བརྡ་ཡིག་འབྱོར་བྱུང་།

ཤག་ཚང·བཀྲ་སྒྲོལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-03-30

  “ཨ་ཁ་ཁ། བུ་མོ་འདིས་རང་གིས་རང་གི་སྐྱིད་བསྐལ་བརླགས་བཏང་ནི་རེད”ཨ་ནེ་སྒྲོན་འཚོས་ཆོན་ཐག་གི་སྣེ་མོ་ནས་ལག་ཏུ་ཡིག་འཕྲིན་གཅིག་བཟུང་ནས་རྨ་ཆུའི་ཕར་ཁ་རུ་རྒྱང་ལྟ་བྱེད་བཞིན་མིག་མཐའ་ཆུ་མས་བརླན་ནས་བསྡད།
  ཞོགས་པའི་སྐྱ་འོད་ཡུན་གྱིས་རི་རྒྱབ་ནས་འཕྲོས་འོངས། རི་ལུང་ཀུན་ཏུ་སྨུག་པས་འཐིབས་ཤིང་སྤྲིན་གྱི་འདབས་མ་ལང་ལུང་འཁྱུར།  སྤྲིན་གྱི་མཚོ་མོ་དེའི་དབྱིངས་ན་རི་རྩེ་དང་རི་རྩེ་ནས་དལ་མོར་འཕྲོས་ནས་འོངས་པའི་ཉི་འོད་ལས་ཡོད་ཚད་གཡའ་དག་པར་འདུག། འཚོ་མོས་ལྡང་རའི་ནང་དུ་བཏགས་ནས་ཡོད་པའི་བཞོ་ཟོག་དག་མངགས་ཏེ་ཕྱིར་སྦྲ་ནང་དུ་འཛུལ་ནས་“ཨ་མ ད་ཡར་ལ་ལོངས་དང་།  ཇ་ཞིག་འཐུང་རྗེས་འེད་གཉིས་ལམ་ལ་འབུད་རྒྱུ་བྱ”ཅེས་འབོད་ཞོར་ཐབ་ཀྱི་ཇ་དེམ་ནང་ལ་ཆུ་ཕོར་གང་བསྣན།
ཨ་མ་བདེ་སྐྱིད་ལ་ཆམ་ནད་ཕོག་ནས་ཉིན་འགའ་འགོར་སོང་། ད་ཅུང་ཙམ་ཇེ་དགའ་རུ་ཡོང་ཡོད་མོད་འཚོ་མོས་རྫོང་དུ་སྨན་པར་སྟོན་དུ་འགྲོ་བའི་ཨུ་ཚུགས་བསྐྱངས། ཁྱིམ་ཚང་འདིར་བུ་ཕྲུག་གཉིས་ཡོད་པ་ནི་འཚོ་མོ་དང་མོའི་ཕུ་བོ་ཕུན་ཚོགས་གཉིས་རེད། ཁོང་གཉིས་སེམས་ཤེས་དུས་ནས་བཟུང་ཨ་ཕ་རྒྱ་ཁོ་ནི་ཆང་གི་བྲན་གཡོག་ཏུ་གྱུར་ཡོད་ཅིང་ཉིན་མཚན་ཀུན་ཏུ་ལག་ཏུ་ཆང་དམ་ཞིག་ཐོག་ནས་འདུག་པ་ལས་ཁྱོམ་ཚང་གི་བྱ་བ་ལ་ཁ་ཡ་གཏན་ནས་མི་བྱེད། ཁྱིམ་གྱི་དོན་དག་ཆེ་ཆུང་ཡོད་ཚད་ཕལ་ཆེར་ཨ་མ་ཡིས་དང་དུ་བླངས་བ་ཡིན། ཨ་མའི་ལུས་པོ་དེ་འདྲའི་བདེ་ཐང་ཞིག་མིན།  ཨ་ནེ་སྒྲོན་འཚོས་བཤད་པ་ལྟར་ན་ཨ་མ་ལོ་ན་གཞོན་པའི་དུས་སུ་རྟ་གོང་ནས་ཐང་ལ་ལྷུང་བས་མགོ་བོར་སྐྱོན་ཕོག་ཅིང་སྐབས་དེར་སྨན་ལ་དེ་འདྲའི་བྱང་མཁན་མེད་ལ་ཡོད་རུང་སྨན་རིན་དཀོན་པས་སྨན་པར་སྟོན་པའི་དུས་ཚོད་འགོར་འགྱངས་བྱས་ཏེ་མཐར་ནད་རོ་ལུས་པ་རེད་ཟེར། དེར་བརྟེན་ད་སྐབས་ཡིན་རུང་ལན་རེར་འགོ་བོར་ན་ཟུག་རྒྱག་ནས་གཟོད་དཀའ་ལ་དངོས་པོ་གང་མཐོང་གང་སར་འཕེན་པ་དང་ལན་རེར་དྲན་པ་རྨོངས་ནས་སྔ་དྲོར་གང་ལས་ཕྱི་དྲོར་བརྗེད་ཀྱིན་འདུག  ཨ་ནེ་ཡིས་ད་དུང་བཤད་རྒྱུར་གལ་སྲིད་རྟ་བོ་དེས་ཁྱེད་ཅག་གི་ཨ་མ་སྡུག་ལ་སྦྱར་ནི་མིན་ན་མོ་ཡང་ཁྱེད་ཚོའི་ཨ་ཕ་འདྲ་བའི་ཆང་རྒན་ཞིག་དང་འགྲོགས་ནས་ཚེ་གང་བོ་བརླགས་དགོས་ནི་མ་རེད། འོན་ཀྱང་འདི་མོའི་ལས་རེད། སུ་ཡིན་རུང་བཅོས་ཐབས་ཡོད་ནི་མ་རེད་ཞེས་ཟེར་མྱོང་། ཡིན་ཏེ། སྐྱེས་གཟུགས་ཀྱི་ཐད་ནས་བཤད་ན་ཨ་མ་བདེ་སྐྱིད་ནི་རུ་སྡེ་འདིའི་མཛེས་མའི་ཏོག་ཅིག་ཏུ་བརྩི་མོད་མོའི་ནད་རོ་འདི་ཡིས་ཨ་ཕ་རྒྱ་ཁོ་འདྲ་བའི་ཆང་རྒན་ཞིག་ལས་གཞན་དང་ལས་འཕྲོ་མ་བྱུང་།
  ཨ་མ་བདེ་སྐྱིད་མལ་ལས་ལངས་ཏེ་གསར་ཇ་འཐུང་གིན་འདུག འཚོ་མོས་རྒྱབ་ཁུག་ནང་དུ་ཆུར་བ་ཁུག་མ་གང་བསྡུས་ཏེ་རྫོང་དུ་འགྲོ་བར་འཁོ་བའི་དངོས་པོ་དག་སྟ་གོན་བྱས་རྗེས་སྦྲ་ནག་གི་ཧྲག་འདབས་ནས་ཨ་མ་ལ་བལྟ་ཙམ་བྱས་མོད་མོས་ད་དུང་འཐུང་ནས་ཚར་མེད་པས་དོ་འོག་ཏུ་སྦས་ཡོད་པའི་པར་ཁུག་དེ་ལངས་ནས་དེའི་གསེང་གི་ཁོག་སྟོད་ལས་མེད་པའི་བུ་ཆུང་ཞིག་གི་འདྲ་པར་ལངས་ཏེ་བལྟས་ནས་བསྡད་ཅིང་དྲན་འཛིན་གྱི་ངོས་སུ་རིམ་བཞིན་འདས་བའི་སློབ་རའི་སྣང་བསྙན་དེ་དག་ཤར་འོངས།
