B.Lཡི་ལས་དབང་།༡
༡ བསླུ་བྲིད་ཀྱི་བྲོ་བ།
༡༩༩༡ལོའི་ཟླ་༥བའི་ཚེས་༢༩ཉིན། ང་དང་སློབ་གཙོ་གཉིས་ཟི་ལིང་གྲོང་ཁྱེར་ལ་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་མཁོ་ཆས་སྣ་ཚོགས་ཉོ་རུ་སོང་། གྲོང་ཁྱེར་ཆེན་པོ་ནི་མི་རིགས་སྣ་མང་དང་ཁང་བརྩེགས་མཐོན་པོ། འཕྲུལ་འཁོར་དང་འཕྲུལ་ཆས། བཟའ་ཆས་དང་གྱོན་ཆས། རྩེད་ཆས་སྣ་ཚོགས་ཀྱི་གྲུབ་པའི་འཇིག་རྟེན་ངོ་མཚར་བ་ཞིག་ཡིན་ལ། མཁས་པ་དང་ཁེ་ལས་པ། དཔོན་པོ་དང་ཚོང་དཔོན། སྙན་ངག་པ་དང་སྒྱུ་རྩལ་པ། སྨན་པ་དང་བཟོ་པ་སོགས་ཀྱིས་ལས་དོན་གཉེར་བའི་གནས་མཆོག་ཅིག་ཡིན་པས། གྲོང་ཁྱེར་ཆེན་པོ་ཞིག་ཏུ་སོང་མ་མྱོང་པའི་བདག་ལ་འགྲོ་འདོད་ཀྱི་འདུན་པ་འགོག་མེད་ཅིག་སྐྱེས། ཡིན་ཡང་། རྐུན་མ་དང་ཇག་པ། འཁྱམ་པོ་དང་ལྡོམ་པོ། མེད་པོ་དང་སྤྲང་པོ། སྨད་འཚོང་མཁན་དང་བླ་འཚོང་མཁན། བསླུ་བྲིད་མཁན་དང་སྒྱུ་མ་མཁན་སོགས་ཀྱི་བཀང་བའི་འཇིག་རྟེན་ཡ་ང་བ་ཞིག་ཡིན་ཚུལ་བཤད་པས་བདག་ལ་བྲེད་ཤ་ཞིག་ཀྱང་དབང་མེད་དུ་ལངས།
ཞོགས་པའི་དུས་ཚོད་དགུ་པའི་སྟེང་ངེད་གཉིས་འགྲུལ་འཁོར་ལ་བསྡད་དེ་ཕ་ཡུལ་གངས་ཅན་རྫོང་ཐོག་ནས་ལམ་ལ་ཆས། འགྲུལ་འཁོར་ནི་གཡས་འཁོར་གཡོན་འཁོར་ཡང་ཡང་བྱས་ཏེ་ཟི་ལིང་གི་ཕྱོགས་སུ་བཞུད་ལ། འགྲུལ་པ་རྣམས་ནི་གཡས་ལོག་གཡོན་ལོག་ངང་གཉིད་དུ་ཡུར་འདུག དགྲ་ཡོད་སར་དོགས་དང་ཆུ་ཡོད་སར་རགས་དགོས་ཞེས་པའི་དཔེ་ལྟར། ངས་སྒོར་ཁྲི་ལྷག་བཅུག་པའི་སྒོར་ཁུག་དེ་ལག་གཉིས་ཀྱིས་དམ་པོར་བསྡམས་ཏེ་གཉིད་གཏན་ནས་མ་ཁུགས།དུས་ཚོད་བཅུ་གཉིས་སྟེང་ང་ཡི་རྣ་ཐོས་ལས་དངོས་སུ་མཐོང་མ་མྱོང་བའི་ཟི་ལིང་དུ་ཐོན། ཨ་སྔོན་དགུང་ལ་ཟུག་པའི་ཁང་བརྩེགས་རེ་རེ་ནི་མཐོ་ཚད་འགྲན་པ་ལྟར