B.Lཡི་ལས་དབང་།༥

         ༧  སྡོང་རྐུན་གྱི་སྲུང་དམག
     ཁོས་དུ་བ་ཐེངས་འགར་བརྔུབས་རྗེས“སྐབས་དེར། རང་རྫོང་དུ་ཐོན་དུས། རྫོང་ནགས་ལས་ཅུའུ་ཡིས་བཀོད་སྒྲིག་ལྟར། རྫོང་ཡོངས་ལ་ནགས་ཚལ་དག་གཙང་བྱེད་པའི་ལས་འགུལ་ཞིག་ལངས་ཡོད། མི་སྒེར་གྱིས་སྡོང་བོ་བཅད་ན་ཁྲིམས་འགལ་དང་རྒྱལ་ཁབ་ཀྱིས་བཅད་ན་ཁྲིམས་མཐུན་ཡིན་པས། རྫོང་དཔོན་ལ་འདུག་ན་ཅུའུ་ཀྲང་ལ་སྡོད། ཕྱུག་ཐོག་ལ་འབུད་ན་ཅུའུ་ཀྲང་ལ་སྡོད་ཅེས་པའི་ཁ་དཔེ་དེ་ཡང་དུས་དེར་བྱུང་བ་རེད། ང་ཚོའི་རྫོང་དུ་སྡོང་བོའི་དྲིན་གྱིས་དབང་ཐོབ་པ་དང་རྒྱུ་ཐོབ་པ་སུ་སུ་ཡིན་པ་ཁྱོད་ཚོས་ཀྱང་ཤེས་ནི་རེད།  ཁོ་ཚོ་ནི་སྐབས་དེའི་ཁོར་ཡུག་ལྗང་བསྒྱུར་དང་སྡོང་འཛུགས་ནགས་བསྐྲུན་བྱེད་དགོས་ཞེས་ཁ་གཡང་བསྒྲགས་མཁན་ཏག་ཏག་ཡིན་ནི་རེད།”
ཁོའི་བཤད་པ་བདེན་ཏེ། ང་ཚོའི་རྫོང་གི་ནགས་ཚལ་དག་གཙང་གི་ལས་འགན་གཙོ་བོ་ནི་ངེད་རྫོང་གི་ནགས་ཚལ་གསེང་གི་ནགས་རུལ་དང་སྡོང་རུལ་གཅོད་རྒྱུ་དེ་ཡིན་མོད། ཁོ་ཚོས་ཤིང་ཁང་ལས་བྱེད་ཀྱི་སྡོང་བོ་སྦོམ་པོ་དང་རས་གུར་བརྒྱངས་བྱེད་ཀྱི་སྡོང་བོ་ཕྲ་མོ་ཡོད་ཚད་བཅད་ཚར། ད་ལྟ་མིས་བསྒུལ་མི་ཐུབ་པའི་སྡོང་རྒན་དང་གསར་སྐྱེས་ཀྱི་སྡོང་ཕྲུག་དག་ལས་ཅི་ཡང་ལུས་མེད། ཕལ་ཆེར་རྫོང་གི་ནགས་ཚལ་སྤྱིའི་རྒྱ་ཁྱོན་གྱི་སུམ་ཆའི་གཉིས་མེད་བརླག་ཏུ་བཏང་། སྔོན་ཆད་ཀྱི་ཚིང་ཚིང་གི་ནགས་ཚལ་དག་ནི་ད་ལྟ་མཐོང་བ་ཙམ་གྱིས་སྐྲ་རྨ་ཡིས་ཟོས་པའི་མིའི་མགོ་དང་འདྲ་བར་བྱས།
  ལོ་ངོ་སྟོང་ཕྲག་རིང་ལ་སྐྱེས་པའི་སྡོང་བོ་ཡོད་ཚད་ལོ་ངོ་འགར་བཅད་ཚར་བ་ནི་དངོས་ནས་ཡིད་ཕངས་བ་ཞིག་ཡིན་མོད། ནགས་འདབས་སུ་ཡོད་པའི་སྡེ་པར་རླངས་འཁོར་རྒྱུགས་ཐུབ་པའི་གཞུང་ལམ་ལས་པ་ནི་ཅུང་དགའ་འོས་པའི་དོན་ཞིག་རེད། ཡིན་ཡང་། ད་ལྟ་ཆར་ཆུ་དང་གྲམ་ཆུ་སོགས་ཀྱིས་གཤོས་ཏེ་སུ་ཡང་འགྲོ་མི་ཐུབ་པའི་ཚད་དུ་ལྷུང་འདུག
