B.Lཡི་ལས་དབང་།༧
༡༡ ཧྲུའུ་ཅི་ཡི་དྲུང་ཡིག
ཁོས་ཆང་ཉུང་ཙམ་འཐུང་ཏེ“བདུན་བཙུགས་ཚར་རྗེས་ཕྱིར་རྫོང་ཐོག་ལ་སོང་། ཉིན་དེར་རྫོང་སྲིད་གཞུང་གི་སྒོ་ཁར་ཐོན་དུས། རྒན་དར་གཞོན་གསུམ་ཡོངས་ཀྱིས་བོད་ལྭ་གྲ་དག་གྱོན་ཅིང་ལག་ཏུ་ཁ་བཏགས་བཟུང་སྟེ་ངེད་གཉིས་ལ་བསུ་བ་བྱེད་པ་ལྟར་ཟིང་ཟིང་ལོང་ལོང་བྱེད་ཀྱིན་འདུག སྤྱིར་ངེད་གཉིས་ཀྱི་ལས་རིགས་ལ་མཚོན་ན། འདུ་འཛི་དང་ཟིང་ཟིང་ཆེ་བའི་གནས་ནི་འུ་ཅག་བོད་མིས་བཤད་པའི་གནས་འགངས་ཆེན་ལྟར་ཡིན། གནས་དེ་ཡི་བསམ་དོན་གྲུབ་ཚད་ནི་བརྒྱ་ཆའི་གོ་དགུ་ཡན་ཡིན་མོད། རྣམ་པ་དེ་ནི་ངེད་གཉིས་དེང་ཐོག་དམག་ལ་འགྲོ་ཁའི་རྣམ་པ་དང་ཧ་ཅང་མཚུངས་པས། ང་ཡི་སེམས་པ་ཀློང་ཀློང་བོར་བཏང་། རྫོང་སྲིད་གཞུང་གི་སྒོ་ཆེན་ཐོག་ཏུ་དར་དམར་རིང་པོ་ཞིག་བརྒྱངས་འདུག དེའི་ཐོག་ཏུ་གསེར་མདོག་གི་བོད་རྒྱ་ཡིག་རིགས་གཉིས་ཀྱིས་༄༅།།ལྷག་བསམ་འཁོལ་བའི་ངང་ནས་ཞིང་ཨུ་ཧྲུའུ་ཅི་ངེད་རྫོང་ལ་གཟིགས་ཞིབ་ཏུ་ཕེབས་པར་དགའ་བསུ་ཞུ།། ཞེས་བྲིས་འདུག ངའི་སེམས་ལ་ད་ཐེངས་ཤ་གཟན་མང་པོ་འཛིན་ཐུབ་སོང་འདོད་དེ་དགའ་སྤྲོ་ཆེན་པོ་སྐྱེས། ངའི་བཤད་པའི་ཤ་གཟན་ཚོན་པོ་ནི་ངེད་གཉིས་ལ་སྒོར་མོ་སྟེར་བའི་མི་དག་ལ་ཟེར་བ་ཡིན། སྐབས་དེར། ཞིང་ཨུ་ཧྲུའུ་ཅི་ཡི་རྗེས་ན་གཡུང་མོ་ལུག་ལྟར་འགྲོ་བའི་ཁུལ་རིམ་པ་དང་རྫོང་རིམ་པ་ཡི་དཔོན་པོ་ཆུང་ཆུང་བགྲང་གིས་མི་ལངས། ཁོ་ཚོ་ནི་ངེད་གཉིས་ཀྱི་ཤ་གཟན་རེད། ཁོ་ཚོས་ཐོབ་གོ་ས་བསམས་ཏེ་གོང་དཔོན་པོ་ཡི་ཁ་ངོ་ལེན་པ་དང་བར་འགོ་ཁྲིད་ལ་འབྲེལ་ཟམ་འཛུགས་པའི་ཆེད་དུ། མི་ལུས་རིན་ཆེན་ཡིན་ཡང་བཞུགས་སའི་གདན་དང་ཞོན་སའི་རྟ། འབ་པའི་ཁྱི་དང་ཚོན་པོའི་ལུག་སོགས་སུ་སྒྱུར་ཐུབ། ལོ་རེ་རེའི་ལོ་གསར་དང་ལྔ་གཅིག་དུས་ཆེན། དྲུག་གཅིག་དུས་ཆེན་སོགས་ནི་ཁོ་ཚོས་ལག་ཁྱེར་རྫོངས་པའི་དུས་ཆེན་ཡིན་ལ། དཔོན་པོ་ཡི་ལྕམ་མོ་དང་སྲས་སྲས་མོ། དྲུང་ཡིག་དང་ཁ་ལོ་པ་སོགས་ནི་འབྲེལ་ཟམ་འཛུགས་བྱེད་ཀྱི་རྨང་རྡོ་དང་ཁ་ངོ་ལེན་བྱེད་ཀྱི་སྨྱན་རྫས་ལྟ་བུ་ཡིན” ཅེས་བཤད།
ཁོས་ང་ལ་བལྟས་ཏེ་ཅོག་ཙེ་ཐོག་གི་ཤ་སྡེར་བསྟན་ནས “ཤ་གཟན་ཚོན་པོ་བཤད་ན། ཡང་ཤ་ཟོས་ན་འདོད། ཤ་འཕྲོ་དེ་བྱིན་དང”ཟེར། ངས་གྲི་དང་ཤ་སྡེར་ཁོ་ལ་བྱིན་པ་ན། ཁོས་རྩུབ་གུ་ཚོན་པོ་ཞིག་བླངས་ཏེ“དྲིན་ཆེན་པོ་འདི་དབྱར་དགུན་སྟོན་དཔྱིད་ཚང་མར་སུན་རྒྱུ་མེད། ཟས་རིགས་མང་པོའི་གྲས་ནས་བརྗེད་རྒྱུ་མེད། བདུད་རྩི་ཆང་གི་སྤོད་ཡ། མངར་མོ་བཅུད་ཀྱི་ཟས་མཆོག ཕ་ཨ་ཁུས་བཞེས་ན་སྐུ་ཚེ་རིང་ནོ།། ནང་ན་ཟླས་ཟོས་ན་ལུས་སྟོབས་དར་ནོ།། དམན་བུ་མོས་ཟོས་ན་དམར་མདངས་རྒྱས་ནོ།། ཡར་དཔོན་པོར་འཕུལ་ན་ཁ་ངོ་ལོན་ནོ།། བར་གྲོགས་པོར་བྱིན་ན་ཁ་ངོ་བརྟག་ནོ།། སྨད་དབུལ་པོར་བྱིན་ན་ཁ་ཡག་བཤད་ནོ།། ང་གངས་ཅན་བོད་ཀྱི་ཟ་སྐལ། གཡང་དཀར་ལུག་གི་ཤ་འདི་ཡིན་ཟེར་རྒྱུ”ཞེས་ཤ་བཤད་ལྟ་བུ་ཞིག་བྱས་ཏེ་ཤ་འཐོག་བཞིན་བསྡད།
