས་མྱོང་རྒན་པོའི་སེམས་གཏམ་རེད། ལོ་འདི་དག་ལ། ངས་རྒྱས་བཟའ་རྒྱས་འཐུང་དང་མགོ་གཡོག་མགོ་བསྐོར། ཤེས་མེད་ཚོར་མེད་ཀྱི་འཚོ་བ་རོལ་ཏེ་རང་ཉིད་ནི་གཞན་ལས་ལྷག་པ་ཞིག་རེད་འདོད་ཡོད། ད་ལྟ་བསམས་ན། ངའི་བཅའ་སྲོལ་ལས་སྲོལ་ཡོད་ཚད་ནི་བྱིས་པ་བསམ་མེད་ཅིག་དང་ཨ་ན་མ་ན་རེད། ང་ནི་དངོས་ནས་འདྲེ་རྒན། ཁྱི་རྒན། བླུན་རྒན། འུག་རྒན་རེད།”
“ཨ་རོགས། ཁྱོད་ནི་ཆང་གི་རྫ་མ་མིན་ནམ། སྦི་རག་ལྕགས་ཀྲིན་འགའ་ཡིས་བཟི་སོང་ན། སྦྱིན་བདག་གི་མཚན་སྙན་བརླགས་པ་མ་རེད་དམ། གཞན་གྱི་སྔུན་ནས་སྦྱིན་བདག་བཀྲ་ཤིས་ཁྱོད་ཀྱིས་མགོ་བོ་ཇི་ལྟར་དགྱེ། ”
“ཨ་ཁུ་ལེ་ལེ། ད་ཁྱོད་ཀྱིས་ང་ལ་ངོ་ཚ་མ་གཏོད། ང་ནི་སྦྱིན་བདག་མ་རེད་སྐྱིན་བདག་རེད། ”
“ཅི་ཟེར། སྔོན་ཆད་མི་མང་ས་ནས་ངས་ཀྱང་ཁྱོད་ལ་སྦྱིན་བདག་ཅེས་མ་བོས་ན། ཁྱོད་ཀྱིས་ཆང་སྐྱོན་བྱས་པ་དེ་བརྗེད་སོང་ངམ། ད་ལྟ་གློ་བུར་དུ་སྐྱིན་བདག་ལ་གྱུར་དོན་ཅི་རེད། ”
“བཤད་སྲོལ་མེད་ལ། ངས་བཤད་ན་ཡང་ཁྱོད་ཀྱི་སྙིང་ན་སྟེ་ང་ལ་མཇལ་ཁ་འཇོག་སྲིད་པས་སྐྱུར་ཞོག ”
“ཁྱོད་ལ་སྡུག་གཏམ་ཞིག་ཡོད་པ་ཁོ་ཐག་རེད། ཁ་དཔེར་ཆང་ཁ་ཡིས་འཐུངས་ན་གཏམ་སྙིང་ནས་ཤོར་ཟེར་མོད། ཁྱོད་ཀྱིས་མ་གཅིག་སྤུན་ལས་ལྷག་པའི་གྲོགས་པོ་ང་ལའང་སེམས་གཏམ་མི་བཤད་ན་བསྐྱུར་ཆོག རྗེས་ནས་ངའི་སེམས་གཏམ་ཡང་ཁྱོད་ལ་བཤད་པའི་རེ་བ་མ་འཛིན།”
མཁའ་དབྱིངས་སུ་སྐར་མའི་ཚོགས་ཀྱིས་ཁོ་གཉིས་ལ་ཅེར་ཏེ་ཅི་ཞིག་བཤད་པར་རེ་སྒུག་བྱེད་པ་དང་འདྲ་ཞིང་། སྐར་མ་སྨེ་བདུན་གྱིས་ཅི་ཞིག་མ་གོ་བ་བཞིན་མགོ་བོ་འཁྱོགས་ཏེ་བལྟས་འདུག
“རེད། རེད། གྲོགས་མཆོག་དམ་པ་ཡིན་ན། སྐྱིད་ཡོད་ན་མཉམ་རོལ་དང་སྡུག་ཡོད་ན་མཉམ་འཁུར་བྱེད་དགོས། ངས་ཁྱོད་ལ་བཤད་ན། ཁྱོད་ཀྱིས་ང་ལ་སྡིགས་མི་ཆོག་་་་་་ ”
“ང་ཁྱོད་ལ་སུན་ནི་ཞིག་རེད། སྐྱེས་ཕོ་རབ་ཅིག་ཡིན་ན། རང་གི་སྲོག་ལ་བབས་ཀྱང་བཤད་ཕོད་དགོས། དོ་དགོང་ཁྱོད་བུད་མེད་ཅིག་དང་འདྲ་བ་ཅི་རེད། ”
“ད་ལོ་ངས་ཀྱང་མགོ་ལོག་ནས་སྒོར་ཁྲི་བརྒྱ་དང་སུམ་ཅུ་ལྷག་གི་རྩྭ་ས་ཆེན་པོ་ཞིག་ཉོས་ཏེ་མ་རྩ་སྒོར་ཁྲི་དགུ་བཅུ་ལྷག་བརྡིབས་སོང་།”
“ཨ་ཧ་བོ། ཁྱོད་ཀྱིས་ཀུ་རེ་རྩེས་པ་མིན་ན། ད་ངོ་མས་ཁྱོད་རང་སྦྱིན་བདག་མ་རེད་སྐྱིན་བདག་རེད། དེ་ན་ཁྱོད་ལ་གསོག་དངུལ་ག་ཚོད་ཡོད། ”
“གསོག་དངུལ་ཞིག་ག་ལ་ཡོད། རླངས་འཁོར་དང་ནོར་ལུག་ཡོད་ཚད་བཙོངས་ཀྱང་སྒོར་ཁྲི་བཞི་བཅུ་ཙམ་ལས་མེད་པས། དངུལ་ཁང་ལ་ད་དུང་སྒོར་ཁྲི་ལྔ་བཅུ་ཡི་སྐྱིན་པ་འཇལ་དགོས། ”
“ཁྱོད་ཀྱི་གཟི་མིག་དགུ་པ་དང་གསེར་གྱི་སྐེ་རྒྱན་དེ་དག་མེད་དམ།”
“གཟི་མིག་དགུ་པ་དེ་ངོ་མ་ཞིག་ག་ལ་ཡིན། གསེར་གྱི་སྐེ་རྒྱན་དེ་དག་ངས་ཆུང་མ་ཚོར་བྱིན་ཚར། མ་རེད། འཕྱོན་མ་དེ་དག་གིས་འཕྲོག་ཚར་བ་རེད།”
“ཁྱོད་ཀྱི་གྲོགས་པོ་སྦྱིན་བདག་དེ་དག་ལ་སྒོར་མོའི་སྔ་གཞུག་བསྣུར་རྒྱུ་མེད་དམ།”
“ད་ལྟའི་དུས་འདིར་གྲོགས་པོ་ངོ་མ་ཞིག་གང་ན་ཡོད། ཁོ་ཚོ་ནི་ཟ་རོགས་འཆའ་རོགས་མ་གཏོགས་གནད་འགག་གི་སྐབས་སུ་གར་སོང་ཆ་མེད་རེད།”
“ང་ལ་ལོ་འདི་འགར་དབྱར་རྩྭ་བརྐོས་པ་དང་ནོར་ལུག་བཙོངས་པའི་སྒོར་ཁྲི་ཉི་ཤུ་ལྷག་ཡོད། ཁྱོད་ལ་བསྐྱིས་ཆོག་མོད། ད་དུང་སྒོར་ཁྲི་སུམ་ཅུ་དགོས་པས་གང་ནས་ཁྱེར་ཡོང་ངམ། ”
“ངའི་ཆུང་མ་དང་བུ་ཕྲུག་གཉིས་ཀྱིས་ཀྱང་སྒོར་ཁྲི་བཅུ་ལྷག་བསོགས་འདུག་ལ། སྔོན་ཆད་གཞན་གྱིས་ང་ལ་བསྐྱིས་པའི་སྒོར་ཡང་ཁྲི་བཅུ་ཙམ་ཡོད་པས་སྒོར་སྐྱིན་སྟེར་ཐུབ་སོང་བ་རེད། ད་འགྲིག་སོང་། དངུལ་ཁང་ལ་སྔ་ལོ་བསྐྱིས་པའི་སྒོར་སྐྱིན་དང་བུ་ལོན་ཁ་ཚང་སྟེར་ཐུབ་སོང་ན། ཕྱི་ལོ་ཡང་ཕྱིར་བསྐྱིས་ཆོག་པས། མྱུར་དུ་ཁྱོད་ལ་འཕྲོད་དུ་འཇུག ད་འགྲིག་སོང་། ད་འགྲིག་སོང་། ”
མཚོ་སྐྱེས་རྡོ་རྗེ་ཡིས་བཀྲ་ཤིས་རྒྱ་མཚོ་དགའ་དྲགས་པ་མཐོང་སྟེ“བཀྲ་ཤིས། གློ་བུར་དུ་ཁྱོད་ལ་རྣམ་རིག་རྒྱས་པར་བལྟས་ན། ཁྱོད་རང་ཆང་གིས་བཟི་བ་མིན་པར་སྒོར་སྐྱིན་གྱིས་བཟི་སོང་བ་འདྲ། ཤོག ཤོག ཆང་ཐུངས། ཆང་ཐུངས”ཞེས་བཤད།
སྐྱ་རེངས་དང་པོའི་འོད་སྣང་རིམ་གྱིས་ཤར་བ་དང་མཉམ་དུ་ཁོ་གཉིས་ཀྱི་སྐད་སྒྲ་ཇེ་ཆེ་ནས་ཇེ་ཆེར་གྱུར། ཁོ་གཉིས་ཀྱིས“ཨེ་མ། མཚོ་སྔོན་པོ། ཁྱེད་ནི་མི་རིགས་ཀྱི་ལ་རྒྱ་དང་མེས་རྒྱལ་གྱི་གཟི་བརྗིད་རེད། རླབས་སྔོན་མོ་དགུང་ལ་འཕྱོ་དུས། ལུག་གཡང་དཀར་སེམས་པ་དགའ་སོང་། མཚོ་སྔོན་པོར་འགྲམ་དར་ཆགས་དུས། བྱ་ངང་བའི་སེམས་པ་སྐྱོ་སོང”ཞེས་མཚམས་རེར་མཉམ་ལེན་བྱེད་པ་དང་མཚམས་རེར་རང་མོས་སྙན་ངག་ལྟར་གྱེར་འདོན་བྱེད་པའི་སྐད་སྒས་གནས་དེའི་ལྷིང་འཇགས ་ཡོངས་སུ་བཅོམས།