  ཨ་ཁུ་B.Lཡིས་ཆང་ཉུང་ཙམ་འཐུང་སྟེ“སྐབས་དེར། ག་ས་གང་དུ་སྡོང་བོ་འདྲུད་པའི་རླངས་འཁོར་དང་སྡོང་ཚོང་བྱེད་པའི་མི་ཡིས་བཀང་བས། རྫོང་སྲིད་གཞུང་གིས་ནགས་སྲུང་དམག་མི་རྩ་འཛུགས་མི་བྱེད་ག་མེད་བྱུང་། ཡིན་ཡང་། སྙིང་ཅན་མི་སྣས་སྔོན་བཞིན་སྙིང་སྟོབས་བཀོལ་ཏེ་སྡོང་བོ་རྐུ་བཞིན་ཡོད་ལ། དབང་ཅན་མི་སྣས་སྔོན་བཞིན་དབང་ཆ་བཀོལ་ཏེ་སྡོང་བོ་འདྲུད་བཞིན་ཡོད།  ངེད་གཉིས་ཀྱིས་བློ་ཐབས་བཀོལ་དེ་ཁོ་ཚོའི་རླངས་འཁོར་བཀག་ནས་སྒོར་མོ་བླངས་པ་ཡིན། ས་རུབ་མ་ཐག རྨ་ཆུའི་ཟམ་ཁ་ནས་ངེད་གཉིས་ཀྱིས་ལུས་ལ་དམག་ལྭ་ཆ་ཚང་གྱོན་ཞིང་སྐེད་དུ་ལུག་གི་མ་མགལ་བཅུག་པའི་དཀྲུམ་མདའི་ཀོ་ཁུག་གཟར་ཏེ། ལག་ཟུང་གིས་རླངས་འཁོར་འགོག་པའི་ཕྱག་རྒྱ་ཡང་ཡང་བྱས་པ་ན། སྡོང་བོ་འདྲུད་པའི་རླངས་འཁོར་ཁ་ལོ་པས་ཉེས་ཅན་གྱིས་ཉེན་རྟོག་པ་མཐོང་བ་བཞིན་ཁ་ཡིས་ཞུ་བ་ཡང་ཡང་དང་ལག་པས་སྒོར་མོ་ཡང་ཡང་སྟེར་བཞིན་བྲོས་འགྲོ”ཟེར་བཞིན་དུ་ཐལ་སྤུག་སྤུག་འགའ་བྱས།
  ངས་ཅི་ཡིན་ཧ་མ་གོ་བར“ཁོ་ཚོའི་སྡོང་བོ་ནི་རྒྱལ་ཁབ་ཀྱིས་བྱིན་པ་མིན་ནམ། ཁྱེད་གཉིས་ལ་སྐྲག་དོན་ཅི་ཡིན་ནམ”ཞེས་དྲིས། ཁོས“བདེན་ཏེ། ཁ་ཤས་ཀྱི་སྡོང་བོ་ནི་རྒྱལ་ཁབ་ཀྱིས་བྱིན་མོད། སྡོང་རྐང་འགའ་ལས་གཞན་ཚང་མ་མི་སྒེར་གྱིས་བརྐུས་ཏེ་འདྲུད་པ་རེད།  ཁ་ཤས་ཀྱི་སྡོང་བོ་ཚང་མ་བརྐུས་པ་ཡིན། གང་ལྟར་ཁྲིམས་མཐུན་གྱི་སྡོང་ཚོང་རྒྱག་མཁན་གཅིག་ཀྱང་མེད། རྐུན་མའི་ངོ་ན་ཤིག་ཅིག་ཅེས་པ་བཞིན་ཁོ་ཚོའི་མིག་ལམ་དུ་ངེད་གཉིས་ནི་ནགས་སྲུང་དམག་མི་ཡིན། མི་འདི་སྐྲག་སོང་ན། ཅི་ཡིན་འདི་ཡིན་ཤེས་ཀྱིན་མེད་པ་འདྲ། མཚམས་རེར་ངའི་ངོ་ཤེས་ཀྱི་ཁ་ལོ་པ་བཀག་ཀྱང་ཁོས་ཞུ་བ་ཡང་ཡང་དང་སྒོར་མོ་ཡང་ཡང་བྱིན་ཏེ་བྲོས་འགྲོ  