ལམ།
གཡུ་ལུང་སྡེ་བར་མཚོན་ན་རང་ཞིང་གི་ཆུ་མའི་ས་ཁུལ་གཞན་དག་དང་འདྲ་བར་ཉེ་བའི་ལོ་གཉིས་སྔོན་རྒྱལ་ཁབ་གོང་རིམ་གྱིས་ཐུགས་དགོངས་ལྟར་ཀྲུང་དབྱང་ནས་མ་དངུལ་ས་ཡ་གཅིག་དང་འབུམ་གཉིས་ལྷག་བཏང་སྟེ་ཡུལ་སྔོན་གྱི་ཁོད་དོག་ལ་ས་རྡུལ་གྱི་ཁེངས་བའི་གཞུང་ལམ་དེ་དེང་རབས་ཅན་གྱི་ཨར་ལམ་ལ་བསྒྱུར་བའི་ལས་གཞི་(项目)ཞིག་འབྱོར་དེ་ཁ་སང་དེ་རིང་གི་ཨར་ལམ་འདི་བཟོས་པ་རེད། མིག་གིས་བལྟས་ཚོད་ཙམ་གྱི་དེང་གི་བཞུད་ལམ་འདིའི་ལས་བཟོའི་སྤུས་ཀར་གནད་དོན་བྱུང་ཡོད་པ་མཐོང་ཐུབ། ལམ་ངོས་མི་སྙོམས་ཞིང་སེར་གའི་ཁེངས་བ་དང་མཚམས་རེར་ལམ་གཞི་ཕྱོགས་གཅིག་ཏུ་རྡིབ་འདུག མ་གཞི་དེ་སྔོན་གྱི་ལམ་གཞིའི་ཁོད་ཇེ་སྙོམས་ལ་བཏང་སྟེ་དེའི་སྟེང་རྡོའུ་དང་བྱེ་ཟེགས་བཏང་བ་ཙམ་རེད། ཨེ། འདི་ན་ད་གནད་དོན་བྱུང་འདུག མ་དངུལ་ས་ཡ་གཅིག་དང་འབུམ་གཉིས་ལྷག་གིས་ད་གཟོད་གྲོང་ཁྱིམ་བརྒྱ་དང་ཁ་གྲངས་ལོང་བའི་ཡུལ་སྡེ་འདིར་རྡོའུ་དང་བྱེ་ཟེགས་ཁོ་ནའི་གྲུབ་པའི་སྤུས་ཞན་གྱི་ཨར་ལམ་འདི་ཙམ་མ་གཏོགས་བཟོ་མ་ཐུབ་པ་རེད་དམ། འོ། དབང་ལྡན་ཚེ་རིང་གིས་ཤེས་རྒྱུ་རེད། ཁོ་ད་ད་ཐེངས་གི་ལམ་བཟོ་ལས་གཞི་འདིའི་འགན་ལན་ལས་དཔོན(包工头)མིན་ནམ་། རེད། ཁོས་ཤེས་རྒྱུ་རེད།
དབང་ལྡན་ཚེ་རིང་ནི་ལུས་ལ་ཤ་རྒྱགས་ཀྱང་བཞིན་མདངས་ཅུང་དམར་ནག་ཅན་ཞིག་རེད། ཁོ་ལ་དམའ་འབྲིང་གི་ཤེས་བྱའི་ཆུ་ཚད་ཙམ་མ་གཏོགས་མེད་ནའང་རྫོང་འདིའི་ཕྱུག་པོ་རྒྱུ་ཆེན་དག་གི་གྲས་སུ་ཚུད་འདུག