འཕོ་བ་གྲོང་འཇུག༡

  ངའི་ཕ་ཡུལ་ནི་རྨ་ཆུ་འགྲམ་གྱི་རོང་སྡེ་ཆུང་ཆུང་ཞིག་ཡིན། ས་ཁྲ་ངོས་ནས་བལྟས་ན། རྨ་ཆུ་སྔོན་མོ་ནི་གོས་དར་རིང་མོ་ཞིག་དང་ངའི་ཕ་ཡུལ་གཅན་ཚ་ནི་གཤོག་ཟུང་བརྐྱངས་པའི་བྱ་རྒྱལ་རྒོད་པོ་ཞིག་དང་འདྲ། ཕ་ཡུལ་གྱི་ཆེས་མཐོ་སའི་ཨ་མྱེས་སྲིན་པོ་རི་ནི་དབྱར་དགུན་སྟོན་དཔྱིད་ཀྱི་དབྱེ་བ་མེད་པར་ནམ་ཡང་གངས་དཀར་གྱི་དབུ་ཞྭ་མནབས་ཡོད་པས། དབྱིབས་དང་མདོག་གང་གི་ཆ་ནས་བལྟས་ཀྱང་བྱ་རྒྱལ་རྒོད་པོ་ཞིག་གིས་གོས་དར་རིང་མོ་ཞིག་བཟུང་སྟེ་འཕུར་སྐྱོད་བྱེད་པའི་ཚུལ་དུ་སྣང་།       
བཙན་པོའི་དམག་དཔུང་གི་མཐེབ་རྩལ་མ་ཉམས་པའི་ངའི་མེས་པོ་དག་གིས། ཕ་ཡུལ་གྱི་རང་བྱུང་ཁོར་ཡུག་བཅོས་སྒྱུར་དང་རི་སྐྱེས་སྲོག་ཆགས་འདུལ་སྦྱོང་གི་གོ་རིམ་ཁྲོད། རི་ཆུ་ནགས་གསུམ་ལ་བདག་པོ་གནས་པའི་འདུ་ཤེས་བཟུང་སྟེ། རི་དྭགས་ནི་གཞི་བདག་གི་སྒོ་ཟོག་དང་འདབ་ཆགས་ནི་ལྷ་བྱ་ཡིན་པའི་སེམས་ཁམས་ཀྱིས་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོང་བྱས་ཡོད་པ་མ་ཟད།  ལོ་རྒྱུས་ཀྱི་དཀྱོག་མཚམས་རེ་རེ་ནས། ངའི་མེས་པོ་བགྲང་ལས་འདས་པ་དག་གིས་རང་སེམས་མེ་རུ་བསྒྲོན་ཅིང་རང་ལུས་འབེན་དུ་བཞག་སྟེ་ཕ་ཡུལ་ལ་སྲུང་སྐྱོབ་བྱས་མྱོང་།
  ཁོང་ཚོའི་མཛད་རྗེས་ནི་ནམ་མཁའི་མཐའ་དང་མཉམ་ཞིང་རྒྱ་མཚོའི་གཏིང་ལས་ཟབ་པས།  ཕྲན་ཆུང་བདག་གིས་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ཤོག་བུ་དང་སྣག་ཚ། སྨྱུ་གུར་བསྒྱུར་ཀྱང་བརྗོད་ཐབས་བྲལ།
  ད་ལྟ་ཡང་སྤྱི་ཚོགས་ཀྱི་ལས་གནས་སོ་སོ་རུ་ཡུལ་མི་མང་པོ་ཞིག་གིས་རང་གི་རྩལ་ནུས་ཡོད་རྒུ་བཏོན་སྟེ། ཕ་ཡུལ་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ཆེད་དུ། ལེགས་སྐྱེས་འཕུལ་དང་འབུལ་བཞིན་ཡོད་པས། སྔོ་ལྗང་ལྗང་དང་དྭངས་གཙང་གཙང་གི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ལ། སླར་ཡང་མཛེས་སྡུག་གི་གསོན་ཤུགས་རྒྱས།
                                            ༡  
  མི་སུ་ཞིག་ཡིན་རུང་རང་གི་ཕ་ཡུལ་ལ་དགའ་ཞིང་ཡུལ་མི་ལ་དུང་བ་བཞིན། ང་ཡང་ཕ་ཡུལ་གྱི་སྔོ་ལྗང་ལྗང་དང་དྭངས་གཙང་གཙང་གི་རི་ཆུ་ནགས་གསུམ་ལ་མོས་ཤིང་། ཡ་རབས་ཚུལ་ལྡན་གྱི་ཡུལ་མི་རྣམས་ལ་ཧ་ཅང་དུངས། འདུ་འཛི་ཆེ་བའི་གྲོང་ཁྱེར་དང་རྙོག་འཛིང་ཆེ་བའི་མི་མང་གི་ཁྲོད་ནས། ང་རང་གིས་གཤིས་རྒྱུད་མདའ་ལས་དྲང་ཞིང་ཁོག་རྒྱ་མཁའ་ལས་ཡངས་པའི་དྲིན་ཆེན་ཕ་མ་དང་། ཡུལ་མི་སྤུན་ཟླ་རྣམས་ལྷག་ཏུ་དྲན།
  ལྷག་པར། ཕ་ཡུལ་གྱི་རི་ཆུ་ནགས་གསུམ་གྱི་ཁྲོད་ན། ངའི་སྙིང་གྲོགས་རྒྱ་མཚོ་དང་ངེད་གཉིས་ཀྱི་དགའ་སྤྲོའི་གླུ་སྒྲ་དང་མ་རབས་པྲ་ཚག་གི་ཤུལ་རྗེས་ཡོད་པས། ཆུང་དུས་རང་དབང་གིས་རྩེད་འཇོར་གཡེང་བའི་རྣམ་པ་དག་ཡིད་ལ་དྲན་ཐེངས་རེར་ཕ་ཡུལ་དུ་ལོག་འདོད་ཀྱི་འདུན་པ་འགོག་མེད་ཅིག་སྐྱེས་ཡོང་།
  ང་ལ་མཚོན་ན། སྙིང་གྲོགས་རྒྱ་མཚོ་ཁོ་ནི་ངའི་ཆུང་དུས་ཀྱི་ལྕི་བ་འཐུ་གྲོགས་དང་བྱ་ཚང་བྱེའུ་ཚང་སློག་གྲོགས། མ་རབས་པྲ་ཆལ་བྱེད་གྲོགས། སིལ་ཏོག་དང་སྲན་མ་རྐུ་གྲོགས། བོང་བུ་དང་བེའུར་ཞོན་གྲོགས། ཆུང་ཆུང་དཔེ་ཁུག་འཁུར་གྲོགས་སོགས་ཡིན་པས། ངེད་གཉིས་ཀྱི་བརྩེ་འདང་ནི་མ་གཅིག་སྤུན་ལས་ལྷག་ཅེས་བཤད་ཆོག་ཆོག་ཡིན།
  བརྗེད་ཐབས་བྲལ་བ་ཞིག་ལ། ངེད་གཉིས་སློབ་ཆུང་འགྲིམས་པའི་དུས་སུ། ངའི་ཨ་ཕྱི་དང་ཁོའི་ཨ་ཕྱི་གཉིས་ནི་སྡེ་པའི་རྟ་ཁང་གི་བདག་གཉེར་པ་ཡིན། ཁོ་གཉིས་ཀྱི་ལས་འགན་གཙོ་བོ་ནི་རྟ་ཁང་གི་རྫིང་འདམ་ནང་ས་སྐམ་པོ་ཁུར་བ་དང་རྟ་ཁང་ལ་གཙང་ཕྱགས་བྱེད་པ་ཡིན།   
  སློབ་གྲྭ་གྲོལ་ཏེ་དྲོས་ཇ་འཐུང་དུ་འགྲོ་སྐབས། ངེད་གཉིས་རྒྱུན་དུ་ཨ་ཕྱི་གཉིས་ལ་རོགས་རམ་བྱེད་དུ་འགྲོ་དགོས། ཨ་ཕྱི་གཉིས་ས་སྐམ་པོ་འཁུར་དུ་སོང་རྗེས། ངེད་གཉིས་ཀྱིས་རྟ་ཁང་གི་ཁ་རའི་ཕྱི་རུ་གཏོར་བའི་གཟན་རྩྭ་དང་སྲན་མ་བཏུས་རྗེས་གཙང་མར་ཕྱགས་དགོས། ལས་ཀ་དེ་ནི་ཕལ་ཆེར་ངེད་གཉིས་ཀྱིས་སློབ་སྦྱོང་ཕུད་པའི་ཉིན་རྒྱུན་གྱི་ལས་ཀ་གཙོ་བོ་ཞིག་ཡིན། སློབ་གྲྭ་ནས་མ་རབས་པྲ་ཚག་བྱས་པ་ལོས་ཡིན། ཕོ་བ་ལྟོགས་ཏེ་བཟོད་དཀའ་བའི་དུས་སུ། ངེད་གཉིས་ཀྱིས་རྟ་ཡི་ཁ་ར་ནང་གི་སྲན་མ་བཏུས་ཏེ་ཟོས་པའང་བགྲང་གིས་མི་ལངས། ད་ལྟ་བསམས་ན་དགོད་བྲོ་ལ་སྐྱུག་བྲོ་པོ་ཞིག་ཀྱང་རེད།     
