ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༡༧

  དོན་གྲུབ་ནི་ཚེ་སྐྱིད་ཀྱིས་ཚོད་དཔག་བྱས་པའི་སྔོན་ལ་ཐོན་བྱུང་།
  ཉིན་གུང་ཚེ་སྐྱིད་ཀྱིས་ལྷ་མོ་སྒྲོལ་མ་ཁྱིམ་དུ་བླངས་ནས་མ་བུ་གསུམ་གས་གུང་ཚིགས་ལ་རོལ་གྲབས་བྱེད་སྐབས། གློ་བུར་དུ་ཁང་བའི་སྒོ་ཕྱེ་སྟེ་དོན་གྲུབ་ཀྱིས་རང་ཉིད་ཀྱི་འཁུར་ཁུག་དང་ཁུག་མ་ཆེན་པོ་ཞིག་བཟུང་ནས་ཁྱིམ་ནང་དུ་འཛུལ་ཐོན་བྱུང་། བུ་མོ་གཉིས་ཀས་ཨ་ཕ་ཐོན་བྱུང་བ་མཐོང་འཕྲལ་སྔ་གཞུག་བྱས་ཏེ་སྔོན་ལ་བརྒྱུགས་ནས་འཐམས་བྱུང་། ཚེ་སྐྱིད་ནི་རང་མལ་དུ་ཁྱོ་གར་ཅེར་ཏེ་ཀྲོང་ཀྲོང་བོར་འགྲེང་སྡོད་པ་ལས་འགུལ་ཙམ་ཡང་མི་བྱེད་ལ། ཡུད་ཙམ་འགོར་རྗེས་ཕར་སོང་སྟེ་ཐང་དུ་བཞག་པའི་ཁུག་མ་གཉིས་བླངས་ནས་ཁྱིམ་ཕུག་ཏུ་བཞག་ཅིང་། དོན་གྲུབ་ཀྱི་ཇ་ཕོར་ནང་དུ་ཇ་གང་བླུགས་པ་དང་འབྲས་དཀར་ཡོལ་གང་བཅུས་ཡོང་ཏེ་ཅོག་ཙེའི་ཐོག་ཏུ་བཞག་རྗེས།    “ཁྱོད་ཕ་བུ་ཚོར་འདང་བརྩེ་ཆེ་བ་ལ་ལྟོས་དང་། ཤོག་ལ་ཟ་མ་ཟོ་”ཞེས་བཤད།
  དོན་གྲུབ་ཀྱིས་བུ་མོ་གཉིས་ཀར་འོ་རེ་བྱས་རྗེས་སྡོད་གནས་སུ་འདུག་ཏུ་བཅུག་ཅིང་། སྟོད་གོས་རྩིག་ངོས་སུ་བཀལ་རྗེས་ཅོག་ཙེའི་གན་དུ་བསྡད་ནས། “ད་ནངས་སྔ་མོ་ནས་ནངས་ཇ་མ་འཐུང་བར་ཡོང་བས་ཅུང་ལྟོགས་འདུག་”ཟེར་བཞིན་ཐུར་མ་བླངས་ཏེ་ཟ་མ་ཟོས་བྱུང་།
ཚེ་སྐྱིད་ཀྱིས་ཅི་མི་སྙམ་པའི་ཉམས་ཤིག་བཏོད་ནས། གོ་རྒྱུ་ཡོད་པའི་ཚིག་གིས་“ཁྱོད་ཡུལ་ལ་ཡོང་རྒྱུར་བྲེལ་བར་ལྟོས་དང་། ངས་ད་དུང་ཁྱོད་ཀྱིས་ཡུལ་བརྗེད་འདུག་སྙམ་བྱུང་”ཞེས་བཤད་པས་དོན་གྲུབ་ལྷུག་ལྷུག་ཏུ་བགད་བྱུང་།
