ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༡༢

                                          བཅུ་གཉིས།
  སྐྱ་བྷོ་དགོན་པར་བསྐྱལ་ནས་ལོ་གཅིག་འགོར་སོང་། དོན་ངོ་མར་སྐྱ་བྷོ་དགོན་པར་བསྐྱལ་ནས་གྲྭ་བ་བྱེད་དུ་བཅུག་པ་དེ་ཡང་ཧ་ཅང་ཐབས་བཀོད་མེད་པའི་ཐབས་བཀོད་ཅིག་ཡིན་པ་རེད། ཚེ་སྐྱིད་ཀྱི་སེམས་སུ་དགོན་པ་ནི་ཞི་བདེ་འཆམ་མཐུན་གྱི་བསྟི་གནས་ཤིག་ཡིན་ཞིང་དེ་གར་མི་ཚང་མར་བཙན་གཉོམ་དང་ཆེ་ཆུང་གི་ཁྱད་པར་མེད་པར་འདྲ་མཉམ་ཡིན་པས། སྐྱ་བྷོ་དེ་གར་བསྡད་ན་སློབ་གྲྭ་ལྟར་གཞན་གྱིས་བརྙས་བཅོས་དང་ཐུབ་ཚོད་མྱོང་མི་དགོས་པར་རང་ཉིད་ཀྱི་མི་ཚེ་བདེ་བླག་ངང་འཁྱོལ་ཐུབ་ངེས་རེད་སྙམ་པ་རེད་མོད། དོན་ངོ་མར་དགོན་པའི་ནང་དུ་ཡང་དེ་འདྲའི་ཞི་བདེ་འཆམ་མཐུན་དང་འགྲོགས་བདེ་གཤིབ་བདེ་ཞིག་ག་ལ་ཡིན་ཏེ། ཐ་ན་ཨ་ལགས་ཚང་གིས་ཀྱང་དགོན་པའི་སྒྲིག་ལམ་ཚུལ་བཞིན་སྲུང་ཞིང་སློབ་ལ་ཡར་སྐྱེད་ཡོད་པའི་གྲྭ་བཙུན་གྱི་སྐོར་ལ་ཐུགས་རྩིས་ཧ་ཅང་ཆེ་ཞིང་། དགོན་པའི་སྒྲིག་ལམ་མི་བརྩི་མཁན་ནམ་འདོན་རྒྱུའི་ཆོས་མི་འདོན་པ་དང་རིག་གནས་ཀྱི་དཔེ་ཁྲིད་ལ་མི་འགྲོ་བར་ཉལ་ནས་སྡོད་པའི་གྲྭ་བཙུན་འགའ་རེའི་མིང་ཙམ་ཐོས་ཀྱང་མགོ་ན་བཞིན་པ་ལྟ་བུ་རེད། ད་དུང་གྲྭ་བ་རྙིང་བ་འགའ་རེས་གསར་དུ་རབ་ཏུ་བྱུང་བའི་གྲྭ་བ་ལོ་ཆུང་དག་ལག་གཡོག་ཏུ་བཀོལ་རྒྱུར་དགའ་སྟེ། རང་ཉིད་ཁོ་ཚོའི་དགེ་རྒན་ཡིན་པའི་ཚུལ་འཆོས་ནས་རང་ཤག་ཏུ་བུད་ཤིང་འཐུ་བ་དང་ཆུ་ལེན་པ། ཇ་བསྐོལ་བ་དང་ཁྱིམ་ནང་དུ་གད་བདར་བྱེད་པ་སོགས་ཀྱི་ལས་ཀ་ཡོད་ཚད་ཁོ་ཚོའི་ཕྲག་པར་འགེལ་རྐྱང་བྱེད་པར་མ་ཟད། ད་དུང་ལས་བཅོལ་བྱེད་དུས་ཀྱང་ཁོ་ཚོའི་གྲྭ་མིང་དངོས་ནས་མི་འབོད་པར་“མུག་ཕྲུག་”ཅེས་འབོད་དེ། “ཨ་རོགས་མུག་ཕྲུག ཁྱོད་སོང་སྟེ་ངའི་ཤག་ཏུ་གན་དང་གན་བྱོས་ཤིག་”ཟེར་བའམ། “ཨ་རོགས་མུག་ཕྲུག ཁྱོད་སོང་སྟེ་ངའི་ཤག་ཏུ་འདི་དང་འདི་བྱོས་ཤིག་”ཟེར་ལ། ད་དུང་ནན་ཏན་ཡིན་དགོས་པའི་ཐད་ལ་ཁ་གསབ་ཀྱི་ཚུལ་དུ་“གལ་ཏེ་ལས་པ་མི་ལེགས་ཚེ་ངས་ཁྱོད་ཀྱི་རླིག་འབྲས་གཉིས་འབལ་ངེས་ཡིན་”ཞེས་ཟེར་ངེས། དེ་ལྟར་བཤད་པས་ངག་རྒྱུན་དུའང་“གྲྭ་བའི་ཁ་མི་གཙང་། ཇོ་མོའི་ལག་མི་གཙང་”ཞེས་པའི་བཤད་སྲོལ་ཡང་ཆགས་པ་ཡིན་ངེས།
