མཆོང་།
ཉི་མ་ལྷ་ས། ཡུལ་མི་ཚོས་སོས་དལ་གྱི་ཁ་བརྡའི་ཀློང་ན་ནམ་ཡང་འོད་དུ་འཚེར་ཞིང་། བྱིས་པ་ཚོའི་ཡིད་འོང་གི་བྱིས་སྒྲུང་ངོགས་ནས་རེ་བའི་རྨི་ལམ་འཁྱིལ། ཡུན་རིང་རེ་སྒུག་གི་འཚོ་བའི་ཁྲོད་ནས་རྟག་ཏུ་མ་ཎི་བཞིན་བགྲང་བའི་ཉི་མ་ལྷ་སར་མཇལ་རྒྱུའི་བསྐལ་བ་ལྡན་པ་ནི། ང་ཚོ་བོད་མི་ཕལ་བ་ཞིག་ལ་མཚོན་ན་དེ་ནི་ཚེ་འདི་ཕྱིའི་དོན་ཆེན་ཞིག་དང་། ཡང་ན་ཕྱི་རོལ་ཏུ་ཁམས་སངས་ཀྱིས་གནས་སྐོར་ལྗོངས་རྒྱུའི་གོ་སྐབས་ཐེངས་ཤིག་ཀྱང་ཅི་ལ་མ་ཡིན།
རྡོ་རྡོ་བཟའ་ཟླ་གཉིས་ཀས་རང་གི་གཞིས་ཁྱིམ་དྲོད་མོ་དེའི་ཆེད་དུ། རང་རུ་རང་སྡེ་དེ་ནས་ཆུང་ལོ་ཉུང་གསར་བུའི་དུས་ནས་ད་བར་དུ་ཡ་ཀའི་རྫ་དང་། མ་ཀའི་ཞིང་། བར་གྱི་སྡེ་གྲོང་བརྒྱུད་དེ་ལག་ཟུང་གིས་རྩོལ་བ་ལ་བརྟེན་ནས་བསགས་པའི་དངུལ་ལོས། རང་ཉིད་ཀྱི་ཁ་ལ་ཞིམ་པོའི་ཟས་ཞིག་ཟ་མ་མྱངས་ལ། རྒྱབ་ལ་འཇམ་པོའི་གོས་ཤིག་ཀྱང་གྱོན་མ་མྱོང་བར། ལོ་ཟླས་ཟོས་པའི་གདོང་གི་གཅོང་རོང་ཟབ་མོའི་བཤུལ་ལམ་དེར་དཀའ་སྡུག་གི་རྔུལ་ཁྲག་ཅི་འདྲའི་མང་པོ་ཞིག ཁྱིམ་གཞི་དེའི་ཆེད་དུ་གཏམས་འདུག་པ་སུ་ཡིས་བསྙོན།
པོ་ཏ་ལའི་ལྟོག་རྒྱབ་ཀྱི་ཀླུ་མཆོད་ཕོ་བྲང་གི་མཚེའུ་འགྲམ་ན། ཁོ་བཟའ་ཟླ་གཉིས་ཀྱིས་སྔ་མོ་ནས་གྲ་སྒྲིག་བྱས་ཡོད་པའི་དཀར་ཟན་བླངས་ཏེ་ཉ་ཚོགས་ལ་སྦྱིན་པ་གཏོང་བཞིན་འདུག ཉ་ཚོགས་དང་གཉིས་སུ་མེད་པའི་མི་ཚོགས་ཀྱི་ཁྲོད་ན་རྩམ་དྲི་མ་ཡལ་བའི་བོད་པ་ཅི་ཙམ་ཡོད་དམ།
ཉ་ཚོགས་ཟན་ལ་འཁོར་བ་བཞིན་མི་ཚོགས་ལྷ་སར་འདུ་འོང་། མི་ཚོགས་སྟུག་ས་ན་ཁྱི་སྤྱང་དང་ཝ་མོ་འདྲ་བའི་གཡོ་སྒྱུའི་ཤྭ་འོད་གང་སར་བརྡོལ་བས། བོད་མིའི་དྭངས་གཙང་གི་དད་སེམས་དང་བྱམས་བརྩེ། གཞུང་དྲང་།སྙིང་རྗེ་བཅས་ལ་བརྟེན་ནས། མངོན་ལྐོག་གཉིས་ནས་དཔུང་འཇུག་བྱེད་མཁན་ཇེ་མང་ཡིན་པ་ཁོ་གཉིས་ཀྱིས་ཤེས་