  ལྷ་མོ་སྒྲོལ་མས་གང་མྱུར་ངང་ཕོ་བ་འགྲངས་པར་བྱས་རྗེས་བརྒྱུགས་སོང་ནས་ཨ་ཕས་ཁྱེར་ཡོང་བའི་ཁུག་མའི་ཁ་འབྱེད་ཨེ་ཐུབ་ལ་འབད་བྱུང་ལ་དེའི་རྗེས་འབྲངས་ནས་ཀླུ་མོ་སྒྲོལ་མ་ཡང་བརྒྱུགས་སོང་། ལྷ་མོ་སྒྲོལ་མས་ཇི་ལྟར་ཁ་འབྱེད་དགོས་པའང་མ་ཤེས་པས་ཀླུ་མོ་སྒྲོལ་མ་ཕྱིར་བརྒྱུགས་ཡོང་ནས་“ཨ་མ། ”ཞེས་ཚེ་སྐྱིད་འཐེན་བྱུང་།
དོན་གྲུབ་ཀྱིས་ཟ་མ་ཟ་ཞོར་དུ་དགོད་ཙམ་བྱས་ནས་“ཁ་ཕྱེས་དང་། ཨ་ཕས་ཁྱོད་ཚོར་ལྭ་བ་ཉོས་ཡོད་”ཅེས་ཟེར་བས་ལྷ་མོ་སྒྲོལ་མས་ལག་པ་གཉིས་ཐལ་མོ་རྡེབ་བཞིན་གནམ་ལ་ལྡིང་བྱུང་།
  ཚེ་སྐྱིད་ཀྱིས་ཀྱང་དོན་གྲུབ་ཀྱིས་ཁྱོད་ཚོར་ཟེར་སྲོལ་ལ་བལྟས་ན་ཁོ་མོར་ཡང་ཅི་ཞིག་ཉོས་ཡོད་པ་འདྲ་སྙམ་པས། མོས་བུ་མོ་གཉིས་ཀའི་ངོ་མ་བཟློག་པ་ལྟར་ཕར་སོང་ནས་ཁུག་མ་དེའི་ཁ་ཕྱེ་ནས་རེ་རེ་བཞིན་ཕྱིར་ཕྱུངས། ཐོག་མར་བླངས་པ་ནི་བུ་མོ་གཉིས་ཀར་ཉོས་པའི་གྱོན་གོས་སྤུས་ལེགས་ཆ་ཚང་གཉིས་ཡིན་འདུག་པས་བུ་མོ་གཉིས་ཀས་རེ་རེ་ལག་ཏུ་བཟུང་ནས་ཧ་ཅང་དགའ་ཡིན་འདུག མུ་མཐུད་དུ་སྔོག་པ་ན་བུ་མོ་གཉིས་ཀར་ཀོ་ལྷམ་ཆ་རེ་འདུག་པ་དང་ཞབས་སུ་བུད་མེད་ཀྱི་གསར་དར་གྱོན་གོས་ཤིག་དང་དངོས་པོ་ཅུང་ལྗིད་མོ་ཞིག་འདུག ཁོ་མོས་མྱུར་དུ་ཕྱིར་བླངས་ནས་བལྟས་མ་ཐག་ཏུ་“ཨ་ཙི་”ཞེས་ཧ་ཅང་དགའ་བའི་སྐད་ཅིག་ཤོར་སོང་། དེ་ནི་ཉེ་སྔོན་གསར་དུ་དར་གྱིན་པའི་བུད་མེད་ཀྱི་ཀོ་བའི་ལྭ་རིང་དེ་རིགས་རེད་ལ། མཁར་གྲོང་འདིའི་ལས་བྱེད་བུད་མེད་འགའ་རེས་གྱོན་འདུག་པས་ཁོ་མོས་དེ་སྔོན་ནས་ཡིད་སྨོན་ཤོར་མྱོང་། སྔོན་དུས་ཡིན་ན་རྩ་ཆེའི་གོན་གོས་གྱོན་མཁན་ཞིག་བཤད་ཚེ་དོན་གྲུབ་ཀྱིས་དེ་མ་ཐག་ཏུ་ཁོ་ཚོ་ནི་བཟའ་མི་གཉིས་ཀ་ལས་བྱེད་པ་རེད་པས་ང་ཚོར་བསྡུར་སྲོལ་ཡོད་དམ་ཞེས་བཤད་ཡོང་མོད། ད་ཐེངས་ཁོས་དངོས་སུ་ལྭ་བ་རྩ་ཆེན་འདི་ཉོས་ཡོང་འདུག་པས་ཁོ་མོ་དགའ་སྤྲོ་མི་སྐྱེས་པ་ག་ལ་སྲིད། འོན་ཀྱང་དེ་འཕྲལ་དུ་དགའ་བ་ངོ་རུ་ཤར་དུ་མ་བཅུག་པར་ལྭ་བ་དག་ཕྱིར་བཅུག་རྗེས་སྔར་མལ་དུ་ཡོང་ནས་བསྡད་ཅིང་ངོ་ལ་རྫུ་ཞིག་དོད་ནས་ཐད་ཀར་དུ། “ད་ལྟ་ཁྱོད་གང་དུ་འགྲོ་ཡང་བུད་མེད་དེ་རྗེས་སུ་འཁྲིད་དགོས་ཀྱིན་འདུག་གམ་”ཞེས་དྲིས།
  དོན་གྲུབ་དགོད་བཞིན་དུ་“ད་ཐེངས་དངོས་གནས་དེ་འདྲ་ཞིག་ཏུ་གྱུར་ཐལ་”ཟེར།
  ཚེ་སྐྱིད་ཀྱི་སེམས་ལ་ཁོས་དེ་མ་ཐག་ཏུ་ཁོ་མོས་ཇི་ལྟར་ཤེས་ཚུལ་འདྲི་བ་དང་དེ་དང་མཐུད་ནས་འགྲེལ་བཤད་མང་པོ་ཞིག་བྱེད་ངེས་རེད་སྙམ་ཡོད་མོད། ཁོས་དྲང་ཐད་དུ་ཁས་བླངས་སོང་བར་ཡ་མཚན་སྐྱེས་བྱུང་། ཁོ་མོའི་ངོ་གདོང་འཕྲལ་མར་དམར་བོར་གྱུར་སོང་། “ཁྱོད་ངོ་མ་འཆལ་མོ་དེ་ལ་དགའ་ཡི་འདུག་གམ་”ཞེས་དྲིས་བྱུང་།
དོན་གྲུབ་ཀྱིས་འདང་རྒྱག་པ་ལྟར་དུ་“ཁོ་མོ་འཆལ་མོ་ཞིག་མ་རེད། ཁོ་མོས་ང་ལ་སེམས་གཏམ་མང་བོ་བཤད་བྱུང་། ད་ཐེངས་ཁོ་མོས་ང་ལ་སེམས་འགུལ་ཐེབས་སུ་བཅུག་སོང་”ཟེར།
  ཚེ་སྐྱིད་དེ་མུར་གནམ་ལ་ལྡིང་རྩིས་བྱས་སོང་། “ངས་ཁོ་མོར་སྡིགས་ན་ཁྱོད་མི་དགའ་བ་ཡིན་ནམ། ཁྱོད་ལ་མལ་ཁྲིའི་སྟེང་ནས་སེམས་འགུལ་ཐེབས་སུ་བཅུག་པ་ཨེ་རེད། ང་ལ་ཤོད་དང་། ཁྱོད་ལ་སེམས་གཏམ་ཅི་ཞིག་བཤད་བྱུང་”ཟེར།
  དོན་གྲུབ་ཀྱིས་འཛེམ་དོགས་མེད་པར་། “ཁོང་བཟའ་ཟླ་གཉིས་ལ་བྱིས་པ་མེད་པ་རེད་”ཟེར།
  ཚེ་སྐྱིད་ཀྱིས་“དེའི་རྐྱེན་གྱིས་ཁྱོད་ལ་བྱིས་པ་བསླངས་བ་ཨེ་རེད་”ཅེས་དྲིས།
  དོན་གྲུབ་ཀྱིས་“མོའི་ཁྱོ་གའི་དབང་བོར་ནུས་བ་མི་འདུག་ཟེར་“ཟེར།
  ཚེ་སྐྱིད་ཀྱིས་“དེའི་རྐྱེན་གྱིས་ཁོ་མོ་གཉེན་འཐོར་བྱས་ནས་ཁྱོད་ཀྱི་རྗེས་འདེད་རྒྱུ་ཟེར་བ་ཨེ་རེད་”ཅེས་དྲིས།
དོན་གྲུབ་ཀྱིས་ཧ་ཅང་ནན་ཏན་ངང་“མ་རེད། ཁྱོ་གས་ཁོ་མོ་སྡུག་རྒྱུ་རེད་སྙམ་སྟེ་གཉེན་འཐོར་བྱེད་ཅེས་ཐེངས་མང་པོར་བཤད་ཀྱང་ཁོ་མོ་གཉེན་འཐོར་བྱེད་རྒྱུར་གཏན་ནས་མ་འཐད་པ་རེད་”ཟེར།
  ཚེ་སྐྱིད་དེ་མུར་ཅུང་ཡིད་མི་ཆེས་བར་གྱུར་ཏེ་“ཅིའི་ཕྱིར་”ཞེས་འདྲི་དགོས་བྱུང་།
  དོན་གྲུབ་ཀྱིས་ཧ་ཅང་རྒྱང་རིང་བའི་འཇིག་རྟེན་ཞིག་ལ་ལྟད་མོར་ལྟ་བ་བཞིན་མིག་གིས་ཧུར་རེར་ཁ་གཏད་ཀྱི་རྩིག་ངོས་སུ་ལྟ་བཞིན་དུ། “ཁོ་མོས་བཤད་ན་མོའི་ཁྱོ་གར་མཐུན་འཇུག་གི་ནུས་བ་ཤོར་ཏེ་ལོ་ངོ་བཅུ་ཕྲག་འདས་ཀྱང་། གནམ་རྒན་མས་ཁོང་གཉིས་ལ་བུ་ཕྲུག་ཅིག་སྐྱོང་བའི་གནང་སྐལ་མ་བྱིན་ཡང་། ཁོ་མོ་རང་ཉིད་ཀྱི་ཁྱོ་གར་དགའ་བའི་བརྩེ་དུང་གཏན་ནས་ལྷོད་མ་མྱོང་ཟེར། ཁོ་མོ་ནི་ང་དང་བསྡུར་ན་ཅི་འདྲའི་རླབས་ཆེན་ཞིག་རེད་ཨང་། ཁོ་མོར་བསྡུར་ཚེ་ངས་ངོ་མ་རང་ཉིད་ཀྱི་ཉེས་པ་མང་བོ་ཞིག་མིག་གིས་མཐོང་ཐུབ་པ་འདྲ་”ཟེར།
  ཚེ་སྐྱིད་ཀྱིས་ཀྱང་དེ་མུར་“དེ་ནི་ཁྱོད་ལ་མགོ་སྐོར་གཏོང་བ་རེད་”ཅེས་བཤད་མ་འདོད། ཁྱོ་གའི་གཞན་བསྟོད་རང་སྨད་བྱེད་པར་ཡང་གནས་ལུགས་ཤིག་ཡོད་རྒྱུ་རེད་སྙམ་ནས། “ནུས་བ་མེད་ན་གཉེན་སྒྲིག་ཇི་ལྟར་བྱས་པ་རེད་”ཅེས་དྲིས།
  “དེང་ཐོག་དེ་འདྲ་ཞིག་ག་ལ་ཡིན། ”དོན་གྲུབ་ཀྱིས་མགོ་བོ་འཕྲེད་དུ་གཡུགས་ཀྱིན་ཧ་ཅང་ཡིད་ཕངས་བའི་རྣམ་འགྱུར་ཞིག་བསྟན་ནས་“མི་ཡིས་ནམ་ཡང་ཤོར་གྱིན་པ་ནི་གོ་སྐབས་ཤིག་རེད། གོ་སྐབས་རེ་རེ་ཕར་ཤོར་ཚེ་དེ་ཡི་ཚབ་ཏུ་འོང་བ་ནི་བསུབ་ཏུ་མེད་པའི་ཕངས་སེམས་ཤ་སྟག་ལས་ཅི་ཞིག