  དགེ་འདུན་རྒྱ་མཚོ་ནི་དགོན་པ་འདིར་ཡོང་སྟེ་རབ་བྱུང་བསྒྲུབས་པ་ནས་བཟུང་ཨ་ལགས་ཚང་གི་ངག་བཅོལ་ལྟར་བློ་བཟང་ཆོས་འཕེལ་གྱིས་ཁོ་ལ་ཁ་བཏོན་ཁྲིད་པའི་ཕྱོགས་ལ་ནན་ཏན་བྱེད་པ་ལས་ལས་ཀའི་ཐད་མངགས་བཅོལ་ཅི་ཡང་བྱ་མ་མྱོང་། ཡིན་ན་ཡང་དགེ་འདུན་རྒྱ་མཚོས་རྒྱུན་སྤྱོད་ཀྱི་ཁ་བཏོན་གཅིག་ཀྱང་འདོན་མི་ཤེས་པར་མ་ཟད་ད་དུང་བློ་བཟང་ཆོས་འཕེལ་གྱིས་ཁོ་རང་ལ་ཁ་བཏོན་ཁྲིད་པ་དག་སྦྱོང་བ་ལས་ཁོ་རང་སོང་སྟེ་ཨ་ལགས་ཀྱི་ཤག་ཏུ་མེ་འབུད་ཆུ་ལེན་བྱེད་པ་སོགས་ཀྱི་ལས་ཀ་ལས་པར་དགའ་གྱིན་འདུག ཁོ་ནམ་རྒྱུན་ཨ་ལགས་ཀྱི་ཤག་ཏུ་བྲོས་ཡོང་བ་ཨ་ལགས་ཚང་གིས་ཀྱང་མི་མཁྱེན་པ་ག་ལ་སྲིད། ཁོ་འདི་ལྟར་ངན་རེངས་སུ་འགྱུར་དུ་གཞུག་མི་རུང་སྙམ་སྟེ། ཐེངས་ཤིག་བཀའ་བཀྱོན་གྱི་ཚུལ་དུ། “ཁྱོད་ཀྱིས་དགེ་རྒན་གྱི་གན་ནས་ཡི་གེ་མི་འདོན་པར་འདི་གར་བརྒྱུགས་ཡོང་སྟེ་ཅི་བྱེད་པ་ཡིན། ད་ནས་བཟུང་གསོལ་ཚིགས་ཀྱི་དུས་ཚོད་ལ་མ་ཐོན་བར་དུ་འདི་གར་ཡོང་མི་ཆོག་”ཅེས་གསུངས།
  དགེ་འདུན་རྒྱ་མཚོ་ནི་ཧ་ཅང་ཡིད་མི་ཆེས་པ་ལྟར་གྱུར་སོང་། ཨ་ལགས་ཚང་གིས་དེ་སྔོན་ཁོ་རང་ལ་ཧ་ཅང་གཅེས་ཀྱིན་ཡོད་པས་གློ་བུར་དུ་འདི་ལྟར་བཤད་དོན་ཅི་ཡིན་ནམ་སྙམ་སྟེ་ངག་ནས་ལྡབ་ལྡིབ་ངང་། “འོ་ན་ད་ལྟ་ཁྱོད་ལ་ཡང་ང་མི་དགོས་པ་ཡིན་ནམ་”ཞེས་དྲིས་བྱུང་།
ཁོའི་དྲི་བ་དེ་ཐོས་འཕྲལ་ཨ་ལགས་ཀྱིས་ཐུགས་གཏིང་ནས་ཁོ་ལ་སྙིང་རྗེ་ཞིག་སྐྱེས་ཀྱང་། སྙིང་རྗེ་ཁོ་ནས་འཇིག་རྟེན་སྐྱོབ་མི་ཐུབ་པའི་དབང་གིས་སེམས་དོན་ཕྱིར་མངོན་དུ་མ་བཅུག་པར་སྐད་གདངས་དྲག་ཙམ་བྱས་ཏེ། “ཁྱོད་ཀྱི་འགན་ཁུར་ནི་དགེ་རྒན་གྱི་དྲུང་ནས་སློབ་སྦྱོང་བྱེད་རྒྱུ་དེ་ཡིན་པས། མྱུར་མོར་ཕྱིར་སོང་ཞིག”ཅེས་གསུངས།
དགེ་འདུན་རྒྱ་མཚོ་དེ་མ་ཐག་སྐད་མཐོན་པོས་ངུས་བྱུང་། “ཨེ། ཨ་ཡེ། ཨ་ལགས་ལ་ཡང་ང་མི་དགོས་པར་འདུགཨེ། ཨ་ཡེ། ངས་ཁྱོད་དྲན་གིཨེཨ་མ་་་་་་་ཨ་ཅེ། ཁྱོད་ཚོ་གང་ན་ཡོད། ་་་་་་”ཟེར་ནས་ཡུན་རིང་བོར་མཚམས་མི་འཇོག་པར་ངུས་བྱུང་།
  ཨ་ལགས་ཀྱིས་མུ་མཐུད་དུ་ཁོས་ཅི་ཞིག་བཤད་ཀྱིན་པ་དག་མ་ཐོས་པ་ལྟར་ཁ་ཡ་མ་བྱས་པར་ཁ་བཏོན་ཁོ་ན་བཏོན་ནས་བསྡད་བྱུང་བས། མཇུག་མཐར་ཁོ་རང་ཡང་འུ་ཐུག་པར་གྱུར་ཏེ་མིག་ཆུ་འབྱིད་བཞིན་ཕྱིར་དགེ་རྒན་གྱི་ཤག་ཏུ་མི་ལོག་ག་མེད་བྱུང་།
  དགེ་འདུན་རྒྱ་མཚོ་ཨ་ལགས་ཀྱི་ཤག་ཏུ་སློབ་བྱོལ་ལ་ཡོང་དུ་མ་བཅུག་པ་ནས་བཟུང་རེ་ཞིག་ལ་བློ་བཟང་ཆོས་འཕེལ་གྱི་དྲུང་དུ་བསྡད་ནས་བསྲན་ཚུགས་ཏེ་ཁ་བཏོན་མི་སྦྱོང་ག་མེད་དུ་གྱུར། ཁོ་རང་དེ་སྔོན་སློབ་གྲྭའི་ནང་དུ་ཕྱིན་ནས་དུས་ཚོད་ཐུང་ངུ་ཞིག་ལ་བསྡད་པ་དེས་ཕན་ཐོགས་ཅུང་ཙམ་བྱུང་འདུག་པ་སྟེ། གསལ་བྱེད་སུམ་ཅུ་དང་དབྱངས་ཡིག་དག་ཨེན་ཙམ་ཀློག་ཤེས་པར་འདུག དེའི་ཁར་བློ་བཟང་ཆོས་འཕེལ་གྱིས་ཀྱང་ད་བར་དུ་ཁོ་ལ་སྔོན་རྗེས་འཇུག་དང་བརྩེགས་ཡིག་གི་སྦྱོར་ཀློག་ཡང་བསྐྱར་རགས་ཙམ་ཁྲིད་པ་ཡིན་པས། ད་ལྟ་གཞི་ནས་སྐྱབས་འགྲོ་ནས་མགོ་ཚུགས་ཏེ་ཁ་བཏོན་ཁྲིད་མགོ་བརྩམས།
