ཕྱིར་དྲན་གྱི་ལོ་ཟླ་སྐྱུར་མོ།
ཧི་མ་ལ་ཡ་རི་འདབས་ན་ཤེས་རིག་གི་མེ་ཏོག་བཞད་པའི་སློབ་གླིང་ཆེན་མོ་ཞིག་ཡོད། དེ་ན་ནམ་རྒྱུན་སྨྲ་བ་ཉུང་ཞིང་སེམས་ཁོང་གི་དགའ་སྐྱོ་མཐའ་དག་གླུ་རུ་གྱེར་མཁན་གྱི་གླུ་བ་སྨྱོན་པ་ཞིག་ཡོད། མི་རྣམས་ཀྱིས་ཁོ་ལ་སྙན་ངག་པ་ཞེས་འབོད་བཞིན་ཡོད། ཁོའི་མི་ཚེ་ཕྱེད་ཀ་སྐྱོ་སྣང་དང་ཕམ་ཁའི་ཁྲོད་རྫོགས་ཡོད་ལ། ད་དུང་ཡང་འདི་ལྟར་ཤུགས་རིང་གི་རྔམ་ཁ་བརྩེགས་ནས་ལོ་ཟླ་ག་ཚོད་ཅིག་ལ་འདུག་དགོས་པ་ཁོ་བར་གདེངས་ཚོད་མེད། ཡིན་ནའང་ཁོ་ལ་ཐོབ་པ་ནི་གནམ་འོག་གི་སྙན་ངག་དང་རང་དབང་གི་སྐྲ་ལོ་འདི་གཉིས་རེད།
སྙན་ངག་པའི་ཉིན་ཐོ་ནང་ལོགས་ན་མེ་ཏོག་བཞིན་གང་སར་བཞད་ཡོད་པ་ནི་ཚེ་རིང་མཚོ་མོའི་མིང་རེད། སྙན་ངག་པས་ཁོ་མོའི་ཆེད་དུ་ཆུ་ཚོད་མང་བོ་ཞིག་ཆུད་ཟོས་སུ་བཏང་མྱོང་།ཕྱོགས་གཞན་ཞིག་ནས་བཤད་ན་ཚེ་རིང་མཚོ་མོའི་དུང་སེམས་ཀྱི་རམ་འདེགས་འོག་ཁོའི་སྙན་ངག་གི་སྒྱུ་རྩལ་ལ་ཁྱད་དུ་འཕགས་པའི་གསོན་ཉམས་ལྡན། འདས་པའི་མི་ལོ་གཉིས་ལྷག་གི་རིང་ལ་ཁོ་གཉིས་མཚར་སྡུག་གི་མེ་ཏོག་ཆ་གཅིག་དང་འདྲ་བར་མཉམ་འདུག་མཉམ་འགྲོགས་བྱས་ནས་ཤེས་རིག་གི་ཐང་ཆེན་བརྒལ། ཡིན་ནའང་ཁོ་གཉིས་ཕན་ཚུན་བར་ལ་སྟོང་ཆ་ཞིག་ལྷག་ཡོད་པ་ནི་གབ་ཚིག་གི་རང་བཞིན་ལྟར་སེམས་སྟེང་གི་སྐད་ཆ་ངོ་མ་བཤད་མ་ཐུབ་པ་དེ་རེད།
སྤྱི་ཟླ་བཅུ་བའི་ཚེས་བཅུ་ཉིན་གྱི་ཞོགས་པར་སློབ་གྲྭའི་སྒོ་འགྲམ་གྱི་བསང་ཁྲིའི་འདབས་རོལ་ན། སློབ་གྲོགས་མང་བོ་ཞིག་གིས་ཁ་བཏགས་ལག་ཏུ་བཟུང་ནས་ཚེ་རིང་མཚོ་མོར་སྐྱེལ་མ་བྱེད་ཀྱིན་འདུག སྐབས་དེར་སྙན་ངག་པས་ཐ་མག་རྔམ་འཐེན་བྱེད་ཞོར་སེམས་ནས་ཅི་ཞིག་ཤོར་སོང་སྙམ་བཞིན་བསྡད་འདུག་ལ། ཕལ་ཆེར་ཁོ་མོའི་སེམས་ནས་ཀྱང་ཅི་ཞིག་ལུས་སོང་བའི་སྣང་བ་འཆར། དེ་དུས་སྙན་ངག་པས་སློབ་གྲྭ་ནས་བར་ཐག་ཅུང་རིང་ཙམ་ཆོད་པའི་གཞུང་ལམ་སྟེང་དུ་སྐྱེལ་མ་བྱས། ཁོ་གཉིས་ཀྱི་གོམ་པ་སྤོ་ཚུལ་ཧ་ཅང་དལ།