དེ་ལྟར་ཡུན་རིང་འགོར་པས། ཨ་ཁུ་རྟ་མགྲིན་གྱིས་ཀུ་རེ་ཡི་ཚུལ་དུ“ ཨ་རོགས། ཟ་རྒྱུ་རིག་ན་བཤད་རྒྱུ་བརྗེད་སོང་བ་མིན་ནམ”ཞེས་གསལ་འདེབས་བྱས་པར། ཁོས“ཤ་ཟ་ན་རྒོད་པོས་ཟ་ཟ། ཆང་འཐུང་ན་རྨ་བྱས་འཐུང་འཐུང་ཞེས་པ་འདི་འདྲ་རེད། ཨོ། ངོ་མ་རེད། ངས་ཟ་རྒྱུ་རིག་ན་བཤད་རྒྱུ་བརྗེད་འདུག སྐབས་དེར། ངེད་གཉིས་ཀྱི་ལས་འགན་ནི་ཧྲུའུ་ཅི་ཡི་དྲུང་ཡིག་གམ་ཞབས་ཞུ་བ་གང་རུང་ཞིག་ཡིན་ཁུལ་བྱས་ཏེ། རྩུབ་རྟིང་སོར་མོ་གསུམ་ཅན་གྱི་ཤ་གཟན་ཚོན་པོ་དེ་དག་ངེད་གཉིས་ཀྱི་ཕྱོགས་སུ་བསྐོར་རྒྱུ་དེ་ཡིན། ངེད་གཉིས་ཀྱི་གོན་པ་དང་ཚུགས་ཀ་སོགས་ཕྱོགས་གང་ནས་བལྟས་ཀྱང་ང་ནི་རྒྱ་མི་ཤེས་ཡོན་ཅན་ཞིག་དང་མཚུངས། ལྷག་པར། མིག་ཤེལ་ནག་པོ་གྱོན་ཏེ་ཀོ་ཁུག་ནག་པོ་ཞིག་ཡོད་པ་དེ་མཆན་འོག་ཏུ་བཙུར་བ་ན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཨ་ན་མ་ན་ཡིན་པས། ངེད་གཉིས་ཀྱིས་ང་ནི་དྲུང་ཡིག་དང་ཁོ་ནི་ང་ཤེས་པའི་ཁུལ་གྱི་དཔོན་པོ་ཞིག་ཡིན་པའི་འཆར་བཀོད་འཐེན་ཏེ། རྫོང་སྲིད་གཞུང་གི་སྒོ་ཆེན་ལས་ཅུང་རིང་བའི་ས་ནས་ཁོ་ཚོ་དང་མཉམ་དུ་ཞིང་ཨུ་ཧྲུའུ་ཅི་ལ་བསྒུགས། དུས་ཚོད་ཕྱེད་ཙམ་འགོར་བ་ན། ཞིང་ཨུ་ཧྲུའུ་ཅི་འཁོར་དང་བཅས་པ་ཕེབས་བྱུང་། ཁོ་ཚོ་ནི་ངེད་གཉིས་དང་ཉེ་ས་ནས་རླངས་འཁོར་ལས་ཕྱིར་བུད་པ་ན། འཇུ་རེས་བྱེད་མཁན་གྱད་མི་དག་དང་འདྲ་བར་གཅིག་ལས་གཅིག་ཚོན་པོ་དང་གཅིག་ལས་གཅིག་ལྟོ་རླུགས་ཡིན་པས། མཐོང་བ་ཙམ་གྱིས་སྐྱི་གཡའ་བ་དང་ཡི་ག་ཆད་པ་ཞིག་རེད། ངེད་གཉིས་ཀྱི་ཉམས་མྱོང་གིས་བརྟགས་ན། སྔོན་མ་ནི་ཧྲུའུ་ཅི་དང་བར་མ་ནི་ཁུལ་དཔོན། རྗེས་མ་གསུམ་ནི་སྐུ་སྲུང་བ་དང་ཁ་ལོ་པ་གཉིས་ཡིན་པས་དྲུང་ཡིག་མེད་པ་ཁོ་ཐག་རེད། ཁོ་ཚོས་ཁ་བཏགས་འཕེན་རེས་དང་ཕྱག་འཇུ་ཡང་ཡང་བྱེད་པའི་སྐབས་དང་བསྟུན་ནས་ངེད་གཉིས་རིམ་གྱིས་དཔོན་པོ་ཚོའི་རྗེས་སུ་དམ་པོར་འབྲངས། དེ་ལྟར་གོམ་པ་བཞི་ལྔ་ཙམ་ཡང་མ་སོང་བར་སྙིང་རྗེ་བའི་སློབ་བུ་ཆུང་ཆུང་ཞིག་གིས་ངའི་སྐེ་ལ་ཡང་ཁ་བཏགས་ཤིག་འཕངས་ཏེ་ཁྱེད་རང་ཕེབས་པར་དགའ་བསུ་ཞུ་ཞེས་བཤད། དེ་འདྲའི་གདངས་སྙན་མོ་ཞིག་དང་ལྷད་མེད་ཀྱི་སྐད་ཆ་ཞིག་ཐོས་མ་མྱོང་། ངས་ཁ་བཏགས་ཕྱིར་སློབ་བུ་དེའི་སྐེ་ལ་བསྐོན་ཏེ། མ་འོངས་པར་དཔོན་པོ་རྣམ་དག་ཅིག་བྱེད་དགོས་ཞེས་བཤད་པ་ན། ཁོས་ཀྱང་འཐད་པའི་མགོ་ལྕོག་ལྡེམ་ལྡེམ་བྱས། དེ་ནས་བཟུང་ངས་ཀྱང་ཁྱོད་ཚོ་དགེ་རྒན་དག་ནི་ང་ཚོ་མི་རིགས་ཀྱི་བླ་སྲོག་སྐྲུན་མཁན་དང་མུན་ནག་ཀློང་གི་ལམ་སྟོན་མཁན། སློབ་མ་ཚོ་ནི་མི་རིགས་ཀྱི་ལ་རྒྱ་འཛིན་མཁན་དང་མ་འོངས་པའི་བདག་པོ་ཡིན་པ་རིམ་བཞིན་རྟོགས”ཞེས་ང་ཚོའི་རྣམ་འགྱུར་ལ་སྐོར་ལྟ་ཐེངས་གཅིག་བྱས།
“སྐབས་དེར་ངའི་སྙིང་ཆུང་ལུ་གུ་ལྡིང་ལྡིང་བྱས་ཏེ་ཁ་ནང་དུ་ཐོན་པ་དང་འདྲ་མོད། དཔོན་པོ་དེ་དག་གིས་གཞུག་ལ་དོ་སྣང་ཆེན་པོ་མི་བྱེད་ཅིང་རང་ལས་གོ་ས་དམའ་བའི་མི་ལ་ཁ་ཡའང་མི་བྱེད་པས། ངས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་གོམ་པ་ཇེ་མགྱོགས་སུ་བཏང་སྟེ་སྔོན་དུ་འགྲོ་བཞིན་པའི་ཧྲུའུ་ཅི་ཡི་གཡས་ནས་བུད། ངས་ད་ལྟའི་མགྲོན་ཁང་དང་གསོལ་ཁང་གི་སྒོ་ཁར་ལངས་པའི་ཞབས་ཞུ་མ་ལྟར་ཉྭ་ལྷེམ་ལྷེམ་དང་མགོ་སྒུར་སྒུར། ཞལ་འཛུམ་འཛུམ་གྱིས་ལག་ཟུང་དམའ་མོས་བསུ་ཡིག་སྣ་ཚོགས་སྦྱར་བའི་གསོལ་ཁང་གི་སྒོ་བསྟན་ཏེ་རྒྱ་སྐད་ཀྱིས་ཧྲུའུ་ཅི་ལགས། ནང་དུ་ཕེབས་རོགས་ཞུ་ཞེས་བཤད། ཧྲུའུ་ཅི་ཡིས་འཐད་པའི་བརྡ་ལ་འཛུམ་ཞིག་བསྟན་ཏེ་གསོལ་ཁང་དུ་འཛུལ། ཧྲུའུ་ཅི་ཡི་ཁ་ལོ་པ་དང་ཁུལ་དཔོན་སོགས་ཀྱིས་ཀྱང་འཛུམ་རེ་བསྟན་ཏེ། གཅིག་རྗེས་གཉིས་མཐུད་ཀྱིས་གསོལ་ཁང་ནང་དུ་འཛུལ་བ་ན། ངའི་གྲོགས་པོ་ཡང་བཀོད་སྒྲིག་ལྟར་སྒོ་ཁར་ཐོན། ཁོའི་སྐེ་ལ་ཡང་ཁ་བཏགས་ཤིག་འཕངས་འདུག་པས་སྐུ་མགྲོན་ཞིག་དང་ཨ་ན་མ་ན་རེད། ཁོས་ཉྭ་ལྷེམ་ལྷེམ་དང་མགོ་སྒུར་སྒུར་གྱིས་ང་ལ་ལག་འཇུ་བྱས་ཏེ་རྒྱ་སྐད་ཀྱིས་དྲུང་ཡིག་ལགས་ཀྱང་ཕེབས་ཡོང་ངམ། ངས་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ཧྲུའུ་ཅི་དང་ཁྱེད་གཉིས་ཀྱིས་སྐུ་ཚེགས་ལ་མ་འཛེམས་པར་འདིར་ཕེབས་པར་སྙིང་ཐག་པ་ནས་དགའ་བསུ་ཞུ་ཞེས་བཤད། ངས་ཀྱང་རྗེས་སུ་འབྲངས་པའི་རྫོང་ཨུ་ཧྲུའུ་ཅི་དང་རྫོང་དཔོན་འཁོར་བཅས་ཀྱི་གོ་བར་བྱས་ཏེ། རྒྱ་སྐད་ཀྱིས་ང་ནི་ཧྲུའུ་ཅི་ཡི་དྲུང་ཡིག་ཡིན། ཁྱོད་ཚོའི་བསམ་འཆར་བསྡུ་ལེན་བྱེད་པའི་ཆེད། དོ་དགོང་ང་འདུག་རྒྱུ་ཡིན་པས་ཁྱེད་ཅག་གིས་ཧྲུའུ་ཅི་ལ་དཀའ་ལས་མ་གཏད། བྱ་བ་དང་དཀའ་ཁག་ཡོད་ན། ང་ལ་ཤོད་དང་ཕྱིར་ཟི་ལིང་ལ་སོང་རྗེས་ངས་ཁོང་ལ་ཡར་ཞུ་བྱས་ཏེ་ཐག་གཅོད་བྱེད་ངེས། ཁྱོད་ཚོའི་སེམས་བདེ་མོ་བྱོས། འོ། དོ་དགོང་ཁྱོད་ཀྱང་སྡོད་དང་། ཁུལ་རིམ་པས་ཐག་གཅོད་བྱེད་དགོས་པའི་དོན་དག་ཁྱོད་ཀྱིས་ཟིན་བྲིས་སུ་འདེབས་དགོས་ཞེས་བཤད་པ་ན། རང་ཉིད་ཀྱི་ཐོབ་གོ་སའི་ཆེད་དུ་ཧྲུའུ་ཅི་ཡི་རྗེས་ན་ཁྱི་བཞིན་འབྲངས་ཤིང་བསམ་ཚུལ་ཙམ་ཡང་བཤད་མི་ཐུབ་ལ། བཤད་པའི་གོ་སྐབས་ཀྱང་མེད་པའི་རྫོང་གི་དཔོན་པོ་ཚོས་ང་ལ་འཁོར་ནས་ཉྭ་ལྷེམ་ལྷེམ་དང་མགོ་སྒུར་སྒུར། ཞལ་འཛུམ་འཛུམ། ལག་འཇུ་ཡང་ཡང་བྱེད་འགོ་བརྩམས།” ཨ་ཁུ་B.Lཡིས་ལག་གི་ཤ་བཏོགས་འཕྲོ་དང་གྲི་གཉིས་ངའི་ལག་ལ་བཞག