འཕོ་བ་གྲོང་འཇུག༢

                                           ༣  
  སློབ་སྐབས་གསར་པ་འགོ་ཚུགས་པ་ན། ངས་ཆོས་དཔེ་སྤུས་ལེགས་མ་འགའ་དང་བོད་ཡིག་གི་གཏམ་རྒྱུད་ཕྱོགས་སྒྲིག བོད་སྨན་སོགས་ཉོས་ཏེ་ལོ་སར་གྱི་ལེགས་སྐྱེས་སུ་འཁྱེར། ཨ་ཁུ་རྟ་མགྲིན་གྱིས་ང་མཐོང་བ་ན“ཁྱོད་ཕྱིར་བུད་ཡོང་ངམ། ད་འགྲིག་སོང་། སྔོན་ཆད་ཀྱི་དགེ་རྒན་དག་སློབ་སྐབས་གཅིག་བསྡད་རྗེས་ལས་གནས་སྤར་འགྲོ་བས། ངས་ཁྱོད་ཀྱང་ཕྱིར་མི་ཡོང་འདོད་ཡོད། ད་འགྲིག་སོང་། ཧོར་ཟླ་དྲུག་པའི་ཚེས་དྲུག་ནི་བདག་ཅག་གི་སྟོན་པ་སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་བའི་ཉིན་མོ་ཡིན། གྲ་སྒྲིག་བྱོས་དང་། འུ་གཉིས་སུས་ཀྱང་མི་ཤེས་པའི་གནས་ཤིག་ཏུ་འགྲོ   ད་འགྲིག་སོང་། ད་འགྲིག་སོང”ཞེས་ཡང་ཡང་བཟླས།
   ངས“ལོ་སར་གྱི་དུས་སུ། ཨ་ཁུ་དང་ཕ་མ་ཚོས་ལེགས་སྐྱེས་གྱ་ནོམ་པ་ཞིག་གྲ་སྒྲིག་བྱས་ཏེ།ང་ཡི་ལས་གནས་གཞན་ལ་སྤོར་གྲབས་བྱས་ཀྱང་ང་རང་མ་འཐད། ང་རང་གང་དུ་བསྡད་ཀྱང་གཅིག་འདྲ་ཡིན། གནས་འདི་རུ་དྲི་མེད་དྭངས་གཙང་གི་ཡུལ་ལྗོངས་དང་ལྷད་མེད་རྣམ་དག་གི་ཁྱོད་ཚོ་ཡོད་པས། གནས་གཞན་དུ་འགྲོ་འདོད་དམ”ཞེས་ཀུ་རེ་རྩེས། ཁོ་དགོད་ཞོར་དུ“ད་དུང་རྫོགས་མེད་ཀྱི་གཏམ་རྒྱུད་དང་གསང་སྔགས་ཀྱི་ཉམས་ལེན་མེད་དམ”ཟེར་བཞིན་ངའི་མདུན་དུ་ཤ་མར་ཐུད་གསུམ་བསྒྲིགས། ངས་ཆོས་དཔེ་གཙོ་བྱས་པའི་བཟའ་བཏུང་དང་སྨན་སོགས་ཀྱི་ལེགས་སྐྱེས་ཁོ་ལ་བྱིན། སློབ་མ་ཚོས་ཀྱང་ང་རང་སླེབས་ཡོད་པ་ཤེས་ཏེ། འཚང་ཁ་ཤིག་ཤིག་གིས་ཨ་ཁུ་རྟ་མགྲིན་ཚང་ལ་འཛུལ་ཡོང་། ཁོ་ཚོ་རེ་རེ་ཡིས་ངེད་གཉིས་ལ་ཕྱག་འཚལ་གྱིན་ལོ་སར་གྱི་ལེགས་སྐྱེས་བྱིན་ལ། ངས་ཀྱང་ཀ་ར་དང་སིལ་ཏོག་ཡིད་ཚིམ་པ་ཞིག་བྱིན། འདི་དག་ལས་ང་དང་ཨ་ཁུ་རྟ་མགྲིན། སློབ་མ་བཅས་ཀྱི་བར་ལ་དགེ་སློབ་ཀྱི་བརྩེ་འདང་ཟབ་མོ་ཆགས་ཡོད་པ་རྟོགས་ཐུབ།
  མི་དང་མིའི་བར་ལ་བརྩེ་འདང་ལྡན་ན། བྱ་བ་ཅི་ཞིག་བསྒྲུབས་ཀྱང་དགའ་སྣང་གིས་ལེགས་གྲུབ་བྱེད་ཐུབ་པས། ཟླ་འགའ་ཇི་ལྟར་འགོར་བའང་མ་ཤེས། དགོང་མོ་ཞིག་ལ། ཨ་ཁུ་རྟ་མགྲིན་གྱིས་སང་ཉིན་ཁོའི་སྨྱུང་གནས་སྲུང་ས་དེར་འགྲོ་དགོས་པའི་བརྡ་བཏང་། ང་རང་ལ་དགའ་སྟོན་དུ་འགྲོ་བ་ལྟ་བུའི་སྤྲོ་བ་སྐྱེ་བཞིན་བསང་རྫས་དང་མཆོད་རྫས་སོགས་གྲ་སྒྲིག་བྱས།
  ཧོར་ཟླ་དྲུག་པའི་ཚེས་དྲུག་ཉིན་བོད་ཡུལ་གྱི་ག་ས་གང་དུ་ཆོས་ཀྱི་ཆོ་ག་རྒྱ་ཆེན་པོ་སྤེལ་བཞིན་ཡོད་པས། ངེད་གཉིས་ཀྱང་སྐྱ་རེངས་ཤར་བ་དང་མཉམ་དུ་མཆོད་རྫས་དང་རྔ་སྦུག་ཌ་དྲིལ་སོགས་འཁུར་ཏེ་ལམ་ལ་ཆས། དབྱར་ཟླ་དྲུག་པའི་མཐོ་སྒང་སྔར་ལས་མཛེས་ཤིང་། ཞོགས་པའི་མཁའ་དབུགས་སྔར་ལས་དྭངས། ལམ་འགྲམ་གྱི་རྩྭ་གསེབ་ཏུ་བྱེའུ་འཇོལ་མོ་དང་བྱེའུ་ཅོ་ཀ། བྱེའུ་འཛུམ་མ། བྱ་གོང་མོ་སོགས་ཀྱིས་སྙན་པའི་གླུ་དབྱངས་ཅི་དགར་སྒྲོག་ལ། སྤང་ཤ་ཁ་སེར་དང་སེའུ་ཙ་ཙ་ཧོ་སོགས་ཀྱང་མུ་ཏིག་གཏོར་བ་དང་འདྲ།
  ངའི་སེམས་གཏིང་ནས་སྐད་མཐོན་པོས་གླུ་ཞིག་ལེན་འདོད་པའམ་སེམས་བསམ་པས་སྙན་ངག་ཅིག་གྱེར་འདོད་སྐྱེས་མོད། ང་ལ་སྐད་ངག་མེད་པ་དང་ངས་སྙན་ངག་འབྲི་མི་ཤེས་པས། ཨ་ཁུ་རྟ་མགྲིན་གྱིས་ངོ་མཚར་བའི་གཏམ་རྒྱུད་ཅིག་བཤད་ན་ཅི་མ་རུང་སྙམ། ཡིན་ཡང་། ཁོའི་སྨྱུང་གནས་བསྲུངས་ཡོད་པས། རོ་དངོས་གྲུབ་ཅན་དང་བདེ་སྤྱོད་བཟང་པོ་ལྟར་རྐང་ལམ་ཕྲ་མོ་འདེད་དགོས་བྱུང་།
  ཆུ་ཚོད་གཉིས་ཙམ་ལ་སོང་རྗེས་ལུང་པ་ཁ་ནུབ་ལྟ་ཞིག་གི་ཕུ་རུ་ཐོན། གནས་དེ་ནི་ས་གཤིས་ཅུང་རྩུབ་ནའང་ལྕང་མ་དང་གླང་མ། སྟག་པ། སྐྱེར་པ། འོམ་བུ། སུ་རུ་སོགས་ཀྱི་གསེབ་ཏུ་རི་བོང་དང་ཝ། ཕྱི་བ། འཕར་བ། ཤ་བ། གླ་བ། དགོ་བ་སོགས་རི་སྐྱེས་སྲོག་ཆགས་གང་སར་རྒྱུ། ད་དུང་བྱ་རྒོད་དང་བྱ་གླག བྱ་ཁྲ། འུག་པ། སྐྱ་ཀ། ཁ་ཏ། ལྕོང་ཀ། བྱ་རོག་དག་ཀྱང་མཁའ་དབྱིངས་སུ་རང་དབང་གིས་ལྡིང་སྐོར་བྱེད།
  ནགས་གསེབ་ཏུ་སིལ་དཀར་དང་སིལ་ར་བོ། སིལ་བོང་བུ། གླ་སིལ། ཚེར་སིལ་སོགས་ནི་བྱི་རུའི་དོ་ཤལ་དཔྱངས་པ་དང་འདྲ་ལ། རི་སྐྱེས་སྔོ་ཚོད་ཀྱང་རི་ཀེའུ་དང་རི་སྒོག ཅ་རིལ་སོགས་ཀྱིས་ཁེབས་ཡོད་པས། གནས་དེ་ནི་རྫས་ངན་དྲི་མས་མ་གོས་པའི་རང་བྱུང་ཟས་རིགས་ཀྱི་གཏེར་མཛོད་ཆེན་མོ་ཞིག་རེད།
  དེ་དག་མིག་ལམ་དུ་མངོན་རྗེས། རང་བྱུང་ཁམས་ཆེན་མོ་འདིའི་བདག་པོ་ནི་མི་ཁོ་ན་མ་ཡིན་པས། རང་བྱུང་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་ངེས་ཤེས་ཟབ་མོ་རྙེད་ཐུབ་ཅིང་། ཚན་རིག་ལག་རྩལ་གྱིས་བསྐྲུན་པའི་འཇིག་རྟེན་ནི་མི་གཙོ་བོ་བྱེད་པའི་སྣ་རྐྱང་གི་འཇིག་རྟེན་ཞིག་ཡིན་པ་དང་། ཚན་རིག་ལག་རྩལ་གྱིས་སྲོག་ཆགས་མཐེ་བོང་ཙམ་ཞིག་ཀྱང་གསར་གཏོད་བྱེད་མི་ཐུབ་པའང་གསལ་པོར་རྟོགས།