མོ་རང་སློབ་གྲྭར་འགྲོ་བ་ནི་ཁྱིམ་ཚང་གཞན་པའི་བྱིས་པ་ལྟར་འགྲོ་ཆོག་ཆོག་དང་ཡིན་ཆོག་ཆོག་ཅིག་མིན་ཏེ། ཨ་ཕ་དང་ཨ་མ་གཉིས་ཀྱིས་ཕུ་བོ་དང་མོ་གཉིས་ཀྱི་ནང་ནས་ཡང་ཡང་གདམས་གསེས་དང་རྩོད་འཁྲུག་བྱས་ཤིང་སློབ་ཡོན་གྱི་ཐད་ནས་ཀྱང་ཨ་ཕས་ཆང་རིན་བསམ་ནས་མངགས་མི་འདོད་པ་གང་མང་བརྒྱུད་ནས་མཐར་ཨ་ནེ་སྒྲོན་འཚོའི་ཁ་ལ་ཉན་ནས་ཨ་མའི་བསམ་ཐོག་ཏུ་ལྷུང་བ་རེད། ཨ་མའི་ནད་རོ་དེ་མ་འཕར་ཚེ་བུད་མེད་དག་གི་ཁྲོད་དུ་མཛངས་མའི་ལས་གསུམ་སྟེ་བཟང་བྱམས་ཡག་གསུམ་འཛོམས་ས་ཞིག་ཡིན། མོའི་རིག་པ་གསལ་བའི་དུས་སུ་ནམ་རྒྱུན་འཚོ་སྐྱིད་ལ་སློབ་གྲྭ་ནས་སློབ་ལ་བརྩོན་དགོས་པ་དང་ཁྱིམ་གྱི་གནས་ཚུལ་ཇི་འདྲའི་ཐབས་སྡུག་ཅིག་ཏུ་གྱུར་རུང་མོ་རང་སློབ་གྲྭར་བསྐྱལ་ཁོ་ཐག་ཡིན་རབ་སོགས་མང་པོ་གླེང་ངེས། དེ་སོགས་གྱིས་འཚོ་མོ་ཁྱིམ་མི་ཀུན་ལས་ཨ་མ་ལ་ལྷག་ཏུ་དགའ་ཞིང་བཀུར། ཨ་མའི་རེ་བ་དེ་སྟོང་ཟད་དུ་མི་གཏོང་བའི་ཆེད་དུ་མོས་སློབ་རའི་ནང་དུ་དམིགས་པ་རྩེ་གཅིག་གིས་སློབ་ལ་འབད། ཁྱིམ་ཚང་གི་ཆ་རྐྱེན་འུ་ཐུག་པས་མོས་དགོས་མེད་ཀྱིས་སྒོར་མོ་བརླགས་མི་སྲིད། མོ་ཡི་སྐྱེས་གཟུགས་ཨ་མའི་རྒྱུན་སྐྱོང་བས་ཤ་མདངས་དཀར་མིག་མདངས་བཀྲ་ཞིང་གཤིས་རྒྱུད་འཇམ་ལ་རྒན་བཀུར་ཆུང་བྱམས་བྱེད་མཁན་ཞིག་ཡིན་པས་སྡེ་བ་ཀུན་ཏུ་མོ་ནི་ཡུལ་མི་ཚོའི་ཁ་རུ་འདོན་བཞིན་པའི་བུ་མོ་མཆོག་གྱུར་ཅིག་ཡིན། ཡིན་མོད། མོ་ལ་སྐྱེས་གཟུགས་དེ་དང་འཚམས་པའི་ཤེས་རིག་རྣོན་པོ་ཞིག་མེད་དེ། མོས་བསླབ་བྱ་གང་ཡིན་ཚང་མར་བློ་མ་སྒྲིམ་པ་ཞིག་མེད་མོད། མཐར་དེར་བསྟུན་གྱི་མཇུག་འབྲས་ཤིག་ལོན་མ་མྱོང་། སློབ་ཆུང་དུ་མཇུག་འབྲས་ཞན་རུང་དགེ་སློབ་ཀུན་གྱིས་དེ་འདྲའི་དོ་སྣང་མི་བྱེད་ལ་ཚང་མས་བྱིས་བློ་ཇེ་ཆུང་དང་ལོ་ན་ཇེ་ཆེ་རུ་སོང་ཚེ་སྦྱངས་འབྲས་ལའང་དེར་བསྟུན་གྱིས་ཡར་ཐོན་འོངས་བར་འདོད་ནས་ཡོད། འཚོ་མོ་རང་གིས་ཀྱང་དེ་ལྟར་འདོད་མྱོང་། སློབ་འབྲིང་ལ་ཞུགས་ཚེ་མ་གཞི་ནས་སློབ་གྲྭར་ཞུགས་འགོ་འཕྱི་བས་ལུས་པོའི་སྐྱེས་འཕེལ་སློབ་གྲོགས་གཞན་དང་བསྡུར་ན་དེ་བས་ཀྱང་སྔ་བས་མོ་ནི་འཛིན་གྲྭའི་ཁྲོད་དུ་ལོ་ན་ཆེ་ཤོས་སུ་གྱུར་ཡོད། དེར་བརྟེན་འཛིན་གྲྭ་སྤྱིའི་རྩེད་མོའི་ཁྲོད་དུ་མོ་ནི་ནམ་ཡང་དམིགས་སུ་ཡོད་པས་མཐར་ཚོགས་པའི་ནང་དུ་ཞུགས་མི་འདོད་པར་ཁེར་རྐྱང་གི་ཚུལ་དུ་ལུས། དེ་ལྟར་གྱི་ཁོར་ཡུག་ཅིག་གིས་མོ་ལ་སློབ་སྦྱོང་བྱེད་པའི་མཁའ་དབུགས་ལེགས་པོ་ཞིག་བསྐྲུན། མོའི་སྡུག་རུས་ལ་དགེ་རྒན་དག་གིས་གཟེངས་བསྟོད་དང་སློབ་གྲོགས་རྣམས་གྱིས་ཡིད་སྨོན་བྱེད། འོན་ཀྱང་ཡིད་ཕངས་པ་ཞིག་ལ་ངལ་ཡོད་འབྲས་མེད་ལྟར་མོའི་བརྩོན་པ་ལ་རྒྱུགས་འབྲས་ཀྱིས་ཕྱིར་ལན་སྟེར་མ་མྱོང་། མོ་ལའང་ཡིད་ཕམ་པའི་སེམས་པ་ཡོད་མོད་སེམས་ཁམས་དེ་གུང་གསེང་གི་སྐབས་སུ་ལུག་རྫི་རུ་འགྲོ་དུས་མ་གཏོགས་རྒྱུན་ལྡན་དུ་ཕྱིར་མངོན་མ་མྱོང་།
  དེ་ནི་དམའ་འབྲིང་སྐབས་ཀྱི་དབྱར་གནང་ཞིག་ཏེ། ཆར་ཞོད་འབབ་པའི་ཉིན་མོ་དེར་འཚོ་མོས་གང་ནུས་ཀྱིས་ལུག་ཁྱུ་སྐོར་ནས་ཤར་དུ་མ་བཅུག་པར་བསྡད་མོད་གློག་ཞགས་འཁྱུག་ཐེངས་གཅིག་གིས་ལུག་ཁྱུ་འདྲོགས་ནས་རྨ་ཆུའི་འགྲམ་བརྒྱུད་དེ་ཆུའི་སྟོད་ཕྱོགས་སུ་བྲོས། འཚོ་མོས་ཆར་རླུང་འདྲེས་མའི་ཁྲོད་དུ་སྐྲག་སྣང་དང་བཅས་ནས་སྐུ་འབོད་བྱས་མོད་སྔོན་མ་ཁོགས་པས་ཐབས་ཟད་དེ་རྗེས་དེད་ནས་རྒྱུགས། ལུག་ཁྱུའི་རྗེས་ཆོད་དུས་ཆུ་སྟོད་སྡེ་བའི་ཁྲོ་ཁོའི་ས་ཐོག་ཏུ་ཐོན་འདུག ལུག་ཁྱུ་རྨ་ཆུའི་སྐེད་ཞབས་ཤིག་ན་བསྡད་འདུག་པར་མོས་སྤྲོ་བ་སྐྱེས་བཞིན་ལུག་མཐའ་བསྐོར་ནས་ཕྱིར་འདེད་རྩིས་བྱས་དུས་ད་གཟོད་ལུག་ཁྱུའི་སྔོན་འགོག་མཁན་གྱི་སྐྱེས་པ་དེ་མཐོང་བྱུང་། ཆར་ཞོད་ཁྲོད་དུ་ཁོའི་ངོ་གདོང་གསལ་བོ་ཞིག་མི་མཐོང་ལ་ཕར་བལྟས་ན་གཟུགས་མོ་དང་ཕལ་ཆེར་འདྲ་མཉམ་ཞིག་རེད། ཁོས་དབུགས་ལམ་འཚང་བཞིན་མོ་ལ་“འདི་་་་་  