སྲིད་དམ།
ཁོ་བཟའ་མི་གཉིས་ཀས་ཉ་སྦྱིན་བྱས་ཚར་ཏེ་འགྲོ་བར་བརྩམ་ཚེ་ཕྱི་པོ་ཆགས་འདུག་པས། ཕྱིར་གནས་མལ་དུ་ལོག་གྲབས་བྱས། གློ་རྡེག་ལ་གྱོན་པ་ངན་ངོ་གྱོན་པའི་རྒན་པོ་གྱོལ་བོ་ཞིག་གང་ནས་ཐོན་པ་མ་ཤེས་པར་ཁོ་གཉིས་ཀྱི་སྔུན་བཀོག་ཏེ་དགའ་ཚོར་ཆེན་པོའི་ངང་ནས་ན་རེ། “ཁྱོད་གཉིས་ལྷ་སར་འབྱོར་ནས་ཉིན་ག་ཚོད་འགོར་སོང་། ང་
དེ་རིང་ལྷ་སར་འབྱོར་བ་ཡིན། ཇོ་ཁང་ལ་མཇལ་དུ་འགྲོ་ན་འདི་ནས་ཇི་ལྟར་འགྲོ་དགོས”ཞེས་རྒྱུས་ཡོད་ཀྱི་ངོ་ཤེས་རྙིང་བ་ཞིག་ལ་ཕྲད་པ་ནང་བཞིན། ཁོ་གཉིས་ལ་ཁ་གྲག་དབང་མ་བྱིན་པར་རང་ཉིད་མཚམས་སྦྱོར་དང་འདིར་འོང་དོན་གང་ལ་འགྲོ་རྒྱུ་སོགས་ཆུ་བཞུར་བ་ལྟར་ལབ་བྱུང་བས། ཁོ་གཉིས་ཀྱིས་གཅིག་གིས་གཅིག་ལ་ལྟ་ཞོར་དེར་ཇི་ལྟར་འགྲོ་དགོས་ཚུལ་སོགས་སྙིང་ཉེ་ཉེ་ངང་ནས་གསལ་བཤད་བྱས་པ་ན། ཉམ་ཐག་པའི་ཟོལ་གྱིས་རྒན་པོ་དེས་ཐུགས་རྗེ་ཆེ་ཞུ་ཞོར་དུ་རང་གི་སྐེར་བཏགས་པའི་ཚི་དྲེག་ཆགས་པའི་མདུད་པའི་གསེང་གི་མཆོང་དེ་བསྟན་ཞིང་། དེ་ནི་རིན་པོ་ཆེ་ཞིག་ཡིན་ཚུལ་དང་དེ་བཙོང་ན་དངུལ་ལོར་མང་ཙམ་རེག་ཚུལ་བརྗོད་ནས། “ཁྱོད་ཀྱིས་རིན་པོ་ཆེར་བརྟག་ཨེ་ཤེས།གོང་ནས་ཚོང་བ་ཞིག་གིས་སྒོར་ལྔ་སྟོང་བྱིན་སོང་མོད། ངས་དེར་མ་བརྗེས་རྒྱུ་མཚན་ནི་ངས་སྒོར་མོའི་དག་རྫུན་གྱི་དབྱེ་བ་མི་ཤེས་པ་མ་ཟད། ང་རང་འདི་འདྲའི་དབང་བོ་སྐྱོན་ཅན་ཞིག་ཡིན་ཕྱིར་གཞན་གྱིས་ངའི་མཆོང་འདི་འཕྲོག་ནས་བྲོས་འགྲོ་བར་དོགས་ནས་མི་དེའི་ལག་ཏུ་མ་བཞག”ཅེས་ཁོར་ཡིད་ཆེས་པའི་ཚུལ་གྱིས། མདུད་པ་དང་ལྷན་དུ་ཕུད་དེ་ཁོའི་ལག་ཏུ་གཏད།