ཁོས་དུ་རྐང་ཞིག་ལ་མེ་བསྒྲོན་ཞོར་དུ“ངོ་མ་སྙིང་རེ་རྗེ། སྡེ་དཔོན་དང་སྡེ་མི་ཚོས་ཡུལ་གཙོ་དང་ཡུལ་ཚོའི་ལས་བྱེད་པའི་སྔུན་ནས་ཉྭ་ལྷེམ་ལྷེམ་དང་མགོ་སྒུར་སྒུར། ཞལ་འཛུམ་འཛུམ་བྱེད་ཅིང་། ཡུལ་གཙོ་དང་ཡུལ་ཚོའི་ལས་བྱེད་པས་རྫོང་དཔོན་དང་རྫོང་གི་ལས་བྱེད་པའི་མདུན་ནས་ཉྭ་ལྷེམ་ལྷེམ་དང་མགོ་སྒུར་སྒུར། ཞལ་འཛུམ་འཛུམ་བྱེད། དེ་འདྲའི་ཐེམ་པ་མང་པོའི་འོག་ཏུ་འཚོ་བའི་གྲངས་མེད་ཀྱི་མི་རྣམས་སྙིང་མ་རྗེ། ཁོ་ཚོས་མུག་སྐྱོབ་ཙམ་ཐོབ་པ་དང་ཁྲལ་རིགས་ཇེ་ཉུང་དུ་གཏང་བའི་ཆེད་དུ་ཕྱི་ལྭ་གྲ་དག་གྱོན་མཁན་ཡོད་ཚད་ལ་ཉྭ་ལྷེམ་ལྷེམ་དང་མགོ་སྒུར་སྒུར། ཞལ་འཛུམ་འཛུམ། ལག་འཇུ་ཡང་ཡང་བྱེད་པས་ངོ་མ་སྙིང་རེ་རྗེ། འཁོར་བ་ཁབ་ཀྱི་རྩེ་མོ་ན། བདེ་བ་ནམ་ཡང་ཡོད་མ་ཡིན་ཅེས་པ་ཅི་མ་བདེན”ཟེར་བཞིན་ལག་ཟུང་གིས་ཆང་དཀར་ཐོད་པར་གཏུགས་རྗེས་ཉུང་ཙམ་འཐུང་།
“ངེད་གཉིས་འགྲོགས་ཏེ་གསོལ་ཁང་ནང་དུ་ཐོན་པ་ན། ཧྲུའུ་ཅི་སྔ་མོ་ནས་སྒོར་ཅོག་ཆེན་པོ་ཞིག་གི་མཐའ་ན་འབོལ་ཁྲི་མཐོན་པོ་ཞིག་གི་སྟེང་བཞུགས་འདུག ང་ཚོ་ཡང་ཅོག་མཐའ་བསྐོར་ནས་བསྡད་པ་ན། སྔ་མོ་ནས་གྲ་སྒྲིག་བྱས་ཟིན་པའི་བཟའ་བ་ནི་རི་རབ་དང་བཏུང་བ་ནི་རྒྱ་མཚོ་བཞིན་བསྐྱིལ་ཡོད། ཟས་རིགས་དེ་དག་ནི་ང་ཚོ་མཐོ་སྒང་ས་ཆའི་ཟས་རིགས་ཤིག་ག་ལ་ཡིན། སྤྲེའུ་ཡི་ཀླད་པ་དང་དྲེད་ཀྱི་སྡེར་མོ། འབྲོང་གི་སྙིང་། རུས་སྦལ་གྱི་སྒོ་ང་། མཚོ་ནང་གི་སྡིག་སྲིན། སྦལ་བ་སོགས་མཚོ་འབུ་དང་འདབ་ཆགས། ས་ནང་གི་སྲིན་འབུ་སྣ་ཚོགས་ཡོད་པ་མ་ཟད། མིང་མི་ཐོགས་པའི་རི་སྐྱེས་སྲོག་ཆགས་ཀྱི་ཤ་དང་སྔོ་ཚོད་ཀྱང་ཡོད། ངའི་སེམས་ལ་ང་རང་སྲུང་དམག་ཡིན་དུས་འཁྱེར་བའི་གཅན་གཟན་དང་རི་དྭགས་དེ་དག་ཀྱང་འདི་ལྟར་བཤམས་ཏེ་བཟས་ཚར་བ་ཡིན་རྒྱུ་རེད་འདོད་དེ་འགྱོད་པ་དྲག་པོ་ཞིག་སྐྱེས་བྱུང་། རྣམ་པ་དེ་ནི་ཆུང་དུས་ལྷ་སྒྲུང་དུ་བཤད་པའི་གདོན་འདྲེ་དང་བདུད་རྒྱལ། སྲིན་པོ་མགོ་དགུ་སོགས་ཀྱི་སྡོད་གནས་དང་ཧ་ཅང་མཚུངས། མི་འདྲ་ས་ནི་དེ་དག་བཞེས་མཁན་ནི་དུས་རབས་ཉི་ཤུ་བའི་དཔོན་པོ་དང་ཤེས་ཡོན་ཅན་རྐྱང་རྐྱང་ཡིན་ལ། དེ་དག་གི་འཇོག་སྣོད་ནི་སྤུས་ལེགས་ཀྱི་ཤིང་སྡེར་དང་ལྕགས་སྡེར། རྫ་སྡེར་དང་ཤེལ་སྡེར་སོཊ་ཡིན་པ་དེ་རེད། བདུད་ངོ་མ་ནི་མི་རང་ཉིད་རེད་ཅེས་པ་དེ་མཁས་པ་སུ་ཞིག་གིས་གསུངས་པ་ཡིན་ནམ། མཁས་པ་དེ་འདྲ་ནི་དོན་དངོས་ཀྱི་མཁས་པ་རེད།” ཨ་ཁུ་B.Lཡིས་དུ་རྐང་ཞིག་ལ་མེ་བསྒྲོན།
མཚམས་དེར་ངས“དེ་དག་ལ་སྐྱུག་མི་བྲོའམ། དེ་དག་ཟ་ཕོད་དམ། དེ་འདྲའི་སྣ་ཁ་མང་བོ་ཞིག་གང་ནས་འཁྱེར་ཡོང་ངམ”ཞེས་དྲིས། ཁོས“ངས་བཤད་པའི་གདོད་མའི་ནགས་ཚལ་དང་རྫ་མགོ་རི་མགོ་ནས་འཁྱེར་ཡོང་བ་རེད། འུ་ཅག་བོད་ཀྱི་ས་ཆ་ན་ལྷག་ཏུ་མང་ནི་རེད། དཔེ་བཞག་ན། གཙོད་དང་དགོ་བ། ཤ་དང་གླ གནའ་དང་གཉན། འབྲོང་དང་དྲེད་མོ་སོགས་ཧ་ཅང་མང་ནི་རེད། སྔོན་ཆད་ངེད་གཉིས་ཀྱི་རྒྱས་བཟའ་རྒྱས་འཐུང་བྱས་པ་བདེན་མོད། སྐབས་དེར་ངེད་གཉིས་མ་གཏོགས་ཚང་མས་ཟ་ཐུབ་ལ་ཟ་ཡང་ཤེས། དེ་ནས་བཟུང་དཔོན་པོ་དག་མཐོང་མ་ཐག་ཟས་སྡེར་དེ་དག་ཡིད་ལ་དྲན་ཏེ་ཉིན་འགའ་ལ་ཟས་ཀྱི་ཡི་ག་ཆད་འགྲོ ཉིན་དེར་ང་རང་ཧྲུའུ་ཅི་ཡི་དྲུང་ཡིག་དང་ངའི་གྲོགས་པོ་ནི་ཁུལ་གྱི་མགོ་བ་བྱས་ཏེ་ཧྲུའུ་ཅི་འཁོར་དང་མཉམ་དུ་སློབ་གྲྭ་དང་སྨན་ཁང་། སྡེ་པའི་ཏང་ཡོན་བྱ་འགུལ་ཁང་སོགས་ལ་གཟིགས་ཞིབ་བྱས་མོད། ངེད་གཉིས་ལ་ཁྱེད་གཉིས་སུ་ཡིན་ནམ་ཟེར་མཁན་ཞིག་མ་བྱུང་བས། ལྐོག་ནས་ཁོང་དགོད་ཡང་ཡང་བྱས། བལྟ་སྐོར་བྱེད་ས་དེ་དག་ནི་རང་རྫོང་གིས་སྔོན་ནས་གོང་རིམ་གྱིས་བལྟ་སྐོར་བྱེད་སར་ཆེད་དུ་ལས་པ་རེད། ཧྲུའུ་ཅི་ཡིས་བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས་ཤིང་ཡང་དག་གི་མགོ་ཁྲིད་ལ་ཕན་འབྲས་བཟང་བོ་ཐོབ་ཡོད་ཅེས་ཁག་ཐེག་གནངས་དུས། ངས་རང་དབང་མེད་པར་སློབ་གྲྭ་མེད་ལ་སྨན་ཁང་ཡང་མེད་པའི་རང་སྡེ་ཕྲ་མོ་དྲན་བྱུང”ཞེས་ཁོང་དགོད་ཅིག་བྱས་ཏེ་ཡུད་ཙམ་ལ་འདང་རྒྱག་ཏུ་ལྷུང་།
ངས་ཁོའི་ཇ་དཀར་དུ་ཇ་ཉུང་ཙམ་བསྣན་པ་ན། ཁོས་ཉུང་ཙམ་འཐུང་ཏེ“ཨོ། རེད། རེད། ཉིན་གང་པོར། གཏན་འཁེལ་བྱས་པའི་བལྟ་སྐོར་མིན་ན་རྒྱས་བཟའ་རྒྱས་འཐུང་། རྒྱ་ཞིང་རྒྱས་པའི་འཆར་གཞི་མིན་ན་ཁ་ཡག་ངོ་དགའ་རེད། དེ་ལྟར་ཕྱི་དྲོའི་དུས་ཚོད་བདུན་ཡས་མས་སུ་ཐོན་པ་ན། ཧྲུའུ་ཅི་དང་ཁུལ་དཔོན་འཁོར་དང་བཅས་པས་ང་ཚོར་ཕྱག་འཇུ་ཡང་ཡང་གནངས་རྗེས་རང་རང་སར་སོང་ལ། ངེད་གཉིས་ཀྱི་སེམས་ཀྱང་བདེ་ལ་བབས། ཁོ་ཚོས་ངེད་གཉིས་ལ་མགྲོན་ཁང་གྲ་དག་གཉིས་བཀོད་སྒྲིག་བྱས་ཏེ་དེ་རིང་རྣམ་པ་གཉིས་ཀྱི་སྐུ་ཚེགས་མྱངས་སོང་། ངལ་གསོ་ཅུང་ཙམ་གནོངས་དང་ང་ཚོ་ཕྱིར་ཡོང་ཟེར་བཞིན་བུད་སོང་། ཁོ་ཚོ་ཅི་ཞིག་ལེན་དུ་བུད་སོང་བ་ངེད་གཉིས་ཀྱི་སེམས་སུ་ཁྲིགས་ཁྲིགས་ཡིན། ས་རུབ་མ་ཐག ཤ་གཟན་གཙོ་བོ་གཉིས་ཕྱིར་སླེབས་བྱུང་། སྔོན་ལ་རྫོང་ཨུ་ཧྲུའུ་ཅི་ཡིས་རྒྱ་སྐད་ཀྱིས་རྫོང་གི་སྤྱིའི་གནས་ཚུལ་ངོ་སྤྲོད་བྱས་ལ། རྗོང་དཔོན་གྱིས་རྫོང་མཁར་འཛུགས་སྐྲུན་ཕྱོགས་ཀྱི་དཀའ་ཁག་དག་རེ་རེ་བཞིན་བཤད་མོད། དོན་དངོས་སུ་གནས་པའི་མང་ཚོགས་ཀྱི་དཀའ་ཁག་དང་རྨང་གཞི་འཛུགས་སྐྲུན་གྱི་ཕྱོགས་ནས་གཅིག་ཀྱང་མ་བཤད། སྐབས་དེར་ཏག་ཏག་ལ། རང་རྫོང་གི་ས་ཆ་མང་ཆེས་པར་ཐན་པ་དང་སེར་བ། ཆུ་ལོག་སོགས་ཀྱི་གནོད་འཚེ་ཐེབས་པ་ཚབས་ཆེན་ཡིན། ངས་བསམ་གཟས་ཏེ་མང་ཚོགས་ཀྱི་འཚོ་བའི་ཕྱོགས་སུ་དཀའ་ཁག་མེད་དམ། དཔེར་ན། ཐན་པ་དང་དྲག་ཆར། སེར་བ་སོགས་ཀྱི་གནོད་འཚེ་འདྲ་མེད་དམ་ཞེས་དྲིས་མོད། རྫོང་ཨུ་ཧྲུའུ་ཅི་ཡིས་མྱུར་དུ་མེད་ལགས་ཟེར་བ་དང་མཐུད་དེ་རྫོང་དཔོན་གྱིས་རྩ་བ་ནས་མེད་ཟེར། ངའི་སེམས་ལ་ཁྱི་སྤྱང་ངན་འབྲེལ་ཟེར་བ་ནི་འདི་འདྲ་ཞིག་ཡིན་རྒྱུ་རེད། ཤི་རེ་ཁོ། དཔོན་པོ་དབང་ཆེན་ཞིག་ཡིན་རྒྱུ་ན། དེ་རིང་ཁོ་གཉིས་ལ་རྫུན་གྱི་རྔ་མ་ཐུང་བ་ཤེས་སུ་འཇུག་དགོས་སྙམ་པ་ལས་ཁ་རོག་གེར་འདུག་དགོས་བྱུང་། ངས་ཁོ་གཉིས་ཀྱིས་བཤད་པ་དག་ཟིན་བྲིས་སུ་འདེབས་ཁུལ་བྱས་ཏེ་ཚར་རྗེས། ཁྱོད་ཚོར་དོན་དག་གཞན་མེད་ན། ང་རང་ངལ་གསོ་དགོས་ཞེས་བཤད་པ་ན། རྫོང་ཨུ་ཧྲུའུ་ཅི་ཡིས་རྫོང་དཔོན་འགྲོ་རུ་བཅུག