སྐབས་དེར། ཞག་མ་གཅིག་ལ་རླངས་འཁོར་བརྒྱད་དགུ་ཙམ་བཀག་པ་ཡང་ཡོད། རླངས་འཁོར་གཅིག་གི་སྡོང་བོ་རྫོང་གཞན་དུ་དྲུད་དེ་བཙོངས་ན་སྒོར་ཆིག་སྟོང་ལྷག་ལ་བཙོང་ཐུབ། ངེད་གཉིས་ཀྱིས་རླངས་འཁོར་རེར་སྒོར་ཉིས་བརྒྱ་རེ་བླངས་ཏེ་འགྲོ་རུ་བཅུག་ན་ཡང་།  ཁོ་ཚོ་དགའ་དགའ་ཡིན།  ངེད་གཉིས་ཀྱིས་ཉུང་རྩིས་བྱས་ན་ཡང་རླངས་འཁོར་བརྒྱ་བཀག་ལོས་ཡོད། རྩིས་ཤིག་རྒྱོབ་དང་ཉིས་བརྒྱ་དང་བརྒྱ་བསྒྱུར་ན་ཁྲི་གཉིས་རེད། ཉུང་ཉུང་ཞིག་མ་རེད། ཕལ་ཆེར་ཁྱོད་ཚོ་དགེ་རྒན་གཅིག་གི་ལོ་གཉིས་ཀྱི་ཟླ་ཕོགས་རེད། ཁྱོད་ཚོ་དགེ་རྒན་ཚོས་ལོ་གཅིག་ལ་ཁར་ལྦུ་བ་སོབ་སོབ་དང་ཀླད་པ་ད་ར་དཀྲུགས་དཀྲུགས་བྱས་ཀྱང་ལོ་གཅིག་གི་ཟླ་ཕོགས་སྒོར་ཁྲི་གཅིག་ལྷག་རེད། ཁྱོད་ཚོ་ངོ་མ་སྙིང་རེ་རྗེ། སྐབས་དེའི་ངེད་གཉིས་ནི་ཟས་རང་འགྲུབ་དང་གོས་རང་འགྲུབ་ཡིན”ཅེས་ཆང་དཀར་ནང་ཆང་ཉུང་ཙམ་བླུགས།
  ཁོའི་བཤད་པ་ཇི་བཞིན་ང་ཚོ་དགེ་རྒན་དག རྫ་ལུང་རི་ལུང་དུ་སློབ་མའི་རྗེས་ན་སྤྱང་མ་བཞིན་འདུར་བ་དང་། ཉིན་མཚན་དུས་དྲུག་ཏུ་སློབ་མའི་དོན་དུ་ཨ་མ་བཞིན་སེམས་ཁུར་བྱེད་ཅིང་། སློབ་གྲྭའི་ཕྱི་ནང་ཀུན་ཏུ་སློབ་མའི་འབྲི་ཀློག་རྩིས་གསུམ་གྱི་ཆེད་དུ་སེམས་སྟེང་རྣག་དང་། སེན་མགོ་ཁྲག་བྱེད་པ་ཡོད་ཚད་ཟླ་ཕོགས་འགའ་ཡིས་མི་ཁུགས་མོད།  ནམ་ཞིག་གི་ཚེ་ང་ཚོས་གསོ་སྐྱོང་བྱས་པའི་སློབ་མ་དག་མ་འོངས་པའི་བདག་པོ་དང་མི་རིགས་ཀྱི་ལ་རྒྱ་རུ་འགྱུར་བར་ཡིད་ཆེས་བརྟན་པོ་ཡོད།
               
         ༨  གནའ་རྫས་ཀྱི་ཐང་ག
  ཁོས་ང་ཚོར་ཐེངས་གཅིག་བལྟས་རྗེས“ཁྱེད་ཚོ་གཉིད་རན་སོང་ན། མཚམས་བཞག་ཆོག ངའི་གཏམ་རྒྱུད་གེ་སར་སྒྲུང་ལྟར་ཉིན་ཞག་འགའ་ལ་བཤད་ཀྱང་མི་ཚར། འགོར་འགོར་ན་ནངས་ཀ་སྔ་མོ་ཁྱོད་ཚོ་ལངས་མི་ཐུབ”ཅེས་ཨ་ཁུ་རྟ་མགྲིན་ལ་འཁོར་ནས་དྲིས།  
