དགེ་འདུན། དགེ་བཅུའི་ཁྲིམས། ད་དུང་གཡག་རོག་པོ་བཅས་ཀྱི་གཏམ་རྒྱུད།
—རྩོམ་པ་པོའི་གསལ་བཤད་ཀྱི་གཏམ།
ཀྱེ་མ། མུན་རུབ་སོང་།
དེ་རིང་། བསྐལ་བ་གཅིག་གི་ཡུན་ལ་ཨུ་ཚུགས་ཀྱིས་བསྒུགས་པ་ན། ཡུལ་གྲུ་འདིའི་རི་ལུང་ཐམས་ཅད་ད་གཟོད་མུན་པས་བཟུང་སོང་བས། དགེ་འདུན་གྱི་སེམས་ལ་ཐོག་མར་དགའ་སྣང་ཞིག་འཕོས་མོད། འོན་ཏེ་ལམ་ལ་ཆས་གྲབས་བྱེད་སྐབས། དགའ་སྣང་གི་དོད་ལ་འཇིགས་སྣང་གློ་བུར་བ་ཞིག་འཕོས་པ་དང་བསྟུན་ནས། ཁོ་རང་གི་ལུས་སེམས་གཉིས་ཀ་སྐད་ཅིག་ཉིད་ལ་རེངས་པོར་གྱུར་སོང་།
དགེ་འདུན་གྱིས་ཨུ་ཚུགས་དང་བཅས་རང་གི་ལུས་པོ་སྦྲ་ནག་ཕྱི་རོལ་ལ་འདེད་གྲབས་བྱས་པ་ན། མནའ་མ་ནི་ཞེད་སྣང་དང་བཅས་སྒྱུག་པོའི་ཕྱོགས་ལ་ཅེར་བྱུང་བ་དང་། ཚ་བོས་སོམ་ཉི་དང་བཅས་སྤོ་བོའི་སྤྱོད་ལམ་ལ་བརྟགས་སོང་མོད། གཅིག་ཀྱང་དགེ་འདུན་གྱི་རྗེས་སུ་འབྲངས་ཏེ་སྦྲ་སྒོར་འབུད་མི་ཕོད།
ཟླ་བ་ཕྱེད་ཀ་ཞིག་ནམ་མཁའ་ལ་འབྱར་འདུག་པ་དང་། ཟླ་འོད་མག་མོག་ཅིག་ས་གཞི་ལ་འཕྲོས་འདུག ཀྱེ་མ། ཟླ་འོད་འོག་ཏུ་གཡག་ཅིག་ཁྲིད་དེ་བཤས་རར་སོང་ན། གཞན་གྱིས་མཐོང་སྲིད། གལ་སྲིད་གཞན་གྱིས་མཐོང་སོང་ན་ཇི་ལྟར་བྱ་དགོས་སམ། ཇི་ལྟར་བྱ་དགོས་སམ། འོན་ཏེ། དོ་དགོང་ནི་དམྱལ་བའི་འཕྲང་ལམ་བརྒྱུད་དགོས་ཀྱང་། གཡག་ཅིག་བཤས་རར་མི་འདེད་ཐབས་མེད་ཡིན། སྐབས་དེར། དགེ་འདུན་གྱིས་རང་གི་བུ་ཚེ་རིང་གིས་བཤས་རའི་འདབས་ན་སོ་ཉུལ་པ་ཡོད་མེད་ལ་རྟོག་བཞིན་ཡོད་པ་དྲན་བྱུང་བས། མྱུར་མོར་རུམ་ནས་ཁ་པར་རྙིང་ཧྲུལ་དེ་བླངས་ཏེ་མནན་སོང་མོད། ཁ་པར་ལས“དགོངས་པ་མ་ཚོམས། ཁྱེད་ཀྱི་ཁ་པར་གྱི་སྐད་གླ་རྫོགས་འདུག སྒོར་མོ་འཇོག་རོགས”ཞེས་གྲགས་བྱུང་བས། ཁོ་རང་འུ་ཐུག་སྟེ་མགོ་བོ་འཕྲེད་དུ་ལན་འགའ་གཡུགས་རྗེས། སྦྲ་སྒོར་ཀྲོང་ངེར་ལངས་ཏེ་དངན་པ་རིང་པོ་ཞིག་འཐེན་བྱུང་།
ནོར་ལྷས་སུ་ནོར་རྡང་བསྟར་ཕྲེང་བཅུ་གསུམ་ནུབ་ནས་ཤར་ལ་གཏད་དེ་འཐེན་འདུག་པ་དང་། རྡང་གཤར་རེ་རེའི་ལོགས་གཉིས་སུ་ནོར་རྣམས་ཕྲེང་བར་བསྒྲིགས་ཏེ་སྐྱུག་ལྡད་བྱེད་བཞིན་ནག་རོག་གེར་ཉལ་འདུག སྔར་དུས་ཡིན་ན། སྟོན་མཇུག་ཏུ་གཡག་སྐོར་ཞིག་བཤས་རར་བཙོངས་ན། ལོ་གཅིག་ལ་དཔལ་འབྱོར་ཐད་ནས་དཀའ་ཁག་འབྱུང་མི་སྲིད་མོད། ན་ནིང་ནས་བཟུང་ཡུལ་གྲུ་འདི་ནས་ཀྱང་དགེ་བཅུའི་ཁྲིམས་ལག་བསྟར་བྱེད་མགོ་བརྩམས་ཏེ། སྒོ་ཕྱུགས་གཅིག་བཤས་རར་བཙོངས་ན། རིན་གོང་གི་ལྡབ་གཉིས་ཀྱི་ཉེས་ཆད་འཁུར་དགོས་པ་མ་ཟད། ད་དུང་དུད་ཁྱིམ་དེ་གའི་ཁྱིམ་མི་ཚེ་ལས་འདས་ན་དགོན་པས་སྨོན་ལམ་ཡང་གསུང་མི་ཆོག་པའི་ཡུལ་ཁྲིམས་གཏན་འབེབས་བྱས་པས། ཕྱུག་པོ་རྣམས་ཀྱིས་ཀྱང་དབུལ་བོའི་འཚོ་བ་རོལ་དགོས་བྱུང་། ལྷག་པར། ད་ལོ་དབྱར་ཁར་འབྲེལ་ཡོད་མི་སྣས་དུད་ཁྱིམ་ལ་ལས་རང་གི་སྒོ་ཕྱུགས་བཤས་རའི་ཕྱོགས་ལ་ལྐོག་འདྲེན་བྱེད་བཞིན་ཡོད་པ་ཐོས་རྗེས། སོ་ཉུལ་བ་བཀོད་སྒྲིག་བྱས་ཏེ་མཚན་རྒྱ་བསྡམས་པ་ན། སྒོར་མོ་མཁོ་གལ་ཆེ་བ་རྣམས་ཀྱིས་ཉིན་མཚན་གཉིས་ཀར་སྒོར་མོ་སྒོམས་ནས་མི་འདུག་ཐབས་མེད་དུ་གྱུར།
ཕྱོགས་བཞི་ལ་ལྐོག་ལྟ་ཞིབ་མོ་བྱས་རྗེས། དགེ་འདུན་རྐང་འཇབ་ལག་འཇབ་ཀྱིས་ནོར་ལྷས་སུ་སོང་སྟེ། གཡག་རོག་པོ་དེའི་སྣ་ཐིག་རྡང་ལས་བཀྲོལ་ནས་རྫོང་མཁར་ཕྱོགས་སུ་ཁྲིད་བྱུང་། སྤྱིར་ཡིན་ན་དགེ་འདུན་ཚང་ལ་ནོར་སུམ་བརྒྱ་ལྷག་ཡོད་པ་དང་། གཟུགས་བོངས་འབྲོང་དང་གཉིས་སུ་མེད་པའི་གཡག་ནི་ལྔ་བཅུ་ལྷག་ཡོད་པས། ཁལ་གཡག་གཅིག་པུ་ནི་བཤན་པའི་ལག་ལ་འཇོག་མི་དགོས་མོད། འོན་ཏེ་མཚན་མོའི་དུས་འདིར། གཡག་རྒོད་དེ་དག་རེ་གཉིས་གསང་སྟབས་ཀྱིས་བཤས་རའི་ཕྱོགས་ལ་འདེད་དགོས་ན། ལས་ཀ་ནི་ལས་སླ་མོ་ཞིག་གཏན་ནས་མིན་པས། གང་ལ་ཁྲིད་ན་དེ་ལ་འགྲོ་བ་དང་། གང་ལྟར་ཁྲིད་ན་དེ་ལྟར་འགྲོ་བའི་གཡག་རོག་པོ་དེ་སྡུག་ལ་སྦྱོར་དགོས་བྱུང་།
ནམ་མཁར་ཟླ་བ་ཕྱེད་ཀ་ཞིག་ལས་མི་སྣང་རུང་། ཟླ་འོད་ནི་ཚེས་བཅོ་ལྔའི་མཚན་མོ་ལས་ཀྱང་གསལ་བ་འདྲ། དགེ་འདུན་གྱི་གྲོག་ཤུར་གྱ་གྱུ་དེ་དེད་ནས་མདུན་ལ་སོང་བ་ན། སྙིང་ནི་སྨྱོས་པ་ཇི་བཞིན་མཆོང་ལྡིང་བྱས་པ་དང་། སྒྱིད་པ་གཉིས་ཀ་ལྕུག་ལྕུག་ཏུ་འདར་ཏེ་གཟུགས་གཞིའང་ལྕོགས་དཀའ། ཀྱེ་ཀྱེ་མཆོད་པའི་ལྷ་དང་བཀུར་བའི་ལྷ། བདག་གི་སྐྱབས་དང་སྐྱོབ་པ། གྲོགས་དང་དཔུང་གཉེན་དུ་ཕེབས་ཤིག སོ་ཉུལ་བ་དེ་དག་གི་མཐོང་ལམ་སྒྲིབས་ཤིག བདག་གི་སྡུག་ལས་འདིའི་གེགས་ཀུན་སེལ་བར་མཛོད་ཅིག ཁོས་ལྷ་ལ་གསོལ་འདེབས་བཞིན་སྤོབས་པ་ཡང་ནས་ཡང་དུ་བསྐྱེད་དེ་མདུན་ནས་མདུན་ལ་སོང་བ་ན། སྐབས་རེར་ཕ་བོང་མི་དང་འདྲ་བ་ཞིག་མཐོང་ན་སེམས་པ་འཇིགས་ཡེར་ཡེར་བྱེད་པ་དང་། མཚམས་རེར་བྱེའུ་རེ་རྡོག་སྒྲས་དཀྲོགས་ཏེ་གློ་བུར་དུ་འཕུར་བ་ན། སྙིང་ནི་མགྲིན་པ་བརྒྱུད་ནས་ཕྱི་ལ་འབུད་འདོད་ཡོད་པ་ལྟར་མཆོང་ལྡིང་དྲག་པོ་ལན་འགའ་བྱེད་པ་ཡིན།
ཟླ་བ་ཕྱེད་ཀ་དེས་སྐྱོ་ལྷང་ངེར་ཡུལ་གྲུ་འདིའི་མཚན་ལྗོངས་ལ་གཟིགས་འདུག་པ་དང་། དགེ་འདུན་གྱིས་ཟླ་འོད་གོས་སུ་གྱོན་ནས་རྫོང་མཁར་ཕྱོགས་སུ་འགྲོ་བཞིན་གདའ།