རྡོ་རྡོས་མངོན་ཆུང་ངང་། “མིན། ངས་རིན་པོ་ཆེར་བརྟག་མི་ཤེས”ཞེས་ལག་པ་ཕྱིར་བསྐུམས། ངོ་མ་བཤད་ན་རྡོ་རྡོ་ནི་གཞུང་རྒྱུད་དྲང་ཞིང་ལས་བརྩོན་པའི་མི་ཡ་རབས་ཤིག་ཡིན་པས། ད་བར་དུ་ལག་ཟུང་དང་དངུལ་ཁྲག་ལ་བརྟེན་ནས་སྒོར་མོ་བཙལ་བ་ལས། ཀླད་པ་འགུལ་ནས་སྒོར་མོ་བཙལ་མ་མྱངས་པས་སོ།།
“འོ་ན་ཁྱོད་ཀྱིས་སང་ཉིན་ང་ལ་མཆོང་འདི་བཙོང་རོགས་བྱེད་མི་ཐུབ་བམ། གཙོ་བོ་ངས་སྒོར་མོ་དག་རྫུན་ལ་ལྟ་མི་ཤེས། གལ་ཏེ་རིན་པོ་ཆེ་འདི་བཙོང་ཐུབ་སོང་ན་ངས་ཇོ་བོ་རིན་པོ་ཆེར་གསེར་ཞལ་འཐེན་བསམ་པ་ཡིན། དོན་དེ་འགྲུབ་སོང་ན་རྒན་པོ་ང་ཤི་བོའི་རྗེས་ནས་ལུས་པར་དོན་མགོ་འཁྱོངས་སོང་བས། དེ་ན་ངའི་སྐྱིད་འདི་སུ་ལ་བརྗོད”ཅེས་མཆོང་དེ་ཚི་དྲེག་ཆགས་པའི་ལག་པ་གཉིས་ཀྱིས་ཕུར་ཕུར་བྱེད་བཞིན་ཁོས་ཅི་ཟེར་ལ་
རེ་སྒུག་བྱས།
སྐབས་དེར་རྡོ་རྡོས་ཀྱང་ངོ་མ་རྒན་པོ་དེར་རོགས་ཤིག་བྱ་ཐུབ་སོང་ན་དེའང་དགེ་བ་མིན་ན་སྡིག་པ་ག་ལ་ཡིན།
ཉམ་ཐག་པའི་མི་ལ་རོགས་རམ་བྱ་རྒྱུ་ནི་རྣམ་དཀར་དགེ་བའི་ལས་ཡིན་སྙམ་ནས་དེར་རོགས་རམ་བྱ་རྒྱུ་ཁས་བླངས། རྒན་པོ་དེས་དགའ་ཚོར་ཆེན་པོས། “ཐུགས་རྗེ་ཆེ། ཐུགས་རྗེ་ཆེ། སང་ཉིན་ཞོགས་པར་བར་སྐོར་དུ་འཕྲད་ཡོང་།” ཞེས་ཐད་ཀར་གཞུང་ལམ་དེད་ནས། གྱོལ་མ་ལྡིང་གིས་རྐང་བ་གཡས་བ་དེ་འདྲུད་ཞོར་དུ་ལག་པ་གཡུགས་ནས་འགྲོ་བའི་རྣམ་པ་ནི། སོ་ནམ་པ་རྒན་པོ་ཞིག་གིས་ནས་བྲེ་གང་ཕྲག་ལ་གཟར་ནས་ལག་གཡོན་མས་བསྐྱོར་ཞིང་། ལག་གཡས་པས་ནས་འདེབས་ཀྱིན་པ་དང་གཉིས་སུ་མ་མཆིས།