་ག་ས་གང་དུ་འགྲེང་འདུག་ཅིང་། ཕྱི་གསལ་ནང་གསལ་གྱི་ཁང་པའི་ནང་གི་ཤེལ་ལེབ་དང་རྫ་ལེབ། ཤིང་ལེབ་སོགས་ཀྱིས་གློག་འོད་སྣ་ཚོགས་ལྡོག་འཕྲོ་བྱེད་པས། གོམ་གང་ནང་དུ་སྤོ་བའི་སྤོབས་པ་ཡང་ཉམས་པར་བྱས་ཏེ་གང་ལ་འགྲོ་ན་འཛེམ་དོགས་དོགས་བྱེད་དགོས་པ་ཞིག་ཏུ་གྱུར།
སྡོམ་དྲ་ལྟར་བསྣོལ་བའི་ལམ་ཆེན་དང་ལམ་ཆུང་སྟེང་དུ། རིགས་དབྱིབས་མི་འདྲ་བའི་རླངས་འཁོར་སྣ་ཚོགས་ནི་གྲོག་མས་ས་སྐྱེལ་བ་ལྟར་རྒྱུག་བཞིན་འདུག ལམ་འགྲམ་དུ་ཕོ་མོ་རྒན་གཞོན་ཀུན་གྲོག་ཚང་བརྡོལ་བ་ལྟར་བྲེལ་འཚུབ་འཚུབ་ཀྱིས་འགྲོ་བར་བལྟས་ན། མི་ཁོམ་པའི་གནས་ཞེས་པ་ནི་འདི་འདྲ་ཞིག་ལོས་ཡིན་སྙམ་སྟེ་ཁོ་ཚོར་སྙིང་རྗེ་ཞིག་སྐྱེས་ཡོང་ལ། བྲེལ་འཚུབ་ཅིག་ཀྱང་རང་དབང་མེད་པར་ལངས་ཡོང་།
ཉིན་གཉིས་ཀྱི་རིང་ལ། ངས་སྒོར་ཁྲི་གཅིག་ལྷག་བཅུག་པའི་ཀོ་ཁུག་སེམས་ཆུང་དང་མཉམ་འཇོག་གང་ཡོད་ཀྱིས་བསྡམས་ཏེ་སློབ་གྲྭའི་མཁོ་ཆས་ཡོད་ཚད་བདེ་ལེགས་ངང་ཉོས་པས་ང་ཡི་ཡིད་སེམས་བདེ་ལ་བབས། ཕྱི་ཉིན་སྔ་མོ་དངོས་པོ་དག་དྲུད་དེ་རླངས་འཁོར་ས་ཚུགས་སུ་སོང་བ་ན། མ་བསམས་ས་ནས། ང་ཚོའི་རྫོང་གི་འགྲུལ་འཁོར་ཁ་ལོ་པས་དངོས་པོ་དག་མི་ཐེག་པའི་གནས་ལུགས་བཅོ་བརྒྱད་བགྲངས་ཏེ་ངེད་གཉིས་རླངས་འཁོར་ས་ཚུགས་ནས་གཤོག་མེད་ཀྱི་བྱ་བཞིན་བསྐྱུར།
བདག་ལ་མཚོན་ན། ཉི་འོད་དང་ཚ་དྲོད་ལམ་ལམ་མཆེད་པ་དང་། མི་དང་རླངས་འཁོར་ཆུ་བོ་ལྟར་བཞུར་བའི་གྲོང་ཁྱེར་ནས་དངོས་པོ་ཙག་ཙིག་དག་ཡར་འདྲུད་མར་འདྲུད་དང་ཡར་འཇོག་མར་ལེན་བྱེད་རྒྱུ་ནི་སུན་སྐྱེད་ཅིག་རེད། ལྷག་པར། ངེད་གཉིས་ཕྱི་ཉིན་སློབ་གྲྭར་མ་ཐོན་ན། ངེད་སློབ་ཁུལ་གྱི་དྲུག་གཅིག་དུས་ཆེན་དུས་ལྟར་འཚོགས་མི་ཐུབ་པས་ངེད་གཉིས་ཀྱི་སྙིང་རླུང་སྟོད་ལ་འཚངས།