ཉི་མ་གཞོན་ནུ་མཚོ་སྔོན་པོ་ལས་ཡར་འཕགས་པ་ན། ཁོ་གཉིས་ནི་པྲ་ཚག་བྱས་ཏེ་ལུས་ཐང་ཆད་པའི་བྱིས་པ་གཉིས་དང་འདྲ་བར་མཚོ་སྐྱེས་རྡོ་རྗེ་ཚང་ལ་ཆས། ཁོའི་ཆུང་མ་རྡོ་རྗེ་འཚོ་སྔ་མོ་ནས་ཡར་ལངས་ཏེ་ནང་ལས་ལ་བྲེལ་བཞིན་ཡོད་མོད། བཀྲ་ཤིས་རྒྱ་མཚོ་རྗེས་ན་ཡོད་པ་མཐོང་སྟེ “མདང་ཞག་གང་པོར་རྒྱབ་རི་སྒང་དུ་ཁྱི་རྒན་གཉིས་ཀྱིས་ཟུག་རེས་བྱེད་པ་ཨེ་གོ བདག་པོ་མེད་པའི་ཁྱི་རྒན་དེ་དག་སྙིང་མ་རྗེ”ཞེས་སྨྲ་ཞོར་དུ་མིག་ལོག་གིས་ཐེངས་གཅིག་བལྟས།
བཀྲ་ཤིས་རྒྱ་མཚོས་བཤད་ས་བུ་མོ་དང་ཉན་ས་མནའ་མ་ཞེས་པའི་དོན་གོ་སྟེ“བདག་པོ་མེད་པ་མ་རེད། བདག་པོ་མང་དྲགས་པས་རེད། ཨ་ལ་ཀུ་རེ་ཡིན། ཁྱོད་དང་ངའི་ཆུང་མ་གཉིས་ཀྱིས་ངེད་གཉིས་མཐོང་མ་ཐག ཚིག་མཚོན་མདའ་འདྲ་བ་དང་མདུང་འདྲ་བ་འཕངས་ཏེ་ཁྱིམ་དུ་འང་ལོག་མི་འདོད། དེ་ལས་ཟླ་བ་ལྷ་མོར་སེམས་གཏམ་བཤད་ན་རང་སེམས་སྐྱིད”ཅེས་བཤད།
རྡོ་རྗེ་འཚོ་ཡིས་ཟླ་བ་ལྷ་མོ་ཞེས་པའི་དོན་མ་གོ་བ་འདྲ་སྟེ“ཁྱོད་གཉིས་ལ་ལྷ་མོ་དང་སྒྲོལ་མ་མང་སོང་བས། ངེད་གཉིས་དགོས་སམ། ད་ལྟ་ལས་ཀ་དང་ལོ་ཡིས་ཐུ་སྟེ་ཁྱོད་གཉིས་ཀྱི་སེམས་ནང་གི་འདྲེ་མོར་གྱུར་འདུག་མོད། སེམས་ཆུང་བྱོས། སྒོར་མོའི་ཆེད་དུ་འདྲེ་མོ་ཡོད་ཚད་ལྷ་མོར་སྤྲུལ་འདུག་པ་རེད། ནམ་ཞིག་གི་ཚེ་ཁྱོད་གཉིས་ཀྱི་ཤ་ཁྲག་ཡོད་ཚད་འཇིབ་ཚར་ན། ཁྱི་ལྡོམ་ཁྱེད་གཉིས་གང་ལ་འགྲོ”ཞེས་བཤད་རྗེས་ལུས་པོ་གཡས་གཅུས་གཡོན་གཅུས་བྱས་ཏེ་འབྲི་མོ་བཞོ་རུ་སོང་།
མཚོ་སྐྱེས་རྡོ་རྗེ་ཡིས“ཁྱོད་རང་མི་སུན་ནམ། ངས་ཚུལ་མཐུན་ཡ་རབས་བྱས་ཏེ་ངེད་ཚང་གི་སྒོར་མོའི་དབང་ཆའང་མོ་ལ་སྤྲད་ཡོད་མོད། ང་རང་ས་ཆ་གཞན་ཞིག་ཏུ་སོང་བ་ན། ཁོ་མོས་ཁ་པར་བཏང་སྟེ་ས་གོམ་པ་གང་ལ་ཡང་འགྲོ་རུ་མི་འཇུག ཕྱིར་ཡུལ་ལ་ཐོན་མ་ཐག སུ་དང་འགྲོགས་ཏེ་གང་ལ་སོང་བ་དང་ཅི་ཞིག་བཤད་པ། ཅི་ཞིག་ཉོས་པ། ཐ་ན་སེམས་ལ་ཅི་ཞིག་དྲན་པ་སོགས་ཀྱང་དྲིས་ཏེ་ཞག་གང་པོར་གཉིད་དུ་མི་འཇུག དོ་དགོང་ཡང་་་་”ཟེར་བཞིན་མགོ་བོ་འཕྲེད་དུ་གཡུག་གཡུག་བྱས།
“ཁོ་མོས་བཤད་པ་ངོ་མ་རེད། སྒོར་མོའི་དོན་དུ་ཡོད་ཚད་འདྲེ་རུ་གྱུར་འདུག ངས་འདྲེ་མོ་དེ་དག་ལ་བླུད་པའི་ཟ་མ་དང་ཉོས་པའི་གྱོན་གོས་ཕར་ཞོག གསེར་གྱི་རྒྱན་ཆ་དང་ལག་འཁྱེར་ཁ་པར་ ཉོས་པའང་སྒོར་ཁྲི་བཅུ་ཕྲག་གཅིག་ལོས་ཡོད།”
“ཁྱོད་ཚང་གི་བདག་མོར་ཁག་མེད་མོད། མོ་ལ་ཅི་བྱུང་བ་ཡིན་ནམ། མོ་ནི་ཁྲོས་ན་རྟ་མགྲིན་དམར་པོ་དང་མ་ཁྲོས་ཐུགས་རྗེ་ཆེན་པོ་ཡིན། ད་ཁྱོད་ཀྱིས་མོ་ལ་ཁོང་ཁྲོ་མ་བསླང་། བཤད་ཀྱི་མང་ན། འུ་གཉིས་ཀྱི་ལག་ཏུ་དངུལ་བྱང་ཡང་མི་འཇོག་པས། གཡུང་ལ་ཕབ་དགོས། དེ་ནི་ངས་ལོ་མང་རིང་བསོགས་པའི་ཉམས་མྱོང་ཡིན། ”
སྐྱེ་བོ་སུ་ཞིག་ཡིན་རུང་། ཁྱོད་རང་བདེན་ལ། ང་ལ་ཡང་ཁག་མེད་ཚུལ་བཤད་དེ་རང་གཞན་གཉིས་ལ་བདེན་ཁ་བྱིན་པ་ན། འགལ་བ་ཐག་གཅོད་བྱས་འགྲོ་བ་མ་ཟད། རང་སེམས་ཀྱང་སྙོམས་སྒྲིག་བྱས་འགྲོ་བས། བཀྲ་ཤིས་རྒྱ་མཚོས“ཁྱོད་ཀྱིས་དངུལ་བྱང་ཡང་མོའི་ལག་ཏུ་བཞག་ཡོད་དམ། ཁྱོད་ནི་ངོ་མས་ཡ་རབས་རེད། ཨ་ལ་ཀུ་རེ་ཡིན། སྐྱེས་པའི་ལག་ཏུ་སྒོར་མོ་བཟུང་ན། མི་དྲན་དགུ་དྲན་དང་མི་ལས་དགུ་ལས་བྱས་ཏེ་ངའི་ཚད་འདི་འདྲར་ལྷུང་འགྲོ་བས། ཁྱོད་ཀྱི་བྱེད་ཐབས་དེ་ཧ་ཅང་འགྲིག ཡིན་ཡང་། སྐྱེས་པ་ཚོས་དབྱར་རྩྭ་དགུན་འབུའི་དོན་དུ་རང་སྲོག་འབེན་ལ་འཇོག་དགོས་པ་སྐྱེས་མ་ཚོས་ག་ལ་ཤེས”ཞེས་ཀུ་རེ་འདྲེས་མས་སྒོར་མོའི་བདག་གཉེར་གྱི་ལྟ་ཚུལ་ཡང་དག་པ་ཞིག་བཤད་རྗེས། གནམ་འོག་གི་སྐྱེས་པ་ཡོངས་ཀྱི་ཚབ་བྱས་ཏེ་སྡུག་སྨྲེ་ཞིག་ཀྱང་བཏོན།
“རེད་ཡ། རེད་ཡ། མོ་རང་ཕྱིར་ཐོན་ན། ཁ་ཡག་ངོ་དགའ་བྱ་རྒྱུ་མ་བརྗེད། དེ་མིན་ན། འུ་གཉིས ་ཀྱི་ཁ་ནང་དུ་ནངས་ཇ་ཡང་ཡོང་རྒྱུ་མ་རེད།”
རྡོ་རྗེ་འཚོ་ཡིས་འོ་ཟེའུ་ཐོགས་ཏེ་ནང་དུ་སླེབས། ཁོ་མོས་སྒྲོལ་མ་ཁོག་འདོན་བྱེད་པ་ལས་ཁ་ཅི་ཡང་མ་གྲགས་པས། བཀྲ་ཤིས་རྒྱ་མཚོས་ཁོ་མོ་གཡུང་ལ་ཕབ་པའི་བྱ་ཐབས་ལག་བསྟར་བྱས།
“མཚོ་སྐྱེས། ཁྱོད་ཚང་ལ་བཞོན་མ་དུ་ཡོད། ”
“ད་ལྟ་བཞོས་ཆོག་པའི་འབྲི་མོ་གསུམ་དང་མཛོ་མོ་གཅིག་ཡོད། ཚང་མ་འོ་ཡོད་ཏག་ཏག་ཡིན། ”
“ཨ་་་་ཨ་་་་་ཨ། མིག་རྡེབ་དབང་ཙམ་ལ་བཞོན་མ་བཞི་བཞོས་ཚར་སོང་། རྡོ་འཚོ་ཀན་ངར་བ་ཞིག་མིན་ན། དཀོན་མཆོག་གསུམ” ཟེར་བཞིན་མིག་བརྡ་ཞིག་བྱས།
“ལོས་ཡིན། ད་དུང་མོས་འོ་ཇ་བསྐོལ་ན་ཁྱོད་ཀྱིས་ཐུངས་དང་བ་མོའི་འོ་མ་འདྲ་བ་གཏན་ནས་མིན།”
“ངོ་མ་རེད། རང་གི་ཆུང་མས་བསྐོལ་བའི་འོ་ཇ་དང་ལས་པའི་ཟ་མ་ནི་ས་ཆ་གང་ལ་སོང་ཡང་བརྗེད་དཀའ་བ་ཞིག་རེད།” བཀྲ་ཤིས་རྒྱ་མཚོས་སྐད་གདངས་མཐོན་པོས་བཤད་མོད། རྡོ་རྗེ་འཚོ་ཡིས་ཁ་ཡའང་མ་བྱས།
མཚོ་སྐྱེས་རྡོ་རྗེ་ཡིས་མྱུར་དུ“རེད་ཡ། ང་ལ་མཚོན་ནའང་དེ་འདྲ་རེད། རང་ལ་ཤ་ཚ་བ་ནི་རང་གི་ཆུང་མ་ལས་གཞན་སུ་ཡོད། ལྟོགས་དུས་ཟ་མ་སྟེར་མཁན། གྲང་དུས་ཉལ་གོས་གཡོག་མཁན།