སྐབས་དེར་རྡོ་རྡོས་རྒན་པོ་དེའི་རྒྱབ་གཟུགས་ལ་ཅེར་ནས་མི་འདིས་ཇོ་ཁང་གང་དུ་ཡོད་པའང་མི་ཤེས་ན། ད་ཡང་པར་སྐོར་དུ་མཇལ་ཡོང་ཞེས་པའི་ཚིག་འདི་གཉིས་འགལ་བ་ལྟག་སྤྲོད་དུ་སོང་འདུག་པ་མ་ཡིན་ནམ་ཞེས་དོགས་པ་ཞིག་འཆར་ནའང་། རྟག་ཏུ་མི་རྣམས་ཀྱིས་ལྷ་སའི་ཁྲོམ་དང་ལྷ་སའི་བར་སྐོར་ཞེས་གླེང་བའི་རྐྱེན་གྱིས་གོ་མཐོས་ལྟར་ས་མིང་དེ་བཤད་པ་ཡིན་ཤས་ཆེ་སྙམ་ནས་མུ་མཐུད་དུ་དེའི་ཕྱོགས་ལ་བསམ་བློ་མ་བཏང་ངོ་།།
ཁོ་གཉིས་ཀྱིས་ལམ་འགྲམ་གྱི་མ་ཎི་འཁོར་ལོ་དག་གཅིག་ཀྱང་མ་ལུས་པར་སྐོར་ནས་སོང་བ་ན། དེར་འཁུར་གོར་བཙོང་མཁན་ཞིག་འདུག་པས་འཁུར་བ་རེ་ཉོས་ནས་ཟ་ཞོར་དུ་སོང་།
རྡོ་རྡོ་བཟའ་མི་གཉིས་གྲ་བཞིའི་ལྷ་མོའི་ཉེ་འདབས་སུ་བསྡད་ཡོད་པས། ཁོ་གཉིས་ཀྱི་མཐའ་འཁོར་གྱི་མི་ཚོགས་དང་རླངས་འཁོར་སོགས་ཡོད་ཚད་ཀྱང་། དེར་ལོག་པར་ཁོ་གཉིས་ལ་འགྲན་རྒྱུག་བྱེད་པ་དང་འདྲ་བའི་སྣང་བ་སྐྱེས། གློ་བུར། མི་ཞིག་གིས་རྒྱབ་ཕྱོགས་ནས“རྒན་ལགས། ཅུང་ཙམ་བསྒུག་དང་།”ཞེས་བོས་བྱུང་། ཁོ་གཉིས་འགྲོ་མཚམས་བཞག་ཏེ་ཁ་ཕྱིར་འཁོར་ནས་བལྟས་པ་ན། དེ་ནི་གྱོན་པ་གྲ་དག་གྱོན་པའི་མི་དར་མ་གཟུགས་ཐུང་རྒྱགས་པ་ཞིག་དང་། གསར་བུ་ལོ་གཞོན་གཟུགས་རིང་སྐམ་རིལ་ཞིག་སྔ་གཞུག་ཏུ་ཐོན་ནས་འདྲི་རྒྱུར། “ད་གིན་རྒན་པོ་དེའི་མཆོང་དེ་ཁྱོད་ཀྱིས་ཉོས་ཡོད་དམ། ངས་ཁྱོད་ལ་སྒོར་དྲུག་སྟོང་བྱིན་ཆོག་དེ་ང་ལ་བཙོང་རོགས”ཞེས་བཤད་པ་ན་
གསར་བུ་ལོ་གཞོན་དེས་དེར་མཐུད་ནས། “ཁོ་ནི་ང་ཚོའི་ཚོང་ཁང་གི་ཚོང་དཔོན་རེད”ཅེས་མཚམས་སྦྱོར་བྱས།