  ཐེངས་ཤིག  ངེད་གཉིས་ཀྱིས་སྲན་མ་མང་པོ་བཏུས་ཏེ་རྩྭ་སྐམ་པོ་མེ་ལ་བསྒྲོན་རྗེས། སྟེང་དུ་གཟན་ཆས་གཏོར་བྱེད་ཀྱི་ལྕགས་གཞོང་ཆུང་ཆུང་ཞིག་ཡོད་པ་དེ་བསྐྱོན། དེའི་ནང་དུ་སྲན་མ་མང་པོ་བླུགས་ཏེ་བརྔོ་གྲབས་བྱས། སྟབས་མ་ལེགས་པར་ཨ་ཕྱི་གཉིས་ཀྱི་གྲ་སྒྲིག་བྱས་པའི་གཟན་རྩྭའི་སླེ་བོ་ཞིག་ལ་མེ་བསྒོས། ངས་སྐྲག་མ་དངངས་ཀྱིས་སླེ་བོ་དེར་རྡོག་ཐོ་གཅིག་བཞུས་པ་ན། སླེ་བོ་ནི་མེ་ཏོག་ཕོན་པོ་ཞིག་དང་འདྲ་བར་གང་སར་མེ་ལྕེས་ཁྱབ། ལྷབ་ལྷུབ་ཏུ་འབར་བའི་མེ་ལྕེ་ནི་སླེ་བོ་གཅིག་ནས་གཉིས་དང་། གཉིས་ནས་གསུམ་ལ་མཆེད་པས། མུན་ཆ་ཆེ་བའི་རྟ་ཁང་དེ་ཡང་དམར་ལྷང་ལྷང་གི་འཇིག་རྟེན་ཞིག་ཏུ་གྱུར།
  ཁོས་ལྕགས་ཁེམ་གྱིས་ཇི་ལྟར་བརྒྱབ་ན་མེ་ལྕེ་དེ་ལྟར་ཇེ་ཆེར་སོང་བས། ངེད་གཉིས་འུ་ཐུག་ཐབས་ཟད་དུ་གྱུར། སྟབས་ལེགས་པ་ཞིག་ལ། ཨ་ཕྱི་གཉིས་ཀྱིས་ས་ཁུར་ཏེ་ཐོན། ཁོང་གཉིས་ཀྱིས་མེ་ལྕེ་ཐོག་ཏུ་ས་བླུགས་པ་ན་མེ་ལྕེ་གསོད་ཐུབ་བྱུང་། ཨ་ཕྱི་ཡི་གདོང་ལས་རྟོགས་དཀའ་བའི་རྣམ་འགྱུར་ཞིག་མངོན་ཞིང་། མིག་ཟུང་ལས་མིག་ཆུ་ཆུ་མིག་བརྡོལ་བ་ལྟར་བཞུར། ད་དུང་ཁ་ནས“ཅུང་ཙམ་མིན་ན། ངའི་ཁང་པ། ངའི་ཁང་པ”ཞེས་ཡང་ཡང་ཟློ་ཞོར་དུ་རྩྭ་ཚིག་རོ་དག་གཞོགས་གཅིག་ཏུ་སྤུངས། ཁོ་མོའི་ངའི་ཁང་པ་ཞེས་པའི་སྐད་ཆ་དེ་ནི་བཀྲོལ་དཀའ་བའི་རྩིས་གཞི་ཞིག་དང་འདྲ་བར་ངའི་བློ་ངོ་རུ་གཤགས།
  ང་ལ་མཚོན་ན། ཆུང་དུས་ནས་རྟོགས་དཀའ་བའི་གནད་དོན་ཞིག་དང་འཕྲད་པ་ན། མ་ཤེས་བར་དུ་ཡར་འདྲི་མར་འདྲི་བཅོ་བརྒྱད་བྱེད་པའི་མི་ཞིག་ཡིན་པས། ཨ་ཕྱི་ལ་རྟ་ཁང་འདི་ཁྱོད་ཀྱི་ཁང་པ་ཇི་ལྟར་ཡིན་ཅེས་འདྲི་འདོད་པའི་དུས། གློག་ལྟར་མྱུར་ཞིང་འབྲུག་ལྟར་ལྡིར་བའི་སྡེ་དཔོན་བཙན་པོ་དེ་ང་ཚོའི་མདུན་ལ་ཐོན།  
  བྱིས་པ་ཚོའི་སེམས་ནང་དུ་བཙན་པོ་གསུམ་ཡོད་དེ། སྡེ་དཔོན་བཙན་པོ་དང་ཞིང་སྲུང་བཙན་པོ། དགེ་རྒན་བཙན་པོ་བཅས་ཡིན། ང་ཚོས་ཆེད་དུ་ཁོ་ཚོར་《སྡེ་པའི་བཙན་གསུམ》ཞེས་པའི་གླུ་ཚིག་ཅིག་ཀྱང་བསྒྲིགས་ཡོད། གླུ་ཚིག་ནི་སྡེ་དཔོན་བཙན་པོ་ལ་སློབ་སྦྱོང་བྱེད། སྡེ་དཔོན་དགུང་གི་ཉི་མ་རེད།། སྡེ་མི་མཐའ་ཡི་སྐར་མ་རེད།། ཁོང་གི་ཚ་ཟེར་འགྱེད་པའི་དུས།། སྐར་མ་ཡོད་ཚད་འདར་ཞུམ་ཞུམ།། ཞིང་དཔོན་བཙན་པོ་ལ་སློབ་སྦྱོང་བྱེད། ཞིང་དཔོན་ས་བདག་རྒད་པོ་རེད།། ནོར་ལུག་སེམས་ཀྱི་དགྲ་བོ་རེད།། ཁོང་གི་ངར་སྐད་འདོན་པའི་དུས།། རྟ་ནོར་ལུག་གསུམ་འདར་ཤིག་ཤིག། དགེ་རྒན་བཙན་པོ་ལ་སློབ་སྦྱོང་བྱེད། དགེ་རྒན་བྱིས་པའི་དཔོན་པོ་རེད།། སློབ་མ་མདུན་གྱི་གཡོག་པོ་རེད།། ཁོང་གི་ཁ་ལག་འགུལ་བའི་དུས།། འབྲི་ཀློག་སྦྱོང་གསུམ་ཐ་ར་ར་ཞེས་པ་དེ་ཡིན། ང་ཚོ་བྱིས་པ་རྣམས་ཀྱིས་རྒྱུན་དུ་ཞིང་བར་དང་རི་མགོ་ནས《ལའེ་ཧྥིན་དཔེ་བཟང་ལ་སློབ་སྦྱོང་བྱེད》ཅེས་པའི་དབྱངས་ལ་སྦྱར་ཏེ་མཉམ་ལེན་བྱས་པ་ན། སྤྲོ་སྣང་ལྡན་པ་དང་ཉམས་དགའ་བ་ཞིག་ཡིན།
  སྡེ་དཔོན་ཁོ་ནི་བཙན་གསུམ་གྲས་ཀྱི་གཏེ་བོ་ཡིན་པས། ངེད་གཉིས་སྐྲག་ཐག་ཆོད་པ་མ་ཟད། ཨ་ཕྱི་གཉིས་ཀྱང་དངང་བཞིན་པ་རྣམ་འགྱུར་ལས་ཤེས་ཐུབ། ཕལ་ཆེར་ཁོ་ཚོའི་ཁ་ཏོན་ལྟར་བཤད་པའི་ལས་སྐར་འཕྲི་བར་སྐྲག་པ་ཡིན་སྲིད། ལས་སྐར་གྱིས་ཁྱིམ་ཚང་གི་བཟའ་རྒྱུ་མང་ཉུང་ཐག་གཅོད་བྱེད་པ་ཡིན་པས། སྡེ་མི་ཡོངས་ཁོ་ལ་སྐྲག་པའི་རྒྱུ་མཚན་ཡང་དེ་ཡིན་ཞིང་། ཆུང་ཆུང་བྱིས་པ་ཚོས་ཁོ་རང་བཙན་གསུམ་གྱི་གཏེ་བོར་འཇོག་དོན་ཡང་དེ་ཡིན།
  ཁོས་མགོ་བོ་འཕྲེད་དུ་གཡུག་བཞིན“སྡེ་པར་གཟན་ཆས་མ་འདངས་པར་ཡོད་དུས། ཁྱོད་གཉིས་ཀྱིས་མེ་ལ་བསྲེགས་ཕོད་དམ། ཁྱོད་གཉིས་ཀྱིས་རྟ་ཁང་མེར་བསྲེག་འདོད་དམ། ད་ངས་ཤེས་སོང་། ས་སྐྱ་འཁུར་མ་འདོད་པར་རྩྭ་སྐྱ་མེར་བསྲེགས་སྟེ་ལྡུག་འདོད་པ་རེད། སྡེ་མི་ཚོས་ཁྱོད་གཉིས་ཀྱིས་གཟན་ཆས་བརྐུས་ཁྱེར་བྱེད་ཀྱི་ཡོད་ཟེར་བ་ལའང་ཁག་མི་འདུག  ཁྱོད་གཉིས་ཀྱང་ཞྭ་གོན་གཞན་ལྟར་ཁྱི་སྐྱག་དང་ཕག་རྟུག་འཐུ་རུ་འགྲོ་འདོད་དམ”ཟེར་བཞིན་ཨ་ཕྱི་གཉིས་ཀྱི་གདོང་ལ་སྡིགས་མཛུབ་ཡང་ཡང་བཙུགས།  སྡེ་དཔོན་གྱི་ཚུགས་ཀ་དེ་ནི་དགེ་རྒན་བཙན་པོ་ཡིས་ངེད་གཉིས་ལ་གཤེ་གཤེ་གཏོང་བ་དང་ཧ་ཅང་མཚུངས་མོད། ཁོའི་སྐད་ཆ་དེ་དག་ཀྱང་ངའི་རྟོགས་དཀའ་བའི་གནད་དོན་ཏག་ཏག་ཡིན་པས། ངའི་སེམས་དེའི་ཕྱོགས་ལ་འཁོར་ཏེ་ལྷག་ཏུ་སྐྲག་པའི་སྣང་བ་ཞིག་མ་བྱུང་།
   སྐབས་དེར། རྟའི་གཟན་ཆས་དང་རྟ་ལུད་སྒེར་སྤྱོད་བྱེད་པ་ནི་རྐུན་མའི་ཉེས་སྤྱོད་ཚབས་ཆེན་ཞིག་ཡིན་པ་ངེད་གཉིས་ཀྱིས་ག་ལ་རྟོགས། རྒྱ་མཚོ་ཡིས“མེ་སྒྲོན་མཁན་ནི་ང་ཡིན་པ་ལས། ཨ་ཕྱི་གཉིས་ལ་འབྲེལ་བ་མེད”ཅེས་བཤད། རྒྱ་མཚོ་ཡིས་རྒྱུན་དུ་ང་ཚོ་བྱིས་པ་དག་གིས་མ་རབས་བྱས་པ་ཐ་དག་འདི་ལྟར་ཁས་བླངས་འགྲོ་བས། ངེད་གཉིས་ཀྱི་གཞན་ལས་མང་བའི་གཅར་རྡུང་ཉོས་པ་ཉུང་ཉུང་མིན།
  མཚམས་རེར་ངས་ཁོ་ལ་གཅར་ཏེ་བསད་ཀྱང་ཁས་ལེན་མི་ཉན་ཞེས་ལེ་བདའ་ཡང་ཡང་བྱས་མྱོང་མོད། སྐབས་དེར་ཁོའི་དེ་ལྟར་ཁས་བླངས་པར་ང་རང་ཧ་ཅང་དགའ་པོ་བྱུང་།