  ངོ་མཚར་བ་ཞིག་ལ། ལུང་པའི་ཕུ་ནས་གཡོན་ངོས་ཀྱི་ར་ལམ་དོག་མོ་ཞིག་དེད་དེ་ཡར་འགོས་ན། ཁ་ལྷོ་འཁོར་གྱི་བྲག་ཁུང་ཞིག་མིག་ལམ་དུ་མངོན་ཡོང་། ཁུང་སྒོ་ནི་རྡོ་བཟོ་མཁན་པོས་ཆེད་དུ་ལས་པ་དང་འདྲ་བར་རྡོ་གཡའ་མའི་ཀ་བ་དང་ཡ་ཐེམ། མ་ཐེམ་སོགས་གསལ་པོར་བཏོད་ཡོད། ད་དུང་ཆུ་ཕྲན་དྭངས་མོ་ཞིག་ཀྱང་དལ་གྱིས་བཞུར་ཏེ་བྲག་ཁ་ལས་མར་འབབ་བཞིན་འདུག་པས། རྦབ་ཆུ་ཆུང་ཆུང་ཞིག་ཀྱང་ངང་གིས་གྲུབ།
  ཉི་ཟེར་འཕྲོ་ཕྱོགས་ཤིག་གིས་རྦབ་ཆུ་དེས་མཚམས་རེར་ཁ་དོག་སྣ་ལྔའི་འཇའ་གུར་ཆུང་ཆུང་ཞིག་ཀྱང་ཕུབ་ཡོང་བས། མི་ཡུལ་གྱི་དག་ཞིང་ཞེས་པ་ནི་འདི་འདྲ་ཞིག་ལོས་ཡིན་སྙམ། ཨ་ཁུ་རྟ་མགྲིན་གྱིས་འཇའ་ཤར་བ་མཐོང་བས་ང་ལ་མཐེ་བོང་ཡང་ཡང་བསྟན། ཁོའི་ཚུགས་ཀ་ནི་ལྐུགས་པ་ཞིག་དང་ཨ་ན་མ་ན་ཡིན་མོད། ཁོས་ང་ལ་རྟེན་འབྲེལ་འགྲིག་འདུག་ཟེར་བའི་བརྡ་བསྟན་པ་ཤེས་ཐུབ།
  བྲག་ཁུང་གི་ཕྱི་ནས་ནང་དུ་བལྟས་ན། མུན་ནག་འཐིབས་ཏེ་ཅི་ཡང་མི་མཐོང་མོད། གོམ་པ་དྲུག་ལྷག་སྤོས་ཏེ་ཅུང་ཙམ་བསྡད་ན་རིམ་གྱིས་ཇེ་གསལ་རེད། ཨ་ཁུ་རྟ་མགྲིན་གྱིས་མཆོད་མེ་གཅིག་བཀར་བ་ན། གྲྭ་ཤག་ཆུང་ཆུང་ཞིག་དང་མཚུངས་པའི་སྒྲུབ་ཕུག་ཆུང་ཆུང་ཞིག་རེད།
  གཙོ་སྐུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་ལི་སྐུ་ཡིན་པའི་ཀུན་དགའ་ར་བ་དང་མཆོད་ཆས། ཐབ་ཆས། ཉལ་ཆས་སོགས་ཆ་ཚང་འདུག དེར་བལྟས་ན་མཚམས་ཁང་ཞིག་ཡིན་པ་སུས་ཀྱང་ཤེས་ཐུབ་མོད། དུས་ནམ་ཞིག་ལ་སྐྱེ་བོ་གང་གི་མཚམས་ཁང་ངམ་སྒྲུབ་ཕུག་བྱས་པ་རྟོགས་མི་ཐུབ། ཡིན་ཡང་། ངས་ཕྱག་གསུམ་འཚལ་ཏེ་མཇལ་དར་འཇོག་དུས། མཆོད་སྟེགས་སྟེང་དུ་དངུལ་སྒོར་དང་ཤོག་སྒོར་མང་པོ་ཞིག་འདུག མང་ཆེས་པའི་སྟེང་བོད་རྒྱ་སོག་གསུམ་གྱི་ཡི་གེ་ཡོད་ཅིང་བོད་ཡིག་རྐྱང་པའི་དངུལ་སྒོར་དང་ཤོག་སྒོར་ཡང་ཡོད། དེ་ལས་མཚམས་ཁང་དེ་ནི་ལོ་ངོ་གྲངས་མེད་ཅིག་འགོར་ཡོད་པ་རྟོགས་ཐུབ།
  ཨ་ཁུ་རྟ་མགྲིན་གྱིས་རྔ་ཆུང་གནམ་ལ་དཔྱངས་རྗེས་ཆོས་དཔེ་སྣ་རིང་མ་ཞིག་གི་ཁ་ཕྱེ་སྟེ་འདོན་འགོ་བརྩམས། སྤྱིར་ཡིན་ན། རྔ་སྦུག་ཌ་དྲིལ་སོགས་ཀྱི་སྒྲ་ཡིས་བྲག་ཁུང་ཆུང་ཆུང་བཀད་ལ་ཁད་བྱེད་སྲིད་མོད། དེའི་ནང་དུ་བྲག་ཆ་མེད་པར་སྒྲ་དབྱངས་དེ་ཆུ་རླབས་རེ་རེ་བཞིན་རྒྱང་རིང་རྒྱང་རིང་ལ་ཡལ་འགྲོ་བའི་སྣང་བ་ཞིག་སྐྱེས་འོངས། སྒྲ་ནི་གང་དུ་ཡལ་བ་ཡིན་ནམ། བྲག་ཆ་ཅི་ཕྱིར་མེད་པ་ཡིན་ནམ། གང་ལྟར་བྲག་ཕུག་དེ་ནི་གཞན་དང་མི་མཚུངས་པའི་གནས་ཁྱད་པར་བ་ཞིག་རེད།
  ངས་བྲག་ཕུག་གི་ཀླད་ངོས་ནས་ཞབས་ངོས་དང་གཡས་ངོས་ནས་གཡོན་ངོས་སུ་ཞིབ་ལྟ་བྱས་པ་ན། ཀུན་དགའ་ར་བའི་གཡོན་ངོས་སུ་ཚུགས་ཐུང་གིས་བརྐོས་པའི་ཀ་རྩོམ་ཐུང་ཐུང་ཞིག་འདུག་པ་འདི་ལྟར། ཀ་བ་གདུང་ལྕམ་མེད་པའི་བྲག་ཕུག་ནི།། ཁ་གཅིག་ཁོག་གཉིས་ཅན་གྱི་བང་མཛོད་ཡིན།། ག་བུར་དྲི་ངད་འཐུལ་བའི་དུས་བཟང་ལ།། ང་ཡི་བསམ་དོན་ཡིད་བཞིན་འགྲུབ་པར་འགྱུར།། ཅ་ག་དག་པོས་སྐྱོངས་དང་རིགས་ཀྱི་བུ།།  ཆ་སྒམ་མཆོད་གཤོམ་འདྲ་བའི་གནས་ཤིག་ཡིན།། ཇ་ཆང་རོ་ལ་མྱངས་པའི་བདེ་བ་ཡིས།།   ཉ་མོ་ཆུ་དང་བྲལ་ཡང་འཆི་བ་མེད་ཅེས་ཀ་སྡེ་དང་ཅ་སྡེ་གཉིས་མ་གཏོགས་བཀོག་སྟེ་ཤུལ་ཙམ་ལས་མེད། སེམས་སུ་ཨ་ཁུ་རྟ་མགྲིན་གྱིས་བརྐོས་པ་ལོས་ཡིན། ཁོ་རང་གི་ཐུན་(ཡུལ་སྐད་དེ་སྨྱུང་གནས་ཀྱི་སྐབས་སུ་ངག་བཅད་པ་ལ་གོ) གྲོལ་ན་ནང་དོན་ཅི་ཡིན་འདྲི་དགོས་སྙམ།
  ཀུན་དགའ་ར་བའི་གཡས་ངོས་ཀྱི་གྱང་ལྡེབས་སུ་རྡོ་ཡི་སེང་གེ་ཞིག་འདུག་ལ། བྲག་ཁུང་ནས་བཞུར་བའི་ཆུ་ཕྲན་དེ་ཡང་རྡོ་ཡི་སེང་གེ་དེའི་ཁ་ནས་འབབ་པ་དང་འདྲ། ཞིབ་ཏུ་བལྟས་ན། རྡོ་ཡི་སེང་གེ་དེ་ནི་ཆུ་ཡི་དྲེག་པ་བང་རིམ་རེ་རེ་བཞིན་བརྩེགས་ཏེ་ཆགས་པ་ཞིག་རེད། བྲག་སྲུབས་དེ་ཡང་སྒེའུ་ཁུང་ཞིག་གི་དབྱིབས་སུ་གས་ཡོད་མོད། ལོ་ངོ་མང་པོ་འགོར་བའི་རྐྱེན་གྱིས་ས་རྡུལ་དང་དུ་དྲེག་གིས་གཡོགས་འདུག་པས་གསལ་པོར་མཐོང་དཀའ། དེ་དག་ལས་གཞན་གླེང་རིན་ཡོད་པའི་ཁྱད་ཆོས་ཤིག་མེད་པས། ངའི་སེམས་སུ་ཨ་ཁུ་རྟ་མགྲིན་གྱིས་ཀ་རྩོམ་དེས་བྲག་ཁུང་འདིར་འུར་བསྟོད་བྱས་འདུག་སྙམ་བཞིན་ཟིན་ཐོར་བཀོད།  
  ཨ་ཁུ་རྟ་མགྲིན་གྱི་འདོན་དབྱངས་དང་རྔ་སྦུག་ཌ་དྲིལ་གྱི་སྒྲ་དབྱངས་བྲག་ཁུང་ལས་མཆེད་དེ་ནགས་ཀླུང་དང་མཁའ་དབྱིངས་བརྟོལ་བ་ན། བྱ་བྱེའུ་དང་རི་དྭགས་ཚོགས་ནི་གང་སར་འཕུར་ལྡིང་དང་མཆོངས་ལྡིང་བྱེད་ཅིང་། ལྗོན་ཤིང་གི་མགོ་བོ་ཡང་ཆུ་རླབས་བཞིན་འཁྱོམས་པས། ང་ནི་རང་བྱུང་གི་གར་སྟེགས་ཆེན་པོ་ཞིག་གི་མཐོ་སར་ལངས་ཡོད་པའི་སྣང་བ་སྐྱེས།   