དུས་ཚོད་ནི་ཅང་ཤེས་རྟ་ཕོས་གོམ་རྩལ་འགྲན་པ་ལྟར་ངེད་གཉིས་ཀྱི་བྲེལ་བའི་སྙིང་ཆུང་སྟེང་ཐག་ཐག་ཐག་རྒྱུགས། མཚམས་ཤིག་ལ། སློབ་གཙོ་ཡིས་ང་ལ“ཁྱེད་ཀྱིས་དངོས་པོར་ལྟོས་དང་། ང་རང་རླངས་འཁོར་ཞིག་བཙལ་དུ་འགྲོ”ཟེར་བཞིན་སྒོར་ལྷག་བཅུག་པའི་ཀོ་ཁུག་འཁྱེར་ཏེ་རླངས་འཁོར་ས་ཚུགས་ཀྱི་ཕྱི་རོལ་དུ་སོང་། ངས་དངོས་པོ་དག་ཕྱོགས་གཅིག་ཏུ་སྤུངས་རྗེས་འབྲི་དེབ་བཅུག་པའི་ཤོག་སྒམ་སྟེང་བཙོགས་ཏེ་སློབ་གཙོ་ལ་སྒུག
དུས་ཚོད་ཕྱེད་ཙམ་འགོར་བའི་མཚམས་སུ། རླངས་འཁོར་ས་ཚུགས་ཀྱི་ར་སྐོར་ནང་དུ། མགོ་ལ་
ཞྭ་ལེབ་ནག་པོ་གྱོན་ཅིང་། ལག་པར་སྣུམ་ནག་གིས་སྦགས་པའི་ལག་འབོབ་དཀར་པོ་གྱོན་པའི་མི་ ཞིག་གིས་ཤར་རླུང་རྟགས་ཅན་གྱི་ཟོང་སྐྱེལ་རླངས་འཁོར་ཞིག་འབྱིད་ཀྱིན་འདུག
ང་མྱུར་དུ་སོང་ནས་གང་གི་ཡིན་པར་བལྟས་པ་ན། རླངས་འཁོར་གྱི་སྟེང་དུ་གངས་ཅན་རྫོང་མི་དམངས་སྲིད་གྲོས་ཞེས་བྲིས་འདུག ངའི་སེམས་སུ་རྒྱ་མཚོ་སྔོན་དུ་བསྐྱུར་ནས་ཀོ་གྱོང་མཆི་མས་སྦངས་དོན་མེད་སྙམ་སྟེ“ཁ་ལོ་པ་ལགས། ཁྱོད་ཀྱི་རླངས་འཁོར་གང་དུ་འགྲོ་བ་ཡིན། ཕྱིར་གངས་ཅན་རྫོང་ལ་ཨེ་འགྲོ”ཞེས་ངག་འཇམ་གྱིས་དྲིས། ཁོས་དལ་གྱིས་ལག་འབོབ་འཕུད་ཞོར་དུ“དེ་རིང་ཕྱི་དྲོ་ཡུལ་ལ་འགྲོ་དགོས་མོད། རླངས་འཁོར་གྱི་སྣུམ་ཚར་བས་སྒོར་མོ་ཞིག་མ་བསྐྱིས་ན་སྣུམ་ཉོ་བྱེད་མི་འདང་། སྒོར་མོ་རྙེད་ན་ངའི་རླངས་འཁོར་སྟོང་བ་ཡིན་པས་ཁྱོད་དང་དངོས་པོ་དག་འཁྱེར་ཆོག”ཅེས་བཤད་ཞོར་ལ་སྤྱོད་ཁང་དུ་འཛུལ།