“ ཁྱེད་རང་གློ་བུར་དུ་འགྲོ་དོན་ཅི་”སྙན་ངག་པས་ཤུགས་རིང་བསྟུད་མར་འབྱིན་བཞིན་དེ་སྐད་དྲིས།
ཁོ་མོའི་ཞེན་ཆགས་ཀྱི་མིག་ཟུང་ལས་སྐྱོ་སྡུག་གི་མཆི་མ་དལ་བུར་བཞུར།
“བུ་མོ་ཚོའི་ལས་དབང་སྟོན་མཇུག་གི་སྡོང་ལོ་དང་འདྲ”
“ངེད་གཉིས་ཡོད་ཚད་འདི་ལྟར་མཇུག་རྫོགས་སོང་ངམ” སྙན་ངག་པས་གོམ་པ་སྤོ་མཚམས་བཞག་ནས་དེ་སྐད་དྲིས།
“ ཁྱེད་ཀྱིས་སྔོན་མ་ནས་མི་བཤད་དོན་ཅི”
“ ང་རང་ནམ་ཡང་ཁྱེད་ལ་དགའ”སྙན་ངག་པས་གཟབ་ནན་ངང་བཤད།”
“ ཡིན་ནའང། ད་ཚར་སོང་།”ཁོ་མོའི་མིག་ཆུའི་བཞུར་རྒྱུན་ད་དུང་མཚམས་ཆད་ཀྱིན་མི་འདུག
སྙན་ངག་པས་ཁོའི་གདོང་ལ་ཁེབས་པའི་སྐྲ་ལོ་རིང་བོ་ལག་ཟུང་གིས་རྒྱབ་ཏུ་དེད་ནས། “ཁྱེད་རང་ང་ལ་དགའ་མྱོང་ངམ” “ ཨུམ” ཁོ་མོས་སྤོབས་པ་ཆེར་བསྐྱེད་ཀྱིས་ང “ཁྱེད་རང་ལ་དགའ། དངོས་གནས་ཁྱེད་ལ་དགའ། ཡིན་ནའང་བུ་མོ་ཚོའི་སེམས་ཁྱེད་ཀྱིས་མི་ཤེས་སམ།”
སྐབས་དེར་སྙན་ངག་པས་སེམས་ལ་བློ་འགྱོད་སྐྱེས། ཁོ་གཉིས་དཔུང་པ་མཉམ་གཤིབ་ཀྱིས་མདུན་དུ་སྐྱོད་བཞིན་འདུག ཁོ་གཉིས་ཀྱི་སེམས་ལ་སྐར་ཆ་བཅུའི་རིང་ཚད་ལས་མེད་པའི་ལམ་ཕྲན་ཐུང་ཐུང་འདི་ནི་ནམ་ཡང་སོང་མི་ཚར་བའི་བགྲོད་ལམ་རིང་ཤོས་ཤིག་ཡིན་ན་ཅི་མ་རུང་སྙམ།
“ཕ་བོང་འདིའི་འགྲམ་ནས་ངལ་གསོ་ཞིག་བརྒྱབ་ན་འགྲིག་གམ”སྙན་ངག་པས་ཐ་མག་རྐང་གཅིག་མེར་སྒྲོན་བཞིན་དེ་ལྟར་བཤད། ཁོ་མོའི་སེམས་སུ་ཡང་དེ་ལྟར་འདོད་ཡོད།