  ལྟད་མོར་གཡེངས་སྟེ་དུས་ཡུན་ཅི་ཙམ་འགོར་བ་མ་ཤེས་ལ། ཨ་ཁུ་རྟ་མགྲིན་གྱི་འདོན་པའི་མཇུག་རྫོགས་པའང་མ་ཤེས། ནུབ་རིའི་ཉི་མ་སེར་པོས་མི་ཡུལ་གྱི་ལྟད་མོ་ལ་ཞེ་ཆགས་པ་བཞིན་ཕྱིར་མིག་གིས་ཡང་ཡང་ལྟ་ཞིང་། ངས་ཀྱང་བྲག་ཁུང་ལ་ཕྱིར་མིག་ཡང་ཡང་ལྟ་བཞིན་སློབ་གྲྭར་ལོག
  བྲག་ཁུང་དེའི་ངོ་མཚར་བའི་གཏམ་རྒྱུད་ལ་ཉན་ཕྱིར་གཟའ་འཁོར་གཅིག་ལ་བསྒུགས་པ་ན། ཨ་ཁུ་རྟ་མགྲིན་མ་བོས་མགྲོན་པོ་ཇི་བཞིན་སླེབས་ཡོང་། ཁོས་རྐང་པར་རེག་རེག་བྱེད་ཀྱིན་“དེ་རིང་འུ་གཉིས་རྒྱབ་རི་སྒང་ལ་འགྲོ ཉིན་འགའི་སྔོན་ནས་ངའི་རྐང་པ་ན་སྟེ་མི་བསྲན་པས། ཐག་རིང་ཞིག་ལ་འགྲོ་མི་ཐུབ”ཅེས་བཤད། སྐད་ཆ་དེ་ནི་ཁོ་རང་རྒས་སོང་བའི་བརྡ་ཞིག་དང་། རྗེས་སུ་ངེད་གཉིས་གང་སར་འགྲོ་མི་ཐུབ་པའི་སྔོན་བརྡ་ཞིག་ཀྱང་ཡིན་པས། ང་ལ་གློ་བུར་དུ་དངངས་འཚབ་ཅིག་སྐྱེས།
   “སྔོན་ཆད་རྐང་པ་ན་རྒྱུ་ཡོད་དམ། ནད་རོ་ཡིན་ནམ། རྒས་རྟགས་རེད།”
   “ནད་རོ་ཟེར་རམ། ཇི་ལྟར་བཤད་དགོས་པའང་མི་ཤེས། དེ་ཟེར་ན་ཁྱོད་ཀྱིས་རིག་གནས་གསར་བརྗེ་ཞེས་པ་དེ་གོ་ཨེ་མྱོང་།”
   “ལོས་མྱོང་།  དབང་རྩོད་ཀྱི་ལོ་ངོ་བཅུ། གོད་ཆག་གི་ལོ་ངོ་བཅུ། འཇིགས་རུང་གི་ལོ་ངོ་བཅུ། སྙིང་རྗེ་མེད་པའི་ལོ་ངོ་བཅུ། འདི་མི་ཤེས་པའི་སློབ་གྲྭ་བ་ཞིག་ཡོད་ན། དེ་ནི་བླུན་པོ་ཁོ་ན་རེད”ཅེས་དཀར་ནག་གོ་ལྡོག་པའི་དུས་འགྱུར་དེའི་མགོ་འཇུག་བར་གསུམ་བརྗོད་འདོད་མོད། ཨ་ཁུ་རྟ་མགྲིན་ཁོ་ཡང་སྐབས་དེའི་སྡུག་བསྔལ་དང་ན་ཟུག་མྱོང་མཁན་ཡིན་པས། ངས་ཚིག་གཞུག་མ་དག་ཕྱིར་མི་མིད་ཐུ་མེད་བྱུང་།
   “ངོ་མས་ངར་བ་རེད། བུ་ཞིག་ཡིན་ན། རང་ཡུལ་གྱི་སྐྱིད་སྡུག་རྟོགས་དགོས། ངའི་སེམས་སུ་ཁྱོད་ཚོ་སློབ་གྲྭ་བ་དག་ནི་ཡི་གེ་ཤེས་པའི་བླུན་པོ་རྐྱང་རྐྱང་རེད་འདོད་ཡོད། དུས་དེར་རང་ཡུལ་གྱི་གོང་བླ་མ་དཔོན་པོ་ནས་འོག་ཕོ་མོ་རྒན་གཞོན་བར། ལས་འགུལ་རབ་དང་རིམ་པས་མནར་གཅོད་བཏང་བ་བགྲང་གིས་མི་ལངས། ང་ཡང་སྐབས་དེར་མ་ཉེས་ཁ་གཡོགས་ཐེབས་ཏེ་གཅར་རྡུང་སྐོར་གསུམ་བྱས་རྗེས་ཚ་འདམ་གཞོང་གི་བཙོན་ཁང་དུ་ཁྲིད”ཟེར་བཞིན་མིག་ཟུང་བཙུམས།
  ངའི་ཨ་མྱེ་དྲིན་ཆེན་པོ་ཡང་སྐབས་དེར་ཚ་འདམ་གཞོང་དུ་འཁྲིད་ཟེར་བས། ངས་ཁོ་ལ“ཁྱོད་མ་གཏོགས་པའི་རང་རྫོང་གི་དཔོན་ཡོད་དམ”ཞེས་དྲིས། དྲི་བ་འདི་ནི་ཆུང་བྱིས་པའི་དུས་ནས་ངའི་འདྲི་ས་མ་རྙེད་པའི་དོགས་གཞི་ཞིག་ཡིན་པས། “ཁོའི་མིང་ལ་ཨ་ལགས་ཟེར”ཞེས་བསྐྱར་དུ་དྲིས།
  ཁོའི་གདོང་ལ་མཚར་ཉམས་ཤིག་མངོན་ནས“ཁོ་ནི་ཁྱོད་ཀྱི་ཅི་ཞིག་ཡིན”ཟེར་བཞིན་ངའི་གདོང་ལ་ཞིབ་ལྟ་བྱས། དྲི་བ་འདི་ལས་ཁོས་ངའི་ཨ་མྱེ་ངོ་ཤེས་པ་བདེན་དཔང་བྱས་པས། ང་རང་གི་ཡིད་སེམས་དགའ་སྐྱོ་འདྲེས་མའི་ཐེ་ཚོམ་གྱིས་བཟུང་སྟེ། ངག་ནས་ཁོང་ནི་ངའི་ཨ་མྱེ་ཡིན་ཞེས་བཤད་མ་ཐུབ་པར་ལུས།
  ཁོས་ཞིབ་ལྟ་ཡང་ཡང་བྱས་རྗེས་མགོ་བོ་ནང་དུ་གུག་གུག་བྱེད་བཞིན“ད་ཁྱོད་ཀྱིས་མ་བཤད་ཀྱང་ངས་ཤེས། ཁྱོད་ནི་ཁོའི་ཚ་བོ་རེད”ཅེས་ཚིག་ཐག་བཅད། ངས་ཡིན་པའི་བརྡ་ལན་ཡང་མ་བྱིན་པར་ངག་ལས“ཁྱོད་ཀྱིས་ཇི་ལྟར་ཤེས་པ་ཡིན”ཞེས་ཤོར།
  “ཁྱོད་རང་འཛུམ་པའི་དུས་དང་སྐྱོ་སྣང་གི་རྣམ་འགྱུར་ཁྲོད་ན། ཁོང་གི་འཛུམ་མདངས་དང་སྐྱོ་སྣང་འདུག སྔོན་ཆད་ཁྱོད་རང་མཐོང་མ་ཐག ངོ་ཤེས་རྙིང་བ་ཞིག་དང་འཕྲད་པའི་སྣང་བ་བྱུང་མོད། ཁོ་རང་གི་ཚ་བོ་ཞིག་ཡིན་པ་སེམས་ལ་ཡང་མ་དྲན། འདི་དག་ནི་ལས་དབང་གི་བཀོད་སྒྲིག་རེད། བཙོན་ཁང་ནས་ཁོང་གིས་ང་རང་ཁོའི་བུ་ཕྲུག་ལྟར་གཉོར་སྐྱོང་བྱས། ད་ལྟ་ངས་ཁྱོད་རང་་་་་་”ཟེར་བཞིན་མིག་ནང་དུ་འཁྱིལ་བའི་མིག་ཆུ་འཕུར་འཕུར་བྱས།
  ང་རང་ཆུང་དུས་ནས། ནམ་ཞིག་གི་ཚེ། ཨ་མྱེ་ཕྱིར་ཡོང་བའི་རེ་བ་བྱས་ཡོད་པས། མྱུར་དུ“ཁོ་རང་ཕྱིར་མི་ཡོང་བའི་རྒྱུ་མཚན་ཅི་རེད”ཅེས་དྲིས། འདི་ནི་ངའི་སེམས་སུ་ཡུན་རིང་ཉར་བའི་དོགས་གཞི་གལ་ཆེན་ཞིག་ཡིན་ལ། ངའི་ཨ་ཕ་དང་ཨ་ཁུ་སོགས་ཀྱི་རྟོགས་འདོད་པའི་སེམས་གཏམ་དམར་པོ་དེ་ཡང་ཡིན་པས། ཁོས་མི་འདོད་པའི་སྐད་ཆ་ཅི་ཞིག་བཤད་འགྲོ་བར་བྲེད་ཤ་ལངས།
  “བཙོན་ཁང་དུ་ཉིན་རེར་ཁས་ལེན་ཚོགས་འདུ་དང་དགག་རྒྱག་ཚོགས་འདུ། སྡུག་དྲན་སྐྱིད་བསམ་ཚོགས་འདུ་སོགས་ལ་ཞུགས་དགོས། མི་སུ་ཡིན་ཡང་རང་ཉིད་ལ་ཉེས་པ་མེད་བཞིན་དུ་ཁས་ལེན་པ་དང་། གཞན་ལ་ཉེས་པ་མེད་བཞིན་དུ་སྐྱོན་བརྗོད་དང་དགག་པ་རྒྱག་པ་ནི་གནས་ལུགས་གོ་ལྡོག་པའི་བྱ་བ་ཞིག་ཡིན་མོད། སྐབས་དེར་སུ་ཞིག་གིས་རང་ཉིད་ཀྱི་ཉེས་པ་ཁས་མི་ལེན་པ་དང་གཞན་ལ་དགག་པ་མ་བརྒྱབ་ན། གཅར་རྡུང་ཡ་ང་བ་བྱས་ཏེ་ཉལ་སར་འཕེན་སྲིད། ཉེན་ཁར་འཕྲད་ན་དཔའ་བོ་ཡིན་མིན་རྟོགས་ཞེས་པ་ཅིས་མ་བདེན། བཙོན་མ་གྲངས་ལས་འདས་པའི་ཁྲོད། ཕྱིར་ངོ་རྒོལ་བྱེད་མཁན་ལྔ་དྲུག་ཙམ་མ་གཏོགས་མེད། ཁྱོད་ཀྱི་ཨ་མྱེ་ནི་དེའི་ཁྲོད་ཀྱི་གཙོ་བོ་ཞིག་ཡིན། ཁོ་ནི་མི་ཁོག་དཔུང་ལ་རྒྱ་ཅན་ཞིག་ཡིན་པས། གཅར་རྡུང་ཉོས་པ་ཉུང་ཉུང་མིན། རྒྱུན་དུ་ཁོ་རང་ལ་རྨས་སྐྱོན་ལྕི་མོ་ཕོག་དུས། ངས་ཁོ་ཚོའི་ཅི་བཤད་ལྟར་བསྒྲུབ་ན་གཅར་རྡུང་ཉོ་མི་དགོས་ཞེས་ཁ་ཏ་བྱས་ཀྱང་། ཁོས་ང་རང་ལ་སེམས་ཁྲལ་བྱེད་མི་དགོས། ང་ནི་ཤི་མ་རན་པ་མེད། ཁྱོད་རང་ལོ་ཆུང་ཡིན་པས། ཁོ་ཚོས་ཅི་བཤད་དང་དུ་བླངས་ཏེ་ཕྱིར་ཡུལ་ལ་འགྲོ་ཐབས་བྱོས་ཞེས་བཤད་མྱོང་། རྗེས་ནས་བཙོན་མ་མང་བའི་རྐྱེན་གྱིས་ནད་ཡམས་ཤིག་བྱུང་སྟེ་བཙོན་མ་མང་པོ་རྐྱེན་འདས་སུ་གྱུར། ང་ལ་ཡང་ནད་འགོས་ཏེ་འཆི་ལ་ཉེ་བའི་སྐབས། ཁོང་གིས་ངལ་རྩོལ་བསྒྱུར་བཀོད་བྱེད་ས་ནས་སྨན་རྩྭ་སོགས་བཏུས་ཏེ་རང་གི་བུ་ཕྲུག་བཞིན་གཉོར་སྐྱོང་བྱས་པས། ང་རང་རིམ་གྱིས་དྲག་མོད། ཁོ་རང་་་་་་”ཞེས་ཚིག་རྔ་ངག་ལས་བརྟོལ་མ་ཐུབ།
  སྐད་ཆ་དེ་ནི་རྣོ་ངར་ཅན་གྱི་སྤུ་གྲི་ཞིག་དང་འདྲ་བར་ངའི་སྙིང་ལ་བཙུགས་པས། བཟོད་གླགས་མེད་པའི་ན་ཟུག་ཅིག་གིས་ངའི་མིག་ཆུ་དང་སྣ་ཆུ་ཡི་བུ་ག་བརྡོལ་བ་ལྟར་གྱུར།
  “ད་སེམས་མ་སྡུག བཙོན་ར་དེ་ནས་རྐྱེན་འདས་སུ་གྱུར་པ་ནི་ཁོང་རང་གཅིག་པུ་མ་ཡིན་པར། བླ་མ་དང་དཔོན་པོ། གྲྭ་བ་དང་སྔགས་པ། ཕྱུག་པོ་དང་ཚོང་བ་སོགས་བགྲང་ལས་འདས་པ་ཞིག་ཡོད། རྐྱེན་འདས་སུ་གྱུར་པའི་སྤུན་ཟླ་དེ་དག་སྙིང་མ་རྗེ། ༀ་མ་ནི་པདྨེ་ཧཱུྂ། དམྱལ་ཁམས་བཅོ་བརྒྱད་ཀྱི་སྡུག་བསྔལ་ཡང་དེ་ལས་ཡ་ང་བ་ཞིག་ཡིན་མི་སྲིད། ང་རང་ཕྱིར་ཡུལ་ལ་ཐོན་ཏེ་ཐེངས་འགར་ཁྱེད་ཚང་ལ་སྐད་ངན་འདི་བཤད་དུ་འགྲོ་འདོད་ཀྱང་། སྡུག་བསྔལ་ཕྱིར་བསླང་བར་སྐྲག་སྟེ་འགྲོ་མ་ཐུབ། ཡིན་ཡང་། ལོ་ངོ་བཅུ་ཡི་རིང་ལ། ངས་སྨྱུང་གནས་མང་བོ་བསྲུངས་སྟེ་ཁོའི་རྗེས་ལ་བསྐུར་ཡོད”ཟེར་བཞིན་མིག་ཆུ་ཡང་ཡང་ཕྱིས།
  ངེད་གཉིས་ཀྱི་འགོག་ཐབས་བྲལ་བའི་མིག་ཆུ་ནི་གཉོམ་ཆུང་རྒན་གཞོན་གཉིས་ཀྱིས་དུས་འགྱུར་ཞིག་ལ་བསོགས་པའི་སེམས་ཆུ་ཡིན་ཞིང་། འདས་པོ་ཁྲི་མ་འབུམ་ལ་བསྐུར་བའི་མཆོད་ཆུ་ཡང་ཅི་ཕྱིར་མིན།
   ལྷག་པར། ཨ་ཁུ་རྟ་མགྲིན་ཁོ་ནི་དུས་འགྱུར་ཞིག་གི་མགོ་མཇུག་བར་གསུམ་གྱི་མནར་གཅོད་དངོས་སུ་མྱོང་མཁན་ཡིན་པས། ཁོའི་མིག་ཆུ་ནི་བཞུར་མི་ཚར་བའི་རྨ་ཆུ་རིང་མོ་ཡིན་ཞེས་བརྗོད་ཆོག་ཆོག་ཡིན།
  གློ་རྡེག་ལ། ཨ་ཁུ་རྟ་མགྲིན་གྱིས“སྲིད་པ་རྒན་པོས། ལུས་སྟེང་གི་རྨ་ལ་སོས་རྒྱུ་ཡོད་ཀྱང་སེམས་ནང་གི་རྨ་ལ་སོས་རྒྱུ་མེད་ཟེར་བ་ལྟར་ཁྱོད་ཀྱིས་བརྗེད་མི་ཉན། ད་ང་ལོ་ཡིས་ཐུ་ན། མིག་ཆུ་འདི་་་་་་”ཟེར་བཞིན་མིག་ཆུ་གཙང་མར་ཕྱིས།
  དེར་མཐུད་དེ་“སྤྱོད་ངན་རང་གི་བྱས་ཏེ་དུས་ངན་ཟེར།། དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན།། དེ་དུས་མི་ལ་བསོད་ནམས་སྙན་གྲགས་མེད།། པདྨ་བདག་ལ་གསོལ་བ་རྒྱུན་དུ་ཐོབ།། ཉིན་མོ་བྱུང་དུས་ཐུགས་རྗེ་ཆེན་པོ་སྒོམས།། སེམས་ཅན་དོན་དུ་སྙིང་བོ་མ་ཎི་དྲོངས།། ཕ་མ་རིགས་དྲུག་དྲིན་ལན་ཁྱེར་ཏེ་འོང་།།མཚན་མོ་བྱུང་དུས་པད་འབྱུང་ང་ཉིད་སྒོམས།། རང་གི་དོན་དུ་བཛྲ་གུ་རུ་དྲོངས།། སྙིགས་མའི་སེམས་ཅན་ཐམས་ཅད་ང་ཡིས་སྐྱོབ་ཟེར་བ་སེམས་ལ་ཟུངས” ཟེར་བཞིན་ལག་ཟུང་གིས་དད་པའི་ཕྱག་རྒྱ་ཡང་ཡང་བྱས།ངས་ཀྱང་རང་སེམས་རང་གིས་གསོས་ཏེ་མྱུར་དུ“དེ་ན་ཁྱོད་ཀྱིས་ལྕགས་སྒྲོག་ཤ་ལྟར་བཞེས་ཤིང་རང་ལུས་འཇའ་ལྟར་ཡལ་ཏེ། ལོ་ངོ་བཅུ་ལྷག་ལ་གར་སོང་མ་ཤེས་ཟེར་བ་བདེན་ནམ”ཞེས་ཁོའི་ངར་སེམས་བསླངས།
  ཁོ་རང་བཙན་གྱིས་འཛུམ་ཙམ་བྱས་ཏེ“ང་རང་བཙོན་ཁང་ལས་ཐར་པ་དེ་ནི་ཁོ་ཚོས་ལྷ་སྒྲུང་ལྟ་བུར་བཤད་མོད། དོན་དངོས་སུ་བེམ་རོ་རི་བོ་བརྩིགས་བརྩིགས།། བོའུ་མདེའུ་ཆར་བ་འབབ་འབབ།། རི་དྭགས་རྨས་མ་འབྲོ་འབྲོ།། ཁྲག་དམར་ཆུ་མོ་བཞུར་བཞུར།། མཚན་མོ་སྤྱང་མ་འདུར་འདུར།། ཉིན་དཀར་འུག་པ་བསྒོངས་བསྒོངས།། རི་ཐང་ཤོག་སྐྱ་བལྟབས་བལྟབས།། ཆུ་མོ་དར་དཀར་གཤགས་གཤགས་བྱས་ཏེ་རོ་མང་གསེབ་ནས་བྲོས་ཡོང་བ་ཡིན། དཀོན་མཆོག་གསུམ་པོའི་བཀའ་དྲིན་གྱིས་ང་རང་མ་འཆི་བ་ནི་ཕྱིར་འདང་རེ་བརྒྱབ་ན། སྤྲུལ་རྟགས་ལྟ་བུ་ཞིག་བསྟན་པ་ཡིན་པས། ཡུལ་མི་ཚོས་དེ་ལྟར་བཤད་པ་ལ་ཡང་ཁག་མེད”ཅེས་སྐྱོ་གླུ་ལྟ་བུ་ཞིག་བླངས་རྗེས་ཡང་བསྐྱར་ལག་ཟུང་ཐལ་མོ་སྦྱར།