་ཡོད་ཨང་། དེང་ཐོག་ཁོང་གཉིས་ཀྱིས་གཉེན་སྒྲིག་བྱས་རྗེས་ཕན་ཚུན་གྱི་བྱ་བའི་སྟབས་བདེར་དམིགས་ནས་ལོ་འགའ་བྱིས་པ་མི་བཙའ་རྒྱུ་བྱས་པ་རེད། འོན་ཀྱང་མ་བསམས་ས་ནས་ལོ་གསུམ་ཙམ་འགོར་བའི་བར་དེར་ཁྱོ་གར་ནད་ངན་ཞིག་བྱུང་སྟེ་དབང་བོར་ནུས་བ་མེད་པར་གྱུར་བ་རེད། ཁོས་ལོ་ནས་ལོ་རུ་སྨན་པ་གང་བཟང་ཟེར་བ་ཐམས་ཅད་ལ་བསྟན་ནས་སྨན་འཐུང་ན་ཡང་ཕན་ཐོགས་ཅི་ཡང་མ་བྱུང་བས། ཁོ་རང་ཡང་ཡི་ཆད་པར་གྱུར་ཅིང་འདི་ལྟར་སོང་ན་ཁོ་མོ་སྡུག་རྒྱུ་རེད་སྙམ་ནས་ཐེངས་མང་བོར་ཁོ་མོ་དང་གྲོས་བྱས་ཏེ་གཉེན་འཐོར་བྱེད་པའི་རེ་བ་ཞུས་ཀྱང་ཁོ་མོས་དང་ལེན་མ་བྱས་པར་ད་བར་དུ་བསྡད་པ་རེད། ཁོ་མོས་བཤད་ན་ཁོ་མོ་ནམ་ཡིན་ཡང་ཁྱོ་གར་དགའ་བར་མ་ཟད་དུས་གཏན་དུ་ཁོ་དང་ལྷན་དུ་བསྡད་ནས་ཁོར་བདག་སྐྱོང་བྱེད་རྒྱུ་ཡིན་ཟེར། ལོ་བཅུ་ཕྲག་གི་རིང་ལ་ཁྱོ་ག་གཅིག་པུ་བསམ་ནས་འདི་ལྟར་མོ་ཧྲེང་ལྟར་ཡོང་བ་ནི་ངོ་མ་རླབས་ཆེན་རེད་ཨང་། ད་དུང་རེ་ལྟོས་བྱེད་སའི་བུ་ཕྲུག་ཅིག་ཀྱང་ཡོད་པ་མ་རེད་ཡ་”ཅེས་ཟེར་བཞིན་སྔར་བཞིན་རྩིག་ངོས་སུ་བལྟས་ནས་སྡོད།
  སྐབས་འདིར་ཚེ་སྐྱིད་ཀྱིས་ཀྱང་ཕལ་ཆེར་ཁྱོ་གའི་ཞིབ་བརྗོད་ཀྱི་སྐད་ཆའི་བརྒྱུད་རིམ་ཁྲོད་ནས་གནས་ལུགས་ཅི་ཞིག་གི་ཧ་ཅུང་ཙམ་གོ་ཡིན་འདུག་པས་ཁུ་སིམ་མེར་ཉན་ནས་བསྡད་པ་ལས་སྐད་ཆ་ཅི་ཡང་མ་བཤད།
  དོན་གྲུབ་ཀྱིས་མུ་མཐུད་དུ་བཤད་རྒྱུར། “ཁོ་མོས་བཤད་ན། ནུས་བ་ཤོར་རྗེས་ཀྱི་ཁྱོ་གའི་བཟོད་མེད་ཀྱི་མནར་གཅོད་དང་སེམས་གཏིང་གི་སྡུག་བསྔལ་དེ་ཅི་འདྲ་ལྕི་བ་ཁོ་མོས་ཀྱང་རྒྱུས་ལོན་བྱེད་ཐུབ་པས། སྐབས་འདི་ཙམ་ལ་ཁོ་རང་གད་སྙིགས་བཞིན་དོར་བ་ནི་གནམ་ལ་མི་ཤོང་བའི་ནག