འདི་ཁྱེད་ཀྱི་ལུག་ཡིན་ནམ་”ཞེས་དྲིས། མོས་ཕྱིར་ལན་དུ་མགོ་བོ་སྒུར་སྒུར་བྱས། སྐྱེས་པ་དེས་འཛུམ་ཞིག་མངོན་ནས་ལུག་ཁྱུའི་ཁ་ཕྱིར་སྐོར་ཏེ་འཚོ་མོ་ཚང་གི་ས་སྟེང་དབར་དུ་འདེད་རོགས་བྱས་ནས་ཕྱིར་བུད་སོང་། ཉིན་དེའི་རྗེས་སུ་འཚོ་མོས་ལུག་ཁྱུ་ལ་ཆུ་བླུད་པའི་སྐབས་སུ་རྣམ་རྒྱུན་ཁོ་དང་འཕྲད་ངེས་ལ་ཐེངས་འགའི་གླེང་མོལ་ལས་ཁོ་ནི་ཆུ་སྟོད་སྡེ་བར་ཡུལ་མི་ཀུན་གྱིས་ཕྱུགས་ལྡན་ཚང་དུ་འབོད་པའི་བསོད་གྲགས་ཚང་གི་བུ་ཡིན་པ་ཤེས། ཁོའི་མིང་ལ་བད་ཁོ་ཟེར། སྐྱེས་གཟུགས་མཆོག་གྱུར་ཅིག་མེད་ནའང་གཤིས་རྒྱུད་བཟང་ཞིང་བསམ་པ་དཀར་ལ། མོ་ལ་དེ་བས་ཀྱང་བཟང་། དེར་བརྟེན་འཚོ་མོས་རང་སེམས་སུ་ཡོད་པའི་སྡུག་བསྔལ་དང་སེམས་ཁྲལ་ཡོད་ཚད་ཁོ་ལ་གཅིག་གཅིག་གཉིས་གཉིས་ཀྱིས་ཡོད་ཚད་ལྷུག་པར་བརྗོད། བད་ཁོས་གང་ནུས་ཀྱིས་མོའི་ངལ་ཡོད་འབྲས་མེད་ཀྱི་སྡུག་པ་ཐང་དུ་འཇོག་པར་སེམས་གསོ་དང་ངལ་བ་ཆད་མི་རུང་བ་སོགས་ཀྱི་སྐུལ་མ་གང་མང་བྱས། འཚོ་མོས་ཁོང་གཉིས་ཀྱི་ཁ་བརྡ་ལས་ཁོ་ཡང་ཆུང་དུས་ནས་སློབ་གྲྭར་འགྲོ་བའི་འདུན་པ་ཡོད་མོད་མཐར་ཁྱིམ་དུ་མི་རྒྱུས་མེད་པས་ཕྱུགས་རྫི་རུ་གྱུར་བ་ཤེས། བད་ཁོ་ཚང་ནི་རྨ་ཆུའི་འགྲམ་གྱི་རུ་སྡེ་ཁག་གི་ཁྲོད་དུ་ཕྱུགས་ཁ་དར་བའི་ཁྱིམ་ཚང་ཞིག་ཡིན་པ་མ་ཟད་མི་ཁའང་དར་ས་ཚང་ཞིག་ཡིན། ཁོ་ནི་ཁྱིམ་གྱི་བུ་ཆེ་ཤོས་ཡིན་པས་ཕྱུགས་རྫི་རུ་གྱུར་བ་མ་གཏོགས་ཁོ་ལ་སྲིང་མོ་གཉིས་ཡོད་པ་གཅིག་ནི་འཚོ་མོ་ལས་ལོ་གཉིས་ཀྱིས་ཆེ་ཡིན་པ་དང་གཅིག་ནི་མོ་དང་ན་མཉམ་ཡིན། དེ་གཉིས་ཀ་སློབ་གྲྭར་ཞུགས་ཀྱིན་ཡོད་ལ་ཆེན་མོ་ན་ནིང་སི་ཁྲོན་མི་རིགས་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་ཆུང་བ་དེས་མཐོ་འབྲིང་ལོ་རིམ་གཉིས་པ་འདོན་བཞིན་ཡོད། འཚོ་མོས་ཁོང་གི་སྲིང་མོ་གཉིས་ཀྱི་ལས་དང་རྣམ་དཔྱོད་ལ་ཡིད་སྨོན་བྱ་ཞིང་རང་གི་རིག་རྟུལ་ལ་ཚུགས་པ་ཟ། ཁོང་གཉིས་ཕྱུགས་རྫིར་འོངས་ཉིན་རེ་རེར་ལྷན་དུ་འགྲོགས་ནས་ཁ་བརྡ་རེ་བྱས་ཏེ་དབྱར་གནང་དེ་དང་དམའ་འབྲིང་གསུམ་པའི་དགུན་གནང་གཉིས་ཀ་ལུག་ཁྱུའི་རྗེས་ནས་ཁོ་དང་འགྲོགས་ནས་རོལ། དུས་ཚོད་ཀྱི་བཞུར་རྒྱུན་དང་བསྟུན་ནས་ཁོང་གཉིས་ཀྱི་སེམས་ངོས་སུའང་བརྗོད་ཐབས་བྲལ་བའི་བརྩེ་བ་ཞིག་ཆགས་ཡོད།
  ད་ལོ་འཁོར་གཅིག་འགོར་ནས་སླར་ཡང་དབྱར་ཟླ་དྲུག་པ་འགྱངས་ཟིན། ན་ནིང་ཁོང་གཉིས་ཆར་ཉིན་དེ་ནས་ངོ་འཕྲད་བྱུང་ཞིང་ད་ལོ་འཚོ་མོ་དབྱར་ཟླར་འགྲོགས་ནས་རྒྱུགས་རར་ཞུགས། མོ་མཐར་ཕྱིན་ནས་ཕྱིར་འོངས་དུས་ངོ་མདོག་དེ་འདྲའི་ཡག་པོ་མི་འདུག ཨ་མ་དང་ཕུ་བོ་སོགས་ཀྱིས་མོ་ལ་རྒྱུགས་ལངས་པའི་གནས་ཚུལ་འགའ་དྲིས་མོད་མོ་ཁ་རོག་གེར་བསྡད་ནས་ལན་ཅི་ཡང་མ་ཕྱིན།མོས་གཟས་ནས་གནས་ཚུལ་གསང་བ་མིན་ཏེ་ནན་གྱིས་བཤད་ན་མོ་ལའང་དེ་འདྲ་འདི་འདྲ་ཞེས་གླེང་རྒྱུ་མི་འདུག རྒྱུགས་ཤོག་སྟེང་གི་དྲི་གཞི་དེ་དག་མིག་ལམ་དུ་ཤར་ཐེངས་རེ་རེར་མོ་ལ་བརྗོད་མི་ཤེས་པའི་ཚོར་སྣང་རེ་དང་བློ་མི་བདེ་བའི་སེམས་ཁམས་རེ་ཡོད་པ་དེ་དག་མོས་ཁྱིམ་མི་སུ་ལའང་མ་བཤད། ཁ་སང་འཚོ་མོ་ལུག་རྫི་རུ་སོང་དུས་སྔར་བཞིན་བད་ཁོ་དང་ངོ་འཕྲད་བྱས། ཁོ་ནི་སྔར་བཞིན་ཞི་ཞིང་དུལ། ཁོས་འཚོ་མའི་ངོ་མདོག་མཐོང་རྗེས་ཁོ་མོའི་རྒྱུགས་ཀྱི་གནས་ཚུལ་ཡང་ཕལ་ཆེར་ཙམ་ཞིག་ཁོག་ལ་ངེས། ཡིན་མོད་སྔར་བཞིན་སེམས་ཆུང་ངང་མོ་ལ་རྒྱུགས་ཀྱི་གནས་ཚུལ་དྲིས། མོ་ཡུན་རིང་ཞིག་ལ་ཁ་རོག་ཏུ་གནས་ནས་མཐར་སེམས་སུ་བཅུག་ཡོད་པའི་སེམས་ཁུར་ཡོད་ཚད་ཁོ་ལ་བཤད། མོས་མ་གཞིར་བཤད་ཚར་རྗེས་ཁོ་བོས་ཡར་སྔོན་ལྟར་སློབ་གསོ་དང་ཡིད་ཆེས་གནང་བར་སེམས་མོད་སྒུག་ཡོང་བ་ནི་མོའི་བློ་ཡུལ་འདས་ཤིང་ཅི་བྱ་གཏོལ་མེད་ཀྱི་ཚུལ་དུ་གནས་སུ་བཅུག བད་ཁོས་འཚོ་མོའི་སྨིན་མ་གཉིས་བསྡུས་ཏེ་ཐང་ཆད་པའི་ཉམས་འགྱུར་དེ་ལ་བལྟས་ནས་མོའི་སེམས་ཁྲལ་ཡོད་ཚད་རང་ལ་ལྷུག་པར་བརྗོད་པ་དེ་ལ་ཉན་ནས་མཐར་སྤོབས་པ་ཡོད་ཚད་ཀྱིས་མོ་ལ་བརྗོད་འདོད་ཀྱང་བརྗོད་མ་ཕོད་པར་རང་སེམས་སུ་སྐུངས་ནས་བསྡད་པའི་སྐད་ཆ་དེ་བཤད། “འཚོ་མོ ངའི་ཆུང་མ་བྱོས་རེ།”བད་ཁོའི་སྐད་ཆ་འདི་ན་ནིང་གི་དབྱར་ཟླ་དེ་ནས་སེམས་སུ་བཟུང་ནས་ད་བར་དུ་འོངས་པ་ཡིན། ཐེངས་དེའི་ཆར་ཉིན་དེར་ཆར་ཆུས་བརླན་ཞིང་།རྒྱུགས་ཐག་རིང་བས་དབུགས་འཚང་རྒྱགས་བཞིན་པའི་འཚོ་མོར་འཕྲད་པ་ནས་བཟུང་བུ་མོ་དེ་ཁོང་གི་སེམས་ཁོངས་ཀྱི་ཆེས་གཏིང་རིམ་ཞིག་ཏུ་བཅུག་ཀྱང་མི་སུས་ཀྱང་མི་ཤེས་ལ་མི་སུ་ལའང་བཤད་མ་མྱོང་། ཉིན་དེ་ནས་བཟུང་ཁོས་ཉིན་རྒྱུན་རང་ཚང་གི་རྩྭ་སའི་སྟེང་གི་ཆུ་རྒྱུན་དེ་བསྐོར་ནས་རྨ་ཆུའི་འགྲམ་དུ་ཟོག་ལ་ཆུ་བླུད་པར་སོང་སྟེ་མོ་དང་འཕྲད་པའི་གོ་སྐབས་བསྐྲུན་པ་ཡིན། མོ་དང་འཕྲད་པ་ནས་བཟུང་ཁོས་ཐེངས་དང་པོར་ལོ་ངོ་བཅུ་ཕྲག་ཁ་ཤས་སུ་ཉིན་བཞིན་བསྐྱར་ཟློས་བྱེད་པའི་ཕྱུགས་རྫི་དེ་དེ་འདྲའི་སྤྲོ་སྣང་ལྡན་ཞིང་དོན་སྙིང་ལྡན་པ་ཞིག་ཡིན་པར་འདོད། ཁོས་ནམ་རྒྱུན་འཚོ་མོས་རང་ལ་སེམས་ཁྲལ་དེ་དག་དང་སློབ་རའི་ནང་གི་དོན་ཕྲན་དེ་དག་རང་དང་མཉམ་པར་མྱོང་བའི་རྣམ་པ་དེ་དག་ཡིད་ལ་ཤར་ཚེ་རང་གཅིག་པུར་ལུས་རུང་སེམས་ལ་དྲོད་འཁོར་སྐྱེས་སྲིད། དེ་རིང་མ་གཞི་མོ་ལ་སྔར་ལྟ་བུའི་རྒྱུགས་འབྲས་ཐད་ཀྱི་རེ་བ་དང་སྐུལ་མ་སྦྱིན་འོས་མོད་མཐར་སེམས་གཏིང་གི་སྐད་ཆ་དེ་དྲན་དབང་མེད་པར་ཁ་ནས་ཤོར་སོང་། འཚོ་མོས་སྐད་ཆ་དེ་ཐོས་རྗེས་དེ་གར་ཅུང་ཧང་འཐོར་ནས་བསྡད། མོས་ཀྱང་བརྩེ་བ་འདི་ལུས་ཤེས། ཕལ་ཆེར་ལོ་གཅིག་འགོར་ཟིན། ལོ་ཡར་སོན་ནས་འདི་དབར་དུ་སེམས་ཀྱི་དཀྱིལ་འཁོར་དུ་བཟུང་ནས་བསྡད་པའི་སྐྱེས་པ་ཞིག་ཁོ་མ་གཏོགས་སུ་ཡང་མེད། ཡིན་མོད་སློབ་སྦྱོང་གི་སྣོན་ཤུགས་ཀྱིས་བརྩེ་བ་འདི་ལ་འདང་གཟབ་ནན་ཞིག་བརྒྱབས་མ་མྱོང་། ད་ལྟ་རྒྱུགས་ཀྱི་ཁུར་བོ་ཐང་ལ་བཞག་ཚར། མོས་མ་གཞི་ནས་རྒྱུགས་འབྲས་ལ་རེ་བ་སྐྱོང་མེད་ལ་ཆུང་དུས་ནས་རེ་བ་ཞིག་ཡོད་ཀྱང་མ་མྱོང་། ད་ཐེངས་ཀྱང་དེ་བཞིན་། བད་ཁོས་མོས་ཁ་མི་གྲགས་པར་ཡུན་རིང་འགོར་བར་བལྟས་ནས་ཅུང་དོགས་མི་བདེ་བའི་ངང་ནས། “འཚོ་མོ མ་གཞི་ངས་ཁྱེད་ལ་ཡར་སྔོན་ནས་འདྲི་འདོད། འོན་ཀྱང་ཁྱེད་ནམ་རྒྱུན་རང་གི་སེམས་ཁྲལ་ལ་ལྷུང་བས་ང་ལ་དེ་འདྲའི་གོ་སྐབས་མ་བྱུང་། དེ་རིང་ངས་ཁྱེད་ལ་འདི་ལྟར་བཤད་དོན་ནི་ཁྱེད་ཀྱི་སེམས་ཁམས་མི་སྐྱིད་པས་ཁ་མཚར་ཙམ་གཏན་ནས་མིན། ”ཞེས་ནན་ཏན་གྱིས་མོ་ལ་བཤད། འཚོ་མོའི་སེམས་སུ་དེ་ངས་ལུས་ཤེས་སེམས་གྱིན་སྔར་བཞིན་ཁ་རོག་གེར་བསྡད། བད་ཁོས་མུ་མཐུད་དུ་“ད་ཁྱོད་མཐར་ཕྱིན་སོང་ནི་རེད། མུ་མཐུད་དུ་སློབ་གྲྭར་སོང་ན་དེ་འདྲའི་འཚམ་པོ་རེད་མི་བསམ་གི ངས་འདི་ལྟར་བཤད་པར་ཁྱེད་རང་ཁོང་ཁྲོ་མ་ལངས། ཁྱེད་ཀྱི་སྐྱེས་གཟུགས་ཁྱེད་ཚང་གི་ཨ་མའི་རྒྱུད་དེད་པའི་མཆོག་ཀྱང་མཛེས་ལ་ཁྱེད་ཀྱི་རྣམ་རིག་ཀྱང་ཕལ་ཆེར་རང་གི་ཨ་མའི་ནད་རོ་ཡི་རྒྱུད་དེད་འདུག འོན་ཀྱང་འདི་ཚང་མ་འུ་ཅག་གི་བསྒྱུར་ཐུབ་པ་ཞིག་མིན་ཏེ། མི་རེ་ལ་ལས་རེ་དང་ལས་རེ་ལམ་རེ། ཁྱེད་ཚང་གི་ཆ་རྐྱེན་གྱིས་ཁྱོད་ད་དབར་དུ་སློབ་གྲྭར་བསྐྱལ་བ་འདི་ལས་སླ་མོ་ཞིག་མ་རེད།  ཁྱིམ་ན་ཁྱོད་མ་གཏོགས་ད་དུང་རང་གི་ཕུ་བོའང་ཡོད་གི ཡོད་ཚད་ཁྱེད་ཀྱི་ཆེད་དུ་བཏང་ཚར་ན་ཕུ་བོས་ཅི་ཞིག་གིས་འཁོར་བ་འཛིན། གལ་སྲིད་ཁྱེད་རང་འཇོན་ཐང་ཅན་ཞིག་ཏུ་གྱུར་ནས་ཕྱིར་ཕན་ཞིག་ཐོག་ན་འགྲིག་འདུག འོན་ཀྱང་ཁྱེད་ཀྱི་སེམས་ཁྲལ་དང་གནས་བབ་ལ་བལྟས་ན་དེ་སྲིད་དམ། ངས་ཁྱོད་ལོ་གཅིག་ལ་སྒུག་ཟིན། ངས་ད་དུང་སྒུག་ཆོག འོན་ཀྱང་ངས་རེ་སྒུག་བྱ་དགོས་ན་རེ་བ་སྟོང་ཟད་བྱ་མི་ཆོག ”ཅེས་ཁོའི་སེམས་གཏམ་ཡོད་ཚད་ལྷུག་པར་བརྗོད། འཚོ་མོས་སྐད་ཆ་དེ་དག་རང་སེམས་ནས་ཡང་ཡང་བསྐྱར་ཟློས་བྱས། རེད་ཡཱ། གལ་སྲིད་ང་རང་མུ་མཐུད་དུ་སློབ་གྲྭར་ཞུགས་ན་ཨ་མའི་རྒྱབ་སྐྱོར་བྱེད་ཁོ་ཐག་ཡིན་ངེས། ཕུ་བོ་ལའང་ལེ་བདའ་ཅུང་ཡོད་མི་སྲིད། འོན་ཀྱང་མཇུག་མཐར་ངས་ཁོང་ཚོར་ཅི་ཞིག་སྟོན་དགོས་སམ། ཨ་ཕས་ནམ་རྒྱུན་མར་ཆུར་ཆང་ལ་བརྗེ་བ་ཕར་བཞོག་ངས་ལོ་རེ་ཟླ་རེ་བྱས་ནས་ཁྱིམ་གྱི་གསོག་འཇོག་ཡོད་ཚད་ཟད་དུ་བཅུག་ཚེ་ཕུ་བོས་ཅི་ཞིག་གིས་འཁོར་བ་བསྐྱང་ངམ། མིག་མདུན་གྱི་སྐྱེས་པ་འདི་ནི་རང་ལ་མོས་ཤིང་རང་ཡང་ཕར་ལ་མོས་ས་ཞིག་ཡིན་ཏེ། གལ་སྲིད་ཁོ་དང་འགྲོགས་རྒྱུ་བྱུང་ན་ཕ་མ་གཉིས་ཀས་ཀྱང་རང་གི་འཚོ་བ་ལ་དེ་འདྲའི་སེམས་ཁུར་བྱེད་མི་སྲིད། དེའི་མི་ཚད་ཁོས་མི་གཞན་པ་ལྟར་ཤོ་མི་རྒྱག་ལ་དུ་བའང་མི་འཐེན། ཨ་ཕ་ལྟར་ཆང་ཡང་མི་འཐུང་། གཤིས་རྒྱུད་འཇམ་ཞིང་རང་ལའང་གཅེས་པས་མི་འདི་འདྲ་ཞིག་དང་ཚེ་གཅིག་གི་ལས་གྲོགས་བྱུང་ན་སེམས་ཁུར་བྱེད་ས་ཅི་ཡོད་སྙམ། འཚོ་མོའི་དེ་ལྟར་གང་མང་ཞིག་ལ་འདང་རྒྱག་བཞིན་སྔར་བཞིན་སྐད་ཆ་ཅི་ཡང་མ་བཤད། བད་ཁོ་ཡར་ལངས་ཤོར་དུ་མོ་ལ་“སང་ཉིན་ང་རྗོང་ཐོག་རུ་སྐམ་ཟོག་བཙོང་དུ་འགྲོ་དགོས། དབྱར་ཟླ་ཚར་དུས་སྲིང་མོ་གཉིས་ཀར་སློབ་ཡོན་སྟེར་རན་ནི་རེད། ངའི་ཨ་ཕས་ཁ་སང་དགོན་པའི་ནང་དུ་ཨ་ལགས་ལ་སྐར་མ་བརྩི་རུ་འཇུག་ཡོད་ཐལ། ཉིན་བཞིའི་རྗེས་ནི་ཉིན་བཟང་བསྐལ་བཟང་གི་ཉིན་ཞིག་རེད་ཟེར་གི ངས་ཁྱོད་དེ་དུས་ངེད་ཚང་ལ་མནའ་མར་ལེན་བསམ་གི འཐད་མི་འཐད་ཁྱེད་ལ་ཐུག ངས་ཁྱེད་ཀྱི་ཐག་གཅོད་ལ་བརྩི་བཀུར་བྱ་ངེས།”ཞེས་ཟེར་རྗེས་དལ་མོར་ནོར་ཁྱུའི་ཁ་ཕྱིར་བསྐོར། འཚོ་མོའང་ཡར་ལངས་ནས་འདང་རྒྱག་ནང་ལྷུང་སྟེ་ལུག་ཁྱུའི་རྗེས་སུ་སོང་། ཁོང་གཉིས་རྒྱབ་གཏད་ནས་ཅུང་ཙམ་སོང་རྗེས་འཚོ་མོ་ཁ་ཕྱིར་འཁོར་ཏེ་ངོ་གདོང་ཅུང་དམར་པོར་གྱུར་ནས་“ཨ་རོགས ང་འོངས་ཆོག འོན་ཀྱང་བྲོས་མོ་བྱེད་པ་ལས་བག་མ་བྱས་ནས་འོངས་མི་ཐུབ། གལ་སྲིད་ཨ་མའི་ཕྲན་ཙམ་ཚོར་ཚེ་ང་གུ་ཡངས་སུ་གཏོང་སྲིད་ནི་མ་རེད།”ཅེས་བཤད། བད་ཁོས་མོའི་ཕྱིར་ལན་དེ་ཐོས་རྗེས་ངོ་ལ་སྐྱིད་པའི་འཛུམ་ཞིག་ཤར་ཀྱང་སེམས་སུ་སྤྲོ་བའི་འཚོ་མོ་འཁྱིལ། ཡིན་མོད་ཁ་ཕྱིར་འཁོར་དུས་རང་གི་རྣམ་འགྱུར་ལ་ཅུང་ཚོད་འཛིན་བྱས་ནས་མོ་ལ་“དེ་ལུས་ཆོག དེ་ཁྱེད་ཀྱི་ཁ་ལ་འཇོག འོ་ན་ཉིན་བཞིའི་རྗེས་ཀྱི་ས་སྲོད་ང་ཁྱེད་རང་ལེན་པར་འོངས། རང་གིས་དེ་ལྟར་གྲ་སྒྲིག་བྱོས”ཞེས་ཟེར། འཚོ་མོས་མགོ་བོ་སྒུར་ཙམ་བྱས་རྗེས་འཛུམ་བཞིན་ལུག་ཁྱུའི་རྗེས་སུ་རྒྱུགས།
  འཚོ་མོ་དང་ཨ་མ་གཉིས་ཀྱིས་ལམ་ནས་འགྲུལ་སྐྱེལ་རླངས་འཁོར་བཀག་སྟེ་རྫོང་ལ་ཕྱིན། ཕར་འགྲོ་ཚུར་འོངས་ཀྱི་མི་ཚོགས་ཀྱིས་ཁེངས་པའི་སྲང་ལམ་དུ་ཡོད་ཚད་རང་རང་ས་ཡི་དོན་ཆེན་ལ་འབད་ནས་བདེ་ལ་འབབ་ཀྱིན་མི་འདུག སྨན་ཁང་དུ་དེ་བས་ཀྱང་བཤད་ཅི་དགོས། སྨན་པས་ཨ་མ་བདེ་སྐྱིད་ཀྱི་ཆམ་ནད་ལ་ངེས་མཁོ་དང་རྒྱུན་སྤྱོད་ཀྱི་སྨན་འགའ་བྱིན་པ་ལས་ནད་རོ་ལ་དམིགས་པའི་སྨན་ཞིག་སྟེར་རྒྱུ་མ་བྱུང་། སྨན་པས་བཤད་རྒྱུར་“ཆམ་ནད་ལ་ཚབ་ཆེ་རྒྱུ་མེད་གི སྨན་འདི་དག་ཁྱེར་ནས་སོང་དང་རྩ་བ་སེལ་ཁོ་ཐག་ཡིན། ཡིན་མོད་ཁྱེད་ཀྱི་ནད་རོ་འདི་ལ་ཆེད་དུ་དམིགས་པའི་སྨན་ཞིག་ངས་ཀྱང་སྡེབ་མི་ཐུབ་གི”ཞེས་བཤད་པར་ཨ་མ་བདེ་སྐྱིད་ཀྱིས་ཕྱིར་ལན་དུ་“ཨོ་ཡྰ་ལགས དེ་ངས་ཀྱང་ཤེས། ད་ནད་འདི་བྱུང་ནས་མི་ཚེ་ཕྱེད་ཀ་ཡང་ཟིན་འདུག ང་རང་གི་ལས་ངན་སོང་ནི་རེད། འོན་ཀྱང་བུ་མོ་འདི་ཁ་ལ་མི་ཉན་པར་ཆེད་དུ་དམིགས་ནས་སྨན་པར་སྟོན་དུ་འོངས་པ་རེད། སྐྱོན་ཆེན་པོ་ཀྱང་ཡོད་ནི་མ་རེད། མི་ཚེ་ཕྱེད་ལ་ན་ནས་འོངས་མོད་འཆི་མ་ཐུབ་ཐལ། ད་རྒས་བཞིན་འདུག་དུས་འཆི་བྱེད་ཀྱང་ཉན་ནི་མ་རེད།”ཅེས་སྐད་མཐོན་པོས་སྨན་པ་དང་ལབ། འཚོ་མོས་སྨན་པའི་ལག་ནས་སྨན་དག་ལངས་ནས་“ཨ་མ ད་དྲག་དུས་ཤིག་ཡོད་ནི་རེད། ནད་གཅིག་གིས་ཚེ་གཅིག་འཛིན་ཅི་སྲིད། ནམ་ཞིག་སེལ་བའི་སྨན་ཞིག་ཡོད་ནི་རེད”ཟེར་བར་ཨ་མ་བདེ་སྐྱིད་ཀྱིས་འཚོ་མོའི་འགོ་བྱིལ་བྱིལ་བྱས་ནས་འཛུམ་གྱིས་མིག་མཐའ་འཆི་མས་འཁོར་ཏེ་“ཨོ་ཡྰ་མ་ལོ”ཞེས་བཤད། དེ་ནས་ཁོང་གཉིས་སྨན་ཁང་ནས་ཕྱིར་བུད་དེ་སླར་ཡང་འདུ་འཛིའི་ཁེངས་པའི་སྲང་ལམ་དུ་ཐོན། ལམ་བར་དུ་འཚོ་མོས་ཨ་མ་བདེ་སྐྱིད་ལ་“ཨ་མ སྨན་འདིའི་འཐུང་ཚུལ་ཤོག་བུ་འདིའི་སྟང་དུ་གསལ་བོར་དྲིས་ཡོད་གི། སྨན་པས་ཀྱང་ཁྱེད་ལ་གསལ་བོར་བཤད་ཡོད་ཐལ། རྗེས་ཕྱོགས་རང་གིས་དེ་ལྟར་འཐུང་རྒྱུ་བརྗེད་དུ་མ་འཇུག་གོ ”ཞེས་ཟེར་བར་ཨ་མ་འཚོ་མོས་“ཨོ་ཡྰ གལ་ཏེ་མ་ཤེས་ནའང་ཁྱོད་ཡོད་ནི་མིན་ནས། ”ཞེས་ལན་བཏབས་པར་འཚོ་མོས་ཐོས་རྗེས་སེམས་སུ་ཚ་ཤར་གཅིག་རྒྱུགས། ད་ཉིན་གསུམ་གྱི་སུ་རང་ཉིད་གནས་སུ་འབྲོ་རྒྱུ་ཡིན་པ་ཡིད་ལ་ཤར་ཚེ་ཨ་མ་ལྷག་ཏུ་སེམས་ནས་མི་ལྷུང་བ་ཞིག་རེད། མོས་ཨ་མ་ཟ་ཁང་ཞིག་གི་ནང་དུ་ཁྲིད་ནས་རང་ཉིད་ཀྱིས་རྒྱུན་དུ་འཐུང་བའི་བྱེ་ཐུགས་དེ་འཐུང་བར་སོང་། ཨ་མ་འཚོ་མོས་“ད་སྨན་ཁང་ནས་སྨན་རིན་མི་ཉུང་བ་ཞིག་ཤོར་ཐལ། རླངས་འཁོར་གྱི་གླའང་མཐོ་གི ད་ཡང་ཇ་ཞིག་འཐུང་ཚེ་འགྲོ་སོང་ཆེན་མོ་ཞིག་འགྲོ་ངེས།” ཅེས་སེམས་ཁྲལ་དང་བཅས་ནས་བཤད། “ཨ་མ དྲག་ནི་རེད། འེད་གཉིས་མཉམ་དུ་རྫོང་ཐོག་ཏུ་འོངས་རྒྱུ་དཀོན་ནི་རེད། ཅི་བཤད་རུང་ཕོ་བ་ལྟོགས་ཏུ་འཇུག་ཅི་ཉན། འདང་མང་བོ་རྒྱག་གི་མ་འདུག གསོས་དལ་ངང་ཞིམ་པོ་ཞིག་འཐུང་།”ཞེས་བཤད།
  ཕྱི་དྲོ་ཟོག་བསྡུ་ལ་ཉེ་དུས། ཨ་མ་བདེ་སྐྱིད་དང་འཚོ་མོ་གཉིས་ཕྱི་དྲོའི་རླངས་འཁོར་ལ་བསྡད་ནས་ཕྱིར་ཐོན། ནོར་ལུག་ཀུན་བསྡུས་ཚར་རྗེས་འཚོ་མོས་ཕོ་བ་མི་བདེ་བར་ཁ་གཡར་ནས་སྦྲ་ནག་ཧྲག་དབར་གྱི་ལྭ་བ་ཕྲུག་ཅན་དེ་ཁ་རོག་གེར་ཁྱེར་ནས་སྣོད་ཅིག་གི་ནང་དུ་བཅུག་སྟེ་ལུག་རའི་ཕ་རོལ་གྱི་རྩྭ་གསེབ་ཏུ་སྦས། ཕྱིར་གོ་ཁ་རུ་ཐོན་རྗེས་ཨ་མ་འཚོ་མོས་མོ་ལ་ཕོ་བ་ན་བའི་གནས་ཚུལ་ཅུང་དྲིས་མོད་མོས་དོན་ཆེན་པོ་མི་འདུག ཕལ་ཆེར་རྫོང་ནས་འཐུང་བའི་བྱེ་ཐུགས་དེ་མ་འཕྲོད་ནི་ཡིན་ལུགས་ཤིག་བཤད་པར་ཨ་མ་བདེ་སྐྱིད་ཀྱིས་ཀྱང་དེ་ལས་ལྷག་པའི་དོ་སྣང་མང་པོ་མ་བྱས། ཕྱི་ཉིན་མོས་ཁྱིམ་གྱི་བྱ་བ་ཆེ་ཆུང་ཚང་མ་རང་གིས་བསྒྲུབས་ཅིང་ཕ་མ་གཉིས་དང་ཕུ་བོ་བཅས་ཀྱི་ལྭ་བ་དག་བཀྲུས་པ་དང་།གསོག་མར་ཞིག་ཡོད་པ་དེ་ལྷན་དུ་བསྣུས་ནས་མར་རྐྱང་དུ་ཕུད་དེ་གྲོད་པས་གཡོགས་ནས་རྗེས་ཕྱོགས་ཕུ་བོ་རྫོང་དུ་འགྲོ་དུས་འཛིན་བདེ་བར་བྱས། ཉིན་གུང་ཕུ་བོ་ཟོག་རྗེས་ནས་ཕྱིར་གུང་ཇ་འཐུང་དུ་འོངས་དུས་ཁྱིམ་དུ་འཚོ་མོ་དང་ཁོང་གཉིས་ལས་མེད། འཚོ་མོས་གོ་སྐབས་དེར་བསྟུན་ནས་ཕུ་བོ་ལ་“ཨ་རྒྱ  ཕྱིན་ཆད་ཁྱིམ་འདི་ཁྱེད་ཀྱིས་སྐྱོང་དགོས་ནི་རེད། ད་དབར་དུ་ང་སློབ་གྲྭར་བསྐྱལ་ནས་ཁྱིམ་འདིའི་གསོག་འཇོག་ཡོད་ཚད་བརླགས་བཏང་ནི་རེད། འོན་ཀྱང་ངས་ཡོད་ཚད་སྟོང་ཟད་དུ་བཏང་ནས་རྒྱུགས་འབྲས་ལེགས་པོ་ཞིག་ལངས་མ་མྱོང་། ངས་ཁྱོད་ཚོར་དགོངས་དག་ཞུ། རྗེས་ཕྱོགས་གསོག་ཅི་ཐུབ་བྱས་ནས་ཁྱེད་ཀྱིས་ཁྱིམ་ཚང་འདི་བསྐྱང་ནས་ཨ་མའི་ནད་དེ་སྨན་བཅོས་བྱེད་ཅི་ཐུབ་དང་། ཨ་ཕར་ཆང་དེ་གཅོད་དུ་འཇུག་ཅི་ཐུབ་བྱོས། ལྷག་པར་དུ་ཁྱེད་ཀྱིས་འབད་པ་བྱ་དགོས”ཞེས་བཤད་པར། ཕུ་བོ་ཕུན་ཚོགས་ཀྱིས་རྩམ་པ་ཞིག་བརྫི་ཞོར་འཚོ་མོའི་ངོ་ལ་ཡང་ནས་ཡང་དུ་བལྟ་ཙམ་བྱས་ཏེ་གང་ཡིན་ཆ་མི་འཚལ་བར་“ཁྱེད་ལ་ཅི་བྱས་བཏང་ཐལ། རྒྱུགས་འབྲས་ཐོན་བཏང་ནི་ཨེ་རེད། རྒྱུགས་མ་འཕྲོད་ནི་ཨེ་རེད”ཅེས་དྲིས་པར་འཚོ་མོས་འགོ་སྒུར་ནས་སེམས་དངོས་སུ་རྒྱུགས་ཅི་འཕྲོད། འཕྲོད་བཏང་རུང་ད་མི་མཐུད་དུ་བལྟས་སོང་ན་ཁྱེད་དང་ཨ་ཕ་ཨ་མ་ཀུན་གྱིས་འཚོ་བ་ཇི་ལྟར་རོལ་སེམས་ཀྱིན་ཅི་ཡང་ཁ་ནས་མ་བརྗོད། ཕུ་བོས་མི་མཐུད་དུ་“དྲག་ནི་རེད