ད་དུང་་་་་་ ”ཞེས་ཚིག་མཚམས་བསྐྱུར།
བཀྲ་ཤིས་རྒྱ་མཚོས“ད་དུང་ཅི་ཞིག ཤོད་ཡ། ཤོད་ཡ”ཞེས་བཤད་པ་ན། རྡོ་རྗེ་འཚོ་ཡིས
“ཁྱོད་གཉིས་ལ་དངོས་ནས་ངོ་ཚ་ཞིག་མི་འདུག ཕོ་བ་ལྟོགས་ན་ད་གཟོད་ཆུང་མ་དང་འོ་མ་དྲན། ད་དུང་་་་་་་ཧོ་ཧོ་ཡ” ཟེར་བཞིན་ནངས་ཇ་བསྐོལ་འགོ་བརྩམས།
འཚོ་བའི་ནང་གི་བཟའ་འཁོན་མང་ཆེས་པ་ནི་འདི་ལྟར་འགྲིག་འགྲོ་བས། མཚམས་རེར་བལྟས་ན། བཟའ་འཁོན་ནི་བྱིས་པའི་རོལ་རྩེད་དང་འདྲ་ལ། མཚམས་རེར་བལྟས་ན། བཟའ་འཁོན་ནི་བཟའ་འདང་བསྐྱེད་པར་ངེས་པར་དུ་མཁོ་བའི་གོ་རིམ་ཞིག་ཏུ་སྣང་།
ཁོ་མོའི་ཧབ་ཆ་དེ་ནི་ཁོ་གཉིས་ལ་མཚོན་ན། གཉིད་སྨན་ཞིག་དང་འདྲ་བར་སྐད་ཅིག་ཉིད་ལ་གཉིད་དུ་ཡུར། ཁོ་གཉིས་ཀྱིས་སྔུར་པ་གཅིག་འཐེན་གཉིས་འཐེན་བྱེད་པར་བལྟས་ན། དོན་དག་གལ་ཆེན་ཞིག་འགྲུབ་སྟེ་འགྲུབ་གླུ་ལེན་པ་དང་མཚུངས་པས། ཁོ་མོས་གོ་རེ་ཚ་མོ་དང་འོ་ཇ་ཁོལ་མ་ཅོག་ཙེ་གྲུ་བཞི་སྟེང་དུ་བསྒྲིགས་ཀྱང་། ཁོ་གཉིས་གཉིད་ལས་བསླང་མ་ཕོད།
ཉིན་གུང་ཡོལ་ཏེ་ཅུང་ཙམ་འགོར་པའི་དུས། ཁོ་གཉིས་ཀྱིས་མིག་ཟུང་འཕུར་འཕུར་བྱེད་ཀྱིན་མགོ་བོ་ཡར་དགྱེ་སྟེ་དྲོས་ཇ་འཐུང་། བཀྲ་ཤིས་རྒྱ་མཚོས་འོ་ཇ་མངར་མོ་འཐུང་ཞོར་དུ“གྲོང་ཁྱེར་གྱི་བ་མོའི་འོ་མ་དང་ལས་སྣོན་བྱས་པའི་འོ་མ། ད་དུང་འོ་ཕྱེ་སོགས་འཐུང་མ་ཐག གྲོད་པ་བཤལ་སྟེ་སྤྱོད་ཁང་ཡང་མི་རྙེད། དེ་ལས་རང་ས་རང་ཡུལ་གྱི་ཤ་མར་ཐུད་གསུམ་དང་འོ་ཞོ་སྤྲི་གསུམ་ནི་ཁ་ལ་ཞིམ་ཞིང་ཁོག་ལ་བདེ་བ་ཞིག་རེད” ཅེས་སྨྲས།
“ལོས་ཡིན། གོ་ཐོས་ལྟར་ན། འོ་མ་དེ་དག་ལས་སྣོན་བྱེད་དུས། མི་རུལ་བའི་ཆེད་དུ་དུག་རྫས་བསྲེས་ཡོད་པ་རེད་ཟེར་བ་མ་གོའམ། དངོས་ནས་དུག་རྫས་ཡིན་ན། གྲོད་པ་བཤལ་བ་དོན་དག་ཆུང་ཆུང་རེད། གྲོད་པ་རུལ་སོང་ན། ང་ཚོས་ཇི་ལྟར་བྱ།” མཚོ་སྐྱེས་རྡོ་རྗེ་ཡིས་བརྙན་འཕྲིན་ལས་ཤེས་རྟོགས་བྱུང་བའི་གསར་འགྱུར་བཤད།
སྐབས་དེར། རྡོ་རྗེ་འཚོ་ཡིས་ཆུ་འཁུར་ཏེ་ཐོན་བྱུང་བས། ཁོ་གཉིས་ཀྱིས་བློ་རྩེ་གཅིག་ཏུ་ བསྒྲིམས་པའི་རྣམ་འགྱུར་ལ་བརྟགས་ན། ཕལ་ཆེར་མོའི་ལག་ནས་དངུལ་བྱང་ཇི་ལྟར་ལེན་པའི་ཕྱོགས་ལ་བསམ་བློ་གཏོང་བ་འདྲ། སྔོན་ལ་མཚོ་སྐྱེས་རྡོ་རྗེ་ཁ་གྲགས་བྱུང་། “རྡོ་འཚོ། ལས་བྱེད་པ་ཚོ་ཁོམ་སོང་ན། ཅི་ཞིག་ལས་པ་ཤེས་ཀྱི་མེད་པ་འདྲ། ན་ནིང་ཐོབ་ཐང་ལག་ཁྱེར་བརྗེས། ད་ལྟ་ཡང་དངུལ་བྱང་བརྗེ་དགོས་ཟེར། མྱུར་དུ་མ་བརྗེ་ན། དངུལ་བྱང་སྟེང་གི་སྒོར་མོ་ཡོད་ཚད་གཞན་གྱིས་བླངས་འགྲོ་ཟེར་བས། ཕྱི་དྲོ་ང་རང་ཁུལ་ཐོག་ལ་འགྲོ་དགོས”ཞེས་སྨྲས། བྱེད་ཐབས་དེ་ནི་བཀྲ་ཤིས་རྒྱ་མཚོའི་བློ་ཡིད་དུའང་ཤར་མེད་པས། ཡུན་ཙམ་ལ་བསྡད་རྗེས“ཨིན་་་་་་ཁྱེད་ཚང་གི་ད་དུང་བརྗེ་མེད་དམ”ཞེས་བཤད་དེ་རྡོ་རྗེ་འཚོ་ཡིས་ཅི་ཞིག་བཤད་པར་རེ་སྒུག་བྱས།
རྡོ་རྗེ་འཚོས་ཆུ་རྫ་མའི་ནང་དུ་བླུགས་རྗེས“ངོ་མས་ལས་བྱེད་པ་ཚོར་བསྣོག་རྒྱུ་མང་། ཁོ་ཐག་ལ་ཡང་དངུལ་བྱང་གི་རིན་ལེན་འདོད་པ་རེད། དེ་མིན་ན། ན་ནིང་ངེད་གཉིས་ཀྱིས་དངུལ་བྱང་གི་གསང་གྲངས་དེ་བརྗེད་སོང་བས། སྒོར་མོ་ཕར་ཞོག་སྒོར་ཟུར་གཅིག་ཀྱང་ལེན་དུ་མ་བཅུག་པ་མིན་ནམ”ཞེས་བཤད།
མཚོ་སྐྱེས་རྡོ་རྗེ་ཡིས་མྱུར་དུ“དོན་དེ་ངས་བཀྲ་ཤིས་ཁྱོད་ལ་བཤད་མྱོང”ཞེས་ལྕེ་བསྣར་ཞིག་བྱས་རྗེས“གོ་ཐོས་བདེན་ན། རྩིས་འཁོར་ལ་མཁས་པའི་མིས་གཞན་གྱི་གསང་གྲངས་བརྟོལ་ཏེ་དངུལ་བྱང་སྟེང་གི་སྒོར་མོ་ཡོད་ཚད་ལེན་ཐུབ་ཟེར། གསར་འགྱུར་ནང་དུ་གྲོང་ཁྱེར་ཆེ་ས་ནས་དེ་ལྟར་སྒོར་མོ་ཁྲི་ཁྲི་འབུམ་འབུམ་བླངས་ཚར་བ་རེད་ཟེར། དཀོན་མཆོག་གསུམ་པོ། ངེད་ཚང་གི་སྒོར་མོ་བླངས་མེད་པར་སྨོན”ཟེར་བཞིན་ལག་ཟུང་ཐལ་མོ་སྦྱར།
“ད་འདི་ལྟར་འདུག་པའི་ཚོད་མ་རེད། འུ་གཉིས་མྱུར་དུ་འགྲོ ” བཀྲ་ཤིས་རྒྱ་མཚོས་དེ་ལྟར་ ཟེར་བཞིན་སྒོར་བུད། དེ་ནི་རྡོ་རྗེ་འཚོའི་ལག་ནས་དངུལ་བྱང་ལེན་ཐུབ་མིན་གྱི་ཆེས་མཐའ་མཇུག་གི་ཐབས་བཀོད་དེ་ཡིན་པས། མཚོ་སྐྱེས་རྡོ་རྗེ་ཡིས་ཀྱང“རྡོ་འཚོ། དངུལ་བྱང་ཁྱེར་ཤོག རེམ། རེམ” ཞེས་ཁོ་མོར་བྲེད་ཤ་བསླངས།
མི་སུ་ལ་མཚོན་ནའང་ལོ་འགར་བསོགས་པའི་སྒོར་མོ་གཞན་གྱིས་ལེན་ངེས་རེད་ཅེས་ཐོས་ན། བྲེལ་འཚུབ་མི་ལངས་པ་ཞིག་ཡོད་དམ། རྡོ་རྗེ་འཚོ་ཡང་དེ་ལས་མ་འདས་པས། བྲེལ་འཚུབ་འཚུབ་ཀྱིས་དངུལ་བྱང་མཚོ་སྐྱེས་རྡོ་རྗེ་ཡི་ལག་ཏུ་བཞག་པས། ཁོ་གཉིས་ནི་ཀ་ར་ཐོབ་པའི་བྱིས་པ་གཉིས་དང་འདྲ་བར་ཁོང་དགོད་བྱེད་ཀྱིན་རླངས་འཁོར་ལ་བསྡད།