་ཉེས་ཆེན་པོ་ཞིག་རེད། དེ་ལྟར་བྱས་ཚེ་བཟའ་ཚོའི་བརྩེ་དུང་ཟེར་བ་དེ་ནམ་ཡང་གླེང་ཐབས་མེད་པ་རེད། སྐྱེ་ཁམས་ཀྱི་དགོས་མཁོ་ཅི་འདྲ་གདུག་རྩུབ་ཆེ་ན་ཡང་། བུ་ཕྲུག་ཅིག་གི་རེ་བཞག་ཅི་འདྲ་སྙིང་ལ་འཕྱོ་ན་ཡང་། ཁོ་མོ་ནམ་ཡང་ཁོའི་སྡོད་གྲོགས་བྱས་ཏེ་སྐྱིད་སྡུག་མཉམ་འཁུར་བྱེད་རྒྱུ་ཡིན། རྒྱུ་མཚན་ཡང་བཟའ་ཚོའི་བར་གྱི་ལྷད་མེད་ཀྱི་བརྩེ་དུང་ནི་ཕྲུ་གུ་བཙའ་བ་ཙམ་དང་སྤྲོ་བ་གསོ་བ་ཙམ་གྱི་ཆེད་མ་ཡིན་པར་ཕན་ཚུན་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་བྱེད་པའི་ལྷད་མེད་ཀྱི་ལྷག་བསམ་དང་འདང་བརྩེ་དེ་ཡིན་པ་རེད་ཟེར། དེ་དང་བསྡུར་ན་ང་ཚོ་མི་མང་པོ་ཞིག་གིས་ད་དུང་ཅི་ཡང་ཤེས་ཀྱིན་མི་འདུག་ཨང་། ”ཁོས་ཕལ་ཆེར་ཆིག་ལབ་རྒྱག་གིན་པ་ལྟར། “ང་ཚོར་ཧ་ཅང་སྒེར་སེམས་ཆེ་རྒྱུ་ཐལ་དྲགས་པ་རེད། རང་ཉིད་བདེ་ཐང་ཡིན་དུས་སུ་བུ་ཕྲུག་ཅིག་མེད་པར་སྐྱོ་ངལ་བྱེད་དང་། ཚེ་སྲོག་བསྡོས་ནས་བུ་ཕྲུག་ཅིག་བཙས་པའི་ཚེ་ཡང་བྱིས་པ་བདེ་ཐང་ཨེ་ཡིན་ལ་སེམས་ཁྲལ་བྱེད་པ། བྱིས་པ་བདེ་ཐང་ཡིན་པའི་ཚེ་ན་ད་དུང་བུ་ཕོ་ཞིག་མ་ཡིན་པར་སེམས་སྡུག་བྱེད་པ་་་་་་མིའི་འདོད་རྔམ་ལ་ནམ་ཡང་འགེངས་ཐབས་མི་འདུག་ཨང་། དེ་ལས་གཞིས་འཛིན་དུ་ཕན་ཚུན་འདང་རྩིས་ཆེ་བའི་བཟའ་ཚོ་གཉིས་དང་མཐའ་འཁོར་དུ་སྙིང་རྗེ་བའི་བུ་ཕྲུག་འགའ་། ད་དུང་དྲོད་ལམ་ལམ་གྱི་ཁྱིམ་གཞིས་ཤིག འདི་ནི་ང་ཚོའི་བདེ་སྐྱིད་རེད་ཡ་་་་་་་”ཟེར་ནས་ད་བར་དུ་སེམས་ཁོང་དུ་བསྐུངས་བའི་ཁུར་བོ་མང་པོ་ཞིག་ཕྱིར་ཕུད་པ་ལྟ་བུའི་དངན་པ་རིང་བོ་ཞིག་འཐེན་བྱུང་།
  ཚེ་སྐྱིད་ནི་ཁོའི་འཁྲིས་སུ་བཏུད་དེ་ཤུབ་བུར་ངུ་བཞིན་འདུག