རྒྱུགས་མ་འཕྲོད་རུང་སློབ་གྲྭར་འགྲོ་མི་ཐུབ་ནི་མ་རེད ང་ཚོས་ཅི་བྱས་ཀྱང་ཁྱེད་རང་བསྐྱལ་ངེས སེམས་ཁུར་བྱ་མི་་་་་་་་” “ཕུ་བོ”འཚོ་མོས་ཕུ་བོ་ཕུན་ཚོགས་ཀྱི་ཚིག་མཚམས་བཅད་ནས་“ཨ་མའི་ནད་རོ་འདི་མི་ཚེ་ཕྱེད་ཀ་ཞིག་ལ་མོ་དང་འགྲོགས་ནས་འོངས་ནི་རེད། དེའི་སྡུག་བསྔལ་ང་ཚོས་ཤེས་ཐུབ་རྒྱུ་ཞིག་མ་རེད། ཕྱིན་ཆེད་ཁྱེད་ཀྱི་ནུས་པས་འོངས་ན་ངེས་པར་དུ་མོ་ལ་སྨན་བཅོས་བྱ་དགོས།” ཞེས་ཟེར་རྗེས་སྒོ་ལ་བུད། ཕུ་བོ་སྔར་བཞིན་སྐད་ཆ་དེ་དག་ལ་འཐོམ་ནས་ཁུངས་ལུང་ཞིག་མ་རྙེད། ཁོས་རྩམ་པ་ཟོས་ཚར་རྗེས་སྒོར་བུད་ནས་སླར་ཡང་ཟོག་གི་རྗེས་སུ་སོང་། དགོང་རུབ་ཁ་མོས་ཨ་མ་བདེ་སྐྱིད་ལ་སྔར་ལྟར་ཕོ་བ་ན་བར་ཁ་གཡར་ནས་གནས་ལ་འགྲོ་བའི་ཅ་ལག་དག་གསང་བའི་སྒོ་ནས་གྲ་སྒྲིག་བྱས་ཏེ་ལུག་རའི་ཕ་རོལ་གྱི་སྣོད་དེའི་ནང་དུ་བཅུག
  དེ་རིང་དགོང་མོ་བད་ཁོ་མོ་རང་བསུ་བར་འོངས་བས་མོས་སེམས་སུ་བྲེལ་འཚུབ་ཅིག་དང་སྐྱོ་སྣང་ཞིག ཡང་སེམས་ཁྲལ་ཞིག་དང་དགའ་སྣང་ཞིག་བཅས་དགའ་སྐྱོ་འདྲེས་མའི་སེམས་ཁམས་ཤིག་གིས་ཁེངས་ནས་ཡོད། ས་སྲོད་ཀྱི་དུས་སུ་མོས་ཨ་མ་ལ་ཟོག་འདོགས་རོགས་བྱས་རྗེས་ཁྱིམ་དུ་ལོགས་ཏེ་ “ཨ་མ སྨན་དེ་དག་འཐུང་ནས་ཅུང་ཇེ་དགའ་ཨེ་འདུག ” “ད་དྲག་འདུག མ་གཞི་ནས་ཆམ་པ་ཙམ་ཡིན་པས་རྫོང་ལ་འགྲོ་དགོས་དོན་མེད་མོད་ཁྱེད་ཁ་ལ་མི་ཉན་གི ད་དྲག་ཡག་རེད ”ཅེས་བཤད་ནས་བསྡད། འཚོ་མོས་སྣ་ལམ་དུ་ཚ་ཤར་ཅིག་རྒྱུགས་ནས་མིག་མཐའ་བརླན་བཤེར་དུ་གྱུར་བ་དེ་ཨ་མ་བདེ་སྐྱིད་ཀྱིས་མ་ཚོར། མོས་སྐད་ཅུང་འདར་བཞིན་“ཨ་མ   རྗེས་ཕྱོགས་རང་གིས་རང་ལ་བདག་ཡག་པོ་བྱོས། རྒྱུན་དུ་ཆམ་ནད་ཕོག་ཏུ་མ་འཇུག དེའི་མི་ཚད་ད་ཕུ་བོས་འཁོར་བ་བསྐྱང་ལ་ཉེ་གི  ཁོས་ཁྱེད་ཀྱི་ནད་རོ་དེ་སྨན་བཅོས་བྱེད་ཅི་ཐུབ་བྱེད་ངེས་ཡིན། དེ་དུས་མི་དགོས་ཟེར་གི་མ་འདུག  ཨེ་གོ་ཐལ།”ཞེས་བཤད་པ་ན་ཨ་མ་བདེ་སྐྱིད་ཀྱིས་ད་གཟོད་མོའི་སྐད་ཆ་དེ་དག་ཅུང་རྒྱུན་ལྡན་མིན་པར་ཚོར་ནས་“ཨ་རོགས  ཁྱོད་གང་ཞིག་ནས་མི་བདེ་ནི་ཨེ་རེད”ཅེས་དྲིས། “མ་རེད  ཡང་ཕོ་བ་ཅུང་ཙམ་ན་བཞིན་འདུག ཐང་ལ་སོང་ནས་ས་འདུག་ཅིག་བརྒྱབ་ན་དྲག་འགྲོ་ནི་རེད”ཅེས་བཤད་ནས་སྦྲ་ནག་ནས་སྒོར་བུད་དེ་ཁ་རོག་གེར་ལུག་མཐའི་ཕ་རོལ་གྱི་སྣོད་དེ་ཁུར་ནས་རྒྱུན་དུ་བད་ཁོ་དང་ཐུག་སའི་ཆུ་འགྲམ་དེ་ལ་ཕྱོགས་ནས་རྒྱུགས། ཨ་མ་བདེ་སྐྱིད་ཀྱིས་ཁྱིམ་ན་དགུང་ཇ་ལ་སྟ་གོན་བྱས་ནས་ཡོད། འཕྲུལ་རྟའི་སྒྲ་ཞིག་ཆུ་འགྲམ་ཕྱོགས་ནས་གྲགས་འོངས་པ་ཐོས་པས་མོས་འགྲུལ་བ་ཡིན་པར་སེམས་ནས་སྒོར་བུད་དེ་སྣེ་ལེན་བྱེད་རྩིས་བྱས་དུས་འཕྲུལ་རྟ་དེ་ཁ་ཕྱིར་འཁོར་ནས་བུད་སོང་། ཨ་མ་བདེ་སྐྱིད་ཀྱིས་ཁེར་ལབ་ཀྱིས་“སུ་ཚང་གིས་འབྲུ་རེ་དབོར་བ་ཡིན་ནམ། ད་དགུང་རུབ་པས་རྙེད་དཀའ་རྒྱུ་རེད་”ཅེས་ཟེར་བཞིན་ཕྱིར་ཁྱིམ་དུ་འཛུལ།
  མདང་དགུང་ཕུ་བོ་ཕུན་ཚོགས་དང་ཨ་མ་བདེ་སྐྱིད་གཉིས་ཀྱིས་འཚོ་མོའི་ཕོ་བ་མ་བདེ་བར་མཐར་གང་ཞིག་ཏུ་ན་ཟུག་གིས་མ་གཟོད་པར་ལོག་འདུག་པའམ་ཡང་ན་དབང་བོ་དུབ་འདུག་པར་སྙམ་ནས་སེམས་ཁྲལ་བྱས་ཏེ་ཕྱོགས་ཀུན་ཏུ་བཙལ་ཞིང་མིང་གིས་ལ་འབོད་ལུང་འབོད་བྱས་མོད་མཐར་ལག་ཏུ་མ་རྙེད། ཁོང་གཉིས་ཕྱིར་ལོགས་རྗེས་ཨ་མ་བདེ་སྐྱིད་ངུ་བཤུམ་རྒྱག་ཤོར་གང་ཞིག་ལ་བུད་སོང་ནི་ཡིན་ནམ་ཞེས་སེམས་ཁྲལ་བྱས། ཕུ་བོ་ཕུན་ཚོགས་ཅུང་ཧོན་འཐོར་དུ་གནས་ཏེ་ངག་ལྕི་མོའི་ངང་ནས་“ཕལ་ཆེར་གནས་ལ་བྲོས་སོང་ནི་ཡིན་རྒྱུ་རེད། མོས་ཁ་སང་ང་ལ་སྐད་ཆ་མང་པོ་ཞིག་བཤད་ཐལ། འོན་ཀྱང་ངས་དེ་འདྲའི་དོ་སྣང་མ་བྱས། ད་འདང་བརྒྱབས་ན་མོས་སྔོན་ནས་གྲ་སྒྲིག་བྱས་ཡོད་པ་ཞིག་རེད”ཅེས་བཤད་ཞོར་དབུགས་རིང་ཞིག་འཐེན་ནས་བསྡད། ཨ་ཕ་རྒྱ་ཁོས་ཧྲག་འདབས་ནས་ཆང་དམ་ཞིག་པང་ནས་“སུ་་་་  