   ངས “ཨ་ཁུ་སྡེ་དཔོན། མེ་སྒྲོན་མཁན་ནི་ང་ཡིན་པས། གཅར་རྡུང་བྱ་ན། ང་ལ་བྱས་ཆོག  ངེད་གཉིས་ལྟོགས་ཏེ་མ་བསྲན་པར་སྲན་མ་བརྔོས་ཏེ་མེ་ཤོར་བ་རེད”ཅེས་དྲང་གཏམ་ཤ་ར་ར་བཤད་བཞིན་འོག་མིག་གིས་སྡེ་དཔོན་གྱིས་མཚོན་ཆ་ཅི་ཞིག་ལེན་པར་བལྟས།  
  “སྲན་མ་གང་ནས་ཁྱེར་ཡོང་བ་ཡིན།” སྡེ་དཔོན་གྱིས་རྫིག་ཉམས་བསྟན།
   “རྟ་ཡི་ཁ་རའི་ནང་ནས་བཏུས་པ་ཡིན”ཅེས་ངས་ལྕགས་གཞོང་དེ་ཁོར་བྱིན།
བསམ་ཡུལ་ལས་འདས་པ་ཞིག་ལ། སྡེ་དཔོན་ཁོང་ཁྲོ་ལངས་པ་ལས་ཁོང་དགོད་ཅིག་བྱས་ཏེ“དགེ་རྒན་གྱིས་ཀྱང་ཁྱེད་གཉིས་པྲ་ཚག་ཡིན་པ་བཤད་མྱོང་། ཁས་ལེན་བྱེད་ཐུབ་པ་ནི་དཔའ་རྒོད་ཀྱི་རྟགས་རེད། རྗེས་ནས་ལྟོགས་ན། སྒྱེ་མོ་ལས་བླངས་ཏེ་ཟོ་དང་ཆོག  ཡིན་ཡང་། ཁུག་མར་བླུགས་ཏེ་སློབ་གྲྭ་དང་ཁྱིམ་ལ་ཁྱེར་མི་ཆོག གཟན་རྩྭ་མེ་ལ་སྦར་མི་ཆོག དོན་འདི་གཞན་ལ་བཤད་མི་ཆོག སུ་ཞིག་གིས་གསང་བ་ཕྱིར་བཤད་ན། ངས་རང་ལ་མི་བསྐྱུར་ཁོ་ཐག་ཡིན”ཞེས་མི་ཆོག་བཅོ་བརྒྱད་བགྲངས་རྗེས། ཨ་ཕྱི་གཉིས་ལ་སྐད་ཆ་རྡབ་རྡིབ་འགའ་བཤད་དེ་སྒོར་བུད།
  ཨ་ཕྱི་གཉིས་ཀྱིས་ཀྱང་ངེད་གཉིས་ལ་སྡིགས་མོ་ཅི་ཡང་མི་བྱ་བར་དངན་པ་འཐེན་བཞིན་ས་འཁུར་དུ་སོང་། ཉེན་ཁ་ཆེ་བའི་དོན་དག་དེ་ལྟར་ཞི་འཇགས་སུ་གྱུར་པས། ངེད་གཉིས་ཀྱི་འཇིགས་སྣང་སྐད་ཅིག་ཏུ་ཡལ་ཏེ། དབྱུག་པ་དང་ལྕགས་ཁེམ་གཉིས་དཀྲུམ་མདའ་དང་མེ་མདའ་ཡིན་ཁུལ་གྱིས་དམག་རྩེད་བྱས། དམག་རྩེད་བྱེད་པ་ནི་ང་ཚོ་བྱིས་པ་དག་ཧ་ཅང་དགའ་བའི་རྩེད་མོ་ཞིག་ཡིན། གློག་བརྙན་དུ་མི་བཟང་པོ་ནི་ཀྲུང་གོ་དང་མི་ངན་པ་ནི་དགྲ་བོ་ཡིན་པས། ང་ཚོས་མི་བཟང་པོ་ཡོད་ཚད་ལ་ཀྲུང་གོ་ཟེར་ཞིང་། མི་ངན་པ་ཡོད་ཚད་ལ་དགྲ་བོ་ཞེས་གཏན་འཁེལ་བྱས་ཡོད་པ་མ་ཟད། དམག་རྩེད་ཀྱི་དུས་སུ། སུ་ཞིག་གིས་སྔོན་ལ་མེ་མདས་རྒྱག་ཁུལ་བྱས་ཏེ་ཁ་ནས་སྤག་སྤག་ཅེས་བཤད་མ་ཐག ཕ་རོལ་པོ་མྱུར་དུ་ཤི་ཁུལ་བྱེད་དགོས་པའི་སྒྲིག་ལམ་ཡང་བཞག་ཡོད།
  མཚམས་རེར། ངེད་གཉིས་ཀྱིས་སུ་ཞིག་ནི་ཀྲུང་གོ་དང་སུ་ཞིག་ནི་དགྲ་བོ་བཅའ་བའི་ཕྱོགས་ནས་མ་འཆམ་པར་ཚིག་རྩོད་བྱས་མྱོང་ལ། ཕ་རོལ་པོ་མྱུར་དུ་ཤི་ཁུལ་མ་བྱས་པར་རྡུང་རེས་བྱས་པའང་བགྲང་གིས་མི་ལངས། ང་རང་ནི་ཤ་མེད་སྐམ་པོ་ཞིག་ཡིན་མོད། གྲུམ་པོ་རྩལ་ཅན་ཞིག་ཡིན་པས་རྒྱལ་ཁ་ཡོད་ཚད་ང་ལ་དབང་དགོས།
 ཡིན་ཡང་། ཉིན་དེར། ངས་ཁོ་རང་ཀྲུང་གོ་བྱེད་དུ་བཅུག་སྟེ་དམག་རྩེད་བྱས། བྱིས་བློ་ནི་ནམ་མཁའི་གློག་དང་འདྲ་ཞེས་པ་ཅིས་མ་བདེན། ངེད་གཉིས་ཀྱིས་སྔོན་ཆད་ལྟར་མེ་མདའ་རྒྱག་ཁུལ་དང་གཞའ་རེས་བྱས་ཀྱང་སྤྲོ་སྣང་འཕེལ་མ་ཐུབ། རྒྱུ་མཚན་ནི་སྐར་མ་འགའི་སྔོན་གྱི་འཇིགས་རྔམ་རྔམ་གྱི་མེ་ལྕེ་དང་དུ་ཞག་མེད་པས་རེད།
  ངས་ཁོ་རང་བཟུང་དམག་ཏུ་གྱུར་པའི་སྐབས་དང་བསྟུན། “རྩྭ་ཚིག་རོ་དེ་ལ་མེ་སྒྲོན་ཅིག མི་བསྒྲོན་ན་གསད་ཀྱི་ཡིན” ཅེས་བཀའ་ཕབ་པ་ན། “འདི་དག་ནི་དམག་རྟ་ཡི་གཟན་ཆས་ཡིན། མེ་ལ་བསྒྲོན་མི་རུང་བས། ང་རང་གསད་ན་གཏུབ་ན་ཁྱོད་ཀྱི་ལག་ཡིན”ཟེར་བཞིན་མགོ་བོ་དགྱེ་དགྱེ་བྱས།
  ངས་ལྕགས་ཁེམ་གྱི་ཡུ་བས་ཁོའི་མགོ་ལ་ཐེངས་འགར་གཞུས་པ་ན། ན་ཟུག་བསྲན་མ་ཐུབ་པ་ལོས་ཡིན། ཁོས་མྱུར་དུ་རྩྭ་ཚིག་རོ་ཕོན་པོ་དེར་མེ་བསྒྲོན། རྟ་ཁང་དེ་ཡང་བསྐྱར་མེ་ལྕེ་དང་དུ་ཞག་འཁྱུགས་པའི་འཇིག་རྟེན་ཞིག་ཏུ་གྱུར་པས། ངེད་གཉིས་གློག་བརྙན་ནང་གི་དམག་འཁྲུག་དངོས་ལ་ཞུགས་པའི་དགའ་སྣང་གིས་དམག་རྩེད་བྱས།  
གློ་རྡེག་ལ། གར་ཡོང་མི་ཤེས་པའི་དབྱུག་པ་ཞིག་གིས་ངའི་མགོ་ལ་བསྣུན། ངས་ཁ་ཕྱིར་འཁོར་ནས་བལྟས་དུས། ཨ་ཕྱི་ཡི་མིག་ཆུ་ལས་མེ་འོད་ལྡོག་འཕྲོ་བྱེད་ཅིང་། ཁ་ནས་ཅི་བྱུང་དུ་སྡིགས་ཀྱིན་འདུག དེ་ནི་ཨ་ཕྱི་ཡིས་ང་ལ་ཐེངས་དང་པོར་གཅར་རྡུང་བྱས་པ་ཡིན་པས། ང་རང་འབྲོ་དགོས་པའང་མ་ཤེས་པར་ལུས། ཨ་ཕྱི་ཡིས་ཡང་བསྐྱར་དབྱུག་པ་དགུང་ལ་འཕྱར་ཏེ་“ངའི་ཁང་པ། ངའི་ཁང་པ”ཟེར་བཞིན་བརྒྱུགས་ཡོང་བས། ངེད་གཉིས་གླ་བ་ཞིག་དང་འདྲ་བར་སྒོར་མཆོངས།
   ཕྱི་དྲོ་སློབ་གྲྭ་གྲོལ་རྗེས། ང་རང་སྐྲག་ཞོར་དུ་ཁྱིམ་ལ་འཛུལ་བ་ན། ཨ་ཕྱི་ཡིས་གཡིས་སྐྱ(སྣུམ་ལ་བསྲེགས་པའི་བག་ལེབ)བསྲེགས་ཏེ་ང་ལ་བསྒུགས་འདུག  ཁོ་མོས་“ངའི་ཚེ་བྷ་ཡི་གསུས་པ་ཨེ་ལྟོགས་ཐལ། དེ་རིང་ཨ་ཕྱི་འདྲེ་མོ་ངས་དོན་མེད་དུ་ཁྱོད་ལ་གཅར་སོང་། མགོ་བོ་ཨེ་ན”ཟེར་བས། ངས་ངན་པ་ལང་ཤོར་གྱི་རང་གཟུགས་སྟོན་བཞིན་སྨྱོ་བཟའ་སྨྱོ་འཐུང་བྱས།
  དགོང་མོ་དེར་ངས་ཨ་ཕྱི་ལ། “རྟ་ཁང་དེ་ཁྱོད་ཀྱི་ཁང་པ་ཇི་ལྟར་ཡིན། འུ་ཚང་གི་ཁང་པ་འདི་མིན་ནམ། ད་དུང་ཞྭ་གོན་ཞེས་པ་ནི་ཅི་རེད། ཞྭ་ངས་ཀྱང་གོན་ཡོད་པ་མིན་ནམ”ཞེས་ ཤེས་འདོད་པའི་དྲི་བ་མང་པོ་དྲིས། ཁོ་མོས“ཁྱོད་རང་ནར་སོན་ན་ཤེས་ནི་རེད། དོན་འདི་དག་མི་གཞན་ལ་འདྲི་མི་རུང་། ངའི་ཚེ་བྷས་སེམས་ལ་ཟུངས”ཟེར།   