སྐབས་དེར། སློབ་གཙོ་ཡང་ཐོན་བྱུང་། ངས་མྱུར་དུ་སློབ་གཙོ་ལ“འུ་ཅག་གངས་ཅན་རྫོང་སྲིད་གྲོས་ཀྱི་རླངས་འཁོར་ལ་སྣུམ་མེད་པར་ལུས་འདུག སྣུམ་ཉོ་བྱེད་ཀྱི་སྒོར་མོ་བསྐྱི་རྒྱུ་ཡོད་ན། དེ་རིང་ཕྱི་དྲོ་ཡུལ་ལ་འགྲོ་རྒྱུ་རེད”ཅེས་རླངས་འཁོར་ཁོ་ལ་བསྟན། སློབ་གཙོས“ད་འགྲིག་སོང་། དེ་རིང་འགྲོ་ཐུབ་ན། སྒོར་བཞི་བརྒྱ་ཙམ་ལྷག་ཡོད་པ་འུ་གཉིས་ལ་བཀོལ་ས་མེད་པས། ཁོ་ལ་བསྐྱིས་ཆོག”ཅེས་དགའ་སྤྲོའི་ཐེབ་མོ་ཡང་ཡང་རྡེབ། ང་ཡང་མྱུར་དུ་ཟིང་ཟིང་འདུ་འཛི་ཆེ་བའི་ཟི་ལིང་མཁར་དང་ཁ་བྲལ་ཏེ་ཞི་བདེ་ལྷིང་འཇགས་ཀྱི་ཕ་ཡུལ་དུ་ལོག་འདོད་དེ་ཡིད་འཐད་བྱས།
ཅུང་ཙམ་ཡང་མ་འགོར་བར། ཁ་ལོ་པ་དེ་ངེད་གཉིས་ཀྱི་མདུན་དུ་ཐོན། “ཁྱེད་གཉིས་ཀྱང་གངས་ཅན་རྫོང་གི་ཡིན་ནམ། དངོས་པོ་མང་བོ་ཉོས་ཡོད་ཀ”ཞེས་དྲིས་བྱུང་། སློབ་གཙོ་ཡིས“ཡིན་ཡ། ངེད་གཉིས་འཁྱེར་ཐུབ་ན། སྒོར་མོ་ཁྱེད་ལ་བསྐྱི་ཆོག”ཅེས་བཤད་མོད། ཁོའི་ལག་གཡས་ཀྱིས་གསུས་པར་ཕུར་ཕུར་འགའ་བྱས་ཏེ་ཅི་ཡང་མ་བཤད།
བློ་རིག་གློག་ལས་མྱུར་བའི་སློབ་གཙོ་ཡིས“ངེད་གཉིས་ཀྱིས་ཀྱང་ནངས་ཇ་འཐུང་མེད་པས་འུ་ཚོ་ཟ་མ་ཟ་རུ་འགྲོ”ཞེས་བཤད་པར། ཁོས་འཐད་པའི་མགོ་བོ་ནང་དུ་བཀུག་བཀུག་འགའ་བྱས། འཐད་པའི་བརྡ་དེ་ནི་ངེད་གཉིས་འཁྱེར་རྒྱུར་འཐད་པ་ཡིན་ནམ། ཟ་མ་ཟ་རུ་འགྲོ་བར་འཐད་པ་གང་ཡིན་མི་ཤེས་མོད། ངེད་གཉིས་ཀྱིས་ལག་གང་སྔ་བརྩད་དེ་དངོས་པོ་ཡོད་ཚད་རླངས་འཁོར་སྟེང་དུ་བརྩིགས་རྗེས། རླངས་འཁོར་ས་ཚུགས་ཀྱི་ལྷོ་སྒོའི་ཁ་གཏད་དུ་ཡོད་པའི་རྒྱ་ནག་གི་ཟ་ཁང་ཆེན་པོ་ཞིག་ཏུ་སོང་།
དེང་གི་དུས་འདིར་གཞན་གྱི་རོགས་རམ་ལ་བརྟེན་དགོས་པའི་བྱ་བ་ཆེ་ཆུང་གང་ཡིན་ཀྱང་། དེའི་ཚོད་ཀྱི་འགྲོ་སྒོ་ཆུང་ཆུང་ཞིག་ཡོད་པས། སློབ་གཙོ་ཡིས་ཤ་དང་བརྔོས་ཚོད། དུ་ཆང་སོགས་སྒོར་བརྒྱ་ལྷག་གི་བཟའ་བཏུང་འཐེན་གསུམ་གྲུ་བཞི་ཅོག་ཙེ་སྟེང་དུ་བསྒྲིགས་རྗེས། དུ་རྐང་གཅིག་ཁོ་ལ་བྱིན་ཏེ་མེ་བསྒྲོན་ཞོར་དུ“ངེད་གཉིས་གཡུ་མཚོ་སློབ་ཁུལ་གྱི་དགེ་རྒན་ཡིན། ད་ཐེངས་དྲུག་གཅིག་གི་ཡོ་བྱད་ཉོ་རུ་ཡོང་བ་ཡིན། ད་ནངས་འགྲུལ་འཁོར་ཁ་ལོ་པས་དངོས་པོ་མང་སོང་ཟེར་ཏེ་མ་འཁྱེར། ངེད་གཉིས་སང་ཉིན་ཕྱིར་སློབ་གྲྭར་མ་ཐོན་ན། སློབ་ཁུལ་གྱི་དྲུག་གཅིག་དུས་ཆེན་དུས་ལྟར་འཚོགས་མི་ཐུབ་པས་ངེད་གཉིས་ལ་ཐབས་གཞན་མེད། དྲིན་ཆེན་པོ། དེ་རིང་ངེད་གཉིས་འཁྱེར་ཐུབ་སོང་ན། ཁྱོད་ལ་སྣུམ་ཉོ་བྱེད་ཀྱི་སྒོར་མོ་ངེད་གཉིས་ཀྱིས་བསྐྱི་ཆོག”ཅེས་ནན་གྱིས་བཤད།
ཁོས“སྣུམ་ཉོ་བྱེད་ཀྱི་སྒོར་སུམ་བརྒྱ་བསྐྱི་རྒྱུ་ཡོད་ན། ང་ཡང་མྱུར་དུ་ལས་ཁུངས་ལ་འགྲོ་དགོས། རླངས་འཁོར་ཡང་སྟོང་བ་ཡིན་པས་ཁྱེད་གཉིས་ལོས་འཁྱེར”ཟེར་གྱིན་ཟ་མ་སྨྱོན་ཟ་དང་ཆང་སྨྱོན་འཐུང་བྱས། ཁོའི་ཁ་དང་སྡར་མའི་བར་གྱི་ཐུར་མ་ཆ་གཅིག་ནི་གློག་འཁྱུག་པ་ལྟར་ཤ་དང་ཚོད་མ་ཡར་ལེན་མར་ལེན་བྱེད་བཞིན་ཡོད་པས། ངའི་སེམས་ལ་ཁོའི་ཟ་སྲོལ་དམེ་བོ་དེས་རང་གི་ཟས་ཀྱི་ཡི་གའང་ཆད་དུ་འཇུག་རྒྱུ་རེད་སྙམ་སྟེ་ཁོའི་ཕྱོགས་ལ་མ་བལྟས་པར་བསྡད།
སྐར་མ་ལྔ་དྲུག་གི་ཡུན་ལ་སྨྱོ་ཟ་སྨྱོ་འཐུང་བྱས་རྗེས“ཁྱེད་གཉིས་ཀྱིས་འཐུང་ཞོར་དུ་རླངས་འཁོར་དང་དངོས་པོར་ལྟོས་དང་། ངའི་གྲོགས་པོ་ཡང་སྒོར་མོ་བཙལ་དུ་སོང་བས་ང་ཁོ་རང་བཙལ་དུ་འགྲོ དེ་འདྲ་འཕྱི་འཕྱི་ན། འགོ་པས་ང་ལ་སྡིགས་མོ་བྱེད་སྲིད་པས་འུ་ཚོ་མྱུར་དུ་ལམ་ལ་ཆས”ཅེས་བཤད་རྗེས། སློབ་གཙོས་བྱིན་པའི་སྒོར་སུམ་བརྒྱ་འཁྱེར་ཏེ་ཡར་བལྟ་མར་བལྟ་དང་ཕྱིར་མིག་ཡང་ཡང་བལྟ་བཞིན་མི་ཚོགས་ཀྱི་གྲས་སུ་འཚངས།