མཚོ་འགྲམ་གྱི་གཞུང་ལམ་སྟེང་གི་རླངས་འཁོར་ནི་གཅིག་རྗེས་གཅིག་གིས་མ་ཆོད་པར་རྒྱུགས་བཞིན་འདུག ཁ་གཏད་དེ་ཡོང་བའི་རླངས་འཁོར་ནི་སྐར་མདའ་ལྷུང་བ་ལྟར་སྐད་ཅིག་ཉིད་དུ་ཡལ་འགྲོ་ཞིང་། ཕྱོགས་གཅིག་ཏུ་རྒྱུགས་པའི་རླངས་འཁོར་ནི་རྟ་མང་འགྲན་རྒྱུགས་བྱེད་པ་ལྟར་གཅིག་རྗེས་གཉིས་མཐུད་ཀྱིས་བཞུར། བཀྲ་ཤིས་རྒྱ་མཚོས་རླངས་འཁོར་གྱི་སྣུམ་སྒོའི་རྐང་གདན་ཡང་ཡང་མནན་པ་ན། ཁོའི་རླངས་འཁོར་པོད་མ་ནི་མདའ་བཏང་བ་དང་འདྲ་བར་གཡས་གཅུས་གཡོན་གཟུར་བྱས་པ་ཙམ་གྱིས་ཀྱང་རླངས་འཁོར་གྲངས་མེད་རྒྱབ་ཏུ་བསྐྱུར། དེ་དང་བསྟུན་ནས་བཀྲ་ཤིས་རྒྱ་མཚོས་གླུ་དབྱངས་ཀྱི་སྒྲ་སྒོ་ཆེ་ཆེར་ཕྱེས་པས། མིག་མདུན་གྱི་གཞུང་ལམ་ནི་གྱེན་དུ་ལངས་པ་དང་འདྲ་ལ། རླངས་འཁོར་ནི་གནམ་ན་འཕུར་བ་དང་མཚུངས་པས། མཚོ་སྐྱེས་རྡོ་རྗེ་ཡི་སྣང་བར་རང་ཉིད་ནི་འཕུར་བསྐྱོད་བྱེད་པའི་སྒྱོགས་རྡོའི་ཁྲོད་དུ་ཚུད་པ་ལྟ་བུའི་འཇིགས་སྣང་ཤར་ཏེ་རྐང་ལག་ཡོངས་རང་དབང་མེད་པར་བསྐུམས་དགོས་བྱུང་།
སྔོན་ཆད། མི་གཞན་གྱིས་བཀྲ་ཤིས་རྒྱ་མཚོའི་རླངས་འཁོར་པོད་མ་ནི་བསྡད་ན་བདེ་ཞིང་བརྒྱུགས་ན་མགྱོགས་པ་མ་ཟད། ཁ་ཕྱོགས་གསལ་པོར་སྟོན་པའི་ས་ཁྲ་དང་སྒྲ་གཟུགས་སྣ་ཚོགས་འཆར་བའི་བརྙན་ཟློས། ད་དུང་བདག་པོ་ངོ་ཤེས་པའི་ཁྱད་ཆོས་ལྡན་པ་སོགས་བཤད་པའི་སྐབས་སུ། མཚོ་སྐྱེས་རྡོ་རྗེ་ལ་བལྟ་འདོད་ཀྱི་འདུན་པ་འགོག་མེད་ཅིག་སྐྱེས་མོད། ད་ཐེངས་ཁོ་ལ་བསམ་དབང་དང་བལྟ་དབང་། བཤད་དབང་ཅི་ཡང་མེད་པར་ཁུལ་ཐོག་ཏུ་ཐོན། ཆུ་ཚོད་གཅིག་གི་ཡུན་དེ་ནི་མཚོ་སྐྱེས་རྡོ་རྗེ་ལ་མཚོན་ན་དམྱལ་བའི་འཕྲང་ལམ་རིང་མོ་རྒྱུ་བ་དང་མཚུངས་པས། རླངས་འཁོར་ལས་མར་བབས་ཀྱང་རྐང་སྣེ་ས་ལ་ཐུག་མེད་པ་ལྟ་བུའི་ཚོར་སྣང་བྱུང་།
ལྷག་པར། ཆང་གི་གནོད་པ་དང་རླངས་འཁོར་གྱི་གནོད་པ་གཉིས་གཞི་གཅིག་ཏུ་འདྲེས་ཏེ་ཁོ་ལ་མནར་བྱུང་བས། ཁོས “རྡོ་འཚོས་ན་ནིང་དངུལ་བྱང་གི་གསང་གྲངས་བརྗེད་ཟེར་བ་དེ་ནི་ངས་ཁྱོད་ལ་བསྐྱིས་པའི་དངུལ་བྱང་སྟོང་བ་དེ་རེད། སྐབས་དེར་ཡང་ངས་ཁོ་མོར་གསང་གྲངས་བརྗེད་སོང་ཞེས་རྫུན་བཤད་པ་ཡིན། ད་ཐེངས་བསྐྱིས་པའི་སྒོར་མོ་འདི་འགོར་འགྱངས་མེད་པར་ཕྱིར་སྟེར་རྒྱུ་མ་བརྗེད”ཟེར་བཞིན་མྱུར་དུ་དངུལ་བྱང་ནས་སྒོར་ཁྲི་ཉི་ཤུ་བཀྲ་ཤིས་རྒྱ་མཚོའི་དངུལ་བྱང་དུ་བསྐུར་རྗེས། དངུལ་བྱང་དེ་དངུལ་བྱང་གསར་བ་ཞིག་ཏུ་བརྗེས།
བཀྲ་ཤིས་རྒྱ་མཚོས“བརྗེད་མི་སྲིད། བརྗེད་མི་སྲིད། ངོ་མས་བཀའ་དྲིན་ཆེ། དོ་དགོང་ངས་ཁྱོད་ལ་མགྲོན་བྱེད། ཁྱོད་ལ་ཅི་ཞིག་དགོས་ན། ཁྱོད་ཀྱིས་ཅི་ཞིག་ལས་འདོད་ན། འགྲོ་སྒོ་ཡོད་ཚད་ངས་གཏོང”ཞེས་བཤད།
“ད་ཁྱོད་ཀྱིས་རྒྱས་བཟའ་རྒྱས་འཐུང་བྱེད་པའི་དུས་མ་རེད། དེ་ལས་ང་རང་སེམས་ཆུང་སྒོས་ཕྱིར་ཡུལ་ལ་སྐྱེལ་རོགས། ང་རང་ཆང་གིས་གནོད་དེ་མི་བཟོད་པས། ད་ལྟ་ང་ལ་མཁོ་བ་ནི་ད་ར་དཀར་ཡོལ་གང་རེད།”
བཀྲ་ཤིས་རྒྱ་མཚོས“ཆོག་གི ཆོག་གི ཁྱོད་ཀྱི་ཁ་ལ་ཉན”ཟེར་བཞིན་སེམས་ཆུང་གིས་རླངས་འཁོར་ཕ་ཡུལ་གྱི་ཕྱོགས་སུ་བསྐོར། ཐེངས་དེར་རླངས་འཁོར་བརྒྱུགས་པ་དལ་ཞིང་བརྟན་ལ། ལྷིང་ཞིང་འཇགས་པ་མ་ཟད། གྲགས་པའི་གླུ་དབྱངས་ཀྱང་ཁོ་གཉིས་ཆེས་དགའ་བའི《མཚོ་སྔོན་པོ》 ཡིན་པས། ཁོས་ཞེ་ལྷོད་ལ་བབས་ཏེ་བཀྲ་ཤིས་རྒྱ་མཚོའི་རླངས་འཁོར་གྱི་ཁྱད་ཆོས་ལ་བལྟས་ཆོག་མོད། ཁོ་རང་རླངས་འཁོར་དུ་བསྡད་མ་ཐག་གཉིད་དུ་ཡུར།
རྡོ་རྗེ་འཚོས་ཁོ་གཉིས་ཕྱིར་སླེབས་པ་མཐོང་སྟེ“སྔོན་ཆད་ཕྱི་ལ་སོང་ན། གཡག་ཐུག་རི་ལ་ཤོར་བ་ལྟར་ཉིན་འགར་ཕྱིར་མི་ཡོང་མོད། དེ་རིང་ཁྱོད་གཉིས་ལ་ཅི་བྱུང་བ་ཡིན”ཅེས་བཤད།
“དངུལ་བྱང་སྟེང་གི་སྒོར་མོ་གཞན་གྱིས་བླངས་ཚར་བས། ཁོ་རང་སྨྱོས་འདུག་པ་རེད།” བཀྲ་ཤིས་རྒྱ་མཚོས་དེ་ལྟར་བཤད་རྗེས་རླངས་འཁོར་བསྐོར་སྟེ་ཕྱིར་ལམ་ལ་ཆས།
“ཨ་ཧ་བོ། མཚོ་སྐྱེས། ཁོས་བཤད་པ་ངོ་མ་ཡིན་ནམ། ཨ་ཧ་བོ། ཨ་ཧ་བོ།” རྡོ་རྗེ་འཚོ་ནི་རྐང་པ་མེ་ཐོག་སྤོས་པ་ཇི་བཞིན་ཡར་ལྡིང་མར་ལྡིང་བྱས།
“བླུན་རྒན་མ། ཁོས་ཀུ་རེ་བརྩེ་བ་རེད། དེ་རིང་ང་ཆང་གིས་གནོད་པས། ད་ར་སྐྱུར་མོ་དཀར་ཡོལ་གང་ཁྱེར་ཤོག” མཚོ་སྐྱེས་རྡོ་རྗེ་ཡིས་དེ་ལྟར་བཤད་ཞོར་དུ་གོག་མ་ནུར་གྱིས་ཚ་ཐབ་སྟེང་དུ་འགོས།
རྡོ་རྗེ་འཚོས“དེ་ན་བཟང་། སྒོར་མོ་དེ་དག་ནི་འུ་གཉིས་ཀྱིས་ལོ་བཅུ་ཕྲག་འགར་ཟས་ཞིམ་པོ་ཁམ་གང་མ་བཟས། གོས་འཇམ་པོ་ཐེངས་གཅིག་མ་གྱོན་པར་བསོགས་པ་རེད། དེ་གཞན་གྱིས་བླངས ་སོང་ན། ང་རང་ངོ་མས་སྨྱོ་སྲིད”ཟེར་བཞིན་ད་ར་དཀར་ཡོལ་གང་ཁྱེར་ཡོང་སྟེ་མཚོ་སྐྱེས་རྡོ་རྗེ་ལ་བླུད།
ཁོ་མོའི་སེམས་གཏམ་དམར་པོ་དེ་དང་ད་ར་སྐྱུར་མོ་དེ་གཉིས་ཀྱིས་མཚོ་སྐྱེས་རྡོ་རྗེ་ཡི་ཆང་ལ་གནོད་པའི་སྡུག་བསྔལ་སྐད་ཅིག་ཉིད་དུ་བཅོམ་མོད། སེམས་ཁྲལ་ལྕི་མོ་ཞིག་གིས་ཡང་བསྐྱར་ཁོ་རང་མནན་པས། མགོ་བོ་ལྗིད་ཏིག་སེ་སྔས་མགོར་ལྷུང་།