ཡུལ་མི་ཚོའི་ངག་ནས་གོས་ཐོས་ལྟར་ན་དབང་ཚེ་ནི་ལོ་དུ་མའི་ཡར་སྔོན་ནས་བཟུང་སྟེ་དེང་གི་གྲོང་སྡེ་སོ་སོའི་ཨར་ལམ་དང་འབྲོག་ཁྱིམ་གཏན་སྡོད་ཀྱི་ཁང་བ་སོགས་པའི་ལས་གཞི་ཁག་གི་ལས་དཔོན་བྱས་ཏེ་ཕྱུག་པོ་ཆགས་ཡོད་པ་དང་། ཉིན་འགིའི་སྔོན་ད་དུང་ཟི་ལིང་ནས་དངུལ་ལོར་འབོར་ཆེན་བཏང་སྟེ་གཞི་མིན་སྤྲོ་ཁང་(别墅)ཞིག་ཀྱང་ཉོས་རབས་ལབ་གྱིན་འདུག དེང་སང་གི་དུས་འདིར་རྒྱལ་ཁབ་གྱི་ལས་གཞི་ཁག་གི་ལས་དཔོན་རེག་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན། ལྟག་སྒོའི་འགྲན་རྩོད་ཚབས་ཆེན་བརྒྱུད་དགོས་པའི་སློབ་ཆེན་ལ་རྒྱུགས་སྤྲོད་པ་དང་འདྲ་འདྲ་རེད། ཡིན་རུང་དབང་ལྡན་ཚེ་རིང་ལ་མཚོན་ན་བྱ་བ་འདིའི་སྐོར་ནི་ལས་སླ་མོ་རྐྱང་རྐྱང་རེད། རྒྱུན་མཚན་ནི་ཁོའི་ནུ་བོ་དེ་སྔོན་གྱི་རྫོང་དཔོན་དང་དེང་སྐབས་ཀྱི་ཁུལ་དཔོན་གཞོན་པ་ཡིན་པའི་ཕྱིར། དབང་ཡོད་ན་དོན་དག་འདིའི་སྐོར་བརྒྱ་ཁ་གཅིག་གྲགས་རེད།
དབང་ལྡན་ཚེ་རིང་དང་ནུ་བོ་བསྟན་སྐྱོང་གཉིས་ཀྱི་འབྲེལ་བ་ཤིན་དུ་བཟང་སྟེ ་དབང་ཚེ་དམའ་འབྲིང་འགྲིམ་པའི་སྐབས་དེར་ཁོའི་ཕ་རྒན་ནགས་ཚལ་དུ་སྡོང་བོ་རྐུ་བར་སོང་སྟེ་སྡོང་འོག་ཏུ་མནན་ནས་རྐྱེན་ལམ་དུ་ཤོར་བ་དང་། དབང་ཚེ་སློབ་གྲྭ་ནས་ཕྱིར་མི་འབུད་རང་འབུད་བྱུང་སྟེ་ཁྱིམ་ཚང་གི་འགན་གཅིག་ལྕོགས་སུ་ཁུར་ཏེ་ནུ་བོ་མུ་མཐུད་དུ་སློབ་གྲྭར་བསྐྱེལ་བའི་ཕྱིར་རེད།
ལོ་གཉིས་སྔོན་གྱི་གཡུ་ལུང་སྡེ་བར་ཨར་ལམ་བཟོ་བའི་ལས་གཞི་འདི་བརྩོད་ལེན་བྱེད་སྐབས་ཀྱང་བསྟན་སྐྱོང་གིས་མངོན་ལྐོག་གང་རུང་ནས་དབང་ཚེ་ལ་རྒྱབ་སྐྱོར་དང་ངན་ཇུས་བཏོན་སྟེ་ལྟག་སྒོ་འགྲོ་སར་ལྟག་སྒོ་དང་ཁ་ནང་ལ་མར་ཁུ་ལྡུག་སར་མར་ཁུ་ཇ་ནོམ་པ་རེ་བླུགས་ཏེ་སྔ་བཞུག་ཏུ་ཁྱོན་འགྲོ་གྲོན་དངུལ་ལོར་ཁྲི་བདུན་ལ་ཉེ་ཙམ་བཏང་སྟེ། ད་ཐེངས་གི་གོང་རིམ་གྱི་དམངས་སྒོར་ས་ཡ་གཅིག་དང་འབུམ་གཉིས་ལྷག་གི་ལས་གཞིའི་མ་དངུལ་ལས་ས་ཡ་བརྒྱད་རྐྱང་རྐྱང་ལག་ཏུ་འབྱོར་སོང་། དེའི་ལྷག་མའི་ས་ཡ་བཞི་བོ་དབང་ཆེན་སུ་ཞིག་གི་ཁུག་མའི་ནང་དུ་བུད་སོང་བ་དབང་ཚེ་ལའང་ལྐོག་གྱུར་ཅིག་རེད།