  “སྐྱོན་མེད། སྐྱོན་མེད། ཁྱོད་ཀྱིས་མུ་མཐུད་དུ་ཤོད་དང་ཆོག”ཅེས་ཨ་ཁུ་རྟ་མགྲིན་གྱིས་ང་ཚོའི་སེམས་ལ་དྲན་པ་ཇི་བཞིན་ལན་བཏབ། ངས་འོ་ཇ་ཉུང་ཙམ་བསྣན་ཏེ“ཁྱོད་བཟི་འདུག ད་ཆང་མ་འཐུང་བར་ཇ་ཐུངས། ཁྱོད་བཟི་སོང་ན་གཏམ་རྒྱུད་ཀྱི་མཇུག་སུ་ཡིས་བསྐྱང”ཞེས་ཇ་དཀར་ཁོའི་ལག་ལ་བཞག ཁོས“ཡ། ཆོག་གི དེ་ན་དོ་དགོང་ཁྱོད་ཚོ་སུ་ཡང་ཉལ་མི་ཆོག སུ་སྔོན་ལ་ཉལ་ན་དེས་ཆང་རྒྱ་མ་གང་ཉོ་དགོས”ཞེས་འོ་ཇ་ཧུབ་གསུམ་འཐུང་རྗེས་གཏམ་རྒྱུད་ཀྱི་མཇུག་བསྐྱངས།
  “སྒོར་ཁྲི་གཉིས་ལྷག་ལན་ཀྲུག་གྲོང་ཁྱེར་དང་བླ་བྲང་དགོན་པ་ནས་རྒྱས་བཟའ་རྒྱས་འཐུང་བྱས་ཏེ་ཚར་བ་ཡིན། སྐབས་དེར་ངེད་གཉིས་ཀྱིས་ཚོང་ཁང་ངམ་ཟ་ཁང་། བཟོ་ཁང་འདྲ་གཉེར་ཡོད་པས་ན། ད་ལྟ་ཕྱུག་ཐོག་ཏུ་བུད་ཡོད་ཁོ་ཐག་ཡིན། དེ་མིན་ཀྱང་། ངེད་གཉིས་ཀྱིས་རང་རང་གི་ཡུལ་ནས་ཁྱིམ་གཞིས་རེ་བཅོས་ཡོད་པས་ན། ད་ལྟའི་ཚད་འདི་འདྲ་ཞིག་ལ་ལྷུང་མི་སྲིད། ཁ་དཔེར་བློ་སྔོན་ལ་དྲན་ན་མཁས་པ་དང་འགྱོད་རྗེས་ནས་སྐྱེས་ན་བླུན་པོ་ཡིན་ཅེས་པ་ཅི་མ་བདེན། དུས་དེར། ངེད་གཉིས་ཀྱིས་དགེ་བའི་ཕྱོགས་ཀྱི་བསམ་གཅིག་མ་ཤེས་མོད། སྡིག་ལས་ཀྱི་ཕྱོགས་ནས་རྒྱས་བཟའ་རྒྱས་འཐུང་དང་བག་མེད་རྒྱས་སྤྲོས། ཁྲིམས་མེད་ལུགས་མེད། དཀར་ནག་གོ་ལྡོག ངོ་ཚ་ཁྲེལ་མེད། གཡོ་རྒྱུ་ཁྲམ་གསུམ་སོགས་ཇི་ལྟར་བྱེད་དགོས་པ་བྱང་ཆུབ་པར་ཤེས་སོང་། འདི་ནི་ཁྱེད་ཚོས་སློབ་གྲྭ་ནས་བསླབ་ཚན་རེ་རེ་བྱང་ཆུབ་པར་སྦྱངས་པ་དང་གཅིག་འདྲ་ཡིན། མི་འདྲ་ས་ནི་ཁྱེད་ཚོས་དགེ་བ་བསྒྲུབས་ཏེ་འཚོ་བ་རོལ་བ་དང་ངེད་གཉིས་ཀྱིས་མི་དགེ་བ་བསྒྲུབས་ཏེ་འཚོ་བ་རོལ་བ་དེ་ཡིན། སྐབས་དེར་ངེད་གཉིས་ཀྱིས་མི་ཞིག་གི་རྣམ་འགྱུར་ལ་བལྟས་ནའང་གང་གི་ཡིན་པ་དང་གང་ལ་འགྲོ་བ། ཅི་ཞིག་བྱེད་དུ་ཡོང་བ། ཅི་ཞིག་དྲན་གྱིན་ཡོད་པའང་ཤེས་པའི་ཚད་དུ་སླེབས། སྒོར་མོ་ཚར་ཏེ་ངེད་གཉིས་སྡུག་ལ་ཐུག་ཡོད་དུས། དུར་ལམ་རྫོང་ནས་གསར་བུ་ཞིག་གིས་གོས་རྙིང་བ་ཞིག་རྙེད་དེ་སྒོར་ཁྲི་ལྔ་ལ་བཙོངས་པར་གྲག