  དོན་གྲུབ་ཀྱིས་སེམས་ཁོང་ནས་བརྡོལ་བའི་མིག་ཆུ་ཡོངས་རྫོགས་ཕྱིར་མིད་ཅིང་ཨུ་ཚུགས་ཀྱིས་དགོད་ཙམ་བྱས་རྗེས། ལག་ཟུང་གིས་ཆུང་མའི་མིག་ཆུ་འབྱིད་བཞིན། “ང་ཚོ་ནི་ནམ་ཡང་བྱིས་པ་ཞིག་དང་འདྲ་འདུག་”ཟེར།
  མཉམ་ཞིག་འཇོག་ཚེ་བུ་མོ་གཉིས་ཀྱིས་ཁོང་གཉིས་ཀར་བལྟས་ནས་དགོད་ཀྱིན་འདུག  
  སྐབས་དེར་ཕྱི་དྲོའི་ལས་ཚུགས་ལ་ཉེ་བས་། དོན་གྲུབ་ཀྱིས་འདང་ཞིག་བརྒྱབ་སྟེ་“ཕྱི་དྲོ་བུ་མོ་ངས་བསྐྱལ་ཆོག  ཁྱོད་ཀྱིས་ངལ་གསོ་བྱོས་ཤིག་”ཟེར་བས་ལྷ་མོ་སྒྲོལ་མའང་དགའ་བྱུང་།
  ཚེ་སྐྱིད་ཀྱང་ཕྱི་སྒོར་བུད་དེ་ཕ་བུ་གཉིས་ཀར་སྐྱེལ་མ་བྱས། དོན་གྲུབ་ཕར་ཙམ་སོང་རྗེས་སླར་ཡང་འདང་ཞིག་བརྒྱབ་རྗེས། ཕྱིར་འཁོར་ཏེ་“དོ་དགོང་ང་ཚོས་ཕྱི་རོལ་ནས་ཟ་མ་ཟ། ཕྱི་དྲོ་ཁྱོད་ཀྱིས་བུ་མོ་ལོངས་དང་ངས་རླངས་འཁོར་བསྐོར་སོང་སྟེ་དགེ་རྒྱམ་བོས་ཡོང་། ང་ཚོ་བཟའ་མི་གང་བོ་མཉམ་འཛོམས་ཀྱི་ཟ་མ་ཞིག་ཟ་”ཟེར།
ཚེ་སྐྱིད་ཀྱིས་འཛུམ་བཞིན་དུ་མགོ་བོ་ལྡེམ་ལྡེམ་གྱིས་ཡ་ལན་བྱིན་མ་ཐག་མིག་མཐའ་ནས་ཀྱང་སེམས་འགུལ་ཐེབས་པའི་མཆི་མ་རྡོག་འགའ་མར་འགྲིལ་བྱུང་།
  ཁོ་མོ་ཕྱིར་ཁྱིམ་ནང་དུ་ཡོང་སྟེ་འབོལ་ཁྲིའི་སྟེང་དུ་བསྡད་རྗེས་སྣང་བ་ཧ་ཅང་སྐྱིད་པར་གྱུར་ཅིང་རང་དབང་མེད་པར་སྔོན་ཆད་ཀྱི་དོན་དག་ཡོངས་རྫོགས་ལ་ཕྱིར་དྲན་བྱས། ཁོ་མོའི་དྲན་འཛིན་གྱི་མཚེའུ་ཡི་ངོས་སུ་ད་དུང་ཡང་གསལ་བོར་ཤར་འདུག་སྟེ། ཨ་ཁུ་དབང་ལོས་སྐྱ་བྷོ་ལ་ཁོང་ཚང་གི་བོང་རྒན་འདྲི་རུ་ཡོང་བའི་ཧ་ཅང་རྒྱང་ཐག་རིང་བའི་ཕྱི་དྲོ་དེ་ནས་བཟུང་ཁོ་མོའི་ལས་དབང་ལ་འགྱུར་ལྡོག་གསར་བ་ཞིག་འབྱུང་བའི་མགོ་བརྩམས་པ་རེད། ཞོགས་པའི་ཉི་ཤར་གྱི་དུས་