  “ཁྱོད་ཀྱི་རྐང་པ་དུས་དེར་རྨས་པ་རེད་དམ། དེ་ན་ལོ་ངོ་བཅུ་ལྷག་ལ་གང་དུ་སོང་བ་ཡིན།”
  “རེད་ཡ། ང་རང་ལོ་ངོ་བཅུ་ལྷག་ལ་བྲག་ཁུང་དེ་རུ་བསྡད་པ་ཡིན། མཚམས་ཁང་དེ་ནི་འུ་གཉིས་ཀྱིས་མ་གཏོགས་སུ་ཞིག་གིས་ཀྱང་མི་ཤེས། ཆུང་དུས་ངའི་ཕ་དྲིན་ཆེན་པོས་ཀྱང་ང་རང་གནས་དེར་ཁྲིད་དེ་གཞན་སུ་ལ་ཡང་བཤད་མི་ཉན་གསུངས་ཡོད་པས། དེའི་གསང་བ་ངས་ཁྱོད་ལ་བཤད་ཆོག”ཟེར་བཞིན་ཁ་རོག་ཏུ་བསྡད།
  ངས་མྱུར་དུ“གཞན་ལ་བཤད་ན་དཀོན་མཆོག་གསུམ”ཞེས་བཤད་དེ་སེམས་གཏིང་ནས་དམ་བཅའ་བཞག ཁོས“བུ་ཞིག་ཡིན་ན། ཕོ་རབ་ཚིག་ཐོག་དང་འཕར་བ་རྗེས་ཐོག་ཡིན་དགོས། ངའི་ཕ་དྲིན་ཆེན་པོས་བཤད་པ་ལྟར་ན། མཚམས་ཁང་དེ་རུ་གསང་གཏེར་རྩ་ཆེན་ཞིག་སྦས་ཡོད་ཟེར། ད་རག་བར་དུ་ཀུན་དགའ་ར་བ་དེ་དང་ཀ་རྩོམ་དེ་གཉིས་ལས་གཞན་ཅི་ཡང་མ་བུད་ཐལ། ཕལ་ཆེར་དུས་ལ་མ་ཐོན་པ་ཡིན་རྒྱུ་རེད། ང་ལ་བུ་ཞིག་ཀྱང་མེད་པས་ད་ཁྱོད་ལ་མ་བཤད་ན། བྲག་ཁུང་དེར་བདག་གཉེར་བྱེད་མཁན་ཡང་ཡོད་རྒྱུ་མ་རེད།”
  “ཀ་རྩོམ་དེ་ཁྱོད་ཀྱིས་བརྐོས་པ་མིན་ནམ།”
  “ག་ལ་ཡིན། ང་རང་གི་ཕ་དྲིན་ཆེན་པོས་ཡིག་ངོ་ཆོད་དུས་ནས་བརྐོས་འདུག་ཟེར།”    
  “ཁྱོད་ཀྱིས་བརྐོས་པ་མིན་ན། ལྟོས་དང་། ཀ་བ་གདུང་ལྕམ་མེད་པའི་བྲག་ཕུག་ནི།། ཁ་གཅིག་ཁོག་གཉིས་ཅན་གྱི་བང་མཛོད་ཡིན།།  ག་བུར་དྲི་ངད་འཐུལ་བའི་དུས་བཟང་ལ།། ང་ཡི་ བསམ་དོན་ཡིད་བཞིན་འགྲུབ་པར་འགྱུར།། ཅ་ག་དག་པོས་སྐྱོངས་དང་རིགས་ཀྱི་བུ།། ཆ་སྒམ་མཆོད་གཤོམ་འདྲ་བའི་གནས་ཤིག་ཡིན།། ཇ་ཆང་རོ་ལ་མྱངས་པའི་བདེ་བ་ཡིས།།   ཉ་མོ་ཆུ་དང་བྲལ་ཡང་འཆི་བ་མེད་ཟེར་བ་ལྟར་བྲག་ཁུང་དུ་བང་མཛོད་ཅིག་མེད་མོད། ད་ལྟ་ཀུན་དགའ་ར་བའི་གཡས་ངོས་སུ། སྒེའུ་ཁུང་གི་དབྱིབས་ཀྱི་སེར་ཁ་ཞིག་འདུག”ཟེར་བཞིན་ཀ་རྩོམ་དེ་ཁོ་ལ་བསྟན།
  “སེང་གེ་ཞིག་གི་མགོ་ལས་སེར་ཁ་ཞིག་གང་ན་འདུག ”
  “སེང་གེ་ཡི་ཁ་ནས་བཞུར་བའི་ཆུ་དེ་མ་གཞི་སྒེའུ་ཁུང་དབྱིབས་ཀྱི་སེར་ཁ་དེ་ནས་བཞུར་ཡོང་བ་རེད། སེར་ཁ་དེའི་དབྱིབས་ལ་བལྟས་ན། རང་བྱུང་གིས་གས་པ་ཞིག་མ་རེད། བལྟས་ཚོད་ལ་མིས་ཆེད་དུ་བཏོད་པའི་ཤུལ་ཞིག་ཡིན་པ་འདྲ།”
   “སྒོ་ཆུང་དབྱིབས་ཀྱི་སེར་ཁ་ཞིག་ཡོད་དམ། ཁྱོད་ཀྱིས་གསལ་པོར་མཐོང་བྱུང་ངམ། ཆེ་ཆུང་ལ་ག་འདྲ་ཞིག་ཡོད་དམ”ཞེས་གདོང་ལ་མཚར་ཉམས་ཤིག་མངོན་གྱིན་ངའི་མདུན་ལ་ཨོང་བསྣུར་བྱས།
  ངའི་ལག་ཟུང་གིས་སེར་ཁ་དེའི་ཆེ་ཆུང་དང་འདྲ་དབྱིབས་ཐང་ལ་བྲིས་རྗེས། “ཀ་རྩོམ་ནང་གི་ཁ་གཅིག་ཁོག་གཉིས་ཞེས་པའི་ཚིག་འདིར་བརྟགས་ན། ཁོག་གཅིག་ནི་བྲག་ཁུང་དེ་དང་ཁོག་གཞན་ཞིག་ནི་སྒེའུ་ཁུང་དེའི་ནང་ཡིན་པ་འདྲ། ད་དུང་ག་བུར་དྲི་ངད་འཐུལ་བའི་དུས་བཟང་ལ།། ང་ཡི་བསམ་དོན་ཡིད་བཞིན་འགྲུབ་པར་འགྱུར།། ཅ་ག་དག་པོས་སྐྱོངས་དང་རིགས་ཀྱི་བུ།། ཆ་སྒམ་མཆོད་གཤོམ་འདྲ་བའི་གནས་ཤིག་ཡིན་ཞེས་པར་བརྟགས་ན། བསམ་དོན་ཡིད་བཞིན་དུ་འགྲུབ་པའི་དུས་ཆེན་ཞིག་ཀྱང་ཡོད་ངེས་ལ། དེར་མཆོད་གཤོམ་འདྲ་བའི་གནས་ཤིག་ཀྱང་ཡོད་པ་བསྟན་འདུག  ཚིག་རྐང་རྗེས་མ་ཇ་ཆང་རོ་ལ་མྱངས་པའི་བདེ་བ་ཡིས། ཉ་མོ་ཆུ་དང་བྲལ་ཡང་འཆི་བ་མེད་ཅེས་པས་ཅི་ཞིག་བསྟན་པ་མི་ཤེས་མོད། དེའི་ནང་དུའང་གསང་བ་ཞིག་ཡོད་པ་ཐག་གིས་ཆོད”ཅེས་ཀ་རྩོམ་དེ་འགྲེལ་ཁུལ་བྱས།
   ཨ་ཁུ་རྟ་མགྲིན་གྱིས་མགོ་བོ་ནང་དུ་ལྡེམ་ལྡེམ་བྱེད་ཀྱིན“ངས་ཀྱང་ཀ་རྩོམ་དེའི་ནང་དུ་གསང་བ་ཞིག་ཡོད་འདོད་མོད། ད་རག་བར་དུ་སེང་གེ་ཡི་མགོ་ཁོ་ནར་བལྟས་ཏེ་གས་སྲུབས་དེ་མ་བཙལ་བ་ཡིན། ངས་མཚན་མོ་དེའི་རྨི་ལམ་དང་ཉིན་དེའི་འཇའ་ཤར་ཚུལ་ལ་བལྟས་ན། ད་གསང་གཏེར་འདོན་པའི་དུས་ལ་སླེབས་པ་ཐག་གིས་ཆོད། ད་འགྲིག་སོང་། རྒན་པོ་ང་ཡི་རེ་བ་འགྲུབ་རྒྱུ་རེད། དགུ་བའི་ཉེར་གཉིས་ཉིན་ནི་སྟོན་པ་སངས་རྒྱས་ལྷ་ལས་བབས་པའི་དུས་ཆེན་ཡིན་པས། འུ་གཉིས་བལྟ་རུ་འགྲོ  ཁྱོད་ཀྱིས་ཀྱང་རང་ལུས་གཙང་མ་བྱས་ཏེ་ཁ་ཏོན་འདྲ་འདོན་ཤེས་ན། ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་ཐོན་དང་། ངས་ད་ནས་བཟུང་སྨྱུང་གནས་བསྲུང་རྒྱུ་ཡིན། དཀོན་མཆོག་གསུམ་པོ། ད་ངའི་བསམ་དོན་འགྲུབ་སོང”ཟེར་བཞིན་དགའ་བའི་མིག་ཆུ་འབྱིད་ཞོར་ཁ་བཏོན་ཟློ་འགོ་བརྩམས།