ངའི་གྲོགས་པོ་ཡང་ཉལ་ཁང་གཞན་ལ་ཉལ་དུ་སོང་། ཁོང་གཉིས་སྒོར་བུད་པ་ན། རྫོང་དཔོན་ངའི་གྲོགས་པོའི་རྗེས་སུ་བསྙེགས་སོང”ཟེར་བཞིན་ལག་གི་དུ་སྣེ་ཕྱིར་གཡུགས་རྗེས་ཚར་ལ་ཉེ་བའི་ཆང་དམ་ལ་ཁ་གཏད་དེ་ཡོད་ཚད་འཐུང་།
ཁོ་གཅིག་པུས་ནས་ཆང་རྒྱ་མ་དོ་འཐུང་མོད། ད་དུང་བཟི་རྟགས་ཡ་མཚན་ཅན་མི་སྟོན་པས་ཁོ་ནི་ཆང་གི་རྐྱལ་བ་ཞིག་རེད་འདོད་དེ་ཡང་བསྐྱར་ནས་ཆང་ཞིག་བླངས་ཏེ་ཁོ་ལ་གཏད། ཁོས་ཆང་དམ་ཁ་སོ་ཡིས་ཕྱེས་རྗེས་ཁ་གཏད་དེ་འཐུང་འགོ་བརྩམས།
ཨ་ཁུ་རྟ་མགྲིན་གྱིས“ཨ་རོགས། ཕ་དམ་པ་ཆང་གིས་བཟི་ན་དོན་དམ་པ་རླུང་ལ་སྐུར་མི་ཉན། དོ་དགོང་ཁྱོད་ཀྱིས་ཡིན་གཅིག་མིན་གཉིས་གཏམ་རྒྱུད་ཡོད་ཚད་བཤད་ཚར་དགོས། ངའི་ཁ་ཏོན་ཡང་འདོན་མཚམས་བཞག་འདུག་པ། ཁྱོད་ཀྱིས་མི་རིག་གམ”ཞེས་གསལ་འདེབས་ཤིག་བྱས།
“ ཨོ། ལོས་རིག ལོས་རིག” ཟེར་བཞིན་གཏམ་རྒྱུད་ཀྱི་མཇུག་བསྐྱངས། “དཔའ་ཁེར་ཐུག་དང་དཔོན་ཁེར་ཐུག་གི་རྒྱུ་མཚན་ཁྱོད་ཚོས་ཀྱང་ལོས་ཤེས། ཤུལ་དུ་ལུས་པའི་རྫོང་ཨུ་ཧྲུའུ་ཅི་ཡིས་ངའི་བོད་སྐད་གོ་བ་ཤེས་ཏེ་མགོ་ནག་མི་ཡི་བདག་པོ།། མགོ་ནག་གི་སྐྱབས་རེ་ས།། སྐུ་དྲིན་རི་ལས་མཐོ་བ།། དྲིན་ཆེན་ཕ་མ་འདྲ་བོ།། དགྲ་མགོ་རས་ཀྱིས་བཏུམས་མཁན།། དགྲ་ཁ་ཐལ་གྱིས་གཅོད་མཁན།། མ་དྲིས་པ་ལ་བཟོད་སྒོམ།། མ་ཤེས་པ་ལ་གསལ་འདེབས།། ང་མགོན་མེད་ཀྱི་མགོན།། སྐྱབས་མེད་ཀྱི་སྐྱབས་ནི་དྲུང་ཡིག་ཆེན་མོ་ཁྱོད་ལས་གཞན་མེད། ཉམས་ཆུང་བདག་གི་ཡོད་ཚད་ཁྱོད་ལ་བཅོལ་བ་ཡིན་ཅེས་གསང་འབོད་ལྟ་བུ་ཞིག་བཤད་ཞོར་དུ་ཤོག་ཐུམ་དམར་པོ་ཞིག་ང་ལ་གཏད་བྱུང་། ང་རང་ནི་ཡུལ་ལྷ་གཞི་བདག་ཅིག་གི་ཚད་དུ་བཟུང་འདུག་སྙམ་སྟེ་རྣམ་རྟོག་ཅིག་སྐྱེས་ལ། མཆོད་རྫས་དམར་པོ་དེ་མཐོང་བས་བསམ་དོན་འགྲུབ་སོང་སྙམ་སྟེ་དགའ་སྤྲོ་སྐྱེས། ངས་ཁོ་ལ་དེ་རིང་ཞིང་ཨུ་ཧྲུའུ་ཅི་ཡི་ཐུགས་དགྱེས་འདུག་པ་མ་རིག་གམ། ཧྲུའུ་ཅི་ཡིས་ཁྱོད་ནི་རྗེས་སུ་ཁུལ་དཔོན་ལ་གསོ་སྐྱོང་བྱེད་པའི་མི་སྣའི་གྲས་སུ་ཞོག་ཟེར། ད་ལྟ་གྲངས་ཉུང་མི་རིགས་ཀྱི་དཔོན་པོ་འཇོན་ཐང་ཅན་བསྐྱེད་བསྲིང་བྱེད་པའི་སྐབས་ཡིན་པས་གོ་སྐབས་བཟང་བོ་འཆོར་དུ་མ་འཇུག ངས་ཆེད་དུ་ཧྲུའུ་ཅི་ལ་ཁྱོད་ཀྱི་ནུས་པ་དང་གྲུབ་འབྲས་ཡར་ཞུ་བྱེད་ངེས། ཁྱོད་ཀྱི་མཚམས་སྦྱོར་ཡི་གེ་འདི་ངས་ཁོ་ལ་བྱིན་ཆོག་ཟེར་བཞིན་མྱུར་དུ་ཤོག་ཐུམ་དེ་བླངས། ཁོ་རང་དགའ་སྟེ་མིག་ཆུ་ཤམ་ཤམ་དུ་བཞུར། ཁོ་གཉིས་སོང་ཤུལ་དུ་ངེད་གཉིས་ཀྱིས་རླངས་འཁོར་ཞིག་གླས་ཏེ་བྱ་འཕུར་བ་བཞིན་ཕྱིར་ཟི་ལིང་དུ་སོང་། དེ་ལྟར་རྫོང་གི་མགོ་ཁྲིད་གཙོ་བོ་གཉིས་ཀྱིས་ངེད་གཉིས་ལ་ཐེངས་དེར་ཤོག་སྒོར་ཁྲི་གཉིས་གནངས་བྱུང”ཟེར་བཞིན་ཆང་དམ་ལ་ཁ་གཏད་དེ་ཉུང་ཙམ་འཐུང་།