གཡུ་ལུང་སྡེ་བར་ཨར་ལམ་གཏོང་བའི་ཉིན་དེ་དག་ལ་དབང་ཚེ་ཆུ་ཚོད་གཅིག་ལའང་ལས་ཡུལ་དངོས་དང་ཁ་བྲལ་མ་མྱོང་ལ། སྡེ་བའི་ནང་གི་ཡིག་རྨོངས་བ་སྐོར་ཞིག་ལམ་ལས་པར་གླས་རྗེས་ལས་གླ་ཉུང་ཙམ་སྤྲད་དེ་ལས་ཡུན་དུས་རྒྱུན་ཇེ་རིང་ལ་གཏོང་བར་མ་ཟད་ཆེས་མ་མཐའི་རྡོ་ཟེགས་གི་རྒྱུ་ཆའང་སྤུས་ཀ་ཆེས་ཞན་པ་རྐྱང་བེད་སྤྱོད་གཏོང་བ་དང་། ཨར་འབག་གཡོ་སྦྱོར་བྱེད་སྐབས་ཨར་འདམ་ཉུང་ཙམ་མ་གཏོགས་གཡོ་སྦྱོར་བྱེད་དུ་མི་འཇུག་པའི་ཉིན་ལས་པ་སྐོར་ཞིག་གིས་སྔ་བཞུག་ཏུ།
ལོ་པིན(老板)། ད་ཁྱོད་ཀྱི་འདི་ཅི་རེད། རྡོ་ཟེགས་གི་རྒྱུ་བ་མི་ཧྲ་གི དེའི་ཁར་ཨར་འདམ་ཡང་ཉུང་འདུག
ཁྱོད་ཚོས་ཅི་ཤེས། ངས་ད་བར་ལས་ཀ་འདི་མོ་འདི་རྐྱང་རྐྱང་བྱས་ནས་ཡོང་བ་རེད། ང་ལ་ཉམས་མྱོང་ཡོད་ནི་རེད།
ཧེ་ཧེ། ལོ་པིན་ལ་ཉམས་མྱོང་ད་ལོས་ཡོད་གི་ལོས་ཡོད། འོན་ཀྱང་ཉིན་འགའི་སྔོན་ལས་གྲུབ་བྱུང་བའི་ལམ་གཞི་དེ་དག་ལ་སེར་ག་ཤོར་འདུག ཕར་བལྟོས་ཚོད་ཀྱི་སྤུས་ཀར་གནད་དོན་བྱུང་ཡོད་པ་འདྲ།
ཅི་ཟེར། སྤུས་ཀར་གནད་དོན་བྱུང་ཡོད་པ་འདྲ། གནད་དོན་ཡོད་མེད་ངས་མི་ཤེས་པར་ཁྱོད་ཚོས་ཤེས་པ་ཨེ་རེད། ང་ལོ་པིན་རེད་དམ་ཁྱེད་ཚོ་ལོ་པིན་རེད། ང་ལ་ཚད་ཐིག་ཅིག་ཡོད་ནི་རེད། ཁ་རོགས་ཀར་སྡོད་དང་ཉིན་གུང་ངས་འཚོ་བ་ཇེ་བཟང་ལ་གཏོང་རྩིས་ཡོད།
ངོ་མ་འཚོ་བ་ཇེ་བཟང་ལ་གཏོང་རྒྱུ་ནས། དེ་ད་ཧྲ་གི་ཡ།
འདི་ལྟར་དབང་ལྡན་ཚེ་རིང་གིས་ཟླ་ངོ་གསུམ་རིང་གི་དཀའ་སྤྱད་འབད་བརྩོན་ལ་བརྟེན་མཐར་ཨར་ལམ་བཏང་ཚར་སོང། གཞུང་ཕྱོགས་ནས་ཨར་ལམ་འདིའི་སྤུས་ཀར་རྟོག་དཔྱོད་བྱེད་སྐབས་ཐབས་དང་བློ་གྲོས་ཉིས་འཛོམས་ཀྱི་ལས་དཔོན་ཆེན་མོའི་རྟོག་དཔྱོད་མཁན་ཚོར་ཟ་མའི་མགྲོན་རྒྱ་ཆེན་པོ་ཞིག་བཤམས་པའི་གཡུ་ལུང་སྡེ་བའི་ཨར་ལམ་རྒྱལ་ཁབ་གྱི་ཚད་ལྡན་ཨར་ལམ་ལ་གཏན་འབེབ་བྱས་འདུག གོ་ཐོས་ལྟར་ན་དབང་ལྡན་ཚེ་རིང་གིས་ད་ཐེངས་གཡུ་ལུང་སྡེ་བའི་ལམ་བཟོའི་ལས་གཞི་འདིའི་ཁྲོད་དམངས་སྒོར་ཉིས་འབུམ་ལྷག་ཁུག་མར་བཅུག་པར་ལབ་གྱིན་འདུག དེ་ན་ང་ཚོས་དེ་རིང་འདི་ནས་བསྡོམས་རྩིས་ཞིག་བྱས་ན་རྒྱལ་ཁབ་གོང་རིམ་ནས་གཡུ་ལུང་སྡེ་བར་བཏང་བའི་ལས་གཞིའི་མ་དངུལ་ས་ཡ་གཅིག་དང་འབུམ་གཉིས་ཁྲོད་སྡེ་བའི་ཨར་ལམ་དངོས་སྟེང་དམངས་སྒོར་འབུམ་དྲུག་མ་གཏོགས་འབྱོར་མ་སོང་ལ། ཚད་ལྡན་མ་དངུལ་གྱི་ཕྱེད་ཀ་རྐྱང་རེད། ཡིན་ནའང་ལས་གཞིའི་མ་དངུལ་གྱི་ཕྱེད་ལྷག་མ་གཞི་རིམ་མགོ་ཁྲིད་ཁག་དང་དབང་ཚེ་ལྟ་བུའི་མི་བུ་ནུས་ལྡན་སྟོབས་ཅན་སྐོར་ཞིག་གིས་ཁྱི་སྤྱང་ངན་འབྲེལ་འོག་གར་སོང་ཆ་མེད་དུ་གྱུར་བ་དང་། དམངས་ཀྱི་རྔུལ་ཁྲག་ལས་བྱུང་བའི་དཔྱ་ཁྲལ་དམངས་ལ་སྦྱོར་བའི་རྩ་དོན་ལའང་གས་ཆགས་རྩ་ནས་བྱུང་འདུག
ཡུལ་མི་རྒན་པ་སྐོར་ཞིག་གིས་མ་ཎི་ཁང་དུ།
དེང་སང་ད་སྲིད་ཇུས་ཡག་གི་རེ།
འོ་ལེ། འོ་ལེ། གློག་ཡོད་གི ཆུ་ཡོད་གི ད་ལམ་ར་ལས་ཐལ། ངོ་མ་བསམ་བསམ་གོ་ཡོད་གི།
དེ་རེད་མོ། ད་ལམ་ལས་ནོ་ར་ཧྲ་ག
འོ་ལེ། མ་དངུལ་སྒོར་མོ་ཁྲི་མང་བོ་བཏང་ཡོད་པ་རེད་ཟེར། རྒྱལ་ཁབ་དྲིན་ཆེན་པོ། ད་ས་རྡུལ་མིག་གི་མཐོང་མ་དགོས་པ་རེད།
དེ་རེད། དེ་རེད། དེང་སང་ད་བསྐལ་བ་ཡག་གི་ཡ... ...།།
རྩོམ་ཁུངས། ངེད་དྲ་བ།