  ཉིན་དེ་ནས་བཟུང་ང་ནི་ལོ་གསར་ལ་རེ་སྒུག་བྱེད་པའི་བྱིས་པ་ཞིག་དང་འདྲ་བར་ནམ་ལངས་ན་ས་རིབ་ན། གསང་གཏེར་དེ་ཅི་ཞིག་ཡིན་མིན་དང་། གསང་གཏེར་དེ་སུ་ཞིག་གིས་སྦས་པ་སོགས་ལ་བསམ་བློ་བཏང་སྟེ་ཕྱི་རྒྱལ་གྱི་གཏེར་སྟོན་དཔེ་ཆ་སོགས་ལ་ཞིབ་ལྟ་བྱས། དཔེ་ཆ་མང་ཆེས་པའི་ནང་དུ་རིན་ཆེན་གསེར་དངུལ་སྦས་པའི་གཏེར་མཛོད་ཀྱི་ས་ཁྲ་འཕྲོག་རེས་བྱས་རྗེས་རྙེད་པ་དང་། མཐའ་མར་ཡོད་ཚད་འཇིག་འགྲོ་བའི་གོ་རིམ་ཞིག་ཡིན་པས། གསང་གཏེར་དེ་འདོན་ཉན་མིན་ལ་ཡང་སེམས་ཁྲལ་བྱས་ཏེ། རེ་སྒུག་གི་ཁྲོད་ནས་ཟླ་ངོ་གསུམ་ཡུན་གྱིས་འདས།
                                        
  ཉིན་བཟང་སྐར་བཟང་གི་སྐྱ་རེངས་ཀྱི་ཡོལ་བ་རིམ་གྱིས་ཕྱེས་པས། ངེད་གཉིས་ཀྱིས་དྲི་མེད་གོས་དར་དང་ལྷ་ཤིང་ཤུག་པ། རྔ་སྦུག་ཌ་དྲིལ་སོགས་ཁུར་ཏེ་མཚམས་ཁང་གི་ཕྱོགས་སུ་འཐེན་པའི་རྐང་ལམ་ཕྲ་མོར་ཞུགས། སྟོན་རླུང་བསིལ་མོས་ལམ་འགྲམ་གྱི་འབྲས་ལྡན་རྩི་ཤིང་དལ་གྱིས་བསྒུལ་བ་ན། དམར་མདོག་གི་སིལ་ཏོག་དང་སེར་མདོག་གི་སྙེ་མ་མང་པོས་མགོ་བོ་ལྡེམ་ལྕོག་ལྕོག་བྱེད་ལ། ཁུ་བྱུག་གཙོ་བྱས་པའི་བྱ་བྱེའུ་སྣ་ཚོགས་ཀྱིས་སྙན་པའི་གླུ་དབྱངས་ལེན་གྱིན་དགའ་བའི་གར་ལ་བྲེལ།
   ངེད་གཉིས་ལ་མཚོན་ན། ལོ་ངོ་གྲངས་མེད་རིང་ལ་སྦས་པའི་གསང་གཏེར་འདོན་དུ་འགྲོ་བ་ཡིན་པས། དགའ་བ་འབུམ་གྱིས་མྱོས་ཆོག་མོད། རང་རང་ས་ནས་ཁ་ཏོན་མཚམས་མེད་དུ་ཟློ་བ་ལས་སྐྱིད་པའི་འཛུམ་མདངས་མེད་ལ། དགའ་བའི་དགོད་སྒྲའང་མེད། མཚམས་ཁང་དང་ཐག་ཇེ་ཉེར་སོང་བ་དང་བསྟུན་ནས་ང་རང་གི་སེམས་ཁྲལ་ཇེ་ལྕི་ནས་ཇེ་ལྕི་རུ་གྱུར་ཏེ་དགའ་བ་དང་སྡུག་པ། མཚར་སྣང་དང་བྲེད་སྣང་སྣ་ཚོགས་ཀྱིས་བྲག་ངོས་སུ་འགོས་ཀྱང་མི་ཐུབ་པའི་སྣང་བ་སྐྱེས།
  ཨ་ཁུ་རྟ་མགྲིན་ཁོ་ཡང་སེམས་ཁྲལ་གྱིས་མནན་པ་ཡིན་ནམ། ཟླ་འགར་སྨྱུང་གནས་བསྲུངས་པའི་རྐྱེན་ཡིན་ནམ། ཡང་ན་རྐང་པ་ན་བ་ཡིན་ནམ། གང་ལྟར་ཁོའི་འགྲོ་སྟངས་ལ་བལྟས་ན། ཐེངས་སྔོན་མ་དང་གཏན་ནས་མི་མཚུངས་པར་ལྗིད་ཏིག་ཏིག་གི་གོམ་པ་དང་འདར་ཡོམ་ཡོམ་གྱི་ལུས་པོ་གཉིས་ལས་གློ་བུར་དུ་རྒས་སོང་བའི་སྣང་བ་སྟེར།
     ཡ་མཚན་པ་ཞིག་ལ། རྟེན་འབྲེལ་འགྲིག་པ་ཡིན་ནམ། ཉི་མར་ལྡེ་བ་ཡིན་ནམ། གང་ལྟར་འདབ་ཆགས་བྱ་རིགས་དང་རྨིག་ཆགས་རི་དྭགས། སྡེར་ཆགས་གཅན་གཟན་མང་པོ་བྲག་ཁུང་གི་མདའ་གཡབ་འོག་ཏུ་ཕན་ཚུན་ལ་འཚེ་བ་མེད་པར་བག་ཡངས་སུ་གནས། རི་སྐྱེས་སྲོག་ཆགས་དེ་དག་གིས་ངེད་གཉིས་སླེབས་པ་མཐོང་སྟེ། དགའ་འབོད་ཅི་དགར་སྒྲོག་གྱིན་རང་རང་གི་གནས་སུ་བཞུད་འགོ་བརྩམས་ལ། བྱེའུ་འཇོལ་མོ་དག་གིས་སྙན་པའི་གྲེ་འགྱུར་ངོམ་བཞིན་འཕུར་ལྡིང་གི་གར་ལ་རྩེན།
དེ་དག་མཐོང་བ་ན། ཨ་ཁུ་རྟ་མགྲིན་ནི་གསར་བུ་ཞིག་དང་འདྲ་བར་ཀྲོང་ངེར་ལངས་ཏེ་ང་ལ་ཡིད་ཚིམ་པའི་འཛུམ་ཞིག་བསྟན། ཁོས་ལག་ཟུང་ཐལ་མོ་སྦྱར་ཞིང་མིག་ཟུང་བཙུམས་ཏེ“ༀ་བདེ་ལེགས་སུ་གྱུར་ཅིག  རྟེན་འབྲེལ་འགྲིག་བྱུང་། རྟེན་འབྲེལ་ལེགས་བྱུང་། དུས་ལ་བབས་འདུག དུས་ལ་ཐོན་འདུག”ཅེས་མ་ཎི་ཡིག་དྲུག་བཟློས་པ་དང་འདྲ།
  ངའི་སེམས་ལ། སྨྱུང་གནས་ཀྱི་ཐུན་ཞེས་པ་ནི་གཞན་ལ་ཁ་བརྡ་བྱེད་མི་རུང་བར་གོ་བ་ལོས་ཡིན། དེ་མིན་ན། ཁོའི་ཐུན་ཤོར་རྒྱུ་རེད་སྙམ་སྟེ། སྐད་དམའ་མོས“རྟེན་འབྲེལ་འགྲིག་བྱུང་། རྟེན་འབྲེལ་འགྲིག་བྱུང”ཞེས་བཤད་དེ་ཁ་རོག་གེར་བསྡད། ཡིན་ཡང་། ངའི་སྣང་བ་ལ་ ཁུར་པོ་ལྕི་མོ་ཞིག་ལུས་སྟེང་ནས་ཕོག་པ་དང་འདྲ་བར་སྐད་ཅིག་ཉིད་དུ་བདེ་སིང་ངེ་བར་གྱུར།
  ད་དུང་། ཆེད་དུ་བཙུགས་པ་དང་འདྲ་བའི་མེ་ཏོག་སྣ་ཚོགས་ནི་བྲག་སྒོའི་གཡས་གཡོན་ལ་འཁྱུད་དེ་མེ་ཏོག་གི་སྒོ་ཆེན་ཞིག་གྲུབ་འདུག་པས། ཨ་ཁུ་རྟ་མགྲིན་གྱི་གདོང་ལ་སྔར་མེད་ཀྱི་སྤྲོ་བ་དང་སྤོབས་པས་ཁེངས་ཏེ་ཕྱག་གསུམ་འཚལ་རྗེས་ནང་དུ་འཛུལ། ངས་ཀྱང་གནས་འདིའི་ཆོས་སྐྱོང་སྲུང་མས་ངེད་གཉིས་ལ་གདོང་གྲོགས་མཛོད་ཅེས་གསོལ་བ་ཡང་ཡང་འདེབས་ཀྱིན་ཁོའི་རྗེས་སུ་དམ་པོར་འབྲངས།
  བྲག་ཁུང་གི་ནང་དུ་མེ་ཏོག་གི་དྲི་ངད་འཐུལ་ཞིང་། ཆུ་ངོས་ལས་ལྡོག་འཕྲོ་བྱས་པའི་འོད་ཟེར་སྣ་མང་གིས་སྨིག་རྒྱུའི་འཇིག་རྟེན་ཞེས་པ་ནི་འདི་འདྲ་ཞིག་ལོས་ཡིན་སྙམ་པའི་འཕྲུལ་སྣང་སྦྱིན་ལ། ངའི་མིག་ལམ་དུ་ཨ་ཁུ་རྟ་མགྲིན་ཡང་སྔོན་ཆད་ཀྱི་རྒས་འཁོགས་དེ་མིན་པར་ལུས་སྟེང་དུ་འོད་ཟེར་ལམ་ལམ་འཕྲོ་བཞིན་འཕུར་ལྡིང་གི་གར་ལ་རོལ་བ་དང་མཚུངས། ལྷག་པར། ཁོའི་ལག་ཟུང་གིས་བཏེགས་པའི་མཆོད་མེ་དེ་ནི་གསེར་མདོག་གི་ཉི་མ་ཆུང་ཆུང་ཞིག་དང་འདྲ་བར་འཇིག་རྟེན་ཡོངས་གསལ་བར་བྱས་པའི་ཚོར་སྣང་བྱུང་།