ལས་ལམ་དྲང་པ་ལ་ཨང་། དོ་དགོང་ལམ་ནས་སོ་ཉུལ་བར་མ་འཕྲད་པ་མ་ཟད། བཤས་རའི་འགྲམ་ལའང་སོ་ཉུལ་བ་སླེབས་མི་འདུག དགེ་འདུན་གྱི་སེམས་ལ་དགའ་སྣང་གློ་བུར་བ་ཞིག་འཕོས་པ་དང་མཉམ་དུ། ལུས་པོའང་ཅི་ཞིག་གི་འཆིང་རྒྱ་ལས་ཐར་བ་ལྟར་ལྷོད་ཀྱུག་གེར་སོང་། ལྟོས་དང་། བཤས་རའི་སྒོ་འགྲམ་དུ། རས་ཞྭ་དཀར་པོ་གྱོན་པའི་ཁ་ཆེའི་ཚོང་པ་དག་དང་། ཀོ་ལྭ་ནག་པོ་གྱོན་པའི་རྒྱ་རིགས་ཚོང་པ་དེ་ཚོ་མེ་ཕུང་ཆེན་པོ་ཞིག་གི་མཐའ་ལ་རུབ་སྟེ་ནོར་ལུག་ལྐོག་འཚོང་བྱེད་མཁན་རྣམས་ལ་བསྒུགས་ནས་བསྡད་འདུག དགེ་བཅུའི་ཁྲིམས་ཀྱིས་ཁོ་ཚོ་ཁེབས་མེད་པ་ཅི་ཡིན་ནམ། དགེ་འདུན་གྱི་ཡིད་ལ་དྲི་བ་གློ་བུར་བ་ཞིག་འཕོས་བྱུང་།
“ཨ་རོག ལྐོག་འཚོང་རྒྱག་པར་ཡོང་བ་ཡིན་ནམ།”རས་ཞྭ་དཀར་པོ་གྱོན་པའི་ཚོང་པ་ཞིག་དགེ་འདུན་གྱི་གམ་ལ་ཡོང་ནས་དེ་ལྟར་དྲིས།
“ཡིན།”དགེ་འདུན་གྱིས་རང་གིས་ཅི་ཞིག་བཤད་སོང་བ་མ་ཤེས།
“གཡག་གི་གཟུགས་གཞི་ཆུང་བ་མ་ཟད། ཤ་ཤེད་ཀྱང་མི་བཟང་། སྒོར་ག་ཚོད་དགོས།”
དགེ་འདུན་གློ་བུར་དུ་ཕྱིར་འཁོར་ཏེ། རང་གི་རྒྱབ་ཕྱོགས་ན་ལངས་འདུག་པའི་གཡག་རོག་པོ་དེ་ལ་ཞིབ་ལྟ་ལན་ཞིག་བྱས། འདི་ལས་གཟུགས་བོངས་ཆེ་ཞིང་ཤ་ཤེད་བཟང་པའི་གཡག་ཅིག་ཡོད་ན། དེ་ནི་འབྲོང་ཡིན་པ་མ་ཡིན་ནམ།
ཀོ་ལྭ་ནག་པོ་གྱོན་པའི་ཚོང་པ་ཞིག་ག་ལེར་ཡོང་སྟེ། ལག་པ་དཀར་ཞིང་རྒྱགས་པ་དེ་གཡག་རོག་པོའི་རྒྱབ་ལ་བཞག་སྟེ་བྱིལ་བྱིལ་ཡང་ཡང་བྱས།
“ཨ་རོག ངས་སྒོར་སྟོང་གཉིས་བསྟེར། ག་འདྲ་རེད།”
དགེ་འདུན་ཧ་ལས་སོང་། ཚོང་པ་འདིས་རིན་གོང་འདི་འདྲ་དམའ་མོ་ཞིག་བཤད་དོན་ཅི་ཡིན་ནམ།
“སྒོར་ཉིས་སྟོང་བྱིན་ན་རིན་གོང་དམའ་སོང་འདོད་དམ།”ཀོ་ལྭ་ནག་པོ་ཅན་གྱི་གདོང་ལ་ཁེངས་ཉམས་ཤིག་རྒྱས་འདུག