“འོ། དེ་ངས་ཉོས་མེད། རྒན་པོ་དེས་ང་ལ་བཙོང་རོགས་བྱ་དགོས་ཚུལ་ལབ་པས་ངས་སང་ཉིན་ཁོ་ལ་རོགས་བྱ་རྒྱུ་བྱས་ཡོད། དེ་རྒན་པོ་གྱོལ་བོ་ཞིག་ཡིན་པས་ཁོ་ཐག་རིང་བོར་ཐོན་མེད་པས་ཁྱེད་གཉིས་ཀྱིས་རྗེས་ཟིན་ངེས་རེད།”ཅེས་བཤད་དེ་རྒན་པོ་དེ་འགྲོ་བའི་ཕྱོགས་ལ་བསྟས་པ་ན་ཁོ་རང་ངོ་མ་ཐག་རིང་བོར་སོང་མི་འདུག་པས། “འོ་དེ་རེད”ཅེས་མཛུབ་མོས་བསྟན།
མི་རྒྱགས་པ་དེས“འོ་ད་འགྲིག་སོང་། གོང་ནས་ཁོས་ང་ལ་མ་བཙོང་བར་བལྟས་ན་ཁོ་རང་ང་ལ་ཡིད་ཆེས་ཀྱི་མེད་པ་འདྲ།”ཞེས་ལབ་པར་རྡོ་རྡོས་“དེ་འདྲ་མ་རེད། ཁོས་སྒོར་དག་རྫུན་གྱི་དབྱེ་བ་མི་ཤེས་པས་མ་བཙོང་……”ཞེས་རྒན་པོ་དེས་བཤད་པ་ནང་བཞིན་ཁོ་ལ་གསལ་བཤད་བྱེད་པ་ན། ཁོས་“འོ། དེ་ན་ཁྱེད་ཀྱིས་ང་ལ་ཉོ་རོགས་གནང་།”
ཞེས་ལག་པས་རང་གི་ལྭ་བའི་ཁུག་མ་བསྔག་བཞིན། བརྒྱ་ལོར་འགའ་བླངས་ནས“ཨ་ཁ། ངས་སྒོར་མོ་འཁྱེར་རྒྱུ་བརྗེད་འདུག འདིར་མི་འདང་།”ཞེས་གམ་གྱི་གསར་བུ་དེར་“ཁྱོད་མྱུར་བར་སོང་ལ་སྒོར་ཁྲི་གཅིག་ཁྱེར་ཤོག དོན་འདི་ཁོ་གཉིས་ཀྱི་རོགས་རམ་ལ་བརྟེན་ནས་འགྲུབ་སོང་ན་ཁོ་བཟའ་མི་གཉིས་ལ་མགྲོན་ཞིག་ལོས་བྱེད།”ཅེས་གསར་བུ་དེར་གླ་གཏོང་རླངས་འཁོར་ཞིག་བཀག་སྟེ་མངགས་སོང་།
དགུང་ཉི་མ་ཚང་ལ་བཞུད་པར་ད་ནི་ཐག་ཚད་གཅིག་ཙམ་ལས་མི་འདུག གསར་བུ་དེ་ད་དུང་ཕྱིར་མ་ཐོན། ཡིན་ཡང་རྒན་པོ་གྱོལ་བོ་དེ་རུས་སྦལ་གྱི་འགྲོས་དང་འདྲ་ནའང་། ད་ནི་ཐག་ཇེ་རིང་ཡིན་སྟབས་ཚོང་བ་དེའང་འཚབ་ལངས་ཡོད་པ་འདྲ། ཁོས་བཤད་རྒྱུར“རྒན་ལགས། ད་ཡུན་རིང་སྒུག་ན་རྒན་པོ་དེའི་རྗེས་ཟིན་རྒྱུ་མ་རེད། ད་