  བློ་བཟང་ཆོས་འཕེལ་གྱིས་དཔེ་ཆའི་སྟེང་ལ་མཛུབ་མོས་བསྟན་ཏེ་ཚིག་རེ་རེ་སྔོན་ལ་བཏོན་རྗེས་དགེ་འདུན་རྒྱ་མཚོས་ཁོའི་ལད་ཟློས་བྱས་ཏེ་འདོན་དུ་བཅུག དགེ་འདུན་རྒྱ་མཚོར་མཚོན་ན་དཔེ་ཆའི་ཐོག་གི་ཡི་གེ་རེ་རེ་སྦྱོར་ཀློག་བྱེད་པར་བལྟས་ན་ཁ་བཏོན་གྱི་རིགས་དགེ་རྒན་གྱི་ཚིག་རྗེས་དེད་དེ་བློར་འཛིན་རྒྱུ་དེ་ཅུང་སླ་བར་སྣང་བས་སྐབས་ཅིག་རིང་ལ་སྤྲོ་སྣང་ཡོད་པར་གྱུར།
  བློ་བཟང་ཆོས་འཕེལ་གྱིས་དཔེ་ཆའི་ཐོག་ལ་མཛུབ་མོས་བསྟན་ཏེ། “བླ་མ་ལ་སྐྱབས་སུ་མཆིའོ། ”ཞེས་ཁྲིད།
  དགེ་འདུན་རྒྱ་མཚོས་ཀྱང་ཁོའི་ཚིག་རྗེས་འབྲངས་ཏེ། “བླ་མ་ལ་སྐྱབས་སུ་མཆིའོ”ཞེས་བཏོན་རྗེས་དགེ་རྒན་ལ་བལྟས་ཏེ་ལྡབ་ལྡིབ་ངང་། “དགེ་རྒན། བླ་མ་ཞེས་པ་ནི་ཨ་ལགས་ཚང་ཨེ་རེད། ”ཅེས་དྲིས་བྱུང་།
  བློ་བཟང་ཆོས་འཕེལ་གྱིས་ཧ་ཅང་གཟབ་ནན་ངང་། “མ་རེད། བླ་མ་ཞེས་པ་ནི་དགེ་རྒན་གྱི་དོན་རེད་”ཅེས་བཤད།
  དགེ་འདུན་རྒྱ་མཚོས་མུ་མཐུད་དུ་སྔར་བས་ཀྱང་ལྡབ་ལྡིབ་ངང་། “འོ་ན་སྐྱབས་སུ་མཆིའོ་ཟེར་བ་ནི་མཉམ་དུ་འཆི་ངེས་རེད་ཟེར་བ་ཨེ་རེད་”ཅེས་དྲིས་འོང་། བློ་བཟང་ཆོས་འཕེལ་གྱིས་བཟོད་མ་ཐུབ་བགད་བྱུང་། “བླུན་རྒན། དེ་ཟེར་བ་མ་རེད། དགེ་རྒན་ལ་དད་པ་བྱེད་དགོས་ཟེར་བ་རེད། ”ཅེས་ཁོ་རང་གིས་གོ་ཐུབ་པའི་འགྲེལ་བཤད་བྱས་པས། དགེ་འདུན་རྒྱ་མཚོས་ཀྱང་ཅུང་ཧ་གོ་སོང་བ་ལྟར་མགོ་བོ་ནང་དུ་ལྡེམ་ལྡེམ་བྱེད་ཀྱིན་འདུག
  བློ་བཟང་ཆོས་འཕེལ་གྱིས་མུ་མཐུད་དུ། “སངས་རྒྱས་ལ་སྐྱབས་སུ་མཆིའོ། ”ཞེས་བཏོན།
  “སངས་རྒྱས་ལ་སྐྱབས་སུ་མཆིའོ། ”
“ཆོས་ལ་སྐྱབས་སུ་མཆིའོ། ”
  “ཆོས་ལ་སྐྱབས་སུ་མཆིའོ།། ”
  “དགེ་འདུན་ལ་སྐྱབས་སུ་མཆིའོ།། ”
  “དགེ་འདུན་ལ་སྐྱབས་སུ་མཆིའོ་།།”དགེ་འདུན་རྒྱ་མཚོས་དེ་ལྟར་བཏོན་རྗེས་ཧ་ཅང་ལྷུག་ལྷུག་ངང་བགད་བྱུང་། “ཧེ་ཧེ། འདི་ན་ངའི་མིང་ཡང་འདུག དགེ་རྒན། ཨ་ལགས་དང་ངེད་གཉིས་ཀ་མཉམ་དུ་འཆི་བ་རེད་ཟེར་བ་ཨེ་རེད་”ཅེས་འདྲི་བར་བྱེད།
བློ་བཟང་ཆོས་འཕེལ་གྱིས་ཉིན་འགའ་ལ་ཡང་ཟློས་བསྐྱར་བཟླས་ཀྱིས་ཁྲིད་པར་བརྟེན་དགེ་འདུན་རྒྱ་མཚོས་གཞི་ནས་སྐྱབས་འགྲོ་བློར་འཛིན་ཐུབ་ཙམ་བྱུང་བས། ཁོས་སླར་ཡང་དགེ་འདུན་རྒྱ་མཚོ་ལ་《དམིགས་བརྩེ་མ་》ཁྲིད་མགོ་བརྩམས། ཡིན་ན་ཡང་ཁོས་སྔར་བཞིན་བླུན་བཤད་ཁོ་ན་བྱས་ཡོང་བ་སྟེ། 《དམིགས་བརྩེ་མའི་》ཚིག་རྐང་དང་པོ་“དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། ”ཞེས་པ་བཏོན་རྗེས་ཚིག་དེ་དེ་སྔ་ཨ་ཡེའི་ངག་ནས་ཀྱང་གོ་མྱོང་བར་འདུག་པས་བླུན་དགོད་ཅིག་བྱས་ཏེ་སླར་ཡང་ལྡབ་ལྡིབ་ངང་། “དགེ་རྒན། འཕགས་པ་སྤྱན་རས་གཟིགས་ལ་མིག་མེད་པ་རེད་དམ་”ཞེས་དྲིས་བྱུང་།