བྲེལ་འཚུབ་ཆེ་བའི་བྱ་བ་ཞིག་དང་དོན་དག་གལ་ཆེན་ཞིག་འགྲུབ་ལ་ཉེ་དུས་ངལ་གསོ་བ་དེ་ནི་འཇིག་རྟེན་སྟེང་ཆེས་སྤྲོ་བའི་དུས་ཤིག་ཡིན་པས། སློབ་གཙོ་དང་ངེད་གཉིས་ཀྱིས་སེམས་ལྷོད་ལྷོད་དང་ཞེ་དལ་དལ་གྱིས་ཟས་འགྲེང་ཚད་ཅིག་དང་ཝུ་ཆང་རྒྱགས་ཚད་ཅིག་འཐུང་སྟེ་རླངས་འཁོར་དང་དངོས་པོ་ལ་ལྟ་བཞིན་བསྡད། སྡུག་པའི་དུས་དེ་དལ་ལ། སྐྱིད་པའི་དུས་དེ་མགྱོགས་པའི་འཁྲུལ་སྣང་ཞིག་གིས་དུས་ཚོད་ཅི་ཙམ་འགོར་བ་ཡང་མ་ཤེས་པར་ཕྱི་དྲོའི་དུས་ཚོད་གཉིས་པར་ཐོན་མོད། ངེད་གཉིས་ཀྱིས་བསྒུགས་པའི་ཁ་ལོ་པ་དེ་ཕྱིར་མ་ཡོང་། ངེད་གཉིས་ཟ་ཁང་ལས་ཕྱིར་རླངས་འཁོར་ས་ཚུགས་སུ་སོང་སྟེ་ཁ་ལོ་པ་དེ་མྱུར་དུ་ཡོང་བར་རེ་སྒུག་བྱས།
དུས་ཚོད་གཅིག་ལྷག་འགོར་མོད་ཁ་ལོ་པ་དེ་མཐོང་ཡུལ་དུ་མ་སྣང་། རིམ་བཞིནརེ་བའི་ཁ་ལོ་པ་དེ་དོགས་སའི་ཁ་ལོ་པ་ཞིག་ཏུ་གྱུར། མཚམས་ཤིག་ལ། མི་ཞིག་ཐོན་ཏེ་རླངས་འཁོར་གཞུག་སྒམ་སྟེང་འགོས་ཞོར་དུ“དངོས་པོ་འདི་དག་སུའི་ཡིན་ནམ”ཞེས་དྲིས་བྱུང་།
ངེད་གཉིས་ཀྱི་སེམས་ལ་མི་དེ་ནི་ཁ་ལོ་པ་དེའི་གྲོགས་པོ་ཡིན་རྒྱུ་རེད་སྙམ་སྟེ་ཞིབ་ཏུ་བཤད་པ་ན། ཁོ་ནི་རླངས་འཁོར་གྱི་ཁ་ལོ་པ་ངོ་མ་ཡིན་ལ། གྲོགས་པོ་ཟེར་བ་ཞིག་མེད་ཟེར་བས་ད་གཟོད་ངེད་གཉིས་ལ་རྒྱུ་མ་མཁན་གྱི་མིག་འཕྲུལ་ཞིག་བསྟན་སོང་བ་ཤེས། ཁ་ལོ་པ་ངོ་མ་དེས་ངེད་གཉིས་ལ་སྙིང་རྗེ་སྟེ་ཕྱིར་གངས་ཅན་རྫོང་དུ་འཁྱེར་ཡོང་། སྐབས་དེར་སུ་ལ་ཡང་ཁས་མི་ལེན་པའི་ང་ཡང་བསླུ་བྲིད་མཁན་གྱི་སྤྱང་གྲུང་ལ་ཧ་ལས་སོང་། གོང་གི་ཚན་པ་འདི་ནི་ངས་གཞན་ལ་བཤད་རྒྱུར་ངོ་ཚ་སྟེ་གསང་བའི་དོན་དག་ཅིག་ཡིན། འདི་ལྟར་བཤད་ན། ཀློག་མཁན་ཚོས་ངེད་གཉིས་ལ་འཕྱ་དམོད་བྱེད་སྲིད་མོད། གནས་ཚུལ་དེ་འདྲའི་འོག་ཏུ། མི་སུ་ཡིན་ཀྱང་ཁོའི་མགོ་བསྐོར་འོག་ཏུ་ཚུད་ཁོ་ཐག་ཡིན།
རྩོམ་ཁུངས། ངེད་དྲ་བ།