རྒྱུན་ལྡན་འཚོ་བའི་ཁྲོད། མི་གཞན་ཆང་གི་བཟི་ན་རྡུང་རེས་བྱེད་པ་དང་ཚིག་རྩོད་བྱེད་པ། སྐྱུག་པ་སོགས་བྱས་ཏེ་དགའ་སྟོན་བྱེད་ས་དེ་འཐབ་རྭ་ཆུང་ཆུང་ཞིག་ཏུ་བསྒྱུར་འགྲོ་མོད། ཁོའི་བཟི་རྟགས་ནི་ཆང་དམ་ལ་ཁ་གཏད་པ་དེ་ཡིན་པ་འདྲ། དེ་ནི་མི་གཞན་ལ་འཐུང་དུ་མི་འཇུག་པའི་ཆེད་དུའང་ཡིན་སྲིད།
༡༢ མི་དམངས་ཀྱི་འདེམ་བསྐོ།
ཁོས་གྱང་ངོར་བཀལ་བའི་དུས་ཚོད་འཁོར་ལོར་ཐེངས་གཅིག་བལྟས་ཏེ“ད་ལྟ་དུས་ཚོད་གཅིག་ལ་ཐོན་འདུག ཁྱེད་ཚོ་ནི་མ་འོངས་པའི་བདག་པོ་གསོ་སྐྱོང་བྱེད་མཁན་ཡིན་པས་ཁྱི་ལྡོམ་ང་ལྟ་བུ་ཞིག་གི་སྐད་ཆར་ཉན་ཏེ་གཉིད་ཆག་མི་ཉན། ང་ཡང་བཟི་འདུག་པས་ད་ངས་ཚན་པ་ཞིག་བཤད་རྗེས་འུ་ཅག་ཉལ་ན་ཨེ་ཆོག”ཅེས་ཨ་ཁུ་རྟ་མགྲིན་ལ་འཁོར་ཏེ་དྲིས། ཨ་ཁུ་རྟ་མགྲིན་གྱིས་ང་ཚོར་ཐེངས་གཅིག་བལྟས་ཏེ་མི་འཐད་ཀྱང་འཐད་པའི་མགོ་བོ་ནང་དུ་མི་འགུགས་ཐབས་མེད་བྱུང་།
“སྐབས་དེར་ཡང་ཡུལ་གཙོ་དང་རྫོང་དཔོན་སོགས་རྒྱུ་ཡིས་ཉོས་ཆོག་ལ། དབང་གིས་བཞག་ཀྱང་ཆོག་པས་དབང་མེད་པའི་མང་ཚོགས་ཀྱིས་རང་རང་གི་ཤ་ཉེ་དང་ཡུལ་མི་ཞིག་དཔོན་པོར་འཇོག་ཆེད། འཐུས་མི་བརྩད་དེ་ཚོ་པ་དང་ཚོ་པའི་བར་གྱི་འགལ་བ་ཛ་དྲག་ཅན་དུ་གྱུར་ནས་ཨ་ལགས་ཕན་ཚུན་བར་དམོད་རེ་བྱེད་པ་དང་ཤོག་ཀའི་བར་ནོར་ལུག་འདེད་རེས་བྱེད་པ། བཟའ་ཚང་འཐོར་བ་སོགས་བྱུང་སྟེ། ཡུལ་ཁམས་ཆུང་ཆུང་ཁྲག་དཀྲུག་དཀྲུག་དང་རྣག་དཀྲུག་དཀྲུག་བྱེད་ཀྱིན་ཡོད། ང་ལ་ཡང་གཉོམ་ཆུང་སྐྱོངས་པའི་དཔོན་པོ་ཞིག་བྱེད་པའི་འདུན་པ་ནི་སྔོན་ཆད་དམག་ལ་ཞུགས་དུས་ཀྱང་ཡོད། ལྷག་པར། དཔོན་རིགས་ཚོས་རང་གི་ཐོབ་གོ་སའི་ཆེད་དུ་ཅི་ཡང་སྒྲུབ་ཐུབ་པ་དང་དམངས་ཀྱི་སྐྱིད་སྡུག་ལ་ཁ་ཡའང་མི་བྱེད་པའི་སྤྱོད་ངན་དེ་དག་མཐོང་བས། མེ་ཐོག་ལ་སྣུམ་བླུགས་པ་ཇི་བཞིན་དཔོན་པོ་བྱེད་པའི་འདུན་པ་དེ་ཇེ་དྲག་ཏུ་སོང་། ལོ་དེའི་ཡུལ་ཚོ་རིམ་པའི་འདེམ་བསྐོ་འགོ་བརྩམས་མ་ཐག ངེད་གཉིས་ཀྱིས་ལྷ་ས་ནས་ཆུ་ཕྲུག་བཟོ་མགོ(ཕྲུག་ལྭ་གཅིག་ལོངས་ཚད)བཅུ་ལྷག་ཉོས་ཏེ་ཕྱིར་ཡུལ་ལ་ཡོང་། གཡག་ལ་གཅེས་པ་མིན་པར་ཁྲག་ལ་གཅེས་པའི་དཔེ་བཞིན་ཆུ་ཕྲུག་བཟོ་མགོ་དེ་དག་སྡེ་ཆེན་རེ་རེའི་འཐུས་མི་ཚོའི་ཁྱིམ་དུ་བསྐྱལ་ཏེ་ཚོ་པ་དང་ཚོ་པའི་བར་འགྲིག་མཐུན་ཡོང་དགོས་པ་དང་། སྡེ་པ་དང་སྡེ་པའི་བར་མཐུན་སྒྲིལ་བྱེད་དགོས་པ། ལྷག་པར་ཨ་ལགས་དག་འགྲིག་མཐུན་མ་བྱུང་ན། སྡིག་སྒྲུབ་ཚད་མེད་བསགས་པ་ཡིན་པས་ཚེ་ཕྱི་མར་འགྲོ་ས་མེད། དེ་ལས་ང་རང་ཡུལ་གཙོ་ལ་འདོམས་དང་གདམ་ཐོན་བྱུང་ན་རྗེས་ནས་སྡེ་པའི་ལས་བྱེད་པར་ཟླ་ཕོགས་སྒོར་ཉིས་བརྒྱ་རེ་དང་། འཐུས་མི་གཞན་ལ་མུག་སྐྱོབ་ཡོད་ཚད་སྟེར་རྒྱུ་ཡིན་པའི་ཁས་བླངས་ཤིང་མནའ་སྐྱེལ་བ་ཡིན། ཁོ་ཚོས་ཀྱང་ཚེ་འདི་ཕྱི་གཉིས་ཀྱི་དོན་བྱ་འགྲུབ་སོང་བས་ང་རང་གདམ་རྒྱུ་ཡིན་པའི་ཚིག་སྟེང་མནའ་ཡིས་མནན། གཞན་ཡུལ་ཚོའི་ལས་བྱེད་པའི་འཐུས་མི་རེ་ལའང་སྐབས་དེར་གསར་དུ་དར་བའི་BBའབོད་ཆས་རེ་རེ་བྱིན་ཏེ་ང་རང་ཡུལ་གཙོ་ལ་གདམ་ཐོན་བྱུང་ན། ཁོ་ཚོ་རེ་རེ་བཞིན་གོ་ས་ཡར་འཐེན་རྒྱུ་ཡིན་པའི་ཁས་ལེན་དམ་བཅའ་བྱས་པ་ན། ཁོ་ཚོས་ཀྱང་རྙོག་འཛིང་གི་འདེམ་བསྐོ་ལས་རང་ཉིད་ལ་ཁེ་ཕན་ཞིག་ཐོབ་ཆེད་ང་རང་གདམ་རྒྱུ་ཡིན་པའི་མནའ་སྐྱེལ། ང་རང་འདེམས་ཐོན་བྱུང་ན། མ་མཐའ་ཡང་ཉེ་རིང་ཆགས་སྡང་མེད་ལ། ཡུལ་མི་སྤུན་ཟླའི་དཀའ་ཁག་ངོ་མ་ཡར་ཞུ་བྱེད་སྲིད་པས་འཐུས་མི་མང་པོས་ང་རང་ཡུལ་གཙོ་དང་པོར་གདམས། ངས་ཀྱང་ང་རང་འདེམས་པའི་འཐུས་མི་ཚོར་གསོལ་སྟོན་རྒྱ་ཆེན་པོ་ཞིག་བྱས། ཡིན་ཡང་། མ་བསམས་ས་ནས་རྫོང་རིམ་པའི་འདེམ་བསྐོ་ཡི་སྐབས་སུ། འཐུས་མི་ཚོས་སྔོན་ཆད་སྤྲང་ནས་ཡོང་བའི་མི་ཞིག་ཡོད་པ་དེ་བསམ་གཟས་ནས་རྫོང་དཔོན་ལ་འདེམས། ཁོ་ནི་ད་ལྟ་རྫོང་ཐོག་གི་རྒྱ་ལམ་བཞི་མདོ་རུ་ཞིང་པའི་མཁོ་ཆས་སྣ་ཚོགས་བཙོངས་ཏེ་ཕྱུག་ཐོག་ཏུ་བུད་ཡོད་པའི་མི་དེ་རེད། དེ་ལྟར་གོང་རིམ་གྱིས་མི་དམངས་འཐུས་མིའི་ལམ་ལུགས་ནི་མི་ཁ་ཤས་ཀྱིས་རྩེད་སྤྱད་མ་རེད། འཐུས་མིའི་ལམ་ལུགས་གཟབ་ནན་གྱིས་ལག་བསྟར་བྱེད་དགོས་ཟེར་བཞིན་ཁས་མ་བླངས་པར་ཡང་བསྐྱར་ཡུལ་ཚོ་རིམ་པ་ནས་རྫོང་རིམ་པའི་བར་འདེམ་བསྐོ་སྟབས་བདེ་ཞིག་བྱས་ཏེ། ཁོ་ཚོས་བསམ་ཐོག་གི་མི་དེ་དག་དཔོན་པོར་བསྐོས་ཤིང་ང་དང་རྒྱ་མི་དེ་གཉིས་ལས་གནས་ནས་ཕྱིར་གཡུགས། སྐབས་དེར་ཨ་ཞང་ལ་ཆོས་བཅོས་པ་དང་འཐུས་མི་ཚོར་ལུག་བཤས་པ། དུ་ཆང་ཉོས་པ། མཚམས་རྟགས་ཉོས་པ་བཅས་ལ་ཁྱོན་བསྡོམས་སྒོར་ཁྲི་གཉིས་ཙམ་ཤོར་སོང་། ངེད་གཉིས་དཔོན་པོ་རྫུན་མ་བྱས་ཏེ་ཐོབ་པའི་ཡོང་སྒོ་ཡོད་ཚད་དེ་ལྟར་དམའ་རིམ་མི་སྣའི་ལག་ཏུ་ཐོབ་སོང་མོད། དཔོན་ངན་དག་གི་ལྐོག་རྔན་ནི་གློག་གི་ཐེམ་སྐེས་དང་འདྲ་བར་དམའ་རིམ་ནས་མཐོ་རིམ་དུ་བསྐྱལ་འགྲོ དེ་ནི་བརྒྱུད་འཚོང་གི་གྲས་སུ་ཞུགས་རྗེས་སྒོར་མོ་སྤྲོད་པ་དང་ཨ་ན་མ་ན་རེད། ཨོ། བརྒྱུད་འཚོང་བཤད་ན། དེ་ལ་ཡང་དགོད་བྲོ་བའི་གཏམ་རྒྱུད་ཐུང་ཐུང་ཞིག་ཡོད”ཟེར་བཞིན་དུ་བ་རྔམ་འཐེན་འགའ་བྱས། ཁོས་མིང་འདི་རྒྱ་སྐད་ཀྱིས传销ཞེས་བཤད་མོད། ངས་བོད་ཡིག་ཏུ་བརྒྱུད་འཚོང་ཞེས་བསྒྱུར་པ་ཡིན། མིང་འདི་ནི་གསར་དུ་བྱུང་བའི་མིང་བརྡ་ཞིག་ཡིན་པས་ཆེད་དུ་ཀློག་མཁན་དག་ལ་རྒྱ་ཡིག་དང་བོད་ཡིག་གཉིས་ཀྱིས་བྲིས་པ་ཡིན། འགྲིག་མིན་རྒྱ་ཆེ་བའི་ཀློག་མཁན་དག་གིས་དཔྱོད་པར་འཚལ།
རྩོམ་ཁུངས། ངེད་དྲ་བ།