  ཐེངས་འདིར་བློ་བཟང་ཆོས་འཕེལ་གྱིས་ཀྱང་ཁོ་ལ་སྤྱོས་བྱུང་། “མུག་ཕྲུག་འདིས་ཅི་ཟེར། ངོ་མ་བྱ་ཁྭ་ཏའི་ཁ་ན་སྙན་མོ་མེད་ཟེར་བ་ཅིས་མ་བདེན། ད་ནས་བཟུང་ཁྱོད་ཀྱིས་ཚིག་བློར་འཛིན་ཨེ་ཐུབ་ལྟོས་དང་ཆོག ནང་དོན་ཅི་ཡིན་ལ་བསམ་བློ་གཏོང་མི་དགོས་”ཞེས་བཤད་རྗེས་ཧ་ཅང་ཐང་ཆད་པའི་སྣང་བ་ཞིག་སྐྱེས།
བློ་བཟང་ཆོས་འཕེལ་གྱིས་དགེ་འདུན་རྒྱ་མཚོའི་དགོད་བྲོ་བའི་བླུན་བཤད་དེ་དག་ཨ་ལགས་ཚང་གི་སྙན་དུ་ཕུལ་ཞིང་ཁོས་དགེ་འདུན་རྒྱ་མཚོར་སློབ་ཁྲིད་བྱེད་ཐབས་བྲལ་ཚུལ་ཞུས་པ་ན། བསམ་ཡུལ་ལས་འདས་པ་ཞིག་ལ་ཨ་ལགས་ནི་ཤིན་ཏུ་ཡ་མཚར་བ་ལྟར་གྱུར་སོང་། ཁོང་གིས་ཡུན་རིང་ཙམ་ལ་ཐུགས་བསམ་བཞེས་མཐར་ཅུང་ཡིད་ཕངས་པའི་ངང་། “ཡི་གེ་ཀློག་པའི་དུས་ནས་འདི་ལྟར་ནང་དོན་ལ་བསམ་གཞིགས་གཏོང་མཁན་ཧ་ཅང་དཀོན་པ་རེད་ཨང་། གལ་ཏེ་ཁོ་རང་རིག་པ་དྭངས་མོ་ཞིག་ཡིན་རྒྱུ་ན་རྗེས་ཕྱོགས་སུ་མཁས་པ་ཆེན་པོར་འགྱུར་ཐག་ཆོད་རེད་པས། ཁྱོད་རང་ད་དུང་ཡིད་མ་ཆད་”ཅེས་གསུངས་བྱུང་།
  ཨ་ལགས་ཀྱིས་དེ་ལྟར་གསུངས་པས་བློ་བཟང་ཆོས་འཕེལ་ལ་ཡང་སྔ་ན་མེད་པའི་སེམས་ཤུགས་ཤིག་རྒྱས་སུ་བཅུག་སོང་། ཁོས་ཉམས་དམས་སུ་གྱུར་བའི་ཡིད་ཆེས་ཀྱི་མེ་རོ་བསྐྱར་དུ་གསོས་ཤིང་ཐ་ན་རང་ཉིད་ཀྱི་ཁ་བཏོན་བྱེད་པའི་འགན་ཁུར་དེ་ཡང་ཕལ་བར་བཞག་ནས་ཧུར་ཐག་འབད་ཐག་གིས་རང་ནུས་ཡོད་ཚད་བཏོན་ཏེ་ཕྱོགས་གཅིག་ནས་དགེ་འདུན་རྒྱ་མཚོར་ཁ་བཏོན་བློར་འཛིན་ཐབས་ཁྲིད་པ་དང་ཕྱོགས་གཅིག་ནས་ཁ་བཏོན་དེ་དག་ལ་ཚིག་ངོས་ནས་ཅུང་གོ་བདེ་བའི་འགྲེལ་བཤད་ཀྱང་བྱེད་དགོས་བྱུང་། དགེ་འདུན་རྒྱ་མཚོས་ནི་དེ་དག་གི་ནང་དོན་གཏན་ནས་གོ་གྱིན་མི་འདུག་ཀྱང་ཉིན་འགའ་མ་འགོར་བར་《དམིགས་བརྩེ་མ་》ཡང་བློར་ཟིན་ཙམ་བྱུང་སོང་། དེ་བས་བློ་བཟང་ཆོས་འཕེལ་གྱིས་ཁོ་ལ་བསྔགས་བརྗོད་བྱེད་བཞིན་དུ་སྔར་བས་རེ་བ་མཐོན་པོ་བཅངས་ནས་《དགའ་ལྡན་ལྷ་བརྒྱ་མ་》ཀློག་ཁྲིད་བྱས། སྐབས་འདིར་དགེ་འདུན་རྒྱ་མཚོས་ཀྱང་དགེ་རྒན་གྱིས་ཁོའི་ཆེད་དུ་ཅི་ལྕོགས་ཀྱིས་ཧུར་ཐག་བྱེད་ཀྱིན་པ་ཤེས་ཀྱིན་ཡོད་པའི་ཁར་ལན་རེར་རང་ཉིད་ལ་བསྟོད་པ་ཡང་བྱེད་ཀྱིན་པ་མཐོང་ནས་རང་གི་ནུས་ཚོད་ཀྱིས་བློར་ཨེ་ཟིན་ལ་འབད་འབུངས་བྱས། ཡིན་ན་ཡང་《དགའ་ལྡན་ལྷ་བརྒྱ་མ་》ནི་སྔོན་གྱི་《སྐྱབས་འགྲོ་》དང་《དམིགས་བརྩེ་མ་》གཉིས་དང་བསྡུར་ན་ཚིག་མང་ཞིང་ཁ་ནས་འདོན་ཡང་མི་བདེ་བས་ཁོས་ཟླ་ཕྱེད་ཙམ་ལ་ཀློག་སྐྱོར་བྱས་ཀྱང་གཏན་ནས་བློར་མི་ཟིན་པར་འདུག་སྟེ། ཚིག་སྔོན་བློར་བཟུང་ཚེ་ཕྱི་མ་འདོན་མི་ཤེས་པ་དང་། ཚིག་ཕྱི་མ་འདོན་ཤེས་ཚེ་ཚིག་སྔོན་མ་བརྗེད་ཟིན་འདུག་པས། དགེ་རྒན་གྱིས་བློར་ཟིན་མིན་ལ་བལྟ་དུས་སུ་ཚིག་རྐང་གན་གྱི་ཕྱེད་ཀ་ཚིག་རྐང་འདི་ཡི་རྔ་མར་མཐུད་ནས་འདོན་པ་དང་། ཚིག་རྐང་གི་གོ་རིམ་ནི་འདོན་ཐེངས་རེ་རེར་གཅིག་མཚུངས་མིན་པར་འཆོལ་བར་གྱུར་ཏེ་ཅི་བཏོན་འདི་བཏོན་མེད་པར་གྱུར་འགྲོ བློ་བཟང་ཆོས་འཕེལ་གྱིས་སླར་ཡང་ཁོས་སྔོན་དུ་བློར་བཟུང་ཟིན་པའི་《སྐྱབས་འགྲོ་》བློར་འཛིན་དུ་བཅུག་པ་ན། ཁོས་མགོ་ཡི་“བླ་མ་ལ་སྐྱབས་སུ་མཆིའོ། ”དང་མཇུག་གི་“དགེ་འདུན་ལ་སྐྱབས་སུ་མཆིའོ”གཉིས་ཀ་ལས་བར་གྱི་ཚིག་རྐང་གཞན་གཉིས་ཀ་གཏན་ནས་ཡིད་དུ་དྲན་གྱིན་མི་འདུག་པས། བློ་བཟང་ཆོས་འཕེལ་ནི་ཧ་ཅང་ཡིད་ཆད་པར་གྱུར་ཏེ། “འོ་ན་ཁྱོད་ཀྱིས་ཇི་ལྟར་བློར་བཟུང་བ་ཡིན་ནམ་”ཞེས་འདྲི་དགོས་བྱུང་།
  དགེ་འདུན་རྒྱ་མཚོས་སྔར་བཞིན་ལྡབ་ལྡིབ་ངང་། “ངས་སེམས་ནས་ཨ་ལགས་ངེད་གཉིས་མཉམ་དུ་འཆི་བ་རེད་སྙམ་བཞིན་བློར་བཟུང་བ་ཡིན་”ཟེར་བཞིན་ངུས་བྱུང་ལ། ངུ་བཞིན་དུ་ཧ་ཅང་ཞུ་བ་བྱེད་པའི་གདངས་ཀྱིས། “དགེ་རྒན། ངས་ཅི་ཡང་བློར་ཟིན་གྱིན་མི་འདུག་པས་ང་ཤི་སོང་ན་བཟང་བ་རེད་”ཟེར།
བློ་བཟང་ཆོས་འཕེལ་ནི་རང་ཉིད་ཀྱིས་ཇི་ལྟར་ཧུར་ཐག་བྱས་ཏེ་ཁྲིད་ཀྱང་ཁོའི་སྟེང་དུ་གྲུབ་འབྲས་ཀྱི་རྗེས་ཤུལ་ཙམ་ཡང་མཐོང་རྒྱུ་མེད་པ་དེར་ཚིག་པ་ཟ་ཞིང་འུ་ཐུག་བཞིན་ཡོད་པའི་ཁར། ཁོས་ད་དུང་མི་སེམས་ལ་དྲན་མི་ཕོད་པའི་གླེན་བཤད་དེ་འདྲ་བྱས་བྱུང་བ་ཐོས་འཕྲལ་དེ་མ་ཐག་ཁོང་ཁྲོ་ལངས་པར་གྱུར་སོང་། “བླུན་རྒན་འདིས་ཅི་ཟེར། ཁྱོད་ཤི་འདོད་དམ། ཤི་སོང་ན་བློར་འཛིན་ཐུབ་པ་རེད་དམ། ”ཟེར་བ་དང་། སླར་ཡང་མགོ་བོ་འཕྲེད་དུ་གཡུགས་ཙམ་བྱས་ནས་ལག་པས་དཔྲལ་བར་རེག་བཞིན། “ད་ནི་ངས་རང་ཉིད་ཀྱི་ཁ་བཏོན་འདོན་དགོས་པས། ཁྱོད་རང་ཕྱི་སོར་སོང་ལ་རང་ཉིད་ཀྱིས་སྐྱོར་འཛིན་བྱོས་ཤིག་”ཟེར།
  དགེ་འདུན་རྒྱ་མཚོར་མཚོན་ན་དགེ་རྒན་གྱི་ཚིག་དེ་ནི་ཁོས་ནམ་རྒྱུན་རེ་སྒུག་བྱེད་ཀྱིན་པའི་སྐད་ཆ་ཡིན་ན་ཡང་། ད་ལྟ་ནི་དགེ་རྒན་གྱི་ཤག་ནས་ཕྱི་སྒོར་བུད་ཀྱང་ཐད་ཀར་ཨ་ལགས་ཀྱི་ཤག་ཏུ་འགྲོ་མི་ཕོད་པས་གར་འགྲོ་འདིར་འགྲོ་མེད་པར་དགོན་པའི་ནང་འཁོར་གྱི་སྲང་གོག་དག་ཏུ་འཁྱམས་ཉུལ་བྱས་ཏེ་གསོལ་ཚིགས་ཀྱི་དུས་ཚོད་ལ་མ་ཐོན་བར་དུ་འདུག་དགོས་བྱུང་སོང་། ཡིན་ན་ཡང་ལས་ཀ་ཅི་ཡང་བྱ་རྒྱུ་མེད་པར་དུས་ཚོད་ཕར་སྐྱེལ་རྒྱུ་ཞེས་ན་དེའང་ལས་སླ་མོ་ཞིག་ཞིག་ག་ལ་ཡིན། བསྟུད་མར་ཉིན་གཉིས་གསུམ་ཙམ་ལ་ཁོ་རང་དེ་ལྟར་སྲང་གོག་དག་ཏུ་ཕར་ཉུལ་ཚུར་ཉུལ་བྱས་པས་ཕར་འགྲོ་ཚུར་འགྲོ་བྱེད་པའི་གྲྭ་བ་ཚང་མས་ཧ་ཅང་ཡ་མཚར་བའི་མིག་མདངས་ཀྱིས་ཁོ་རང་ལ་བལྟས་འོང་བ་དང་། ད་དུང་འགའ་རེས་ཁོའི་