“རྡོ་ཕ་བོང་འདིའི་འགྲམ་ནས་ངས་ཁྱེད་ཀྱི་སྙན་ངག་བཀླགས་མྱོང་། ”
”དངོས་གནས་ཡིན་ནམ། རྗེས་མ་ནས་ཁྱེད་ཀྱིས་རྡོ་ཕ་བོང་འདི་དྲན་སྲིད་དམ།”
“དྲན་ངེས། ང་སོང་ཤུལ་དུ་ཁྱེད་ཀྱིས་ཕ་བོང་འདིའི་འགྲམ་ནས་སྙན་ངག་འབྲིའམ། ”ཁོ་མོའི་མིག་ཟུང་ལས་ཡང་བསྐྱར་མིག་ཆུ་འཁྱིལ།
“རྡོ་ཕ་བོང་འདི་མ་འཇིག་ན། ངས་སྙན་ངག་ཅི་ལ་མི་འབྲི” སྙན་ངག་པའི་སྐད་ཆ་དེས་ཁོ་མོར་སྐྱོ་སྣང་ལྷག་མ་ཞིག་སྤྲད། དེ་དུས་ཁོ་མོའི་མགོ་བོ་སྙན་ངག་པའི་པང་དུ་བཞག
“ངེད་གཉིས་འདི་ལྟར་གཏན་དུ་འདུག་རྒྱུ་བྱུང་ན་ཅི་མ་རུང་། ”སྙན་ངག་པས་ཁོ་མོའི་གནག་སྣུམ་གྱི་དབུ་སྐྲ་བྱིལ་བྱིལ་བྱེད་ཞོར་དེ་ལྟར་བཤད།
“ད་ནི་ཡོད་ཚད་འཕྱི་སོང་། ”ཁོ་མོ་སྙན་ངག་པའི་སྐེ་ལ་འཐམས་ནས་ངུས།
“ཅིའི་ཕྱིར། ཁྱེད་རང་ང་དང་ཁ་བྲལ་དགོས། ”སྙན་ངག་པས་སེམས་ཚོར་གནོན་མ་ཐུབ་པར་ཁོ་མོར་འཐམས།
ཁོ་གཉིས་ཀྱི་སེམས་ལ་ད་ནི་འཇིག་རྟེན་ཁམས་འདིའི་ཡོད་ཚད་སྟོང་བ་ཡིན་པའི་སྣང་བ་འཆར། དེ་ལྟར་ཚེ་རིང་མཚོ་མོས་ཤེས་རིག་གི་སྐྱེད་ཚལ་འདི་བསྐྱུར་ནས་བུད་སོང་ལ། རྨི་ལམ་ནང་གི་རྒྱལ་སྲས་མེ་ཏོག་དེ་ཡང་འདི་ལྟར་བཞག་ནས་བུད་སོང་།
སྙན་ངག་པའི་ཉལ་ཁྲིའི་འགྲམ་གྱི་ལྕགས་སྒམ་སྟེང་ལ་ཐ་མག་གི་འཐེན་འཕྲོ་རྡེའུ་བཞིན་གང་སར་བཀྲམས་འདུག ཁོ་བོ་བསམ་གཞིག་གི་ཀློང་ལ་འཁྱམས་ནས་ཉིན་མཚན་གཉིས་ལ་ཟས་བཅད་ངོ་རྒོལ་བྱས།“ཚེ་རིང་མཚོ་མོ། ཁྱེད་མ་འགྲོ། ང་བསྐྱུར་ནས་མ་འགྲོ། ”སྙན་ངག་པས་མཚན་གུང་ཚོད་ཚོད་ལ་གཉིིད་སྐད་བརྒྱབ། གྲོགས་པོ་འགས་ཁོའི་སེམས་ཚོར་རྟོགས་ནས་སེམས་གསོ་ཡང་ཡང་བྱས་པ་མ་ཟད། སྨན་པའི་ལག་ནས་ནད་དགོངས་རྫུན་མ་ལེན་རོགས་བྱས།