སུ་ཨ་ཁུ་དབང་ལོ་ཁོང་ཚང་ལ་གཉེན་སློང་དུ་ཡོང་བའི་ངང་ཚུལ་དང་། ཁོ་མོ་གཅིག་པུ་ལྷས་ར་སྡེ་བར་ཕྱིན་ཏེ་ཕྱིར་ལོག་པའི་ལམ་དུ་དོན་གྲུབ་ལ་འཕྲད་པའི་རྣམ་པ། གཉེན་སློང་བའི་ཉིན་མོར་ཆུ་འགྲམ་ནས་ཚེ་རིང་ལྷ་མོས་བཤད་པའི་སྐད་ཆ། གཉེན་སྒྲིག་གི་ཉིན་མོའི་རྨི་ལམ་ལྟ་བུའི་རང་ཉིད་ཀྱི་སྤྲོ་སྣང་་་་་་་ཡོད་ཚད་དག་ཀྱང་གློག་བརྙན་བཞིན་དུ་ཁོ་མོའི་མིག་ལམ་དུ་རབ་རིབ་ངང་ཤར་བྱུང་། ངོ་མ་ལས་དབང་གིས་ནམ་ཡང་ཉམ་ང་བའི་མི་དག་ལ་ཀུ་རེ་སྣ་ཚོགས་རྩེ་ཡིན་ཡོད་ཅིང་། རིང་ནས་བསྙེགས་ཤིང་གཞོལ་ལ་ཐོབ་པར་འོས་པ་དེ་སྐད་ཅིག་སྐད་ཅིག་ལ་རྒྱང་རིང་རྒྱང་རིང་དུ་བྱེར་འགྲོ་བ་དང་། རང་ཉིད་དང་རྒྱང་དུ་བྱེར་ཏེ་ནམ་ཡང་རྙེད་པའི་རེ་བ་དང་བྲལ་བ་མཐའ་དག་དེ་མ་ཐག་ཏུ་རང་ཉིད་ཀྱི་མིག་མདུན་དུ་མངོན་སུམ་དང་དངོས་གནས་ཀྱིས་མངོན་ཡོང་གིན་པ་མ་ཡིན་ནམ། གང་ལྟར་ཡང་ཁོ་མོས་རང་ཉིད་ཀྱི་ཆུང་ངུའི་དུས་ཀྱི་འཚོ་བ་ནམ་ཡང་བརྗེད་མི་སྲིད། གུ་དོག་པའི་ལུང་གོག་དང་ཁེར་རྐྱང་གི་གྲོང་ཚོ། བབ་ཆགས་ཀྱི་འཚོ་བ་། མཛེས་སྡུག་གི་རེ་སྨོན། ཀྱག་ཀྱོག་གི་རྐང་རྗེས། རབ་རིབ་ཀྱི་ལོ་ཟླ་་་་་་་འདི་དག་ཡོད་ཚད་ནི་སྡོང་བོའི་ལོ་མ་རེ་རེའི་སྟེང་དུ་བྲིས་པའི་བརྙན་རིས་མི་འདྲ་བ་རེ་བཞིན་དུ་ཐར་ཐོར་ངང་ད་ལྟའི་བར་དུ་ཁོ་མོའི་རྨི་ལམ་དང་གཏན་ནས་ཁ་བྲལ་མ་མྱོང་ཨང་།
                                                                                  རྫོགས་སོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༡༧

2012-03-29 སྟག་འབུམ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།