མིང་ནས་བོས་ཏེ། “ཨ་རོག་དགེ་རྒྱམ། ཁྱོད་ཀྱི་ཅི་ཞིག་བོར་སོང་བ་མིན་ནམ། ”ཞེས་འདྲི་བར་བྱེད་པས། ཁོས་ཅི་བཤད་འདི་བཤད་མེད་པར་ཧ་ཅང་ལྡབ་ལྡིབ་ངང་། “ངས་ཅི་ཡང་བཙལ་གྱིན་མེད། ངས་ཅི་ཡང་བོར་མེད་པས་”ཅེས་ཟེར་བས་གྲྭ་བ་དེ་དག་གིས་ཀྱང་གཞི་ནས་ཁོའི་དབང་རྩ་རྒྱུན་ལྡན་མིན་པ་དྲན་ནས་བཞད་མོ་ཐག་གེར་གྱུར་ཅིང་ཁོའི་འགྲམ་རོལ་བརྒྱུད་ནས་རང་རང་གི་སར་བུད་འགྲོ
  བློ་བཟང་ཆོས་འཕེལ་གྱིས་ཁོ་རང་ཕྱི་རོལ་ཏུ་ཀློག་སྐྱོར་བྱེད་དུ་སོང་ཟེར་བ་ནི་དོན་ངོ་མར་ཁོ་ལ་ངལ་གསོ་བྱེད་དུ་བཅུག་པ་དེ་རེད་མོད། ཡིན་ན་ཡང་རིམ་བཞིན་དུ་དགེ་འདུན་རྒྱ་མཚོར་མཚོན་ན་ལས་ཀ་ཅི་ཡང་མེད་པར་སྲང་ལམ་ནང་དུ་ཉུལ་ནས་གསོལ་ཚིགས་ཀྱི་དུས་ཚོད་ལ་སྒུག་རྒྱུ་དེ་ནི་དགེ་རྒན་གྱི་དྲུང་ནས་ཁ་བཏོན་བློར་འཛིན་པ་ལས་ཀྱང་ཧ་ཅང་དཀའ་བའི་སྣང་བ་སྐྱེས། མཇུག་མཐར་ཁོ་རང་ཧ་ཅང་ཐབས་ཟད་པར་གྱུར་བས་སྤོབས་པ་སྐྱེད་དེ་མཐའ་འཁོར་གྱི་ཚོགས་སུ་འགྲོ་མི་དགོས་པའི་བན་དེ་ལོ་ཆུང་དག་གི་གྲྭ་ཤག་ཏུ་འགྲོ་དགོས་བྱུང་། བན་དེ་ལོ་ཆུང་དག་གིས་དེང་ཐོག་ཁོ་རང་གིས་ཅི་བྱེད་སྙམ་པ་ཡིན་ནམ་སྙམ་སྟེ་ཧ་ཅང་དོགས་ཟོན་གྱི་མིག་མདངས་ཀྱིས་ཁོ་ལ་བལྟས་ཡོང་བས། ཁོ་རང་ཡང་དེ་འཕྲལ་ཅུང་འཚབ་འཚུབ་པོར་གྱུར་ཏེ་ཅི་བཤད་འདི་བཤད་མེད་པར་ལྡབ་ལྡིབ་ངང་། “ངས་ཁྱོད་ཚོར་རོགས་བྱས་ན་ཨེ་ཆོག་”ཅེས་བཤད་རྗེས། ཁོ་ཚོ་འཐད་མིན་ལ་མི་ལྟ་བར་ཁྱིམ་ནང་དུ་གད་བདར་བྱེད་པ་དང་། ཆུ་མགོའི་ཁར་འཐུང་ཆུ་ལེན་དུ་འགྲོ་བ། ཤེལ་སྒོ་འབྱིད་པ། རྡོ་སོལ་གསིལ་བ་སོགས་བྱས་འགྲོ་བས། བན་ཕྲུག་དག་གིས་ཀྱང་ཁོས་བསམ་ངན་འཆང་གིན་མེད་པ་རྟོགས་ཏེ་ཁོ་དང་ཉེ་སར་བཏུད་ནས་ཁ་བརྡ་བྱེད་པ་དང་ཁོ་དང་ལྷན་དུ་རྩེད་མོ་རྩེ་བ་སོགས་བྱེད་པས་ཁོའི་སེམས་ཀྱི་སེམས་ངལ་ཡོངས་རྫོགས་ཀྱང་རེ་ཞིག་གར་སོང་ཆ་མེད་དུ་གྱུར་འགྲོ
  ཡིན་ན་ཡང་བན་དེ་དེ་དག་གི་དགེ་རྒན་ནམ་གྲྭ་ཤག་དེ་དག་གི་བདག་པོ་སྟེ་གྲྭ་བ་རྒན་པ་དག་ཐོན་ཚེ་ཁོ་རང་ཡང་མུ་མཐུད་དུ་དེ་གར་སྡོད་མི་ཕོད་པར་དེ་མ་ཐག་ཏུ་སྒོར་འབུད་དགོས་པར་འགྱུར་ལ། སྐབས་དེར་གསོལ་ཚིགས་ཀྱི་དུས་ཚོད་ལ་ཡང་ཐོན་འདུག་པས་ཁོ་རང་ཐད་ཀར་ཨ་ལགས་ཀྱི་ཤག་ཏུ་འགྲོ་བར་བྱེད།
  དུས་ཚོད་རིང་ཙམ་འགོར་བ་ན། བན་དེ་དེ་དག་གི་གྲྭ་ཤག་བདག་པོ་སྟེ་ཁོ་ཚོའི་དགེ་རྒན་ནམ་ཁོ་ཚོའི་གཉེན་ཚན་གྲྭ་རྒན་དག་ཀྱང་རིམ་བཞིན་དགེ་འདུན་རྒྱ་མཚོ་ལ་འདྲིས་པར་གྱུར་སོང་ལ། ཁོ་ཚོས་ཁོའི་དབང་རྩ་རྒྱུན་ལྡན་མིན་པ་ཡང་ཤེས་ཀྱིན་ཡོད་མོད། ཁོ་རང་བན་དེ་ཆུང་ངུ་དག་དང་བསྡུར་ན་ལོ་ཆེ་བར་འདུག་པས་ནམ་རྒྱུན་ཁོ་ལ་“མུག་ཕྲུག་”མི་ཟེར་བར་དེ་ལས