དེ་ལྟར་ལྷིང་འཇགས་ཀྱི་མཚན་མོ་རེར་སྙན་ངག་པ་ཁང་མིག་སུམ་ཅུའི་སྒེའུ་ཁུང་འགྲམ་ནས་བུ་མོའི་ཉལ་ཁང་གི་ཕྱོགས་སུ་མིག་ཟུང་གཏད་དེ་འདས་དོན་མང་བོ་ཞིག་ལ་ཕྱིར་དྲན་བྱས།
“གྲོགས་པོ། ཕྱི་ལོགས་སུ་ཤོག་དང་། ངས་རྔན་པ་ཁྱེར་ཡོང་ཡོད། ”ཁོ་མོ་བུའི་ཉལ་ཁང་གི་གཤམ་ནས་སྐད་བཏང་། “ཨ་ལ་ལ། གནམ་ལ་ཉི་ཟླ་ཆ་གཅིག ས་ལ་མེ་ཏོག་ཆ་གཅིག”
“མགྱོགས་སུ་སོང་། གོ་སྐབས་ཤོར་དུ་མ་འཇུག” ཉལ་ཁང་ནང་གི་གྲོགས་པོ་ཚོས་གཅིག་རྗེས་གཉིས་མཐུད་དུ་སྐད་ཅོར་བརྒྱབ། བསིལ་རླུང་ཞིག་ག་ལེར་གཡུགས་པས་སྙན་ངག་པའི་རྩེ་གཅིག་གི་དྲན་འཛིན་ཐོལ་གྱིས་དཀྲོགས། སྙན་ངག་པ་སྐྱོ་བའི་ཤུགས་རིང་འབྱིན་བཞིན་ཞག་སྒྲོན་གྱི་འོད་མདངས་ངོགས་ནས་དྲན་རྟེན་འབྲི་དེབ་ནང་གི་ཤོག་ངོས་ཉེར་གསུམ་པ་དེར་ཐེངས་གཅིག་བལྟ་དགོས་བྱུང་། (ཚེ་རིང་མཚོ་མོ་ད་ལོ་མོ་ལོ་ཉེར་གསུམ་ཡིན་སྟབས་ཆེད་དུ་ཤོག་ངོས་ཉེར་གསུམ་པའི་སྟེང་ཁོ་མོའི་སྙན་ངག་པར་དྲན་རྟེན་བྲིས་ཡོད)
ཨ་ཇོ། རླུང་ཁར་མ་འགྲོ། ཚིག་མཚོན་གྱིས་བཏབ་པའི་ཁོར་ཡུག་གང་མང་ལ། ང་ཚོས་སྤོབས་པའི་ལག་ཟུང་སྦྲེལ་དགོས། ཐག་རིང་གི་སྐར་མདའ་མིག་ལམ་ནས་ཡལ་ཚུལ། ཁྱེད་ཀྱིས་ཅིའི་མི་མཐོང་། ནམ་ཞིག་ན་ཁྱེད་ཀྱི་མཁའ་དབྱིངས་སུ་འཚེར་བའི་སྐར་མ་འོད་ཆེན་དེ། འདི་ལྟར་ཐང་ལ་མི་ལྷུང་བའི་ངེས་པ་མེད། ཨ་ཇོ། རླུང་ཁར་མ་འགྲོ། གདོད་མའི་སྦྲ་ནག་འདིར། མཚར་སྡུག་གི་བཀྲག་མདངས་དབེན་ཡང་། དེར་ལྷད་མེད་པའི་དྲོད་ཁོལ་ཡོད། དེ་ལས་ཁྱེད་ཀྱི་ཚེ་སྲོག་གི་གླུ་སྐད་ཐོས་ཐུབ། དེ་ལས་ཁྱེད་ཀྱི་བྱིས་དུས་ཀྱི་དྲོད་ཤ་མྱོང་ཐུབ། ཨ་ཇོ། རླུང་ཁར་མ་འགྲོ། མེ་ཏོག་གི་འཇིག་རྟེན་ཞིག་ལ་ཕེབས་རོགས། ཡིད་ཆེས་དང་སྤོབས་པ་ཁྱེར་ནས། བརྩེ་དུང་་་་་་་་་་་་་་་་་་མཚམས་འདིར་ཐོན་དུས། སྙན་ངག་པ་སྐྱོ་གདུང་གི་མིག་ཆུའི་ཀློང་ནས་ལག་ཟུང་འདར་འདར་ངང་ཁོ་མོའི་འདྲ་པར་བྲང་ལ་སྦྱར། གནམ་མཐའ་ཅི་ཙམ་རིང་ཡང་། རྒྱ་མཚོ་ཇི་ལྟར་ཟབ་ཀྱང་།བརྩེ་དུང་གིས་ཡོད་ཚད་ལ་དབང་སྒྱུར་བྱེད་ཐུབ་སྙམ། “སྙན་ངག་པ་སྨྱོས་འདུག་ཟེར”བུ་མོའི་ཉལ་ཁང་གི་སྒོ་འགྲམ་ནས་རླུང་བུ་ཞིག་ག་ལེར་གཡུགས།
“སྙིང་རྗེ། བརྩེ་དུང་གི་རྒྱལ་སྲས་ཤིག”འཛིན་ཁང་གི་རྒྱབ་ལོགས་ན་ཐ་མག་སྐོར་འཐེན་བྱེད་པའི་མི་རྐྱང་ཁ་ཤས་ཀྱིས་དེ་ལྟར་སྟོང་ལབ་བརྒྱབ། དེ་ནས་བཟུང་། སྙན་ངག་པའི་ཉེ་འགྲམ་དུ་ཡོང་མཁན་ཇེ་ཉུང་ལ་སོང་། ཆར་བ་སིམ་སིམ་བབས་པའི་དགོང་མོའི་རང་སྦྱོང་སྐབས་ཤིག་ལ། སྙན་ངག་པས་འཛིན་གྲྭའི་སྒོ་སམ་སྟེང་དུ་སྙན་ཚིག་ཅིག་འདི་ལྟར་བྲིས།
ཁྱེད་སོང་ཤུལ་དུ། ངའི་ལོ་ཟླ་ལ་གོད་ཆག་ཐེབས་ཤིང་། ངའི་རྨི་ལམ་ལ་འགྱུར་ལྡོག་མང་། ཁྱེད་སོང་ཤུལ་དུ། ཁ་བ་ནག་པོ་གདུག་རྩུབ་ཀྱིས་བབས་ལ། གྲང་རླུང་འཁྱམ་པོ་ཁང་མིག་ནང་ཁྱབ། ཁྱེད་སོང་ཤུལ་དུ། ཉིན་མཚན་གྱི་དབྱེ་བ་མི་ཤེས་ལ། ཞལ་ཟས་ཀྱི་བྲོ་བ་མི་ཤེས། ཁྱེད་སོང་ཤུལ་དུ། གྲོགས་པོ་ཚོའི་འཕྱ་སྨོད་རྒོད་ལ། བུ་མོ་ཚོའི་དགོད་སྒྲ་མཐོ། ཁྱེད་སོང་ཤུལ་དུ། མལ་ས་ནང་དྲོད་ཁོལ་ཡལ་ལ། གཡས་གཡོན་དུ་འདྲེ་ཤིག་གིས་བཀང་། ཁྱེད་སོང་ཤུལ་དུ། ན་ཟླ་ཚོར་ལབ་གླེང་དབེན་ལ། དོན་མེད་དུ་ཤུགས་རིང་འཆོར། ཁྱེད་སོང་ཤུལ་དུ།
བརྩེ་དུང་ལ་དགའ་བའི་སློབ་གྲོགས་སྐོར་ཞིག་གིས་སྙན་ངག་དེ་རྐུ་བཤུ་བྱེད་བཞིན་འདུག