ང་ལ་མཚོན་ན། གཞན་ལ་བཤད་མི་རུང་དང་དྲི་མི་རུང་ཞེས་པའི་ཚིག་དེ་དག་ནམ་ཡང་སེམས་ལ་བཟུང་སྟེ་བཤད་སྲིད་ལ་འདྲི་ཡང་སྲིད། ཕལ་ཆེར་ང་ལ་གསང་བ་དེ་ཤེས་འདོད་ཀྱི་བསམ་པའི་འཁྱེར་སོ་དྲག་པོ་ཞིག་ཡོད་པ་འདྲ།  
  ངས་ཡང་དང་བསྐྱར་དུ་ཨ་ཕྱི་ལ་ཞུ་བ་བྱས། “ཆོག་གི ཆོག་གི ཁྱོད་ཀྱིས་གཞན་ལ་དྲིས་ཏེ་རྒྱུ་མ་ཁྱིའི་སྔོན་དུ་འཕེན་པ་(རང་མཚང་དགྲ་བོའི་མདུན་ནས་མངོན་པ)ལས། ངས་ཁྱོད་ལ་བཤད། ངའི་བཤད་པ་ཡོད་ཚད་རང་ཉིད་ཀྱི་སེམས་ལ་འཛིན་པ་ལས་གཞན་ལ་བཤད་ན། ཨ་ཕྱི་ང་ཡང་ཞྭ་གོན་གཞན་ལྟར་ཁྱི་སྐྱག་དང་ཕག་རྟུག་འཐུ་རུ་འགྲོ་དགོས”ཞེས་དངན་པ་རིང་མོ་ཞིག་ཀྱང་ཤོར།
  ད་ལྟའི་བྱིས་པ་རྣམས་བརྙན་འཕྲིན་ལ་ལྟ་བར་མོས་པ་དེ་བཞིན་དུ་ང་ཚོ་ནི་གཏམ་རྒྱུད་ལ་ཉན་རྒྱུར་དགའ་བས། ཁོ་མོས་མྱུར་དུ་བཤད་པར་རེ་སྒུག་བྱས། ཁོ་མོས་ཁ་ཏོན་ཚར་གཅིག་བཏོན་རྗེས་ཕྲེང་བ་སྟོང་འདྲེན་བྱེད་བཞིན“འུ་ཚང་ནི་དཔོན་(སྔགས་པ)རྒྱུད་ཡིན། ཁྱོད་ཀྱི་ཨ་མྱེ་དྲིན་ཆེན་པོ་(འདས་པོའི་ཞེ་ཚིག)ནི་འདོན་རྟ་དབྱངས་སྙན་པ་དང་། འདོན་པ་ཡོངས་བྱང་ཆུབ་པ་མ་ཟད། ཁོང་གི་རིག་གནས་ཆུ་ཚད་ཀྱང་ཤོག་ཀའི་དཔོན་མང་གྲས་ཀྱི་རྩེར་སོན་པས། ཤོག་ཀ་ཆེ་ཆུང་ཀུན་གྱི་ཆོས་ཐོག་གི་ཨ་ལགས་(ཨ་ལགས་ཀྱི་ཚབ་ཏུ་ཁྲི་ཐོག་ལ་བཞུགས་མཁན་)ཡིན་ཞིང་། ཁོའི་མིང་ལའང་ཨ་ལགས་ཞེས་འབོད། བཅིངས་གྲོལ་བྱས་རྗེས་ཁོ་རང་དམངས་སྒྲུབ་དགེ་རྒན་ལ་བསྐོས་ཏེ་སློབ་མ་མང་པོ་བསྐྱངས་མོད། རིག་གནས་གསར་བརྗེ་ཞེས་པའི་ལས་འགུལ་ཅིག་ཐོན་ཏེ་འུ་ཚང་ཡང་ཞིང་བདག་གི་གྲས་ལ་བཞག་པ་མ་ཟད།  ཁོ་རང་བཙོན་ཁང་དུ་ཁྲིད་ལ། ཁང་པ་དང་རྒྱུ་ནོར་ཡོངས་བཙན་འཕྲོག་བྱས། སྡེ་པའི་རྟ་ཁང་ནི་འུ་ཚང་གི་ཨ་མྱེ་དང་ངེད་གཉིས་ཀྱིས་ལས་པ་ཡིན། དེ་རིང་ཅུང་ཙམ་མིན་ན། ཁྱེད་གཉིས་ཀྱིས་མེ་ལ་བསྲེགས”ཟེར་བཞིན་ངའི་མགོ་བོ་ལ་ལག་པས་ཕུར་ཕུར་བྱས།
  ངའི་སེམས་སུ་དགེ་རྒན་གྱིས་ཤེས་བྱ་ཁྲིད་ཤེས་པ་མ་ཟད། བྱིས་པ་ཚོས་མ་རབས་ཀྱི་ལས་ཅི་ཞིག་བྱས་པ་ཡང་རྟོགས་འགྲོ་བས་ཐམས་ཅད་མཁྱེན་པ་དང་། བྱིས་པ་ཚོར་གཅར་ན་བརྡུང་ན། ཁོའི་རང་དབང་ཡིན་པས། དགེ་རྒན་ནི་དབང་ཤུགས་ཆེ་བའི་དཔོན་པོ་ཞིག་ཡིན། ངའི་ཨ་མྱེ་ཡང་དགེ་རྒན་ཞིག་ཡིན་པ་ཐོས་པས། ང་རྒྱལ་ཁེངས་དྲེགས་ཤིག་འགོག་མེད་དུ་སྐྱེས། འོན་ཀྱང་། རིག་གནས་གསར་བརྗེ་དང་ཞིང་བདག་ཅེས་པའི་དོན་མ་ཤེས་པས། “རིག་གནས་གསར་བརྗེ་ཞེས་པ་ནི་ཅི་རེད། ཞིང་བདག་ཅེས་པ་ཡང་ཅི་རེད”ཅེས་དྲིས།
   “རིག་གནས་གསར་བརྗེ་ཞེས་པ་ནི་ཨ་ཕྱི་ངས་ཀྱང་བཤད་མི་ཚུགས། མཚམས་རེར་བལྟས་ན། མ་ཉེས་ཁ་ཡོག་བྱེད་པས་སྐུར་བ་འདེབས་པ་དང་འདྲ། མཚམས་རེར་བལྟས་ན། བླ་མ་དཔོན་པོ་བཟུང་བའི་འཆམ་དང་འདྲ། མཚམས་རེར་བལྟས་ན། རྒྱུ་ནོར་བཙན་འཕྲོག་བྱེད་པའི་ཇག་པ་དང་འདྲ། གང་ལྟར་བླ་མ་དཔོན་པོ་དང་ཕྱུག་པོ་ཡོད་ཚད་གཅིག་ཀྱང་མ་བསྐྱུར་བ་རེད། དཀོན་མཆོག་གསུམ་པོ། ཁྱོད་ཀྱི་ཨ་མྱེ་དྲིན་ཆེན་པོ་ཡང”ཟེར་བཞིན་མིག་ཆུ་འོད་ཀྲིག་ཀྲིག་ཏུ་བཞུར།
   ང་རང་གི་མཚར་སྣང་མཚོ་རླབས་ཇི་བཞིན་འཇགས་ཐབས་བྲལ་བས། ཁོ་མོའི་སེམས་སྡུག་བྱེད་པ་ལའང་ཁ་ཡ་མ་བྱས་པར“འུ་ཚང་ཡང་ཕྱུག་པོ་ཡིན་ནམ། དོན་ངོ་མས་ཨ་མྱེ་ནི་དགེ་རྒན་ཡིན་ནམ་ཞིང་བདག་ཡིན” ཅེས་དྲིས།
   “འུ་ཚང་ནི་ཞིང་བདག་ཅིག་ག་ནས་ཡིན། ས་ཞིང་མང་པོ་ཡོད་པ་བདེན་མོད། ས་ཞིང་དེ་དག་ནི་ངེད་གཉིས་ཀྱིས་ལོ་རེ་རེར་འབྲུ་རིགས་ཀྱི་བུ་ལོན་བླངས་ཏེ་ཉོས་པ་ལས། ཁོ་ཚོས་བཤད་པ་ལྟར་མང་ཚོགས་ལ་བཤུ་གཞོག་བྱས་པ་ག་ལ་ཡིན། འུ་ཚོ་སྡེ་པའི་ས་ཞིང་གི་མིང་ལ་ཁྱོད་ཀྱི་ཨ་ཕའི་མིང་བཏགས་ཡོད་པ་ཐམས་ཅད་སྐབས་དེར་ཉོས་པ་རེད། འུ་ཚང་ལ་སྐྱོན་ཆ་ཞིག་ཡོད་ན། ཆོས་ཐོག་གི་སྐབས་སུ་འགྱེད་གཏོང་དུས་ཨ་ལགས་དང་དབུ་མཛད། དགེ་སྐུལ་གསུམ་ལ་ཉིས་སྐལ་ཡོད་པ་དེ་མིན་ན། སྐྱོན་སེན་མོ་ཙམ་ཡང་མེད། ཞིང་བདག་ཅེས་པར་སྐྱོན་ཞིག་ཡོད་ན། རྒྱ་མཚོ་ཚང་ནི་དངུལ་བུན་དང་འབྲུ་བུན་གཏང་རྒྱུ་ཡོད་པའི་ཁྱིམ་ཚང་ཕྱུག་པོ་ཞིག་ཡིན། རྒྱ་མཚོ་ཡི་ཨ་མྱེ་དྲིན་ཆེན་པོ་ཡང་སྐབས་དེར་བཟུང་བ་རེད”ཟེར་བཞིན་ཆུ་མིག་བརྡོལ་འདྲའི་མིག་ཆུ་ཡང་ཡང་ཕྱིས།
  གློག་བརྙན་དུ་མི་བཟང་པོ་ནི་ནམ་ཡང་བཙོན་ལས་ཐར་ཏེ་རྒྱལ་ཁ་བླངས་འགྲོ་བས། “ཨ་མྱེ་བཙོན་ཁང་ནས་ནམ་ཞིག་ལ་ཕྱིར་ཡོང་བ་རེད”ཅེས་དྲིས་པ་ན། ཁོ་མོས“ད་འདྲི་རྒྱུ་མ་མང”ཟེར་བཞིན་མིག་ཆུ་འབྱིད་ཞོར་དུ་ཁ་ཏོན་འདོན་འགོ་བརྩམས།
  ཨ་ཕྱི་ཡི་བཤད་པའི་སྐད་ཆ་དག་ནི་གློག་བརྙན་ལྟར་མེ་མདའ་དང་སྒྱོགས་མདེལ་གྱི་འཐབ་འཁྲུག་ཅིག་མིན་ན་ཡང་། ངེད་ཚང་གི་ཁྱིམ་རྒྱུད་སྟོང་ལ་ཉེ་བའི་ལོ་རྒྱུས་ཤིག་ཡིན་པས། ངའི་བློ་ངོར་དཔའ་ངར་ཅན་གྱི་དཔོན་རྒན་རལ་པ་ཅན་ཞིག་དགྲ་དམག་གིས་བཟུང་རྗེས། གཅར་རྡུང་བྱེད་པའི་རྣམ་པ་འཆར་ཏེ་བཤད་དཀའ་བའི་ཚོར་སྣང་ཞིག་བྱུང་།