འདི་ལྟར་བྱས་ན་ཁྱེད་རང་འཐད་མིན་མི་ཤེས།”ཞེས་བཤད་པ་ན་རྡོ་རྡོས“ཅི་ཞིག་རེད་ཤོད་དང་།” “སྤྱིར་ཁྱེད་ཀྱིས་ང་ལ་མཆོང་དེ་ཉོ་རོགས་བྱ་ཐུབ་སོང་ན་ངས་ཁྱོད་གཉིས་ལ་མགྲོན་བྱེད་བསམ་པ་ཡིན་མོད། ད་འདི་ལྟར་བྱ་ཁྱོད་ལ་སྒོར་མོ་མཁོ་རྒྱུ་རེད། ཁྱོད་ཀྱིས་རྒན་པོ་དེའི་ལག་ནས་མཆོང་དེར་སྒོར་ལྔ་སྟོང་བྱིན་ནས་ཉོས་དང་། ངས་ཁྱོད་ལ་སྒོར་
དྲུག་སྟོང་བྱིན་ཆོག སྐུ་མཁྱེན། འདི་ངའི་ཁ་པར་ཨང་གྲངས་ཡིན། སྒོར་མོ་ཁྱེར་ནས་ཐོན་ལ་ཡོད་པས་ང་འདིར་སྒུག་ནས་ཁྱེད་ལ་འགྲེལ་བསྟུག་བྱ”ཞེས་བཤད་དེ་ཤོག་བུ་ཞིག་གི་སྟེང་དུ་ཁ་པར་ཨང་གྲངས་ཤིག་བྲིས་འདུག་པ་དེ་ཁོ་ལ་བྱིན། རྡོ་རྡོས་རང་གི་ཁ་པར་སྟེང་ནས་ཨང་གྲངས་དེ་མནན་པ་ན། ངོ་མ་ཁོའི་ཁ་པར་གྲག་བྱུང་བས་ཁོའི་སེམས་ལ་དེ་མི་ཆོག་རྒྱུ་མེད་དེ། རྒན་པོ་དེར་རོགས་རམ་ཞིག་བྱ་ཐུབ་པ་མ་ཟད། རང་ལ་ཡང་མ་བསམ་ས་ནས་ཁེ་སྤོགས་ཤིག་རེག་ཡོང་སྙམ་ནས། མཆོང་དེ་ཉོ་རྒྱུ་བྱས་ཤིང་ཁོའི་ཆུང་མ་དང་ཚོང་བ་རྒྱགས་པ་གཉིས། དེ་ག་ནས་སྒོར་མོ་འཁྱེར་ནས་འོང་མཁན་གསར་བུ་དེར་བསྒུག་ཏུ་བཅུག
རྡོ་རྡོས་རྒན་པོ་གྱོལ་བོ་དེའི་རྗེས་ཟིན་རྗེས་ཁོའི་ལག་གི་མཆོང་དེར་སྒོར་ལྔ་སྟོང་བྱིན་ནས་ཉོས་ཏེ་མྱུར་ཏུ་ཕྱིར་ལོག་ནས་ཁོ་གཉིས་དང་ཐག་མི་རིང་བར་མདའ་རྒྱང་གསུམ་ཙམ་གྱི་སར་ཐོན་ལ་ཉེ་སྐབས། ཚོང་བ་དེའི་ཁ་པར་གྲག་བྱུང་བས་ཁོས་མྱུར་ཏུ་ཁ་པར་བླངས་ནས“གོ་སོང་”ཞེས་ལབ་པ་ན། གླ་གཏོང་རླངས་འཁོར་ཞིག་ཁོ་གཉིས་ཀྱི་ཐད་ནས་དན་སེ་བསྡད་སོང་།“ད་སྒོར་མོ་ཐོན་བྱུང་”ཞེས་བཤད་ཞོར་རླངས་འཁོར་དུ་བུད་པ་ན་རླངས་འཁོར་མ་བསྡད་པར་བུད་
སོང་།
ཁོ་མོ་རླངས་འཁོར་གྱིས་རྗེས་སུ“ཨེ། རིན་པོ་ཆེ ……”ཟེར་ནས་རྒྱུག
༢༠༡༡ལོའི་ཟླ༦པའི་ཚེས༣༠ཉིན་རྨ་ཆུ་ནས་རྫོགས་པར་བྲིས་སོ།།
རྩོམ་ཁུངས། ངེད་དྲ་བ།