སུ་བྲོས་སོང་ཟིག  ཕྱིར་འོངས་དུས་ང་ལ་ཆང་ཞིག་ཉོས་ཤོག ”ཅེས་གཟི་གཏམ་བཤད་ནས་བསྡད་པར་ཨ་མ་བདེ་སྐྱིད་ཁ་ཡ་མ་བྱས་པར་“ཨ་ཧ་བོ  དེ་དཔེ་སྲིད་དམ།”མོས་ཁེར་ལབ་ཀྱིས“དེ་ངའི་ཡིད་ལ་མ་དྲན་ནོ་ཅི་རེད མོས་ང་བཙན་དུ་རྫོང་ལ་སྨན་པར་སྟོན་དུ་ཁྲིད  དེ་རིང་ཡང་དེ་འདྲའི་སྐད་ཆ་ཡ་མཚན་ཏག་ཏག་བཤད་ཐལ། མོས་ད་དུང་ཕོ་བ་མི་བདེ་གི་ཟེར་ནས་སྒོར་བུད་ཐལ། ངས་དེ་ཚོར་ཅི་ཐུབ། བུ་མོ་འདིས་ཅིའི་ཕྱིར་འདི་འདྲ་བྱས་ནི་རེད། མོ་སློབ་གྲྭར་སོང་ནས་མི་དགའ་བར་གནས་ལ་འགྲོ་རྒྱུ་ཞིག་ཡིད་ལ་དྲན་ནོ་འདི་ངོ་མ་བྱ་བཙོག འདི་རང་སྡུག་རང་གིས་ཉོས་པ་མིན་ནམ”ཞེས་ཨ་མ་བདེ་སྐྱིད་ཀྱིས་སྨྲེ་སྔགས་བཏོན་ནས་བསྡད།
   ཕྱིར་ཉིན། ཞོགས་པའི་ཉི་འོད་ཀྱིས་རི་ལུང་གི་ན་བུན་ཡོད་ཚད་སད་ལ་ཉེ་དུས། རྨ་ཆུའི་འགྲམ་སུ་རྟ་ཞོན་གཉིས་རྒྱ་ཁོ་ཚང་ལ་སོང་། ཕུ་བོས་དེ་གཉིས་ངོ་མི་ཤེས་པས་ཨ་མར་བོས་མོད་ཨ་མ་བདེ་སྐྱིད་ཀྱིས་ཀྱང་ངོ་མ་ཤེས། མི་དེ་གཉིས་ཀྱིས་རུམ་ནས་ཁ་བཏགས་ཤིག་དང་ཇ་ཆུང་ཞིག་ལངས་པ་མཐོང་ཚེ་ད་གཟོད་གཉེན་སློང་བར་འོངས་ནི་ཡིན་པ་ཤེས། ཉིན་དེའི་ཕྱི་དྲོ་ཨ་ནེ་སྒྲོན་འཚོ་རྫོང་ནས་དགའ་སྤྲོ་དང་བཅས་ཏེ་ཨ་ཕ་རྒྱ་ཁོ་ཚང་ལ་འོངས། མོ་ལྷས་མཐར་ཐོན་དུས་ནས་“རྒྱ་ཁོ་་་་་་་    བདེ་སྐྱིད་་་་་་   འཚོ་མོ་རྫི་ལ་བུད་སོང་ནི་ཨེ་རེད།   ཁྱེད་གཉིས་ཀྱིས་ལྟོས་དང་།   ངས་གཏམ་བཟང་ཞིག་ཁྱེར་ཡོང་ཡོད། ”ཅེས་སྐད་ཅོར་རྒྱག་བཞིན་སྦྲ་ནག་ནང་དུ་འཛུལ། ཁྱིམ་ན་ཨ་ཕ་རྒྱ་ཁོ་ཡ་རྒྱུ་ན་གཉིད་འདུག ཕུན་ཚོགས་དང་ཨ་མ་བདེ་སྐྱིད་ལ་གྲགས་འགུལ་མེད་པར་ངོ་ཞིག་དྲུད་ནས་བསྡད་འདུག ཨ་ནེ་སྒྲོན་འཚོས་གང་བྱུང་ཆ་མ་འཚལ་བར་“ཨ་རོགས་ཚོ  ཁྱེད་ཚོར་ཅི་མ་ཉན་ཐལ ང་ལ་ཁ་ཡ་མི་བྱེད་པ་ཅི་ཡིན ངའི་ལག་གི་གཏམ་བཟང་འདི་ཤེས་ན་མི་འདོད་གི་ནས”ཞེས་བཤད་ཞོར་དུ་མ་རྒྱུ་ནས་ཨ་མ་བདེ་སྐྱིད་ཀྱི་འགྲམ་ནས་ས་ལ་བསྡད། ཨ་མ་བདེ་སྐྱིད་ཀྱིས་དབུགས་རིང་ཞིག་འཐེན་རྗེས་ཨ་ནེ་སྒྲོན་འཚོའི་ཕྱོགས་ལ་“ཅི་ཞིག་རེད་”ཅེས་དྲིས་པར་“འདི་རེད”ཅེས་ཨ་ནེ་སྒྲོན་འཚོས་ལག་གི་ཡིག་འཕྲིན་དེ་ཡར་ལ་བཅག   ཕུ་བོ་ཕུན་ཚོགས་ཀྱིས་དེ་ལ་ལྟ་ཞོར་དུ་“འདི་ཅི་ཞིག་རེད་”ཅེས་དྲིས་པ་ན།“འཚོ་མོས་ཁུལ་མཐོ་འབྲིང་སློབ་གྲྭར་རྒྱུགས་འཕྲོད་འདུག འདི་སློབ་ཞུགས་བརྡ་ཐོ་རེད་”ཅེས་དགའ་སྤྲོ་དང་བཅས་ནས་ལན་བཏབས། ཨ་མ་བདེ་སྐྱིད་ཀྱིས་སྐད་ཆ་དེ་ཐོས་པ་ན་གནས་དེ་གར་ཧོན་ནས་བསྡད་པ་ལས་ཅི་ཡང་བཤད་མ་ནུས། ཨ་ནེ་སྒྲོན་འཚོས་མོའི་རྣམ་འགྱུར་དེ་རྒྱུན་ལྡན་ཞིག་མིན་པར་བལྟས་ནས་“ཅི་རེད  དོན་དག་འདྲ་བྱུང་བཏང་ནི་ཨེ་རེད འཚོ་མོ འཚོ་མོ་གང་ལ་བུད་ཐལ། ”  ཞེས་དྲིས་པར། ཕུ་བོ་ཕུན་ཚོགས་ཀྱིས་“འཚོ་མོ་མདང་དགུང་གནས་ལ་བྲོས་ཐལ། འགྲོ་ས་སྡེ་བ་སྟོད་མའི་བསོད་གྲགས་ཚང་རེད། ད་ནིང་གཉེན་སློང་བར་འོངས་ནས་ཨ་ཕས་གཉེན་རྟགས་ལངས་བཏང་ཐལ་”ཞེས་བཤད།
  ཨ་ནེ་སྒྲོན་འཚོའི་ད་ཅིའི་སྤྲོ་སྣང་དེ་གར་སོང་ཆ་མེད་དུ་གྱུར་ཅིང་གློ་བུར་དུ་གོག་ལངས་ཤིག་བྱས་ནས་སྦྲ་ནག་ནས་སྒོར་བུད་དེ་ཅི་བྱ་འདི་བྱ་མེད་པར་ཆོན་ཐག་ལ་འཐམས་ནས་མིག་ཆུའི་ཐག་པ་རིང་མོ་ཞིག་དྲུད་ནས་རྨ་ཆུའི་ཕ་རོལ་དུ་བལྟས་ནས་བསྡད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྡ་ཡིག་འབྱོར་བྱུང་།

2012-03-30 ཤག་ཚང·བཀྲ་སྒྲོལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།