  རྗེས་ནས། ངའི་ཨ་ཕ་དང་ཨ་ཁུ་གཉིས་ཀྱིས་ངེད་ཚང་གི་ཆ་སྒམ་གྱི་དཀར་ཡོལ་འོག་ནས་དཔོན་རྒན་རལ་པ་ཅན་ཞིག་གི་འདྲ་པར་བླངས་ཏེ་ཡང་ཡང་ལྟ་བ་དེ་ནི་ཕྱིར་ཡོང་མེད་པའི་ཨ་མྱེ་ཡིན་པ་ཤེས་ལ། སྡེ་པས་དུ་དྲེག་ཆགས་པའི་རྟ་ཁང་དེའང་ངེད་ཚང་ལ་ཕྱིར་བྱིན།
  དུས་དེ་ནས་བཟུང་། ང་ཡི་འགྲན་སེམས་ཇེ་ཆེར་སོང་ཞིང་། རྒྱ་མཚོ་དང་ངེད་གཉིས་ནི་བཙན་གནོན་མྱོང་མཁན་གྱི་ཁོངས་གཏོགས་ཡིན་པའི་བསམ་ཚུལ་ཞིག་གིས། བྱིས་པ་དག་དམག་རྩེད་བྱེད་པ་དང་སློབ་སྦྱོང་གི་འགྲན་སྡུར་སོགས་བྱེད་པའི་དུས་སུ། ངེད་གཉིས་རྒྱུན་དུ་སྐོར་ཁག་གཅིག་ཡིན་ལ། འགྲན་རྩོད་ཆེ་ཆུང་གང་ཡིན་ཀྱང་ཕམ་ཁ་ཉོས་མ་མྱོང་།
  ངེད་གཉིས་སློབ་ཆུང་མཐར་ཕྱིན་ནས་སློབ་འབྲིང་དུ་ཞུགས་དུས། ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཀྱི་སྒོ་མོ་ཆེར་ཕྱེས་པས། ན་ཟླ་གཞན་དག་བན་དེ་བྱེད་པར་བྲེལ། ང་ཡང་ཁོ་ཚོའི་གྱོན་པའི་དམར་སེར་གྱི་གཟན་གོས་དང་། ཁོ་ཚོར་མང་ཚོགས་ཀྱིས་དད་གུས་བྱེད་པར་ཞེ་ཆགས་ཏེ་དགོན་པར་ཡང་ཡང་བྲོས།
  ཨ་ཕས་བན་དེ་བྱས་ན་ཡུལ་དྲན་ཀྱང་ཡུལ་ལ་ཡོང་མི་ཆོག་པ་དང་། དགོན་པར་སོང་ན་སྒྲིག་ལམ་མང་ཚུལ། ཁ་ཏོན་མང་པོ་བློར་སྐྱོར་དགོས་ཚུལ་སོགས་བཤད་དེ་ང་རང་སློབ་འབྲིང་དུ་སྐྱེལ་ཐབས་བྱས།རྒྱ་མཚོ་ཡང་ཁོའི་ཨ་ཕས་སློབ་གྲྭར་སོང་ན་བཟང་ཚུལ་དང་། རྫོང་མཁར་ན་རླངས་འཁོར་དང་གློག་བརྙན་ཡོད་ཚུལ། ད་དུང་རྩེད་ཆས་ཀྱང་མང་པོ་ཡོད་ཚུལ་བཤད་དེ་སློབ་འབྲིང་དུ་བཅུག་པས། ངེད་གཉིས་ཡང་བསྐྱར་འཛིན་གྲྭ་གཅིག་ཏུ་འཛོམས།
    སྐབས་དེར་ངེད་གཉིས་ནི་མ་རབས་པྲ་ཚག་གི་ལས་ལ་གོམས་པའི་བྱིས་པ་བསམ་མེད་གཉིས་ཡིན་པས། སློབ་སྦྱོང་གི་ཕན་ཡོན་ཅེས་པ་ག་ལ་རྟོགས། ཡིན་ཡང་། དགེ་རྒན་དག་གིས་ངེད་གཉིས་ལ་ཁ་ཏ་སློབ་གསོ་ཡང་ཡང་བྱས་པའི་བཀའ་དྲིན་གྱིས་ད་ལྟ་ང་རང་ཀ་ངོ་ཡིག་ངོ་ཆོད་པའི་དགེ་རྒན་ཞིག་ཏུ་གྱུར་པ་རེད།
  ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཞེས་པའི་དཔེ་ལྟར། ངེད་གཉིས་དམའ་འབྲིང་ལོ་རིམ་གཉིས་པ་ཡིན་པའི་དགུན་གནང་གི་དུས་སུ། ཁོ་ཚང་གིས་རླངས་འཁོར་ཞིག་གླས་ཏེ་མཇལ་སྐོར་ལ་སོང་། སྟབས་མ་ལེགས་པར་རླངས་འཁོར་ཁ་ལོ་སྒོར་ཏེ་ཡ་ང་བའི་འགྲིམ་འགྲུལ་དོན་རྐྱེན་ངན་པ་ཞིག་བྱུང་།
  སྐབས་དེར། རྒྱ་མཚོ་ཡི་དབང་པོ་དྭངས་དུས། ཁོའི་ཨ་ཕ་དང་ཨ་མ་ཨ་ཕྱི་གསུམ་པོ་ཁྲག་གིས་བརྫིས་ཏེ་ངོ་ཡང་མི་ཟིན་ལ། མགོ་བོ་མེད་པ་དང་རྐང་ལག་མེད་པའི་རྣམ་པ་ནི་མིག་གིས་བལྟ་བར་མི་བཟོད་པ་ཞིག་ཡིན་ཚུལ་ངེད་གཉིས་ཆང་གིས་བཟི་ཐེངས་རེར་ཁོའི་ཁ་ནས་ཤོར་འགྲོ དུས་དེ་ནས་བཟུང་ཁོའི་གཤིས་ཀ་དང་བྱ་སྤྱོད་སོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་མ་ཟད།
  ངེད་གཉིས་ཀྱི་འགྲོ་ན་མཉམ་འགྲོ་དང་འདུག་ན་མཉམ་འདུག བཟའ་ན་མཉམ་བཟའ་ཡི་འཚོ་བ་མཇུག་བསྒྲིལ་ཏེ་མཉམ་དུ་སློབ་སྦྱོང་བྱེད་པའི་བསྐལ་པ་མེད་པར་གྱུར།
ཁོའི་མགོ་ལ་འཇིགས་པ་དམར་པོ་དེ་བྱུང་བ་ནས་ཡ་ང་བའི་ལས་དབང་གིས་ཁོ་ལ་འཇབ་རྒོལ་བྱེད་འགོ་བརྩམས་ཏེ། བྱ་བ་ཅི་ཞིག་སྒྲུབ་ཀྱང་དོན་མི་འགྲུབ་པ་ཞིག་ཏུ་གྱུར། ཁོ་རང་ཕོ་ལོ་ཉི་ཤུའི་སྟེང་། ཁོའི་ཨ་ཁུ་ལྷ་སྐྱབས་ཀྱིས་ཁོ་ལ་ཆུང་མ་ཞིག་བླངས། མོའི་མིང་ལ་མཚོ་མོ་ཟེར། ཁོ་མོར་གཟུགས་སྐྱེས་ལུས་དང་ཡག་མོ་སྒོ་མེད་མོད། ཁྱིམ་ལས་ལ་མཁས་ཤིང་བློ་བཀོད་པ་ཅན་ཞིག་ཡིན་པས། ཁོ་ཚང་གི་ཆ་རྐྱེན་ཡང་ལོ་རེ་ནས་ལོ་རེར་ཇེ་བཟང་དུ་སོང་། ལོ་འགའི་རྗེས་སུ། སྙིང་རྗེ་བའི་བུ་ཆུང་ཞིག་ཀྱང་སྐྱེས་ཏེ་ཁོ་ཚང་ལ་གསོན་ཤུགས་གསར་པ་རྒྱས།
  དོན་རྐྱེན་ངན་པ་དེས་ང་ལ་ཡང་ཤན་ཤུགས་ཟབ་མོ་ཐེབས་ཏེ། ཕ་མར་བརྟེན་པའི་འཚོ་བ་དེ་ནམ་ཞིག་གི་ཚེ་མེད་འགྲོ་བ་དང་། གཞན་བརྟེན་གྱི་འཚོ་བ་ལ་བརླམ་རྒྱུ་མེད་པ་ཤེས་རྟོགས་བྱུང་བ་མ་ཟད། རང་ཉིད་ཀྱི་མ་འོངས་པའི་ཆེད་དུ་རིག་གནས་བསླབ་དགོས་པའི་གལ་ཆེན་རང་བཞིན་ཡང་རྟོགས་པས། མ་རབས་པྲ་ཆལ་གྱི་བྱིས་པའི་ལས་ཐ་དག་དོར་ཞིང་། ཤེས་བྱའི་རྨང་གཞི་སྲ་བརྟན་དང་རིག་གནས་ཆུ་ཚད་ཇེ་མཐོར་བཏང་སྟེ་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་འགྲིམས་པའི་བསྐལ་བ་བྱུང་།
                                          ༢  
  ང་རང་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་དུས། འགྲིམ་འགྲུལ་སྟབས་བདེ་ཞིང་ཆ་རྐྱེན་འཛོམས་པའི་སློབ་གྲྭ་ཞིག་ཏུ་ལས་བགོ་བྱ་རྒྱུ་ནི་རེ་བ་ཉག་གཅིག་ཡིན་པས། ཡང་དང་ཡང་དུ་རྫོང་རིག་སློབ་ཅུའུ་ལ་བལྟ་རུ་སོང་། མ་བསམ་ས་ནས། ང་རང་རྐང་ལམ་མ་གཏོགས་མེད་ཅིང་། དགེ་རྒན་ཡང་ང་གཅིག་པུ་ཡིན་པའི་སྲིན་པོ་རྫ་འདབས་ཀྱི་སློབ་གྲྭ་ཞིག་ཏུ་ལས་བགོ་བྱས།