དེ་ནས་བཟུང་བོད་ཡུལ་དུ་ཐང་ག་རྙིང་བ་དང་ཟངས་སྐུ་རྙིང་བ། དཀར་ཡོལ་རྙིང་བ་དང་རྫ་ཆས་རྙིང་བ། བོད་སྨན་སོགས་ཀྱི་གནའ་རྫས་ཉོ་ཚོང་གི་ལས་འགུལ་ཞིག་ལངས། སྤྱིར་བོད་ཡུལ་དུ་གནའ་རྫས་ཧ་ཅང་མང་མོད། བསྒྱུར་བཀོད་དང་རིག་གནས་གསར་བརྗེ་ཡི་བསྲེག་བཅོམ་འཕྲོག་གསུམ་གྱི་ཤུལ་དུ་གནའ་རྫས་མང་བོ་ཞིག་གང་ན་ལུས་ཡོད། དེའི་ཕྱིར། འདོད་ཧམ་ཆེ་བའི་མི་ལ་ལས་དུར་ས་བསློགས་པ་དང་། ལ་ལས་དགོན་པའི་ལྷ་རྟེན་ཆོས་གསུམ་བརྐུས་པ། ལ་ལས་གནའ་རྫས་རྫུན་མ་བཟོ་བ་སོགས་བྱེད་ཀྱིན་ཡོད། ངེད་གཉིས་ཀྱང་གནའ་རྫས་ཚོང་བའི་གྲས་སུ་ཞུགས་ཏེ་བོད་ཡུལ་གྱི་ས་ཕྱོགས་ཀུན་ཏུ་གནའ་རྫས་ཉོ་རུ་སོང་། གནའ་རྫས་ཉོ་ཚོང་བྱེད་པ་དག་གིས་གནའ་རྫས་ཀྱི་ཕྱིའི་མདོག་ལ་བལྟ་བ་ལས་ནང་གི་རྒྱུ་སྤུས་དང་རིན་ཐང་ལ་བརྟགས་མི་ཤེས། ངེད་གཉིས་ཀྱིས་ཀྱང་ཐང་ག་གསར་བ་གཅིག་ལ་སྒོར་བརྒྱ་བྱིན་ཏེ་ཉོས་རྗེས་སྒོར་བཅུ་ལའང་བཙོངས་མ་ཐུབ་པའི་གནས་ཚུལ་བྱུང་། གནའ་རྫས་རྫུན་མའི་ཚོང་ཞིག་མ་བརྒྱབས་ན་ངེད་གཉིས་ཀྱི་ཟས་ཐུན་གཅིག་ཀྱང་འཐུང་དཀའ་བས། ཐང་ག་གསར་བ་ལྔ་ཉོས་ཏེ་དུ་བདུག་དང་དུ་སྤྱིན་སོགས་བསྐུས་པ་ན་ཚིལ་དྲག་ཆགས་པའི་ཐང་ག་རྙིང་བ་ལྔ་རུ་གྱུར།  བསླུ་བྲིད་འོག་ཚུད་མཁན་རྣམས་ལ་མཚོན་ན། ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་གཞན་རྒྱུ་ལ་རྔམ་དྲག་པ་དང་ངལ་བ་མེད་པར་འཐོབ་འདོད་ཆེ་བ། ཧོལ་རྒྱུགས་བྱེད་རྒྱུར་དགའ་བ།  