་ལྡོག་སྟེ་“མུག་རྒན་”ཞེས་པའི་མིང་གསར་བ་ཞིག་བཏགས་བྱུང་བས། ཁོའི་རྩེད་རོགས་བན་དེ་ཆུང་ངུ་དག་གིས་ཀྱང་“མུག་རྒན་”ཞེས་པ་ནི་ཐ་སྙད་གསར་བ་ཞིག་གམ་ཧ་ཅང་དགོད་བྲོ་བ་ཞིག་འདུག་པར་བརྟེན་རིམ་བཞིན་དུ་ཁོ་ལ་“དགེ་རྒྱམ་”ཞེས་མི་འབོད་པར་“མུག་རྒན་”ཞེས་འབོད་པར་བྱེད། ལན་རེར་གྲྭ་རྒན་དག་ལ་ལས་ཀ་ཅི་ཡང་མེད་པར་སྡོད་པའི་སྐབས་སུ་“ཨ་རོག་མུག་རྒན། འདིར་ཤོག་དང་ང་ཚོས་ཁ་བརྡ་བྱེད། ”ཅེས་མདུན་དུ་བོས་ཡོང་ནས་ཁོ་ལ་ཁ་རྩེད་པར་བྱེད་པ་སྟེ། ཧ་ཅང་གཟབ་ནན་གྱི་རྣམ་འགྱུར་བསྟན་ནས། “ཁྱོད་ཀྱིས་དྲང་མོར་ཤོད་དང་། དགོན་པའི་ནང་དུ་མ་ཡོང་གོང་དུ་ཁྱོད་ལ་ཆུང་མ་བླངས་ཨེ་མྱོང་”ཞེས་དྲིས།
དགེ་འདུན་རྒྱ་མཚོས་ཆུང་མ་ཞེས་པའི་ནང་དོན་ཅི་ཡིན་མ་གོ་བར་ལྡབ་ལྡིབ་ངང་། “ཆུང་མ་ཟེར་བ་ནི་ར་མ་ཆུང་བ་ཨེ་རེད་”ཅེས་དྲིས་བྱུང་བས་ཚང་མ་ཧབ་ཆ་ཐག་གེར་གྱུར།
  ཁོས་ཀྱང་ཁོ་ཚོའི་བཟོ་ལྟ་ལས་རང་ཉིད་ཀྱིས་བཤད་ནོར་ཐེབས་པ་ཤེས་ནས་སླར་ཡང་བཟོ་བཅོས་ཀྱི་ཚུལ་དུ། “འོ་ན་ཁྱོད་ཀྱིས་ཆ་མ་(བུད་ཤིང་)བླངས་ཨེ་མྱོང་ཟེར་བ་ཡིན་ནམ་”ཞེས་དྲིས་པས། གྲྭ་བ་དག་བགད་ནས་བརྒྱལ་ལ་ཁད་དུ་གྱུར།
  ཡང་འགའ་རེས་གླེང་གཞི་བསྒྱུར་ནས། “ཨ་རོག་མུག་རྒན། ཨ་ལགས་ཀྱིས་ཅི་ཟེར་གྱིན་འདུག ཁྱོད་རང་དགོན་བདག་ལ་འཇོག་རྒྱུ་ཡིན་ཟེར་གྱིན་ཨེ་འདུག་”ཅེས་དྲིས་པ་ན།
ཁོས་ཀྱང་དགོན་བདག་ཅེས་པའི་ནང་དོན་གོ་གྱིན་ཡོད་པས་ཧ་ཅང་གཟབ་ནན་ངང་། “ད་དུང་ཅི་ཡང་ཟེར་གྱིན་མི་འདུག སང་ཉིན་དེ་ལྟར་ཟེར་ནའང་ཐང་”ཞེས་བཤད་འོང་བས། གྲྭ་བ་དག་སླར་ཡང་གད་མོ་ཆིལ་ལེར་གྱུར་འགྲོ
  འགའ་རེས་ཅུང་ནན་ཏན་གྱི་ཚུལ་དུ། “ཨ་རོག་དགེ་རྒྱམ། ཁྱོད་གྲྭ་བ་བྱེད་དོན་ཅི་ཡིན། ཁྱོད་ཀྱིས་ངོ་མ་འཁོར་བ་བློས་བཏང་ཟིན་པ་ཡིན་ནམ་”ཞེས་དྲིས།
དགེ་འདུན་རྒྱ་མཚོས་སྔར་བཞིན་དུ། “ཨ་མས་བཤད་ན་དགོན་པ་ནི་ཧ་ཅང་བཟང་བ་རེད། དགོན་པ་ནས་མི་གཞན་གྱིས་ཐུབ་ཚོད་བྱེད་པ་མ་རེད་ཟེར། ”ཟེར།
གྲྭ་བ་ཚོས་གཞི་ནས་ཕན་ཚུན་གྱི་གདོང་ལ་ལྟ་ཙམ་བྱས་ནས་མུ་མཐུད་དུ་འདྲི་རྒྱུ་མེད་པར་གྱུར་འགྲོ
  དགེ་འདུན་རྒྱ་མཚོ་ནི་དགོན་པའི་གྲྭ་བ་ཆེ་ཆུང་ཀུན་གྱིས་ཁ་རྩེད་ནས་སྤྲོ་བ་སློང་བྱེད་དུ་གྱུར་ཏེ་ལན་རེར་གསོལ་ཚིགས་ཀྱི་དུས་ཚོད་ཇི་ལྟར་ཕར་ཡོལ་བ་ཡང་མི་ཚོར་བར་གྱུར་བས། དུས་ཚོད་རིང་ཙམ་འགོར་རྗེས་ཨ་ལགས་ཚང་གིས་ཀྱང་དགེ་འདུན་རྒྱ་མཚོས་ད་དུང་ཡང་སློབ་སྦྱོང་ལ་ཧུར་བརྩོན་བྱེད་ཀྱིན་མེད་པར་གྲྭ་ཤག་དག་ཏུ་བྲོས་བྱོལ་བྱས་ཏེ་ཉི་མ་གཏོང་ཐབས་བྱེད་ཀྱིན་པའི་གནས་ཚུལ་དེ་རྟོགས་པར་གྱུར་སོང་། ཁོང་གིས་མུ་མཐུད་དུ་བློ་བཟང་ཆོས་འཕེལ་ལ་དམིགས་