  སློབ་གྲྭ་དེ་ནི་སྡེ་པ་འགའ་ཡི་ཕྱུགས་འཚོ་གནས་ཤིག་ཏུ་ཆགས་ཡོད་པས། སློབ་མ་ནི་ལོ་རིམ་དང་པོའམ་གྲ་སྒྲིག་འཛིན་གྲྭ་གང་ཡིན་མི་ཤེས་པའི་བྱིས་པ་ཆུང་ཆུང་འགའ་ཡིན་ཅིང་།  སློབ་གྲྭའི་ཁང་པ་ནི་སྔོན་ཆད་ཀྱི་རྟ་ཁང་ཞིག་ལོས་ཡིན་འདོད་པའི་ཁང་རལ་གྱན་གསུམ་ལས་མེད། གྱན་གཉིས་ནི་སློབ་ཁང་དང་གྱན་གཅིག་ནི་དགེ་རྒན་གྱི་ཉལ་ཁང་རེད།
  ང་རང་དེར་ཐོན་པ་ན། བསུ་བ་བྱེད་མཁན་ནི་བྱིས་པ་འགའ་ལས་སྡེ་དཔོན་ཞིག་གམ་སྡེ་མི་ཞིག་མེད་མོད། ཁོ་ཚོས་ཉལ་ཁང་གི་ཕྱི་ནང་གཙང་མར་ཕྱགས་འདུག ངས་ཅ་ལག་སོགས་ཡར་འཇོག་མར་འཇོག་བྱས་པ་ན། ཁོ་ཚོས་རང་རང་གི་ཡུལ་ནས་ཁྱེར་ཡོང་བའི་གོ་རེ་སྣ་མང་ཞིག་ངའི་མདུན་ལ་བཤམས་ཏེ་འགུལ་ཙམ་ཡང་མི་བྱེད་པར་ང་ལ་ཅེར། ཁོ་ཚོའི་མིག་ཟུང་ལས་དྲི་མ་མེད་པའི་བྱིས་བློ་ཞིག་དང་བསྟན་བཤིག་ཚ་པོའི་འོད་མདངས་ཤིག་མངོན་པས། ངས་ཁོ་ཚོར་ཀ་ར་ཞིག་ཀྱང་མ་ཉོས་པར་འགྱོད་པ་ཚད་མེད་སྐྱེས་བཞིན་ཁོ་ཚོའི་མིང་དང་ན་ཚོད་སོགས་རྒྱུས་ལོན་བྱས།
  མཚམས་ཤིག་ལ། ཨ་ཁུ་དཔོན་ཞིག་གིས་ཚ་དེམ་གཅིག་བཟུང་སྟེ་ནང་དུ་འཛུལ་ཡོང་། ཕྱི་ལུས་སུ་བལྟས་ན། དགུང་ལོ་བདུན་བཅུ་བརྒལ་ཡོད་ན་ཡང་འགྲོ་སྟངས་དང་རྣམ་རིག་ལ་རྒས་རྟགས་ཅུང་ཙམ་ཡང་མེད། ཁོའི་མཐུག་ཅིང་སྦོམ་པའི་རལ་པ་ནི་ཐག་ཁྲ་ཕོན་པོ་ཞིག་དཀྲིས་པ་དང་མཚུངས་ལ། ཚིལ་དྲེག་ཆགས་པའི་མགོ་དཀྲིས་དམར་ནག་དེ་ནི་ལོ་མང་པོར་མ་བཀྲུ་བ་ལྟར་ནག་ཀྱུག་ཀྱུག་བྱེད།
  ང་རང་ཡར་ལངས་ཏེ་ཁོ་ལ་ཨོང་སྟེགས་ཤིག་གཏད་རྗེས“ཨ་ཁུ་འདིར་བཞུགས”ཞེས་བཤད། ཁོས་ཚ་དེམ་ངའི་མདུན་ལ་བཞག་སྟེ“འདི་འོ་ཇ་ཡིན། ཁྱོད་ཀྱིས་ཐུངས་དང་འབྲི་མོའི་འོ་མ་ཡིན” ཟེར་བཞིན་ང་ཡི་མགོ་ནས་རྐང་པའི་བར་ཞིབ་ལྟ་ཐེངས་གཅིག་བྱས། ཁོ་རང་ཨོང་སྟེགས་སྟེང་བསྡད་མ་ཐག  བྱིས་པ་ཚོས“ཨ་ཁུ་རྟ་མགྲིན། དེ་རིང་ཡང་གནའ་གཏམ་ཤོད་དང་། ང་ཚོ་ཁྱེད་ལ་ཆུ་ལེན་དུ་འགྲོ  མི་ལ་རས་པའི་རྣམ་མགུར་བླངས་ཀྱང་ཆོག  ཨ་ཁུ་ལོ་ལོ”ཞེས་གཅིག་ཁ་གཉིས་ཁ་བྱས་ཏེ་ཞུ་བ་བྱས།
  ཁོས“ཁྱོད་ཚོའི་དགེ་རྒན་གྱིས་བོད་རྒྱ་སོག་གསུམ་གྱི་གནའ་གཏམ་བཤད་ཤེས་པ་མ་ཟད། ཕྱི་རྒྱལ་གྱི་གནའ་གཏམ་ཡང་བཤད་ཤེས་པས། དགེ་རྒན་ལ་ཆུ་ལེན་དུ་སོང་དང་། ཁྱོད་ཚོར་གནའ་གཏམ་མང་པོ་བཤད་སྲིད”ཅེས་བཤད་མ་ཐག  བྱིས་པ་དག་ནི་བཀའ་དང་དུ་བླངས་པའི་དམག་མི་དང་འདྲ་བར་ལྕགས་ཟེའུ་དང་འདེགས་ཤིང་བཟུང་སྟེ་འུར་ཆིལ་ལེར་སྒོར་བརྒྱུགས།
  ཨ་ཁུ་དཔོན་དེས་སྐེ་ནས་ཕྲེང་བ་ལེན་ཞོར་དུ་ངའི་དཔེ་ཆ་ལ་ཞིབ་ལྟ་བྱེད་ཀྱིན“དཔེ་ཆ་མང་པོ་ཡོད་པར་བལྟས་ན། ཡོན་ཏན་ཡོད་རྒྱུ་རེད། ཡིན་ཡང་། བོད་ཡིག་གི་དཔེ་ཆ་མེད་པས”ཞེས་མགོ་བོ་གཡུག་གཡུག་བྱས། ངའི་སེམས་སུ་ཁྱོད་ཁ་ཏོན་ཙམ་འདོན་ཤེས་པ་ཞིག་གིས་ཡོན་ཏན་གྱི་དོན་གོའམ་སྙམ་བཞིན་ལན་ཅི་ཡང་མ་བྱིན། སྐབས་དེར། ང་ལ་མཚོན་ན། ང་རྒྱལ་ཆེ་བ་དང་རང་རློམ་ཅན་གྱི་མི་ཞིག་ཡིན་པས། བསམ་ཚུལ་དེ་འདྲ་སྐྱེས་པ་ཡིན་ལ། ཕལ་ཆེར་སློབ་གྲྭ་ནས་མཐར་ཕྱིན་མ་ཐག་པའི་སློབ་མ་ཡོད་ཚད་ཀྱི་རྒྱུད་ན་ཡོད་པའི་ཁེངས་དྲེགས་ཤིག་རེད་སྙམ།
  ཡུད་ཙམ་བསྡད་རྗེས་ཡང་བསྐྱར“ཁྱོད་ཀྱི་བོད་ཡིག་མ་ཤེས་པ་ཡིན་ནམ། བོད་ཡིག་ལ་མ་དགའ་བ་ཡིན་ནམ། བོད་ཅིག་གིས་བོད་ཀྱི་རིག་གནས་མ་ཤེས་ན”ཟེར་བཞིན་མགོ་བོ་གཡུག་གཡུག་བྱས། ངའི་སེམས་སུ་ཁྱོད་དཔོན་རྒན་ཞིག་གིས་ང་ལ་འགྲན་འཛུགས་འདོད་པ་ནི་ཁྲོན་པའི་སྦལ་བས་རང་ཚོད་མ་ཟིན་པ་རེད་སྙམ་སྟེ། ང་རྒྱལ་དང་བཅས་ཁོ་ལ་འོ་ཇ་ལྡུག་ཞོར་དུ་ “བོད་ཆང་རྒྱ་ཆང་ཕྱི་ཆང་བཏུང་བའི་རིགས།། བོད་ཡུལ་རྒྱ་ཡུལ་ཕྱི་ཡུལ་ཀུན་ནས་འཐུངས།།
  བཀྲེས་གདུང་སྐོམ་གདུང་ཚ་གདུང་སེལ་མ་ཐུབ།། འབྲི་མོའི་འོ་མ་ཨ་མའི་ནུ་ཞོ་འདྲ།།
  བོད་རྒྱ་དབྱིན་གསུམ་ཁ་ནས་འདོན་ཤེས་ལ།། རྩིས་དངོས་རྫས་གསུམ་རིགས་པས་དཔྱད་ཤེས་ཙམ།། སྲིད་འབྱོར་རིག་གསུམ་བློ་ཡིས་བསམ་ཤེས་པས།། འཆད་རྩོད་རྩོམ་གསུམ་ང་ཡི་ལས་དོན་ཡིན” ཅེས་ཚིག་མདའ་རྣོན་མོ་ཞིག་ཡིན་ཁུལ་གྱིས་བཏོན། རང་མོས་སྙན་ངག་ཙམ་འབྲི་བ་དང་རྩོམ་ཐུང་རེ་བྲིས་ཏེ་རང་ཉིད་ཀྱི་ཡོན་ཏན་ངོམ་པ་དེ་ཡང་སྐབས་དེའི་སློབ་གྲྭ་བ་དག་གི་གོམས་གཤིས་སུ་གྱུར་ཡོད།
  ཁོ་རང་འཛུམ་ཙམ་བྱས་ཏེ་ལྷ་སྲིན་སྡེ་བརྒྱད་སྤྱན་འདྲེན་བྱེད་པའི་འདོན་དབྱངས་ཀྱིས་“བོད་རྒྱ་དབྱིན་གསུམ་ཁ་ན་ཀྱུ་རུ་རུ།།     བོད་མིའི་བོད་སྐད་མ་ཤེས་སྐྱོ་ལྷང་ལྷང་།།