ཉམས་མྱོང་མེད་པ་བཅས་ཀྱི་རང་བཞིན་ཡོད། བསླུ་བྲིད་གཏོང་མཁན་རྣམས་ལ་མཚོན་ན། ཁ་བདེ་ལྕེ་བདེ་དང་འཁྲབ་སྟོན་ལ་མཁས་པ། དུས་ཁམས་དང་བསྟུན་ཤེས་པ་སོགས་ཀྱི་ཁྱད་ཆོས་ལྡན་པས། ངེད་གཉིས་ཀྱི་ཟླ་འགའ་ལས་འགོར་མེད་པའི་ཐང་ག་དེ་དག་ལོ་ངོ་གྲངས་མེད་འགོར་བའི་ཐང་ག་རྙིང་བ་ཡིན་ཁུལ་གྱིས་ཐང་ག་རེར་སྒོར་ལྔ་སྟོང་རེ་བྱས་ཏེ་བཙོངས། ཐང་ག་བཙོངས་སྟེ་སྒོར་ཁྲི་གཉིས་ལྷག་ལོན་པས་ངེད་གཉིས་ཡང་བསྐྱར་རྒྱས་བཟའ་རྒྱས་འཐུང་གི་ལས་ལ་ཞུགས”ཟེར་བཞིན་མགོ་བོ་གཡུག་གཡུག་འགའ་བྱས་ཏེ“དེ་རིང་ང་ལ་ཅི་བྱུང་བ་ཡིན་ནམ། སྔོན་ཆད་ང་ནས་ཆང་རྒྱ་མ་དོ་ཡིས་ཀྱང་མི་བཟི་མོད། དེ་རིང་ཆང་བསྲེས་པའི་རྐྱེན་ཡིན་ནམ། ངའི་སེམས་སྡུག་པའི་རྐྱེན་ཡིན་ནམ། ང་ངོ་མས་བཟི་འདུག ང་འདི་ལྟར་ཆང་གི་བཟི་ཐེངས་རེར། ལན་ཀྲུག་གྲོང་ཁྱེར་གྱི་རྒྱ་མོ་སྒོ་ང་འདྲ་བ་དང་ཧྭས་མོ་འོ་མ་འདྲ་བ།  སོག་མོ་ཀུ་ཤུ་འདྲ་བ། བོད་མོ་མེ་ཏོག་འདྲ་བ་དེ་དག་དྲན་འོང་། སྙིང་ལ་རྗེ་བོ་དེ་ཚོས་སྒོར་མོ་རིག་མ་ཐག  ཁྱིས་ཤ་མཐོང་བ་ལྟར་ང་ནག་ནག་རྡོ་སོལ་འདྲ་བ་འདི་ལ་ཡང་ལྕེ་ལྡག་ཡང་ཡང་བྱེད། སྒོར་མོ་མེད་པ་ཤེས་སོང་ན། ལོ་འགར་མཉམ་འདུག་མཉམ་ལངས་བྱས་པའང་བརྗེད་སོང་བ་ལྟར་ཁ་ཡའང་མི་བྱེད། རྒྱ་མོ་ཞའོ་ལིས་དང་བོད་མོ་སྒྲོལ་མ། སོག་མོ་མཚོ་མོ། ཧྭས་མོ་སོ་ཧྭའེ་ཡ་དེ་ཚོ་ད་ལྟ་གང་ན་ཡོད་དམ”ཞེས་བཤད། ཚིག་འདི་དག་ཀྱང་ཁོའི་ཁ་ལ་བྱང་ཡོད་པར་བརྟགས་ན། ཨ་ཁུ་B.L ཡི་ལབ་ཚིག་ཅིག་ཡིན་པ་ཤེས་ཐུབ། ཁ་དཔེར། སྐྱིད་དུས་སྡུག་བརྗེད། སྡུག་དུས་སྐྱིད་དྲན་ཞེས་པ་ཅི་མ་བདེན། ཁོ་ཡི་ཉམས་འགྱུར་ལས་སྐྱིད་དུས་ཀྱི་འདས་དོན་དག་དྲན་བཞིན་པ་ཤེས་ཐུབ།  
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

B.Lཡི་ལས་དབང་།༥

2012-05-16 ཚེ་ལོ་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།