ལྗིད་ཏིག་ཏིག་གི་སེམས་ཁྲལ་དེ་ནི་བཀྲ་ཤིས་རྒྱ་མཚོར་བསྐྱིས་པའི་སྒོར་ཁྲི་ཉི་ཤུ་ཕྱིར་འཕྲོད་མིན་གྱི་གནད་དོན་དེ་རེད། ཁོའི་སེམས་སུ་བཀྲ་ཤིས་རྒྱ་མཚོས་སྒོར་ཁྲི་དགུ་བཅུ་ལྷག་བརྡིབས་སོང་ཟེར་བ་བདེན་ནམ། བདེན་ན། ཁོ་རང་གིས་སྒོར་སྐྱིན་ཡོད་ཚད་དངུལ་ཁང་ལ་སྟེར་ཐུབ་བམ། སྟེར་མ་ཐུབ་ན། རང་གི་སྒོར་མོ་དེ་དག་ཀྱང་ཟར་མ་རྡོ་ནང་དུ་བཏབ་པ་ཇི་བཞིན་མིན་ནམ། དངུལ་ཁང་ལ་སྔ་ལོའི་སྒོར་སྐྱིན་སྟེར་ཐུབ་སོང་ན། ཕྱི་ལོ་ཡང་ཕྱིར་བསྐྱིས་ཟེར་བ་བདེན་ནམ། དངུལ་ཁང་གིས་སྒོར་མོ་ཕྱིར་བསྐྱིས་པའི་དབང་དུ་བཏང་ཡང་། ཁོས་ཡང་བསྐྱར་རྩྭ་ས་ཉོས་ཏེ་བརྡིབས་སོང་ན། ཁོས་ཀྱང་རང་སྲོག་གཅོད་པ་ལས་ཐབས་གཞན་ཡོད་དམ་སོགས་ཀྱི་དྲི་བ་སྣ་ཚོགས་ནི་གཞུང་ལམ་སྟེང་གི་རླངས་འཁོར་ལྟར་ཁོའི་བློ་ངོར་འཚང་ཡོང་།
ཁོའི་སེམས་ཁྲལ་དེ་དུས་ཀྱི་འགྱུར་བ་དང་བསྟུན་ནས་ཇེ་ཆེ་ནས་ཇེ་ཆེར་གྱུར། རྒྱུ་མཚན་ནི་ཉིན ་དེ་ནས་བཟུང་། བཀྲ་ཤིས་རྒྱ་མཚོ་ནི་མཇའ་ཚོན་ཡལ་བ་ཇི་བཞིན་གར་སོང་ཆ་མེད་དུ་གྱུར། ཁོས་གྲོགས་པོ་དང་ཆུང་མ། སྡེ་མི་ཡོངས་ཀྱི་ལག་ནས་ཀྱང་སྒོར་མོ་བསྐྱིས་འདུག་པས། ཁོ་ཚོས་དབྱར་རྩྭ་མང་བའི་ས་ཁུལ་གྱི་ཁོ་རང་ངོ་ཤེས་པ་ཡོད་ཚད་ལ་དྲིས་ཀྱང་རྩད་མ་ཆོད། ཁ་པར་བཏང་ཡང་ཨང་གྲངས་དེ་འདྲ་མེད་ཟེར་ལ། དངུལ་ཁང་ལ་དྲིས་ན། ཁོ་ཚོས་ཀྱང་བཙལ་བཞིན་ཡོད་ཟེར།
དེའི་ཕྱིར། མཚོ་སྐྱེས་རྡོ་རྗེ་ལ་ཟས་ཟ་འདོད་ཀྱི་ཡི་ག་འགགས་ཤིང་གོས་གྱོན་འདོད་ཀྱི་འདུན་པའང་མེད་པར་རྒྱུན་དུ་རྒྱབ་རི་སྒང་ལ་བུད་དེ་གཞུང་ལམ་སྟེང་གི་རླངས་འཁོར་ཡར་བསྐྱལ་མར་བསྐྱལ་བྱས། སྐབས་རེར་ཁོས《མཚོ་སྔོན་པོ》ཞེས་པའི་གླུ་དབྱངས་སྐད་གདངས་མཐོན་པོས་ལེན་ཞིང་། སྐབས་རེར་ཁྱོད་དྲན་པའི་ལོ་རབས་བཤད་ན།། སྐད་སྙན་མོ་ཐོས་ན་དྲན་ཀི། ངས་རླངས་འཁོར་རིག་ན་རྨོངས་ཀི། ཁྱོད་མ་དྲན་ཉིན་མོ་གཅིག་མེད།། ངས་བཀྲ་ཤིས་ཁྱོད་ལ་བསྒུག་བསྒུག་ཟིག། ངས་དྲིན་ཆེན་ཕ་མར་མ་བསྒུག་ཟིག། ངས་དྲིན་ཆེན་ཕ་མར་བསྒུག་རྒྱུ་ན།། ངས་ཕ་མའི་དྲིན་ལན་འཇལ་ནས་ཡོད་ཅེས་རོགས་དྲན་པའི་སྐོར་དང་ཞེ་རྨོངས་པའི་སྐོར་གྱི་ལ་གཞས་དག་བཅོས་ཏེ་བཀྲ་ཤིས་རྒྱ་མཚོ་དྲན་པའི་སྐྱོ་གླུ་ལེན། ཁོའི་བྱ་སྤྱོད་དེ་མཐོང་བ་ཙམ་གྱིས་མཚོ་སྐྱེས་སྨྱོས་འདུག་སྙམ་པའི་དོགས་པ་ཞིག་སུ་ལའང་སྐྱེས་སྲིད།
དཔྱིད་ཟླ་གསུམ་པ་ཐོན་ཏེ་རྩྭ་རྩི་ཤིང་དང་གྲོ་ནས་སྲན་གསུམ་གྱི་མགོ་བོ་ས་ཁར་བུད་པ་དང་མཉམ་དུ། རོང་འབྲོག་མང་ཚོགས་ཀྱིས་དྲག་ཆས་སྤྲས་ཏེ་དབྱར་རྩྭ་དགུན་འབུའི་སྟེང་དུ་མཆོངས་འགོ་བརྩམས། སྔོན་ཆད་ཁོ་ཚོ་སྡེ་པའི་རྩྭ་ས་ཉོ་མཁན་དག་གིས་ཁོ་རང་བཙལ་ནས་ཐོན་བྱུང་། ཁོ་ཚོས“བཀྲ་ཤིས་རྒྱ་མཚོས་རྩྭ་སའི་རིན་གོང་གི་ཕྱེད་ཀ་ད་ལྟ་ཁྱོད་ལ་བྱིན་ཟེར། ཕྱེད་ཀ་དབྱར་རྩྭ་བརྐོས་རྗེས་ཁྱོད་ལ་སྟེར་དགོས། མི་བདེན་ན། འདི་ནི་གན་རྒྱའི་ཡི་གེ་རེད། བཀྲ་ཤིས་རྒྱ་མཚོ་ཁོ་ཟླ་གཅིག་གི་རྗེས་སུ་ཐོན་ཐུབ་ཟེར” ཟེར་བཞིན་སྒོར་མོ་ཁོ་ལ་སྤྲད། བསྡོམས་པས་སྒོར་ཁྲི་བཞི་བཅུ་ལྷག་འདུས་པས། ཁོ་རང་ལ་མཚོན་ན། མགོ་ནས་རྡོ་ཞྭ་ལྕི་མོ་ཞིག་ཕུད་པ་དང་འདྲ་བར་གྱུར།
མ་བསམ་ས་ནས། ཉིན་ཞག་གཅིག་ཀྱང་མ་འགོར་བར་སྡེ་མི་ཡོངས་ཀྱི་ལག་ཏུ་གན་རྒྱ་ཡི་གེ་རེ་དང་བསྐྱིས་ཡིག་རེ་བཟུང་སྟེ་ཁོ་ཚང་ལ་ཐོན། སྒོར་མོ་དེ་དག་བྱིན་རྗེས། ད་དུང་སྒོར་ཁྲི་བཅུ་ལྷག་ཆད་འདུག་པ་ཁོ་ཡིས་སྟེར་དགོས་ཚུལ་བཤད། ཁོའི་སེམས་སུ་དོན་དག་འདི་མི་གཞན་གྱིས་ཀྱང་གོ་སྲོལ་མེད་པས། ཆུང་མ་རྡོ་རྗེ་འཚོས་ཤེས་སོང་ན། གནམ་ས་གཉིས་ཀ་ཁ་ལོ་བསྐོར་བ་གདོན་མི་ཟ་སྙམ་སྟེ། གན་རྒྱའི་ནང་དོན་ལྟར་དབྱར་རྩྭ་བརྐོས་རྗེས་སྡེ་མིར་ཚོར་སྟེར་བའི་ཁས་ལེན་དམ་བཅའ་བྱས།
དབྱར་རྩྭ་རྐོ་བའི་རོང་འབྲོག་མང་ཚོགས་ནི་ནོར་ལུག་རི་ལ་བཀྲམ་པ་ཇི་བཞིན་འབྲོག་ཁུལ་གྱི་སྟོད་སྨད་བར་གསུམ་ཀུན་ཏུ་ཁྱབ། སྔོན་ཆད་ཡིན་ན། ལོ་ལོན་འཆི་དབང་དང་བྱིས་པ་སྐྱེས་དབང་མེད་ཅེས་རོང་ཁུལ་གྱི་སྟོན་བསྡུ་བའི་རྣམ་པ་མཚོན་མོད། ད་ནི་འབྲོག་ཁུལ་གྱི་དབྱར་རྩྭ་རྐོ་བའི་རྣམ ་པ་དེ་མཚོན་ཆོག་ཆོག་ཡིན།
མཚོ་སྐྱེས་རྡོ་རྗེ་ལ་མཚོན་ནའང་བཀྲ་ཤིས་རྒྱ་མཚོའི་ལས་འགན་དང་དུ་བླངས་ཏེ། ནངས་སྔ་མོ་ནས་དགོང་ཕྱི་དྲོའི་བར་ཁོའི་ཕ་ཡུལ་གྱི་དབྱར་རྩྭ་དགུན་འབུ་རྐོ་མཁན་ཚོའི་རྗེས་ན་ཡར་རྒྱུགས་མར་རྒྱུགས་བྱེད། བལྟས་ཚོད་ལ། ཁོ་དང་རྩྭ་ས་ཉོ་མཁན་གྱི་སྦྱིན་བདག་རྣམས་ནི་གླ་པ་ཚོའི་རྫི་བོ་ཞིག་དང་འདྲ་བར། མཚམས་རེར། རི་གསུམ་རྩེ་ན་འགྱིང་ཤིང་། མཚམས་རེར། ལུང་གསུམ་མདོ་ན་འདུར།
སྦྱིན་བདག་ཚོས་འཛུམ་མདངས་དང་དགོད་སྒྲ་ལྷང་ལྷང་གིས་ཁ་པར་གཏོང་ཚུལ་དང་། གླ་པ་ཚོས་སྣང་བ་སྐྱིད་པའི་གླུ་དང་རྡུང་ལེན་ངག་ལ་འགུགས་པར་བལྟས་ན། ཁོའི་ཕ་ཡུལ་གྱི་རི་སྒང་དུ་དབྱར་རྩྭའི་སྐྱེས་ཚད་བཟང་བ་རྟོགས་ཐུབ། དེ་ནི་མཚོ་སྐྱེས་རྡོ་རྗེ་ལ་མཚོན་ན། དོན་བཟང་ཞིག་ཡིན་སྟེ། ཁོའི་སྒོར་མོ་ཁྲི་ཉི་ཤུ་ཕྱིར་ལོན་ཐུབ་པས་རེད།