རྩིས་དངོས་རྫས་གསུམ་བློ་ན་ནག་ཀྱུག་ཀྱུག།  བོད་མིའི་ཨང་གྲངས་མ་ཤེས་སྐྱོ་ལྷང་ལྷང་།། སྲིད་འབྱོར་རིག་གསུམ་བློ་ན་ནག་ཀྲིག་ཀྲིག། བོད་མིས་གཅིག་ཀྱང་མ་འཁྱོངས་སྐྱོ་ལྷངལྷང་།། འཆད་རྩོད་རྩོམ་གསུམ་བཤད་ན་ཆུ་བཞུར་བཞུར།། དོན་དུ་ཅི་ཡང་མ་འགྲུབ་སྐྱོ་ལྷང་ལྷང” ཞེས་ཚིག་ལན་ཐོག་འདྲ་བ་ཞིག་ཕྱིར་འཕངས་པས། ངའི་རྩ་ལམ་ཡོངས་སུ་ཁྲོ་ཆུ་ངར་མོ་བླུགས་པ་དང་འདྲ་བར་ཚ་ལམ་ལམ་དུ་གྱུར་ཅིང་། ཕྱིར་ལན་ཅི་ཞིག་འདེབས་དགོས་པའང་མ་ཤེས་པར་ལུས།
  སྟབས་ལེགས་པ་ཞིག་ལ། བྱིས་པ་འགས་ལག་ཏུ་ཞོ་ཟེའུ་རེ་བཟུང་སྟེ་ནང་དུ་འཛུལ་ཡོང་། ཁོ་ཚོ་ནི་ངའི་སྲོག་སྐྱོབ་དམག་མི་དང་འདྲ་བས། མྱུར་དུ“ ཁྱོད་ཚོ་ཡང་སློབ་མ་ཡིན་ནམ། ཤོག ཤོག  འདིར་ཤོག  ང་ལ་རི་མོའི་དཔེ་ཆ་ཡོད་པས། ཁྱོད་ཚོས་བལྟ་འདོད་དམ”ཞེས་དྲིས། ཁོ་ཚོས་མིག་རིག་རིག་གིས་ང་ལ་བལྟས་ཏེ་འཐད་པའི་མགོ་བོ་ནང་དུ་གུག་གུག་བྱས།
ང  ས་མྱུར་དུ་ཕྱི་རྒྱལ་གྱི་བྱིས་སྒྲུང་《གངས་དཀར་སྲས་མོ》ཡི་དཔེ་ཆ་དེ་ཁོ་ཚོའི་ལག་ཏུ་བཞག་རྗེས། ཨ་ཁུ་དཔོན་གྱི་གདོང་ལ་ཡང་མ་བལྟས་པར་ཅི་ཞིག་བཤད་ཁུལ་བྱས།  འདི་ཡང་ང་རང་གནད་དོན་ལ་བྱོལ་འདོད་པ་དང་ཕམ་ཁ་དང་ལེན་བྱེད་འདོད་མེད་པའི་རྣམ་འགྱུར་ཞིག་ཡིན་པ་སུས་ཀྱང་རྟོགས་ཐུབ།
  བྱིས་པ་ཞིག་གིས “ཨ་ཁུ་རྟ་མགྲིན། ང་ཚོས་བསྙལ་བའི་ཞོ་འདི་ཡིན་པས། ཁྱོད་ཀྱི་གནའ་གཏམ་་་་་་” ཟེར་བཞིན་མགོ་བོ་སྨད། དེ་ལས་ངས་ཨ་ཁུ་དཔོན་དེའི་མིང་ལ་རྟ་མགྲིན་ཟེར་བར་མཉམ་བཞག་ལ། ང་རང་བསུ་བ་བྱེད་པའི་སྟ་གོན་ཡོད་ཚད་ཀྱང་ཁོའི་བཀོད་སྒྲིག་ཡིན་པ་རྟོགས་ཏེ་འགྱོད་པ་ཚད་མེད་ཅིག་སྐྱེས།
ངས་མགོ་བོར་འཕྲུག་འཕྲུག་བྱེད་ཀྱིན “ ཨ་ཁུ་རྟ་མགྲིན་ལགས། ཁྱོད་ཀྱིས་ངའི་ཆེད་དུ་འདི་དག་གྲ་སྒྲིག་བྱས་པར་བཀའ་དྲིན་ཆེ། ངོ་མས་བཀའ་དྲིན་ཆེ། ང་ནི་རང་སྣང་མཐོ་བ་ཞིག་ཡིན་པས་བཟོད་སྒོམ་བྱེད་རོགས། རྗེས་ཕྱོགས་ངའི་ཀུན་སློང་ངན་པ་དང་བྱ་སྤྱོད་རྩིང་པོ་སོགས་ལ་མཛུབ་སྟོན་གནངས་རོགས་ཞུ། ངས་རང་ནུས་གང་ཡོད་བཏོན་ཏེ་བྱིས་པ་འདི་དག་གསོ་སྐྱོང་བྱེད་ངེས་ཡིན”ཅེས་བཤད་དེ་《མི་ལ་རས་པའི་རྣམ་འགུར》སྤུས་ལེགས་མ་དེ་ཁོ་ལ་ལེགས་སྐྱེས་སུ་ཕུལ། དེ་ནས་བཟུང་ཁོང་ནི་ང་རང་དྲིན་ཆེན་གྱི་དགེ་རྒན་དག་དང་ཁ་བྲལ་ནས་བརྟེན་པའི་དགེ་རྒན་གཅིག་པུ་ཡིན་ལ། ངའི་མི་ཚེ་ཡི་ལམ་སྟོན་གྱི་སྒྲོན་མེ་ལྟ་བུར་གྱུར།      
  རྗེས་ནས་རྒྱུས་ལོན་པ་ལྟར་ན། ཁོང་ནི་མཁས་པ་མི་གསུམ་གྱི་སྐུ་གཡོག་ཏུ་ཁྲིད་ཡོང་བའི་སྔགས་པ་མཐུ་ནུས་ཅན་ཞིག་གི་རྒྱུད་པ་ཡིན་ལ། ལོ་རྒྱུས་ཀྱི་དཀྱོག་མཚམས་རེ་རེ་ནས་སྤྲུལ་རྟགས་ཡ་མཚན་ཅན་མང་པོ་བསྟན་ཟེར། རིག་གནས་གསར་བརྗེ་ཡི་དུས་སུའང་། ཁོ་རང་བཙོན་དུ་བཅུག་ཀྱང་ཁོས་ལྕགས་སྒྲོག་རྩམ་པ་ལྟར་བཞེས་ཤིང་རང་ལུས་འཇའ་ལྟར་ཡལ་ཏེ། ལོ་ངོ་བཅུ་ཕྲག་ལྷག་ལ་གར་སོང་མ་ཤེས་ཚུལ་རྒན་གཞོན་ཀུན་གྱི་ཁ་ན་རླུང་ལྟར་གྲག་བཞིན་འདུག
   སྔོན་ཆད་སློབ་མ་ཡིན་དུས་གཟའ་སྤེན་པར་ཐོན་ན། མགོ་ནས་ཞྭ་ཆེན་ཞིག་འཕུད་པ་དང་འདྲ་བར་དགའ་བ་འབུམ་གྱིས་མྱོས་ཏེ་རང་སྣང་གང་ཤར་དུ་རྒྱུག་ཆོག་མོད། ང་རང་དགེ་རྒན་དུ་གྱུར་པ་ནས་གཟའ་སྤེན་པར་ཐོན་ན། ང་རང་གཅིག་པུ་ལུས་འགྲོ་བས། ངས་རྨ་དགེ་སློབ་གྲྭའི་སློབ་གྲོགས་དཔལ་རིང་དང་ནོར་སྐམ། མགུ་མིག བསོད་རིང་། བསོད་འཇིགས། དོན་ནག ཀུན་དགའ། ཀུན་བཟང་། དབང་བཀྲ། ཨ་ཁུ་ཐོད་པ་སོགས་ཐེངས་གཅིག་མིན་གཉིས་མིན་དུ་དྲན་ལ། ང་ཚོའི་དོང་ལམ་རིང་མོ་དང་ལྕགས་དྲ་སྙི་མོ། ཚོང་ལམ་དོག་པོ། དུ་ཁུང་ཆེན་མོ། གསོལ་སྟོན་ཆེ་ཆུང་སོགས་ཀྱང་རྨི་ལམ་དུ་ཡང་ཡང་འཁོར།
  དེ་ལྟར་ཉིན་གཅིག་ནི་ལོ་གཅིག་ལས་རིང་བའི་སུན་སྣང་ཞིག་གིས་དཔེ་ཆར་ལྟ་བའི་གོམས་གཤིས་བཟང་པོ་ཞིག་ཆགས་མོད། ཉིན་མཚན་དབྱེ་བ་མེད་པར་འཕྱི་བ་ཁུང་དུ་འཛུལ་བ་ལྟར་བསྡད་པ་ཡིན། ངའི་ཚུལ་མིན་གྱི་བྱ་སྤྱོད་དེ་ཨ་ཁུ་རྟ་མགྲིན་གྱིས་མཐོང་སོང་བ་ལོས་ཡིན། གཟའ་སྤེན་པར་ཐོན་ཐེངས་རེར་ཨ་ཁུ་རྟ་མགྲིན་ནི་མ་བོས་མགྲོན་པོ་ཇི་བཞིན་ང་རང་འབོད་དུ་ཐོན་ཡོང་། ཁོས་ང་རང་ཁོ་ཚོའི་རི་མཐོ་ས་དང་ཆུ་དྭངས་ས། གནས་འགངས་ཆེན་སོགས་སུ་བལྟ་རུ་ཁྲིད་པས། ང་ཡི་སུན་སྣང་ཡང་རིམ་གྱིས་ཡལ།
  ཡུལ་དེའི་མཐའ་ནི་གངས་རི་དང་སྤང་རི་ཡིས་བསྐོར་ཅིང་། བར་དུ་རྩྭ་ཐང་དང་སྤང་ཐང་རྒྱ་མཚོའི་རླབས་བཞིན་གཡོ་ལ། རི་སྐེད་ཡོངས་སུ་གསོམ་སྡོང་དང་ཤུག་སྡོང་། དབྱར་སྡོང་། སྒྲོན་ཤིང་། ཐང་ཤིང་སོགས་ཀྱིས་ཁེབས་ཡོད་པས། དུང་དཀར་གྱི་ཀ་ཏོ་ར་ཞིག་གི་ནང་དུ་གཡུ་ཡི་མཎྜལ་ཕུལ་བ་དང་འདྲ།
  ཨ་ཁུ་རྟ་མགྲིན་གྱིས་སུན་སྣང་མེད་པར་དེ་དག་རེ་རེ་ལ་ངོ་མཚར་གྱི་གཏམ་རྒྱུད་རེ་བརྗོད་ཐུབ་པ་མ་ཟད། ཆུ་མགོ་རེ་རེ་ལའང་གཏམ་རྒྱུད་རེ་ཡོད་པས། ང་ནི་ལྷ་སྒྲུང་གི་ཞིང་ཁམས་སུ་ཉུལ་བའི་ཚོར་སྣང་ཞིག་ངང་གིས་སྐྱེས་ཡོང་།
  ཨ་ཁུ་རྟ་མགྲིན་དང་ངེད་གཉིས་རྒྱུས་མེད་ནས་འདྲིས་ཡོད་དུ་གྱུར་པའི་རིང་ལ། ཁོ་ཡི་གཏམ་རྒྱུད་དང་སྦྱར་བའི་བསླབ་བྱ་རེ་རེ་ཡིས་ང་རང་གི་འཇིག་རྟེན་ལྟ་ཚུལ་རྩ་བ་ནས་བསྒྱུར། ཞིབ་ཏུ་བསམས་ན། དེང་གི་འཕེལ་རྒྱས་ཟེར་བའི་འཕྲུལ་ཆས་ཀྱི་རིགས་དང་ཨར་འདམ་གྱི་བཟོ་སྐྲུན། རྫས་ལྡན་གྱི་ཟས་རིགས། བག་མེད་ཀྱི་མི་གཤིས། རྒྱུ་ནོར་གྱི་བྲན་གཡོག  གཞན་བརྟེན་གྱི་འཚོ་བ་སོགས་ནི་གསེར་རྡོག་གཅིག་ལྕགས་ཀྱི་རྒྱན་ཆར་བརྗེས་ཏེ་ཕྱི་ལུས་མཛེས་པར་འདོད་པ་དང་ཧ་ཅང་མཚུངས།
  ལྷག་པར་ད་ལྟའི་དུས་འདིར་འབྱོར་བ་དང་དབང་གི་ཆེད་དུ་མི་འཚོང་བྱེད་པ་སོགས་ཀྱི་མི་གཤིས་ནི་ཧ་ལས་པར་འགྱུར་བཞིན་ཡོད་པས། རྒས་འཁོགས་ཟེར་བཞིན་ཕ་མ་བཙོང་བ་དང་མུག་ཕྲུག་ཟེར་བཞིན་བུ་ཕྲུག་བཙོང་བའི་དུས་ཤིག་ཀྱང་འབྱུང་རྒྱུ་ཡིན་པ་གདོན་མི་ཟ།
  སློབ་སྐབས་དེ་མཇུག་སྒྲིལ་ལ་ཉེ་བའི་གཟའ་སྤེན་པའི་ཉིན་འགའ་ལ། ངས་ཁོར་ཐེངས་མང་པོར་རེ་སྒུག་བྱས་ཀྱང་ཁོ་རང་མ་ཡོང་། སློབ་མ་ཚོར་དྲིས་ཀྱང་ཤེས་མཁན་ཞིག་མེད་པས་ང་རང་ཆེད་དུ་ཁོ་ཚང་ལ་བལྟ་རུ་སོང་། ཁོ་ཚང་གི་སྒོར་ལྕགས་ཟྭ་ཆེན་པོ་ཞིག་དཔྱངས་འདུག་ལ། ཐུག་ཐུག་ཡོད་ཚད་ལ་དྲིས་ཀྱང་རྩད་མ་ཆོད། རྒྱབ་རི་སྒང་ནའང་ཁོ་ཚང་གི་ནོར་ལུག་མ་གཏོགས་མེད་པས། ངའི་སེམས་སུ་ཁོ་རང་གང་ནས་འགྱེལ་སོང་བ་ཡིན་ནམ། ལུང་གྲོག་ཅིག་ཏུ་ལྷུང་བ་མིན་ནམ། ནད་རྙིང་འདྲ་འཕར་བ་མིན་ནམ། གང་ལྟར་རྐྱེན་ངན་པ་ཞིག་བྱུང་སོང་བ་ཐག་གིས་ཆོད་སྙམ་སྟེ་ཡིད་སེམས་བདེ་ལ་འབབ་མ་ཐུབ།
  བསམ་ཡུལ་ལས་འདས་པ་ཞིག་ལ། མུན་པས་ས་གཞི་གཡོགས་པ་ན། ཁོང་ཚང་གི་དཀར་མེ་ཡི་འོད་སྣང་ཇེ་གསལ་དུ་སོང་བས། ང་རང་དགའ་སྣང་དང་བཅས་ཁོ་ཚང་ལ་སོང་། ཁོའི་ཁ་ཅི་ཡང་མི་གྲག་པར་རྒྱུན་ལྡན་ལྟར་མར་དང་རྩམ་པ་ངའི་སྔུན་ལ་བཞག
  ངས་མ་རངས་པའི་ཚུལ་གྱིས“ཁྱོད་རང་གང་དུ་སོང་བ་ཡིན། ངས་ཉིན་གང་པོར་ཁྱོད་རང་བཙལ་བ་ཡིན”ཅེས་བཤད་མོད། ཁོས་སྔོན་བཞིན་ཁ་མི་གྲག་པར་ལག་པས་རྔ་རྡུང་བ་དང་ཕྱག་འཚལ་བའི་བརྡ་བསྟན། དེར་བལྟས་ན། ཁོ་རང་ཆོས་ཀྱི་ཆོ་ག་ཞིག་སྤེལ་དུ་སོང་བ་ཤེས་ཐུབ་ལ། ཁོས་སྨྱུང་གནས་བསྲུངས་ཡོད་པའང་ཤེས་ཐུབ།         
  གཞན་གྱིས་བལྟས་ན། སྨྱུང་གནས་བསྲུངས་བ་ནི་བླུན་རྟགས་ཚ་བོ་ཞིག་ཡིན། ལྷག་པར་ལོ་ལོན་ཞིག་ལ་མཚོན་ན། ཉིན་གཅིག་ལ་ཟས་མི་ཟ་བ་དང་ཁ་མི་གྲག་པར་སྡོད་པ་འདི་ནི་ལུས་ཁམས་སྐྱེ་འཕེལ་གྱི་ཆོས་ཉིད་དང་འགལ་ཡོད་མོད། ངས་བསམས་ན། འདི་ནི་རྒྱལ་ཁབ་གཞན་གྱིས་གློག་ནུས་གྲོན་ཆུང་དང་མཁའ་དབུཊ་དྭངས་གཙང་གི་ཆེད་དུ། ཉིན་གཅིག་ལ་གློག་མི་བཀོལ་བ་དང་། རླངས་འཁོར་མི་བསྐོར་བའི་ལས་འགུལ་སྤེལ་བཞིན་པ་དང་དོན་སྙིང་གི་ཆ་ནས་གཅིག་མཚུངས་རེད།
  བོད་མི་ཚོས་འགྲོ་བ་རིགས་དྲུག་དང་མ་གྱུར་སེམས་ཅན་ཐམས་ཅད་བསམས་ཏེ། གནའ་ནས་ད་བར་དུ་སྨྱུང་གནས་བསྲུངས་བའི་སྲོལ་རྒྱུན་འདི་མ་དོར་བ་ནི་དངོས་གནས་རླབས་ཆེན་གྱི་གོམས་གཤིས་ཤིག་རེད་འདོད་དེ་ཁ་རོག་གེར་བསྡད།
  ཕྱི་ཉིན་ཁོ་ཚང་ལ་སོང་བ་ན། ཁོས“ཁ་སང་ནི་ཚེས་ཆེན་བཅོ་ལྔ་རེད། བསྐངས་པ་བསྐང་གསོ་རེ་མ་བྱས་ན། སྔོན་མ་སྐྱེས་དྲགས་ན། གཞུག་མ་འཆི་མི་ཐུབ་ཟེར་བའི་དཔེ་ཡོད། ང་གཉོམ་ཆུང་ཡིན་རུང་མཐུ་ནུས་པ་ཅན་གྱི་དཔོན་རྒྱུད་ཡིན་པས། ད་བར་དུ་དུས་ཆེན་རེ་རེར་བསྐང་གསོ་ཆད་མ་མྱོང” ཞེས་སྐད་གདངས་དམའ་མོས་བཤད།
སྐབས་དེར། ངས་རང་གི་ཕྱིར་ཡོང་མེད་པའི་ཨ་མྱེ་ཡིད་ལ་དྲན་ཏེ། ང་ཡང་མཐུ་ནུས་པ་ཅན་གྱི་དཔོན་རྒྱུད་ཡིན་ཞེས་བཤད་འདོད་མོད། བསྲན་དཀའ་བའི་ན་ཟུག་ཅིག་གིས་སེམས་གཏམ་དེ་ཕྱིར་མིད་པ་ཡིན།
  “བསྐང་གསོ་བྱེད་དུ་ཐག་རིང་ཞིག་ལ་འགྲོ་དགོས་སམ། སྡེ་པའི་མ་ཎི་ཁང་མེད་དམ། ལབ་ཙེ་སྒང་མེད་དམ། དོན་དངོས་སུ་ཁྱོད་རང་གང་ལ་སོང་བ་ཡིན། རྗེས་ནས་འགྲོ་ན་ང་ཡིན་གཅིག་མིན་གཉིས་ཁྲིད་རོགས། ཁྱེད་ལོ་ལོན་ཞིག་ཁེར་འགྲོ་བྱས་ན། གང་ནས་འཆི་བའང་ཤེས་རྒྱུ་མ་རེད”ཅེས་ནན་ཞུ་བྱས།
  “ཆོག་གི། ཁྱོད་ལ་རེ་བ་དེ་འདྲ་ཡོད་ན། ཁྱོད་ཀྱིས་བསང་རྫས་དང་མཆོད་རྫས་གྲ་སྒྲིག་བྱོས་དང་། རྗེས་ནས་ངས་ཁྱོད་འཁྲིད་ཁོ་ཐག་ཡིན”ཟེར་བཞིན་ཁ་བརྡ་གཞན་གྱི་མགོ་བསླངས།
  སློབ་སྐབས་གཅིག་གི་དུས་ཡུན་དེ་ཨ་ཁུ་རྟ་མགྲིན་གྱི་གནའ་གཏམ་དང་སློབ་བུ་ཚོའི་འདོན་དབྱངས་ཁྲོད་དུ་རྫོགས་ལ། ངའི་མི་ཚེ་ཡི་གོམ་ཆེན་དང་པོ་ཡང་ཁོ་དང་འགྲོགས་ཏེ་སྤོ་ཐུབ་བྱུང་། མི་ཞིག་ལ་མཚོན་ན། འདུ་ཤེས་གསོ་སྐྱོང་བྱེད་པ་ནི་ཡོན་ཏན་ཀུན་གྱི་གཞི་མ་ཡིན་པས། ཁོ་ཡི་སློབ་སྟོན་ནི་ང་ཡི་ལམ་སྟོན་གྱི་སྒྲོན་མེ་ལྟར་གྱུར་ཏེ་དཀར་ནག་གོ་ལྡོག་པའི་འཇིག་རྟེན་གསལ་པར་བྱས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཕོ་བ་གྲོང་འཇུག༡

2012-04-26 ཚེ་ལོ་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།