  ཨ་ཁུ་རྟ་མགྲིན་གྱིས་སྔོན་ཆད་ལྟར་ཆོས་ཀྱི་ཆོ་ག་གོ་རིམ་ཡོད་པའི་སྒོ་ནས་སྤེལ་འགོ་བརྩམས་ཤིང་། ངས་ཀྱང་རང་ཉིད་ཀྱིས་གྲ་སྒྲིག་བྱས་པའི་མཆོད་མེ་དང་ཤུག་སྤོས་སོགས་ཀྱིས་ཁོང་ལ་རམ་འདེགས་བྱས། རྔ་སྦུག་ཌ་དྲིལ་སོགས་ཀྱི་དྲག་ཞན་མི་མཉམ་པའི་སྒྲ་དབྱངས་དང་ཤུག་སྤོས། མེ་ཏོག་སོགས་ཀྱི་དྲི་མའི་གསེབ་ནས་ང་རང་གིས་སྒོ་ཆུང་དབྱིབས་སུ་གས་པའི་སེར་ཁ་ལ་ཡང་ཡང་བལྟས། རྡོ་སེང་གེ་ཡི་རལ་པའི་སྟེང་ཆུ་དྲེག་སྔོན་པོ་ཆགས་ཏེ་གཡུ་ཡི་རལ་པ་ལྟར་གྱུར་འདུག་པས། གཡུ་རལ་གསིག་པའི་གངས་སེང་དཀར་མོ་ཞིག་ཏུ་གྱུར་འདུག ངས་ཡ་མཚན་གྱི་སྣང་ཚུལ་དེ་དག་ལ་རོལ་མྱོང་དང་། བྲག་སྲུབས་དེའི་ཕར་ནང་དུ་ཅི་ཞིག་ཡོད་མེད་ལ་བསམ་གཞིག་ཡང་ཡང་བྱས།
   དུས་ཚོད་བཅུ་པ་ཡས་མས་སུ་སླེབས་པ་ན། ཨ་ཁུ་རྟ་མགྲིན་གྱིས་འདོན་པ་ཡོངས་སུ་གྲུབ་སྟེ། ང་ལ་ལྕགས་ཁེམ་ཆུང་ཆུང་དེ་ཁྱེར་ཤོག་ཟེར་བའི་ལག་བརྡ་བྱས། ངས་ལྕགས་ཁེམ་ཁོ་ལ་སྤྲད་རྗེས་གོམ་གང་ཕྱིར་བསྣུར་ཏེ་བསྡད། ཁོས་ལྕགས་ཁེམ་ལ་ཤུག་དུད་བདུགས་རྗེས། ཡུན་གྱིས་ཆུ་དྲེག་གི་སེང་མགོ་ལྟ་བུ་དེ་བྲད། ཁོ་ཡི་ལྭ་འདབས་ཀྱང་ངའི་ལྭ་འདབས་ལྟར་ལྷབ་ལྷབ་ཏུ་གཡོ་བར་བརྟགས་ན། ཁོ་ལ་ཡང་བྲེད་ཤ་ལངས་བཞིན་པ་ཤེས་ཐུབ།
  ཁོས་སེང་མགོ་ལྟ་བུའི་ཆུ་དྲེག་དང་བཅས་པ་བྲད་ཚར་རྗེས། ལག་གཡུག་བྱས་ཏེ་ང་རང་བལྟ་རུ་བོས། ཁོ་ལ་ཁག་མེད་དེ་སེང་མགོ་དེ་བྲད་ཤུལ་དུ་རྡོ་རྗེ་ཞིག་བླངས་པ་དང་མཚུངས་པའི་ཁུང་བུ་ཟབ་མོ་ཞིག་འདུག་ལ། མ་གཞི་ཆུ་ཕྲན་དེ་ཡང་དེའི་ནང་ནས་ཕྱིར་བཞུར་ཡོང་བ་རེད།
   ངའི་སེམས་སུ་ཕྱི་རྒྱལ་གྱི་གཏེར་འདོན་གློག་བརྙན་དུའང་ལྡེ་མིག་ཡ་མཚན་ཅན་གྱིས་གཏེར་སྒོ་འབྱེད་དགོས་པ་དྲན་ཏེ། ངས་ཁོའི་རྡོ་རྗེ་ནང་དུ་བཞག་སྟེ་གཡས་བསྐོར་གཡོན་བསྐོར་ཡང་ཡང་བྱས་པ་ན། མ་བསམ་ས་ནས་སེར་ཁ་དེ་ནི་སྒོ་ཆུང་ཞིག་ཡིན་པས་ཁྲོག་སྒྲ་དང་བཅས་ནང་དུ་ཕྱེས་བྱུང་།
  ངས་སྐྲག་སྣང་གིས་ངོ་མདངས་སྐྱ་བོར་གྱུར་པའི་ཨ་ཁུ་རྟ་མགྲིན་ལ“གཏེར་འདོན་དཔེ་ཆའི་ནང་དུ་གཏེར་ཁུང་ནང་ན་ལྐོག་མདའ་དང་དུག་རླངས་སོགས་ཡོད་ཚུལ་བཤད་ཡོད་པས། སེམས་ཆུང་བྱ་དགོས”ཞེས་ཁོ་རང་མྱུར་དུ་ཕྱིར་འཐེན་ཏེ་ལག་སྒྲོན་བཀར། གཏེར་ཁུང་ནང་ནས་ལྐོག་མདའ་སོགས་ཡོང་རྒྱུ་ཕར་ཞོག ཀ་རྩོམ་ནང་གི་ག་བུར་དྲི་ངད་འཐུལ་ཞེས་པ་ལྟར་ཤིང་གསོམ་པ་དང་ཤུག་པའི་དྲི་མ་ཞིམ་པོ་མཆེད་འོང་ལ། ཆུ་ཐིགས་ཟགས་པའི་སྒྲ་སྙན་ཞིག་ཀྱང་ལྷོད་ཀྱིས་གྲགས་ཡོང་བས། ངེད་གཉིས་ཀྱིས་གཏེར་ཁུང་དེ་ནི་ཁོག་ཡངས་པའི་བྲག་ཁུང་ཞིག་དང་བདེ་འཇགས་ཀྱི་བྲག་ཁུང་ཞིག་ཡིན་པ་རྟོགས།
  ངས་གློག་འོད་ནང་དུ་གཏད་པ་ན། ཁྲོག་སྒྲ་དང་བཅས་བྲག་ཁུང་ནང་དཀར་གསལ་ལེར་སོང་། ཡིན་པ་ནི་བྲག་ཁུང་གི་ལྷོ་ངོས་སུ་རྡོ་ཡི་སྒེའུ་ཁུང་ཆུང་ཆུང་ཞིག་ཡོད་པ་དེ་རང་བྱུང་གིས་ཕྱེས་པ་རེད། ཕལ་ཆེར་བྲག་ཁུང་ནང་དུ་མཁའ་རླུང་སོང་བས་ཕྱེས་པ་ཡིན་རྒྱུ་རེད།
  ཨ་ཁུ་རྟ་མགྲིན་གྱིས་མཆོད་མེ་གཅིག་བཀར་རྗེས་ངེད་གཉིས་ནང་ལ་འཛུལ། བྲག་ཁུང་ནང་གི་སྒེའུ་ཁུང་ཡོད་པའི་ལྷོ་ངོས་མ་གཏོགས་ངོས་གཞན་ཡོད་ཚད་ལ་ཤིང་ལེབ་སྦྱར་ཏེ་ཤིང་སྒམ་ལྟར་ཆགས་འདུག་ཅིང་། འོད་འཁྱུག་པ་དང་དྲི་ཞིམ་ཁྱབ་ཡོད་པར་བརྟགས་ན། ཐང་སྡོང་དང་ཤུག་སྡོང་གཉིས་ཀྱི་ཤིང་ལེབ་འཇམ་པོ་ཡིན་པ་རྟོགས་ཐུབ།  
ཆུ་ཐིགས་ཟགས་པའི་སྒྲ་སྙན་མོ་དེ་ནི་བྲག་ཁུང་གི་ཀླད་དཀྱིལ་ནས་ཟགས་པའི་ཆུ་ཐིགས་ཞབས་ངོས་ཀྱི་ཆུ་རྫིང་ནང་དུ་ཐིགས་པ་ལས་བྱུང་བ་ཡིན་ལ། ཆུ་རྫིང་ལས་མེར་བའི་ཆུ་དེ་གཏེར་ཁུང་ནས་མཚམས་ཁང་དུ་བཞུར་བ་རེད། རང་བྱུང་གི་ཆུ་སྒྲ་སྙན་མོ་དེ་དང་ལྟེམ་ལྟེམ་བྱེད་པའི་ཆུ་ངོས་ཀྱིས་རྩིང་རྩིང་དུ་གྱུར་པའི་ངེད་གཉིས་ཀྱི་སེམས་བདེ་ལ་འབབ་ཏུ་བཅུག
   བྲག་ཁུང་ནང་དུ་སྒོར་དབྱིངས་ཀྱི་ཆུ་རྫིང་དེ་མ་གཏོགས་སེར་ལམ་ལམ་གྱི་ལྷ་སྐུའམ་བང་རིམ་རེ་རེ་ཡི་གླེགས་བམ། ལྗིད་ཏིག་ཏིག་གི་གསེར་དངུལ་སོགས་ཁྱད་པར་ཅན་གྱི་དངོས་པོ་གང་ཡང་མཐོང་སྣང་དུ་མ་གྱུར། ངེད་གཉིས་ཀྱིས་ཞིབ་ལྟ་ཡང་ཡང་བྱས་མོད། སྔོན་ལྟར་ཐུན་མིན་གྱི་རིས་དབྱིབས་ཤིག་གམ། ཡི་གེ་ཞིག་ཀྱང་མ་རྙེད་པས་རེ་ལྟོས་ཀྱིས་ཁེངས་པའི་ངེད་གཉིས་ཧད་པར་གྱུར།       
  ཨ་ཁུ་རྟ་མགྲིན་གྱི་གདོང་ལ་ཡིད་ཆད་པའི་རྣམ་འགྱུར་ཞིག་མངོན་བཞིན“ༀ་མ་ནི་པདྨེ་ཧཱུྂ”ཞེས་ཟློ་ཞོར་དུ་ཕྱིར་ཚ་ཐབ་སྟེང་དུ་བུད། ངའི་སེམས་སུ་གཞན་གྱིས་བླངས་ཟིན་ཟེར་ན། བྲག་ཕུག་འདི་ཨ་ཁུ་རྟ་མགྲིན་མ་གཏོགས་གཞན་གྱིས་མི་ཤེས་ལ། གས་སྲུབས་ངོས་ཀྱི་དྲེག་པར་བལྟས་ཀྱང་ལོ་ངོ་གྲངས་མེད་འགོར་ཡོད་པ་རྟོགས་ཐུབ། ད་དུང་བྲག་ངོས་ཀྱི་ཀ་རྩོམ་ལས་ཅ་ག་དག་པོས་སྐྱོངས་དང་རིགས་ཀྱི་བུ།། ཆ་སྒམ་མཆོད་གཤོམ་འདྲ་བའི་གནས་ཤིག་ཡིན་ཞེས་པར་བརྟགས་ཀྱང་ཅི་ཡང་མེད་མི་སྲིད་སྙམ་བཞིན་བྲག་ངོས་སུ་ཡང་བསྐྱར་ཞིབ་ལྟ་བྱས།