སྐད་ཅིག་ཉིད་ལ། ཁོའི་ཕ་ཡུལ་གྱི་རི་སྒང་ཡོད་ཚད་ནི་རྨ་འབྲུམ་གྱིས་ཟོས་པའི་རྒན་པོ་ཞིག་གི་ངོ་གདོང་དང་ཡོངས་སུ་མཚུངས་པར་གྱུར། ཁོའི་སེམས་སུ་སྔོན་ཆད་བོད་ཡུལ་གྱི་རི་ཆུ་ནགས་གསུམ ་དུ་ཡུལ་ལྷ་གཞི་བདག་དང་ལྷ་ཀླུ་བཙན་གསུམ་གནས་པས། ས་རྐོ་རྡོ་སློག་བྱ་མི་ཆོག་ཟེར་མོད། ད་ལྟ་རི་མཐོན་པོ་ཨ་མྱེས་རྨ་ཆེན་ནས་ཆུ་དམའ་མོ་རྨ་ཆུ་སྔོན་མོའི་བར་དུ་དབྱར་རྩྭ་དགུན་འབུ་རྐོ་སློག་བྱེད་པ་འདི་ཅི་ཡིན་ནམ། ད་དུང་དབྱར་རྩྭ་དགུན་འབུ་ནི་སྲོག་ལྡན་གྱི་འབུ་ཞིག་ཡིན་ན། ལག་ཏུ་ཕྲེང་བ་བཟུང་སྟེ་ཁ་ནས་མ་ཎི་འདོན་བཞིན་བསློགས་པ་འདི་ཡང་ཅི་ཡིན་ནམ། འདི་ལྟར་ལོ་ངོ་མང་པོ་འདས་ན། ས་གཞི་ནི་ང་ཚོའི་འཚོ་རྟེན་མིན་པར་ས་འགུལ་དང་ཆུ་ལོག ནད་ཡམས་དང་ཆག་སྒོ་སོགས་ཀྱི་འབྱུང་གཞིར་འགྱུར་བ་གདོན་མི་ཟ་སྙམ་སྟེ། གླ་པ་རེ་རེ་ཡིས་ལྕགས་ཀྱི་གཟེར་བུ་རྣོན་པོ་ས་ནང་དུ་འཛེར་ཐེངས་རེར། ཁོ་ལ་སྨྲ་མི་ཤེས་པའི་ན་ཟུག་ཅིག་སྐྱེས།
དབྱར་རྩྭ་མང་ན་དགའ་བའི་སྤྲོ་བ་དང་དབྱར་རྩྭ་མེད་ན་སྡུག་པའི་སེམས་ཁྲལ་གཉིས་ནི་ཡང་ལྗིད་མེད་པའི་རྒྱ་རྡོ་གཉིས་དང་འདྲ་བས། ཁོའི་དྲང་བདེན་གྱི་བློ་ཡིས་འཇལ་མ་ཐུབ་པར་ཟླ་ངོ་གཅིག་དང་ཕྱེད་ཀ་འདས། སྦྱིན་བདག་ཚོས་དགའ་དགའ་སྤྲོ་སྤྲོ་དང་བཅས་ཁོ་ལ་སྒོར་མོ་ཁྲི་བཞི་བཅུ་ལྷག་བྱིན་རྗེས་ཕྱི་ལོ་ཡང་ཡོང་རྒྱུ་ཡིན་པའི་ཁ་ཆད་བཞག་སྟེ་རང་རང་གི་ཕ་ཡུལ་དུ་ཆས་ལ། ཆད་པའི་སྒོར་མོ་ལག་ཏུ་འཕྲོད་པའི་སྡེ་མི་ཚོ་ཡང་དགའ་དགའ་སྤྲོ་སྤྲོའི་ངང་ནས“ངེད་ཚང་གི་རྩྭ་ས་ཕྱི་ལོ་ཡང་ཁྱོད་ཀྱིས་བཙོང་རོགས་བྱ་དགོས”ཟེར་བཞིན་རང་རང་གི་ཁྱིམ་དུ་བཞུད།
སྒོར་ཁྲི་སུམ་ཅུ་ཙམ་ལྷག་ཡོད་པ་ཁོའི་ཆུང་མ་རྡོ་རྗེ་འཚོ་ཡིས་མཐོང་སྟེ། དགའ་བའི་འཛུམ་དང་བཅས་སྔོན་ཆད་འབོད་མ་མྱོང་བའི་གཅེས་མིང་མཚོ་བྷེ་དང་རྡོ་བྷེ་སོགས་ཀྱིས་ཁོ་རང་སྐྱེལ་བསུ ་བྱས། ཡིན་ཡང་། སྒོར་མོ་བསྐྱིས་པའི་སེམས་ཁྲལ་དང་རྩྭ་ས་བརླགས་པའི་སྡུག་བསྔལ། ད་དུང་མ་རྩ་བརྡིབས་ཏེ་རང་སྲོག་གཅོད་པ་སོགས་སུ་ཡིས་རྟོགས།
ཚ་ཚ་འུར་འུར་གྱི་ལས་འགུལ་མཇུག་སྒྲིལ་བ་ན། ཁ་པར་གྱི་སྐུད་ལམ་དང་ཁ་བརྡ་ལས། འབྲོག་ཁུལ་གཞན་དུ་དབྱར་རྩྭ་མ་ཡག་པར་ས་བདག་དང་སྦྱིན་བདག་བར་དུ་རྩོད་པ་བྱུང་སྟེ། སུ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོགས་ཚུལ་དང་། སྦྱིན་བདག་དང་གླ་པའི་བར་ལ་འགལ་བ་བྱུང་སྟེ། གླ་པ་མང་པོས་སྟབས་མ་ལེགས་པར་སྦྱིན་བདག་བསད་ཚུལ་སོགས་ཐོས་ན་སྙིང་ལ་གཟན་པའི་དོན་དག་མང་པོ་རླུང་ལྟར་རྒྱུ་ཡོང་།
དབྱར་རྩྭ་དགུན་འབུ་རྐོ་མཚམས་བཞག་སྟེ་ཟླ་གཅིག་ལྷག་འགོར་མོད། ཁོའི་གྲོགས་པོ་བཀྲ་ཤིས་རྒྱ་མཚོ་ཕྱིར་ཡོང་རྒྱུ་ཕར་ཞོག ཁོའི་གནས་ཚུལ་ཙམ་ཡང་མ་གོ་བས། སྡེ་མི་ཡོངས་ཀྱིས་བཀྲ་ཤིས་རྒྱ་མཚོས་རྩྭ་ས་ཉོས་ཏེ་མ་རྩ་བརྡིབས་པས། ས་གཞན་དུ་བྲོས་པ་ཡིན་སྲིད། དེ་མིན་ན། དོན་རྐྱེན་ངན་པ་ཞིག་བྱུང་བ་གདོན་མི་ཟ། མྱུར་དུ་བཅའ་བ་རིམ་བྲོ་བསྒྲུབ་དགོས་ཚུལ་གྱི་ཁ་ཡན་ཞིག་མི་འདོད་བཞིན་དུ་བསྒྲགས་བྱུང་།
མཚོ་སྐྱེས་རྡོ་རྗེ་ཡང་དོགས་པ་ཟ་སྟེ་གསང་སྟབས་ཀྱིས་མོ་འདེབས་སུ་སོང་མོད། མོ་པས་ཤར་ལྷོའི་མཚམས་ཀྱི་གངས་རི་དཀར་པོའི་འདབས་དང་སྤང་ལྗོངས་སྔོན་མོའི་ཀླད་ཅིག་ན་འཚམས་པོར ་བསྡད་ཡོད་པ་དང་། ཉིན་འགའི་རྗེས་སུ་ཕ་ཡུལ་དུ་སླེབས་ཡོང་ཚུལ་བཤད་པས། ཁོའི་སེམས་ཀྱང་ཅུང་ཙམ་བདེ་ལ་བབས།
སྔོན་ཆད། དབྱར་ཟླ་དྲུག་པའི་ཚེས་ཆེན་བཅོ་ལྔའི་དགོང་མོར་རྒྱབ་རི་སྒང་ནས་ཁོ་གཉིས་ཐེངས ་མང་པོར་ལྷན་འཛོམས་བྱུང་མྱོང་བས། ཁོའི་སེམས་ཀྱི་དྲུག་པའི་བཅོ་ལྔའི་དགོང་མོ་ནི་ཁོ་གཉིས་ལྷན་འཛོམས་བྱེད་ཐུབ་པའི་དུས་བཟང་ཡིན་ལ། རྒྱབ་རི་སྒང་དེ་ནི་ཁོ་གཉིས་ལྷན་འཛོམས་བྱེད་སའི་གནས་མཆོག་ཅིག་ཏུ་བསམས་ཡོད།
དུང་ཟླ་དཀར་པོ་མཁའ་རུ་འཕགས་པ་དང་མཉམ་དུ། མཚོ་སྐྱེས་རྡོ་རྗེ་ཡིས་སྦི་རག་ཤོག་སྒམ་གཉིས་བཟུང་སྟེ་རྒྱབ་རི་སྒང་དུ་ཐོན། སྟོང་ལྷང་ལྷང་གི་རྒྱབ་རི་སྒང་དེ་རུ་ཁོ་གཉིས་ཀྱི་དགའ་སྐྱོ་ཆགས་སྡང་གི་གཏམ་རྒྱུད་མང་པོ་ཡོད་པས། འདས་སོང་གི་རྣམ་པ་དག་གློག་བརྙན་ཇི་བཞིན་ཁོའི་མིག་ལམ་དུ་འཆར་ཡོང་ལ། བར་མཚམས་མེད་པར་གཡུགས་པའི་འཁྱག་རླུང་གིས་ཁོ་ནི་དར་ལྕོག་ལྟར་ཕར་གཡོ་ཚུར་གཡོ་བྱས་པས། དགའ་བ་དང་སྐྱོ་བ་གང་ཡིན་མི་ཤེས་པའི་མིག་ཆུ་རྡོག་པོ་གཉིས ་མཁུར་མགོ་བརྒྱུད་དེ་ས་རུ་ཟགས། ཅིའི་ཕྱིར་ཁོ་ལ་འཁྱག་བསིལ་བསིལ་གྱི་མིག་ཆུ་བཞུར་བ་ཡིན་ནམ། ཅིའི་ཕྱིར་ཁོ་ལ་ཁེར་རྐྱང་དུ་ལུས་པའི་སྐྱོ་སྣང་སྐྱེས་པ་ཡིན་ནམ། ཅིའི་ཕྱིར་ཁོ་ལ་གནས་དེ་རུ་སྡོད་མི་ཚུགས་པའི་བྲེད་ཤ་ལངས་པ་ཡིན་ནམ། རང་དབང་མེད་པའི་ཚོར་སྣང་འདི་དག་གིས་ཁོ་ལ་ བཀྲ་ཤིས་རྒྱ་མཚོར་དོན་རྐྱེན་ངན་པ་ཞིག་བྱུང་བ་མིན་ནམ་སྙམ་པའི་དོགས་པ་ལངས་སུ་བཅུག