སེམས་ཚོར་སྙི་བའི་བུ་མོ་ཁ་ཤས་ལ་སྐྱོ་གདུང་གི་ན་བུན་འཐིབས། སྙན་ངག་པ་རང་ཉིད་ཀྱི་མདུན་ཅོག་མཐའ་འགྲམ་ནས་སྒེའུ་ཁུང་ཕྱི་རོལ་ལ་ཅེར། ཆར་ཐིགས་ཀྱི་ཟེགས་མ་རེ་རེ་ཁོ་མོའི་མིག་ཆུ་བཞིན་ཤེལ་སྒོའི་ངོས་སུ་དལ་གྱིས་བཞུར། སྐབས་དེར་དགེ་རྒན་ཉི་མ་སྙན་ངག་པའི་གམ་དུ་བསླེབས་ཤིང་ཁོ་བོའི་ཉམས་ཉེས་ཤོར་བའི་བཟོ་ལྟར་བལྟས་ནས་སྙིང་ཉེ་བའི་ངང་སློབ་གསོ་གང་མང་བརྒྱབ། དེ་སྔོན་འབྲེལ་འདྲིས་ཟབ་པའི་སློབ་གྲོགས་ཁ་ཤས་ཀྱིས་སྙན་ངག་པའི་སེམས་ཁམས་དང་ཡིག་རྒྱུག་གི་སྐོར་ལ་སེམས་ཁྲལ་བྱས། སྙན་ངག་པའི་སེམས་སུ་ཁོ་མོ་མེད་ན་འཇིག་རྟེན་འདི་ལ་བསྡད་ཀྱང་སྙིང་པོ་ཅི་ཡོད་སྙམ།
སྐབས་དེར་ཆུ་ཚོད་དགུ་བ་ཟིན་ལ་ཉེ། སྙན་ངག་པ་སུ་ཞིག་གིས་ཅི་ཞིག་བོར་སོང་བ་ནང་བཞིན་འཛིན་ཁང་རེ་རེ་སྒོ་འགྲམ་ནས་ཁོ་མོ་བཙལ། བུ་མོ་ཁ་ཤས་སྐྲག་ནས་ངུ་སྐད་ཤོར།
ཕྱི་ཉིན་ཞོགས་པར་སྙན་ངག་པ་བདེ་ལེགས་སྨན་ཁང་དུ་ཁྲིད་སོང་ཟེར། ཕྱི་རོལ་གྱི་གནམ་གཤིས་སྡང་སྡིག་ལས་འཕྱ་སྨོད་དང་ཟུར་ཟའི་རླུང་བུ་ཞིག་ཉལ་ཁང་སུམ་ཅུའི་ནང་དུ་ཁྱབ་ལ། སྙན་ངག་པའི་ཉལ་ཁྲིའི་སྟེང་ཤོག་ལྷེ་འགའ་རླུང་གིས་འཁུར་གྱིན་འདུག ཁོས་ནམ་རྒྱུན་ཀློག་བཞིན་པའི་དྲན་རྟེན་གྱི་འབྲི་དེབ་རྡུལ་གྱིས་ཟོས། ཁོར་ཡུག་དེའི་སློབ་མ་ཁ་ཤས་ཀྱིས་སྙན་ངག་པའི་བརྩེ་དུང་ལ་ཡིད་སྨོན་གཏིང་ནས་སྐྱེས།
སྐབས་འདི་འདྲ་ཞིིག་ལ། བྱང་ཨ་རི་ནས་སྙན་ངག་པར་འཕྲིན་ཡིག་ཅིག་འབྱོར། དེ་ནི་ཚེ་རིང་མཚོ་མོའི་སེམས་འཕྲིན་རེད། ཡིན་ནའང་ད་ནི་ཡོད་ཚད་འཕྱིས་སོང་བ་འདྲ། ཚེ་རིང་མཚོ་མོས་སྙན་ངག་པ་བསྐྱུར་ནས་གློ་བུར་དུ་འགྲོ་དགོས་པའི་རྒྱུ་རྐྱེན་མཐའ་དག་འཕྲིན་ཡིག་དེའི་ནང་དུ་ཡོད་པ་ཐག་གིས་ཆོད། འོན་ཀྱང་སྙན་ངག་པ་སྨན་ཁང་ནས་ཕྱིར་མ་སླེབས་པར་དུ་ང་ཚོ་སུ་ཡིན་ཡང་ཁོ་མོའི་གསང་བ་དེ་རྟོགས་མི་སྲིད།
༢༠༠༦ ༩ ༡༠ ཉིན།
རྩོམ་ཁུངས། ངེད་དྲ་བ།