བཙུགས་ཏེ་ཁོར་བདག་དམ་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན་པར་མ་ཟད། དགེ་འདུན་རྒྱ་མཚོ་བོས་ནས་ཁོ་ལ་སང་ཉིན་ནས་བཟུང་གྲྭ་ཤག་གཞན་དུ་སློབ་གཡོལ་དུ་སོང་མི་ཆོག་པར་དགེ་རྒན་གྱི་ཤག་ཏུ་བསྡད་ནས་སློབ་སྦྱོང་བྱེད་དགོས་པར་མ་ཟད་ཉིན་བདུན་རེའི་ནང་དུ་ཁོང་གི་མདུན་དུ་ཡོང་ནས་རྒྱུགས་སྤྲོད་དགོས་ཟེར་ལ། ད་དུང་དགོན་པའི་གྲྭ་ཤག་གང་དུ་ཡང་དགེ་འདུན་རྒྱ་མཚོ་སློབ་གཡོལ་བྱེད་དུ་ཡོང་དུ་གཞུག་མི་ཆོག་པའི་བཀའ་བཀོད་གནང་བྱུང་། དེ་བས་དགོན་པའི་ནང་གི་གྲྭ་བ་སུས་ཀྱང་མུ་མཐུད་དུ་དགེ་འདུན་རྒྱ་མཚོ་བོས་ཏེ་ཁ་རྩེད་མི་ཕོད་པར་གྱུར།
  དགེ་འདུན་རྒྱ་མཚོས་ནི་རང་ཉིད་ཀྱིས་ཚེ་གང་བོར་ཡི་གེ་ཤེས་རྒྱུའི་རེ་ཐག་ཆད་ཡོད་ཀྱང་ཨ་ལགས་ཀྱིས་མུ་མཐུད་དུ་ཨུ་ཚུགས་བྱས་ཡོང་བ་དང་། དགོན་པའི་གྲྭ་ཤག་གང་དུ་ཁོ་རང་ནང་དུ་ཡོང་དུ་གཞུག་མི་ཆོག་པའི་སྒྲིག་ལམ་བཞག་བྱུང་བས་ཡིད་གཏིང་ནས་ཕམ་བཞིན་ཡང་བསྐྱར་དགེ་རྒན་གྱི་གྲྭ་ཤག་ཏུ་མི་འགྲོ་ཐབས་མེད་དུ་གྱུར། འོན་ཀྱང་བློ་བཟང་ཆོས་འཕེལ་གྱིས་ཀྱང་མུ་མཐུད་དུ་དགེ་འདུན་རྒྱ་མཚོར་སློབ་ཁྲིད་བྱས་རུང་འབྲས་བུ་ཅི་ཡང་མེད་པ་ཤེས་ནས་ཁོ་རངཤག་ཏུ་ཐོན་པ་མཐོང་འཕྲལ་ཚིག་མང་པོ་མི་བཤད་པར་སྔོན་ལྟར། “ཕྱི་སྒོ་རུ་སོང་ལ་སྐྱོར་སྦྱོང་བྱོས་ཤིག་”ཟེར་ནས་རང་ཉིད་ཀྱིས་ཁ་བཏོན་འདོན་པ་དང་དཔེ་ཆར་བལྟས་ནས་སྡོད་པ་ལས་ཁ་ཡ་ཆེར་མ་བྱས།
  དགེ་འདུན་རྒྱ་མཚོ་སླར་ཡང་དགོན་པའི་ནང་རོལ་ཀྱི་སྲང་གོག་རིང་ཐུང་ཀུན་ཏུ་འཁྱམས་ཉུལ་བྱས་ནས་སྡོད་དགོས་བྱུང་། ད་ལྟ་ཁོའི་རྩེད་གྲོགས་བན་དེ་དག་གིས་ཀྱང་ཁོ་ལ་བལྟས་ནས་དགོད་ཀྱིན་དུ་སྡོད་པ་ལས་གྲྭ་ཤག་ཏུ་ཤོག་ཟེར་ཕོད་མཁན་མི་འདུག་པས། ཁོ་རང་སུན་སྣང་གིས་མ་བཟོད་པར་གཅིག་པུར་དལ་དལ་ངང་དགོན་པའི་ཕྱི་རོལ་ཏུ་བུད་ནས་མདུན་ཕྱོགས་ཀྱི་སྟར་ལུང་ཆུ་བོའི་ཟམ་པའི་ཕྱོགས་སུ་སོང་། སྐབས་འདིར་ཁོའི་སེམས་ལ་དེ་དུས་ཞིང་གྲོང་དུ་ཨ་ཡེ་དང་ལྷན་དུ་ཡོད་པའི་དུས་ཀྱི་བྱ་བ་རེ་རེ་གློག་བརྙན་བཞིན་ཡིད་ངོར་འཁོར་ཞིང་། ད་ལྟ་ནི་རང་ཉིད་ལ་མི་སུས་ཀྱང་ཁ་ཡ་བྱེད་ཀྱིན་མི་འདུག་པས་ངོ་མ་རྒྱ་སྤྲང་དུ་གྱུར་བ་ཨེ་ཡིན་ནམ་སྙམ་ནས་སེམས་ཧ་ཅང་སྡུག་པར་གྱུར།
  ཁོ་རང་གཅིག་པུ་ཡུན་རིང་བོར་ཟམ་པའི་ཐོག་ཏུ་ལངས་ནས་ཡར་ཕྱོགས་ཀྱི་རྫོང་མཁར་གྱི་ཕྱོགས་སུ་བལྟས་ནས་“ཨ་མ། ཁྱོད་ང་ལ་བལྟ་རུ་མི་ཡོང་བ་ཅི་ཡིན་”ཟེར་བཞིན་ངུ་སྔངས་བྱས་བྱུང་།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༡༢

2012-03-24 སྟག་འབུམ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།