ཁོས་བཀྲ་ཤིས་རྒྱ་མཚོས་རྒྱུན་དུ་སྦི་རག་ཐུངས་དང་། བཟི་སོང་ན། ཅི་ཡང་དྲན་རྒྱུ་མེད་པས། དེ་ལས་སྐྱིད་པ་ཞིག་གང་ན་ཡོད་ཟེར་བ་དྲན་སྟེ། མྱུར་དུ་སྦི་རག་གིས་རང་སེམས་གནོན་ཐབས་བྱས། འོན་ཀྱང་། སྦི་རག་འཐུང་བ་ནི་ཆུ་འཐུང་བ་དང་འདྲ་བར་ཤོག་སྒམ་གང་ཚར་ཡང་ཁོ་རང་བཟི་བ་ལས་བློ་རིག་ཇེ་གསལ་ནས་ཇེ་གསལ་དུ་སོང་སྟེ་སེམས་ཁྲལ་ཇེ་ལྕི་ནས་ཇེ་ལྕི་རུ་གྱུར།
གློ་བུར་དུ། “ཨེ་མ། ཁྱེད་ནི་མི་རིགས་ཀྱི་ལ་རྒྱ་དང་མ་འོངས་པའི་རེ་བ་རེད”ཅེས་པའི་རོལ་དབྱངས་ཤིག་གིས་ཁོ་རང་ཡར་བསླངས། རོལ་དབྱངས་དེ་ནི་ཁོ་ལ་མཚོན་ན། རྨོངས་གཉིད་ལས་དཀྲོགས་པའི་དུང་བརྡ་དང་མུན་འཐོམས་ལས་འདྲེན་པའི་ཉི་འོད་ལྟ་བུ་ཡིན་པས། མྱུར་དུ་ཁ་པར་གྱི་ཁ་ཕྱེས་པ་ན། ཁོའི་རེ་འདོད་ལྟར “ཨ་རོགས། ང་བཀྲ་ཤིས་ཡིན། དོ་དགོང་ཡང་ཁྱོད་ཀྱིས་ཟླ་བའི་ལྷ་མོར་སེམས་གཏམ་བཤད་ཀྱིན་ཡོད་དམ”མི་ཟེར་བར། རྡོ་རྗེ་འཚོ་ཡིས་འཛར་སྐད་ཀྱིས“མཚོ་བྷེ། ཁྱོད་བཀྲ་ཤིས་ཚང་ལ་སོང་དང་། རེམ། རེམ”ཞེས་བོས། ཁོས་རྒྱུ་མཚན་ཅི་ཡིན་འདྲི་འདོད་ཀྱང་བཤད་དབང་མི་བྱིན་པར་ཁ་པར་གྱི་ཁ་གཏན།
ཁོ་རང་མྱུར་དུ་བཀྲ་ཤིས་ཚང་ལ་སོང་བ་ན། བཀྲ་ཤིས་རྒྱ་མཚོའི་ཆུང་མ་དང་བུ་ཕྲུག་གཉིས་ཀྱིས་བཀྲ་ཤིས་རྒྱ་མཚོ་འབོད་པའི་ངུ་སྒྲས་གནམ་ས་སྒུལ་བར་བྱེད་ལ། སྡེ་མི་འགའ་ཡང་ཁོ་ཚང་ལ་ཐོན་འདུག་པས། དོན་རྐྱེན་ངན་པ་ཞིག་བྱུང་བ་རྟོགས་ཐུབ།
བཀྲ་ཤིས་རྒྱ་མཚོ་ཁོ་ཚང་གི་ཚ་ཐབ་སྟེང་དུ་བསྙལ་འདུག་ལ། མགོ་ལག་རྐང་གསུམ་ནི་ཁྲག་གིས་སྦགས་པའི་སེང་རས་ཀྱིས་ཡོངས་སུ་བཏུམས་ཤིང་། མིག་སྣ་ཁ་གསུམ་སྐྲངས་ཏེ་ཁྲག་བླུགས་པའི་གྲོད་པུ་ཞིག་དང་འདྲ་བས། མཚོ་སྐྱེས་རྡོ་རྗེ་གཙོ་བྱས་པའི་སྡེ་མི་ཚོའི་མིག་ཆུ་དབང་མེད་དུ་བཞུར།
ཁོ་ཚོས་ཅི་ཞིག་བཤད་འདོད་ཀྱང་བཤད་མ་ཕོད་ལ། ཅི་ཞིག་བྱེད་དགོས་པའང་མ་ཤེས་པར་ཡུན་རིང་ལུས་པའི་སྐབས་སུ། བཀྲ་ཤིས་རྒྱ་མཚོའི་ལག་པ་འགུལ་ཙམ་བྱས་ཏེ“མཚོ་སྐྱེས། མཚོ་སྐྱེས་ཀྱིས་རྒྱབ་རི་སྒང་དུ་ང་ལ་བསྒུག་ཡོད། ང་དེར་ཁྱེར་རོགས”ཞེས་རྡབ་རྡིབ་ཀྱིས་ཚིག་འགའ་བཤད།
ཁོའི་ཚིག་དེ་ནི་མཚོ་སྐྱེས་རྡོ་རྗེ་ལ་མཚོན་ན། ཕྱི་མའི་ཡུལ་ནས་ཐོན་པའི་སྙིང་གྲོགས་ཀྱི་འབོད་པ་དང་། གསོན་བྲལ་གྱི་སྡུག་བསྔལ་བསལ་བའི་སྙིང་གཏམ་ཡིན་པས། སྐད་ཅིག་ཉིད་ལ་བཀྲ་ཤིས་རྒྱ་མཚོར་འཐམས། སེམས་སྡུག་གིས་མནར་བའི་བཀྲ་ཤིས་རྒྱ་མཚོའི་ཆུང་མ་དང་བུ་ཕྲུག སྡེ་མི་ཚོའི་མཆི་མའི་བཀང་བའི་མིག་ལམ་དུ། ཁོ་གཉིས་ནི་ངོ་བོ་གཅིག་ཏུ་འཐིམ་པ་ལྟར་གྱུར།
“ང་མཚོ་སྐྱེས་ཡིན་ཡ། ཁྱོད་ལ་ཅི་བྱུང་བ་ཡིན་ནམ།”མཚོ་སྐྱེས་རྡོ་རྗེ་ཡིས་མིག་ཆུ་འབྱིད་ཀྱིན་གསལ་འདེབས་བྱས་མོད། བཀྲ་ཤིས་རྒྱ་མཚོ་སླར་ཡང་གྲགས་རྒྱུ་མེད་པར་གྱུར།
“དོན་དངོས་སུ་ཁོ་ལ་ཅི་བྱུང་བ་ཡིན་ནམ། སྨན་ཁང་ནས་ཁྱེར་ཡོང་བ་དང་འདྲ་བ་འདི་ཅི་ཡིན་ནམ། ཁོ་རང་སུས་ཁྱེར་ཡོང་བ་རེད། ” ལོ་ལོན་ཞིག་གིས་སྡེ་མི་དང་མཚོ་སྐྱེས་རྡོ་རྗེ་སོགས་ཀྱི་མྱུར་དུ་ཤེས་འདོད་པའི་དོགས་གཞི་གཙོ་བོ་འདི་དྲིས།
བཀྲ་ཤིས་རྒྱ་མཚོའི་བུ་ཕྲུག་ཆེ་བས་ངུ་ངག་འདྲེས་མས“མདང་དགོང་སྒོ་བརྡུངས་པའི་ཁྲོག་སྒྲ་གྲགས་པས། ང་རང་བལྟ་རུ་སོང་བ་ན། ཁོ་གཅིག་པུ་ཉལ་འདུག ད་ཅི་ཞིག་བྱ་དགོས་སམ། ཨ་ཁུ་མཚོ་སྐྱེས”ཟེར་བཞིན་མཚོ་སྐྱེས་རྡོ་རྗེ་ལ་ཅེ་རེར་བལྟས།
མཚོ་སྐྱེས་རྡོ་རྗེ་ཡིས་བློ་ཐག་ཆོད་པོས“རེད། ད་འདི་ལྟར་འདུག་པའི་ཚོད་མ་རེད། འུ་ཚོས་ཟི་ལིང་གི་སྨན་ཁང་དུ་འཁྱེར་དགོས”ཞེས་བཤད་རྗེས་གསར་བུ་ཞིག་ལ“ཁྱོད་རང་རླངས་འཁོར་ལེན་དུ་སོང་། རེམ། ད་ནི་འཆི་བདག་དང་ང་ཚོས་སུ་མགྱོགས་ལ་བལྟ་དགོས། རེམ། རེམ”ཞེས་བཀོད་སྒྲིག་གནང་།
“རེམ། ང་རང་མཚོ་སྐྱེས་ཡོད་སར་ཁྱེར། ངས་ཁོ་ལ་འགྱོད་གཤེགས་བྱེད་དགོས།”བཀྲ་ཤིས་རྒྱ་མཚོས་ཁ་རུབ་པའི་མིག་ཟུང་བཙན་གྱིས་ཕྱེས་ཏེ་ཁོ་རང་བསྐོར་བའི་མི་ཚོགས་ལ་ཐེངས་གཅིག་བལྟས།
མཚོ་སྐྱེས་རྡོ་རྗེ་སྔོན་ལ་བུད་དེ“ང་མཚོ་སྐྱེས་ཡིན་ཡ། ལོ་གཅིག་ལ་མ་ཐུག་པར་ང་རང་བརྗེད་སོང་བ་ཡིན་ནམ”ཞེས་ཀུ་རེ་བརྩེས། དེ་ནི་ཁོ་ཡི་རྣམ་རིག་ཇེ་གསལ་དུ་ཨེ་འགྲོ་སྙམ་སྟེ་བཤད་པ་ཡིན་སྲིད།
ཁོས་མིག་རིག་རིག་གིས་མཚོ་སྐྱེས་རྡོ་རྗེ་ལ་བལྟ་ཡག་ཅིག་བྱས་ཏེ“རེད། མཚོ་སྐྱེས་རེད། ཁྱོད་རྒྱབ་རི་སྒང་དུ་མ་སོང་ངམ”ཟེར་བཞིན་མིག་ཆུ་ཤམ་ཤམ་དུ་བཞུར།
“ད་ཁྱོད་རང་ཡུལ་ལ་ཐོན་ཡོད་པས། ཁྱོད་ཀྱི་སེམས་སྡུག་མི་དགོས། རླངས་འཁོར་ཐོན་ན། ང་ཚོ་སྨན་ཁང་དུ་འགྲོ སེམས་ལ་ཡར་མར་མ་དྲན། དོན་དག་ཅི་ཞིག་ཡོད་ཀྱང་འུ་གཉིས་ཀྱིས་རྒྱབ་རི་སྒང་ནས་གླེང་ཆོག ”
