རང་གཤིས།

  དབྱར་ཟླ་དྲུག་པའི་ནང་དུའང་ཅུང་ཙམ་འཁྱག་སྣང་སྟེར་བའི་ཞོགས་པ་འདི་གནམ་རྒན་མའི་སྒེའུ་ཁུང་ལས་འཕྲོས་པའི་འོད་སྐྱ་བོ་ཞིག་དང་འདྲ་བར་ང་ཚོའི་ཉིན་གཅིག་གི་སྤྱི་གཙུག་ཏུ་བྱོན་བྱུང་། འབྲོག་ཐང་གི་རྫོང་མཁར་ཆུང་ཆུང་ཨ་ཕའི་ཆབ་ཐོ་འདྲ་བོ་འདི་ཡང་ཁྱོད་ཀྱིས་རིག་འདོད་རུང་མི་འདོད་རུང་ཤོག་དཀར་ཁུགས་ཀྱི་ནག་ཐིགས་བཞིན་གཙང་བོ་ཆེན་པོ་ཞིག་གི་འདབ་ན་འདང་རྒྱག་མེད་པར་ཆགས་འདུག
  དྲོད་སྣང་གིས་ཡོངས་སུ་གཏམས་པའི་ཉི་མ་མེ་ལོང་འདྲ་བོ་ནམ་མཁའི་དབྱིངས་སུ་ཐོན་ཏེ་ཆུ་ཚོད་བཅུ་གཅིག་ལྷག་འདས་ནའང་རང་ཅག་གི་སྒྲུང་གཏམ་འདིའི་མི་སྣའམ་སྙན་ངག་པ་སེང་ལོ་ད་དུང་ལས་ཁུངས་སུ་ཐོན་མི་འདུག
  ལས་ཁུངས་འདིའི་འགོ་བར་ཇ་ལྡུག་མཁན་ནས་དུ་བར་མེ་སྒྲོན་མཁན། རང་གི་ནུས་པ་བརྗོད་མཁན་ནས་གཞན་གྱི་སྐྱོན་ཆ་རྗོད་མཁན་སོགས་མི་རེ་རེའི་ཁྱད་ཆོས་དག་ཡོངས་སུ་ངོམས་ཚར་བ་ན། ཕེར་མོ་སུ་ཡིས་སེང་ལོ་ཐོན་མི་འདུག་ཟེར།
  ནམ་རྒྱུན་བརྩི་བཀུར་མི་ཤེས་ལ་ང་རྒྱལ་ལྷག་ཏུ་ཆེ་བའི་སེང་ལོའི་ངོ་གདོང་རིག་མི་འདོད་པ་དེ་འགོ་བའི་སྣང་ངོ་རུ་གསལ་གསལ་གྱིས་མངོན་བྱུང་། འགོ་བས་སུ་ལ་བཤད་པ་མི་ཤེས་པའི་ཚུལ་གྱིས་“ཁོ་ལ་ཁ་པར་ཐོངས་”ཟེར།
  རང་ལ་བློ་དཀར་བའི་སྒོ་ཁྱི་གསོད་པར་མིག་མི་བཙུམ་ལ་རང་ཉིད་ཁྱི་ལྟར་བཀོད་བའི་འགོ་བ་ལྷ་ལྟར་བཀུར་བའི་བླུན་པོ་ཞིག་གིས་“ཁ་པར་མི་འགྲོ་གི་”ཟེར་ལ། ཡང་ཕག་ལྟར་ལེགས་ཉེས་ཀྱི་དབྱེ་བ་ཤི་དགོས་རུང་མི་ཤེས་པ་ཞིག་གིས་“དེ་མདང་དགོང་ད་བཟི་ཡོད་ཐལ་ཡ་”ཟེར། ཡང་ངན་བཤད་པར་ལྕེ་གྲི་ལྟར་རྣོ་བ་ཞིག་གིས་ཀྱང་“དེ་མི་སྐོར་ལོག་ཅིག་ཡིན་ཡ་”ཟེར།
  འགོ་བས་ཀྱང་ཅི་ཞིག་གསལ་བོར་རྟོགས་ཡོད་པའི་ཚུལ་གྱིས་“ངས་ཁྱིས་ཁལ་མི་ཐེག་པ་སྔ་མོ་ནས་ཤེས་ཡོད་”ཟེར།
  ཉིན་གུང་གཟུར་ནས་ཅུང་མ་འགོར་བའི་དུས་ཤིག་ལ་སེང་ལོའི་སྣང་བ་ཞིག་ལ་རང་ཉིད་ཀྱི་བྲང་ཁ་རུ་ལག་པ་མང་བོ་ཞིག་གིས་སྤར་བྲད་བྱེད་པའི་སྣང་བ་ཞིག་བྱུང་བ་དང་ལྷན་ཏུ་གཉིད་ལས་སད་བྱུང་།
  ཕྱི་དྲོ། སེང་ལོ་ལས་ཁུངས་ཏུ་འགྲོ་བའི་ལམ་བར་ནས་གྲོགས་པོ་ཞིག་གིས་“ཁྱོད་གོང་རིམ་ལ་གཏུག་འདུག་”ཟེར།
  སེང་ལོས་འདང་བརྒྱག་མེད་པར་“ང་ལ་དགོས་པ་དེ་ཡིན་”ཟེར།
  ཉིན་འགའི་རྗེས་སུ་མི་མང་གིས་བསྒྲགས་པ་ལྟར་ན། སེང་ལོ་ནི་རང་སྣང་མཐོ་ཞིང་སྒྲིག་ལམ་ལས་ལོག་པ། མཐུན་སྒྲིལ་མེད་ལ་མི་གཤིས་རྗོབ་པ་སོགས་ཅི་ལས་ལ་སྐྱག་དྲི་བྲོ་བའི་མི་ཞིག་ཏུ་བརྩི་བཞིན་འདུག་གོ།

                       (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་གཤིས།

2014-11-20 མདའ་བཙན་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།