  ངས་ཅི་ཡང་མ་རྙེད་པས་ཀ་རྩོམ་དེར་བརྟག་པ་ལས་ཅི་བྱ་གཏོལ་མེད་དུ་གྱུར། ཀ་རྩོམ་དེའི་མཇུག་གི་ཇ་ཆང་རོ་ལ་མྱངས་པའི་བདེ་བ་ཡིས། ཉ་མོ་ཆུ་དང་བྲལ་ཡང་འཆི་བ་མེད་ཅེས་པའི་ཚིག་རྐང་གཉིས་ཀྱི་ནང་དུ་ཇ་ཆང་ཆུ་གསུམ་ཡོད་པར་བརྟགས་ན། ཆུ་རྫིང་འདི་སྟོན་པ་མིན་ནམ་སྙམ་སྟེ་ཞིབ་ཏུ་བལྟས་པ་ན། ཆུ་རྫིང་དེའི་ཞབས་སུ་ཚོན་མདོག་ཅན་གྱི་བཀྲ་ཤིས་རྟགས་བརྒྱད་ཅིག་ཡོད་ལ། ཆུ་གཉེར་འགུལ་བ་དང་བསྟུན་ནས་ཆུ་ཁ་རུ་གཡོ་བའི་འགུལ་རིས་ཤིག་དང་འདྲ། ལྷག་པར་གསེར་ཉ་ཆ་གཅིག་ནི་ཆུ་ནང་དུ་གསོན་པོར་རྒྱུ་བ་དང་ཡོངས་སུ་མཚུངས།
  ངས་མྱུར་དུ་ལག་ཟུང་གིས་རེག་རེག་བྱས་པ་ན། གསེར་ཉ་ཆ་དེ་བསྒུལ་ཐུབ་པས། ཨ་ཁུ་རྟ་མགྲིན་ལ“ཆུ་ཞབས་སུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་ཞིག་འདུག འདིར་ཤོག་དང་འདིའི་ནང་དུ་གསང་བ་ཞིག་ཡོད་ཐག་ཆོད་རེད”ཅེས་བོས་པ་ན། ཁོའི་སྨྱུང་གནས་ཀྱི་ཐུན་ཡང་ཤོར་སྟེ“ངས་ཀྱང་དེ་ལྟར་འདོད་ཡོད། ཞིབ་མོས་མྱོངས་དང” ཟེར་བཞིན་བརྒྱུགས་ཡོང་།
  ངས་སྙིང་སྟོབས་བསྐྱེད་དེ་འབུར་གཟུགས་ཀྱི་གསེར་ཉ་ཆ་དེར་རེག་རེག་བྱས་པ་ན། རྡོ་ཡི་བཀྲ་ཤིས་རྟགས་བརྒྱད་དེ་ཁྲོག་སྒྲ་དང་བཅས་གཡས་སུ་འཁོར་འགོ་ཚུགས། ཡུད་ཙམ་འགོར་རྗེས་བཀྲ་ཤིས་རྟགས་བརྒྱད་ཀྱི་རིས་དབྱིབས་དེ་ཆུ་འཛར་བཞིན་མདུན་ཅོག་གི་མཐོ་ཚད་ཙམ་ལ་ཡར་འཕགས། མ་གཞི་བཀྲ་ཤིས་རྟགས་བརྒྱད་དེ་ནི་གཡང་ཊི་དཀར་སྔོ་ལྗང་གསུམ་གྱིས་བཟོས་པ་ཞིག་ཡིན་ལ། དེའི་དཀྱིལ་དུའང་དྲིལ་བུ་ཞིག་ཁ་ཡར་བསྐོར་ཏེ་བཞག་ཆོག་པའི་ཤུལ་ཟབ་མོ་ཞིག་ཡོད། ངས་ཨ་ཁུ་རྟ་མགྲིན་གྱི་དྲིལ་བུ་ཁ་ཡར་བསྐོར་ཏེ་ནང་དུ་བཞག་པ་ན། བྲག་ཁུང་གི་བྱང་ངོས་ཀྱི་ཤིང་ལེབ་ནི་འདེད་སྒོ་གཉིས་དང་འདྲ་བར་ཙིར་སྒྲ་དང་བཅས་གཡས་གཡོན་གཉིས་སུ་གྱེས།
ཀུན་དགའ་ར་བ་ཆེན་པོ་ཞིག་ངེད་གཉིས་ཀྱི་མིག་མདུན་དུ་མངོན་བྱུང་བས། ཨ་ཁུ་རྟ་མགྲིན་ལ་གསོན་ཤུགས་རྒྱས་པ་ལྟར་ཁ་ནས“ཨ་ཆོས་སྐྱོང་། ཨ་ཡུལ་ལྷ། ཨ་རྡོ་ལེགས”སོགས་ཅི་བཤད་འདི་བཤད་མེད་པར་གྱུར། ངའི་ཁ་ནས་ཀྱང་ཧ་ལས་པའི་ཨ་སྒྲ་རིང་མོ་ཞིག་ཐོལ་གྱིས་ཤོར།
  ཀུན་དགའ་ར་བ་དེ་ནི་རྒྱུ་གཡང་ཊི་དཀར་པོ་ཡིས་བྱས་ལ། དབྱིབས་ནི་བལྟས་པ་ཙམ་གྱིས་སྐེད་མཉམ་ཟུར་གསུམ་མ་ཞིག་དང་འདྲ་མོད། ཞིབ་ཏུ་བལྟས་ན། མཆོད་རྟེན་གྱི་བང་རིམ་ལྟར་བརྩེགས་འདུག་ཅིང་། བང་རིམ་དང་པོ་ནས་ལྔ་བའི་བར་མཆོད་སྒམ་གཅིག་གཉིས་གསུམ་བཞི་དྲུག་གི་རིམ་པ་ལྟར་འདུག
  བང་རིམ་དང་པོའི་མཆོད་སྒམ་དུ་སྤྱན་རས་གཟིགས་ཕྱག་བཞི་པ་དང་། བང་རིམ་གཉིས་པའི་མཆོད་སྒམ་གཉིས་སུ་འཇམ་པའི་དབྱངས་དང་གསང་བདག་ཕྱག་ན་རྡོ་རྗེ་བཅས་ཀྱི་ལི་སྐུ་བཞུགས། གསོན་ཉམས་ལྡན་པའི་རིགས་གསུམ་མགོན་པོའི་ལི་སྐུ་དེ་དག་གིས། ང་ལ་རང་མི་རིགས་ཀྱི་ལྷ་རིས་སྒྱུ་རྩལ་ནི་འཛམ་གླིང་མི་དམངས་ལ་ངོམ་ཆོག་པ་དང་། ཚོན་མདངས་ལེགས་ཤིང་ཡལ་བ་མེད་པའི་ཁ་དོག་གིས། རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ནི་རིན་ཆེན་གསེར་དངུལ་ཇི་བཞིན་ནམ་ཡང་གཟི་འོད་འཚེར་ཞིང་ཉམས་པ་མེད་པའི་སྤྲོ་སྣང་བསྩལ།   
  འོག་གི་བང་རིམ་གསུམ་པོའི་མཆོད་སྒམ་དུ་ཕྱི་ཐུམ་སེར་པོ་ཡིན་པའི་དཔེ་ཆ་སྣ་རིང་མས་ཁེངས་འདུག་ཅིང་། ལྷབ་ལྷུབ་ཏུ་འབར་བའི་མཆོད་མེ་ཡི་འོད་དང་བསྡོངས་ནས་གསེར་འོད་ལམ་ལམ་དུ་འཕྲོ་བའི་སྣང་བ་ཞིག་བཅོས་མིན་དུ་སྟེར་བས། ང་ཡི་སེམས་པའང་དྲོད་ལམ་ལམ་དུ་གྱུར།
  གླེགས་བམ་དེ་དག་ནི་བཀའ་བསྟན་འགྱུར་ཡིན་ནམ། ཡང་ན། ཏིང་འཕགས་སྐལ་གསུམ། མདོ་གདུགས་སྒྲོལ་གསུམ། གསང་སྔགས་ཀྱི་ཆོས་ཟབ་མོ། དོན་དངོས་སུ་ཅི་ཞིག་ཡིན་ནམ། ངེད་གཉིས་དོགས་པའི་རྒྱ་རུ་ཚུད་དེ་ཅི་ཞིག་བྱ་དགོས་པའང་མ་ཤེས་པར་ལུསགློ་བུར་དུ། ཨ་ཁུ་རྟ་མགྲིན་གྱིས་ཅི་ཞིག་དྲན་པ་བཞིན“ཕྱག་འཚལ་མི་ཤེས་སམ། ཕྱག་འཚོལ་ཡ” ཞེས་སྐད་བརྒྱབ་པས། ངས་ཀྱང་ལས་རྒྱུ་ཞིག་རྙེད་པ་ཇི་བཞིན་བརྐྱངས་ཕྱག་གྲངས་མེད་ཅིག་འཚལ།
  ཕྱག་འཚལ་རྗེས་ཨ་ཁུ་རྟ་མགྲིན་ཀུན་དགའ་ར་བའི་མདུན་ནས་པུས་མོ་སར་བཙུགས་ཏེ་ ཡུད་ཙམ་བསྡད། ཁོས་སེམས་ཆུང་གིས་ཀུན་དགའ་ར་བའི་གཡས་ཟུར་གྱི་མཆོད་སྒམ་ནས་ཆོས་དཔེ་སྣ་རིང་མ་ཞིག་འདར་ཡོམ་ཡོམ་གྱིས་ཚུར་བླངས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཕོ་བ་གྲོང་འཇུག༢

2012-04-26 ཚེ་ལོ་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།