“སྨན་པས་ང་རང་བཅོས་ཐབས་མེད་ཟེར། ད་ཁྱོད་ཚོས་སྡུག་མ་མྱང་། ཧིན་་་་་་ དེ་ལས། ང་ལ་སྦི་རག་གཅིག་བྱིན་དང་། ངའི་ཁ་ལྕེ་སྐམ་སྟེ་གྱོང་འདུག”
“ཟི་ལིང་དུ་སྨན་ཁང་ཆེན་པོ་དང་སྨན་པ་གྲགས་ཅན་ཡོད། དེར་སོང་ན་ཁྱོད་རང་དྲག་ཁོ་ཐག ་ཡིན། ཁྱོད་ཀྱིས་ཡིད་ཆེས་བྱོས། ཁྱོད་རང་ཡིན་གཅིག་མིན་གཉིས་སྨན་ཁང་དུ་འགྲོ་དགོས།”
“སྨན་པས་ངའི་རྩིབ་གུ་ཆག་རོ་ཡིས་མཆིན་པ་བསྣད་འདུག་ཟེར། ཧིན་་་་་་ ངས་ཀྱང་ང་རང་ཚད་ཅི་འདྲ་ཞིག་ཏུ་ལྷུང་ཡོད་པ་ཤེས།”
ཁོའི་དངན་པ་འདྲེས་མའི་ཚིག་འདི་ནི་གློག་ཞགས་ཤིག་དང་འདྲ་བར་ཁོ་ཚོའི་སྙིང་ལ་ཕོག་པས། སྐད་ཅིག་ཉིད་ལ་གནས་དེའི་ཡོད་ཚད་རི་མོར་བཀོད་པ་དང་འདྲ་བར་གྲག་མེད་འགུལ་མེད་དུ་གྱུར།
བཀྲ་ཤིས་རྒྱ་མཚོས་ཁོའི་མཐའ་བསྐོར་གྱི་རེ་ཐག་ཆད་པའི་ངོ་གདོང་རེ་རེར་སྐོར་བལྟ་ཐེངས་གཅིག་བྱས་རྗེས“མཚོ་སྐྱེས། ངས་སེམས་ཐོག་ས་ནི་སྙིང་རྗེ་བའི་ཆུང་མ་དང་གཅེས་ཕྲུག་གཉིས་རེད། ཁོ་གསུམ་པོས་ངའི་རྩིབ་ནས་སྐྱིད་ཅིག་རྒྱག་མ་ཐུབ། སྔོན་ཆད། ང་རང་གིས་སྒོར་མོ་མང་པོ་བསོགས་རྗེས་ཁོ་ཚོར་སྐྱིད་རྒྱག་ཏུ་འཇུག་འདོད་མོད། ད་ལྟ་ང་རང་་་་་་” ཟེར་བཞིན་འགྱོད་གདུང་གི་མཆི་མ་ཆུ་མིག་བརྡོལ་བ་ཇི་བཞིན་བཞུར།
“ངེད་མ་བུ་གསུམ་གྱི་དོན་དུ་སེམས་མ་སྡུག ད་ལྟ་ཁྱོད་རང་སྨན་ཁང་དུ་འགྲོ་དགོས། ཁྱོད་རང་དྲག་ན། ངས་ཁྱོད་ལ་བཟའ་འཁོན་ཡང་མི་བྱེད།” ཁོའི་ཆུང་མས་དེ་ལྟར་ཟེར་བཞིན་ཁོ་ལ་འཐམས།
“ཨ་ཕ། ཁྱོད་རང་དྲག་ན། ངེད་གཉིས་ཀྱིས་སློབ་སྦྱོང་ལ་ཧུར་བརྩོན་བྱེད་སྲིད། རྗེས་ནས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་ན། ཨ་ཕ་ཁྱོད་ཀྱིས་མ་བསྐྱལ་ན། ངེད་གཉིས་འགྲོ་མི་ཤེས་པས། ད་ཁྱོད་རང་སྨན་ཁང་དུ་འགྲོ ཨ་ཕ་ལེ་ལེ། ཁྱོད་སྨན་ཁང་དུ་འགྲོ” ཁོའི་གཅེས་ཕྲུག་གཉིས་ཀྱིས་ཀྱང་དེ་ལྟར་ཟེར་བཞིན་བཀྲ་ཤིས་རྒྱ་མཚོ་ཡང་ཡང་སྒུལ།
“ཁྱོད་ཀྱིས་ཁོ་ཚོར་འདང་བརྒྱག་ན། ཁྱོད་རང་སྨན་ཁང་དུ་འགྲོ་དགོས། གལ་ཏེ། ཟི་ལིང་གི་སྨན་ཁང་ནས་མི་དྲག་ན། པེ་ཅིང་གི་སྨན་ཁང་དུ་འགྲོ ད་རག་བར་དུ་ཁྱོད་ཀྱིས་ངའི་ཁ་ལ་ཉན་མ་མྱོང་། ད་ཐེངས་ངའི་ཁ་ལ་ཉོན།”
“ངོ་མ་རེད། ཁྱོད་ཀྱི་ཁ་ལ་མ་ཉན་པར་ང་རང་ཚད་འདི་འདྲ་ཞིག་ཏུ་ལྷུང་བ་རེད། ཧིན་་་་་་ངས་ཀྱང་ཁྱོད་ཀྱི་ཁ་ལ་ཐེངས་གཅིག་ཉན་འདོད་མོད། ད་ནི་འཕྱིས་སོང་། ཧིན་་་་་་ སེམས་གཏམ་བཤད་ན། སྨན་ཁང་དུ་ཐོན་མིན་ཡང་མི་ཤེས་ལ། ཐོན་ཡང་ང་རང་སྨན་ཁང་ནས་འཆི་མི་འདོད།”
ཁོ་ཚོས་མིག་མཆི་མས་བརླན་ཏེ་ཅི་ལྟར་ཞུ་བ་བྱས་ཀྱང་། བཀྲ་ཤིས་རྒྱ་མཚོས་རེ་ཐག་ཆད་པའི་མགོ་བོ་ཕར་གཡོ་ཚུར་གཡོ་བྱེད་པ་ལས་ཁོ་ཚོའི་རེ་འདོད་དང་ལེན་མ་བྱས།
“སྙིང་རྗེ་མེད་པའི་མི་སུ་ཞིག་གིས་ཁྱོད་རང་འདི་ལྟར་བྱས་པ་རེད། འདི་འདྲའི་སྙིང་ནད་ཅིག་གང་ནས་བྱུང་བ་ཡིན་ནམ། ” གསར་བུ་ཞིག་གིས་ལག་གཡས་པས་མིག་ཆུ་འབྱིད་ཀྱིན་སྨྲས།
“ཧིན་་་་་་དོན་འདི་ང་རང་ལན་པ་ཡིན། ན་ནིང་ངས་རྩྭ་ས་ཉོས་ཏེ་མ་རྩ་སྒོར་ཁྲི་དགུ་བཅུ་ལྷག ་བརྡིབས་སོང་། ད་ལོ་ཕྱིར་ཨེ་ལོན་འདོད་དེ་ཡང་བསྐྱར་ཉོས་པ་ཡིན། ཧིན་་་་་་ མཚོ་སྐྱེས་ཁྱོད་ཀྱིས་དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་པ་ནི་ཤོ་རྒྱག་རྒྱན་འཇོག་བྱེད་པ་ལས་ཀྱང་སྡུག་ཟེར་བ་ངོ་མ་རེད། ད་ལོ་ཡང་སྒོར་བརྒྱ་ལྷག་བརྡིབས་སོང་། ཧིན་་་་་་ ངས་ཀྱང་རང་སྲོག་གཅོད་འདོད་པའི་དུས་སུ། ཁོ་ཚོ་ཡོང་སྟེ་ང་རང་འདི་ལྟར་བྱས་པ་རེད། ཁོ་ཚོའི་བཀའ་དྲིན་གྱིས་ང་རང་ཡུལ་ལ་ཐོན་ཐུབ་སོང་། དེ་མིན་ན། ངའི་རོ་ཏོ་འདི་ཁྭ་སྐྱག་དང་ཁྱི་སྤྱང་གི་ཁ་ཟས་སུ་གྱུར་ཚར་སོང་། ཧིན་་་་་་ དེའི་ཕྱོགས་ལ་ཁྱོད་ཚོས་རྩད་གཅོད་ཅི་ཡང་མ་བྱེད། རྩད་གཅོད་བྱས་ན། ང་ཡི་བླ་སྒུལ་བ་དང་ཁྱད་པར་མེད། ཧིན་་་་་་ སྔོན་ཆད་རྩྭ་ས་རྩོད་གླེང་གི་མི་ཤི་རྟ་འགྱེལ་བྱས་པ་རེད། ད་ལྟ་དབྱར་རྩྭའི་ཆེད་དུ་མི་ཤི་རྟ་འགྱེལ་བྱེད་པ་རེད། ཧིན་་་་་་རྩྭ་ས་ནི་ང་ཚོས་འཚོ་ཤེས་ན་རིན་ཆེན་འབྱུང་གནས་ཡིན་མོད། འཚོ་མ་ཤེས་རང་གི་གཤེད་མ་རེད། ཧིན་་་་་་ཁྱོད་ཚོས་ངའི་ཆུང་མ་དང་གཅེས་ཕྲུག་གཉིས་ལ་ཁ་ལྟ་མིག་ལྟ་རེ་བྱ་རྒྱུ་མ་བརྗེད། ཁོ་ཚོ་ནི་་་་་་་ ཧིན་་་་་་ ཧིན་་་་་་ ཧིན་་་་་་”བཀྲ་ཤིས་རྒྱ་མཚོས་ལག་ཟུང་གིས་ཆུང་མ་དང་གཅེས་ཕྲུག་གཉིས་བསྡམས་ཏེ་མིག་གིས་མཚོ་སྐྱེས་རྡོ་རྗེ་ལ་ཅེར་འདུག
འདི་ནི་བཀྲ་ཤིས་རྒྱ་མཚོས་མི་ཡུལ་ལ་བཞག་པའི་གཏམ་རྒྱུད་ཅིག་གི་རྫོགས་ཚིག་ཡིན་ལ། རྔུལ་ཁྲག་གིས་བརླན་པའི་དབྱར་རྩྭ་དགུན་འབུ་ཡིས་རོང་འབྲོག་མང་ཚོགས་ལ་གནང་བའི་སྡོམ་ཚིག་ཀྱང་ཡིན།
རྩོམ་ཁུངས། ངེད་དྲ་བ།