“ཨ་ཁུ་ཚོང་པ། སྐད་ཆ་དེ་འདྲ་མ་བཤད། ས་ཆ་གཞན་ན་གཡག་འདི་འདྲའི་རིན་གོང་ནི་སྒོར་བརྒྱད་སྟོང་ཡས་མས་ཡིན་པ་མིན་ནམ།”
“ས་ཆ་གཞན་གྱི་རིན་གོང་ས་ཆ་གཞན་གྱི་རེད། ས་ཆ་འདིའི་རིན་གོང་ས་ཆ་འདིའི་རེད། གཅིག་གྱུར་འབྱུང་མི་སྲིད།”
དགེ་འདུན་གྱིས་ཅི་ཞིག་བཤད་འདོད་མོད། གནས་སྐབས་སུ་གནས་ལུགས་གཟི་བརྗིད་ཅན་ཞིག་མ་རྙེད། ཁོ་འུ་ཐུག་སྟེ་གདོང་ལ་སྐྱབས་དང་སྐྱོབ་པ་འཚོལ་བའི་འཛུམ་མདངས་ཤིག་བསྡུས་ཏེ་ཀོ་ལྭ་ནག་པོ་ཅན་གྱི་གདོང་ལ་ཅེར་མོད། ཚོང་པའི་གདོང་ལས་ཁེངས་ཉམས་ཆེན་པོ་ཞིག་ལས་ཅི་ཡང་མ་རྙེད་པས། སླར་ཡང་གདོང་ལ་སྐྱབས་དང་སྐྱོབ་པ་འཚོལ་བའི་འཛུམ་མདངས་ཤིག་བསྡུས་ཏེ་རས་ཞྭ་དཀར་པོ་ཅན་ལ་མིག་འོད་གཏད་པ་ན། དེ་ཉིད་ཀྱི་གདོང་ལས་དགའ་བའི་འཛུམ་མདངས་ཤིག་རྙེད་བྱུང་བས། མྱུར་མོར་ཕུ་རུང་དྲུད་དེ་ཚོང་དཔོན་ཞྭ་དཀར་ཕྱོགས་སུ་སོང་།
“ཨ་ཁུ་ཚོང་དཔོན་ལགས། འབྲོག་པ་ཉམ་ཆུང་ཀུ་རེའི་གཏམ་གྱིས་མ་གསོད། དོན་ངོ་མར་ངའི་གཡག་འདི་ལ་སྒོར་ག་ཚོད་སྟེར་ཐུབ་ཀྱིན་འདུག”
“སྟོང་གཉིས་དང་ཉིས་བརྒྱ།”
དགེ་འདུན་ཧ་ལས་སོང་། གཡག་ཅིག་གི་རིན་གོང་ནི་སྐམས་ཤ་རྐང་གཅིག་ལས་དམའ་བ་ཅི་ཡིན་ནམ། ཆུང་མ་རྫོང་སྨན་ཁང་ནས་བསྡད་མ་ཐག ཁོས་སྐམས་ཤ་རྐང་ཡ་གཅིག་ཉོས་མོད། དེ་ལ་སྒོར་ཉིས་སྟོང་སུམ་བརྒྱ་བསྟེར་དགོས་བྱུང་། ཕར་ལ་འཚོང་དུས་དང་ཚུར་ལ་ཉོ་གཉིས་ཀའི་རིན་གོང་ལ་ཧེ་བག་འདི་འདྲ་ཆེ་དོན་ཅི་ཡིན་ནམ། དགེ་འདུན་ནི་རང་གི་རྣ་བ་ལ་ཡིད་མི་ཆེས་པར་གྱུར།
“ཡ། འོ་ན་ཁྱོད་ཀྱི་བློ་ན་ཡོད་པའི་གོང་དེ་ཤོད་དང་། ཚོང་གི་རིན་གོང་གི་གྲོས་མོལ་ཁྲོད་ནས་འབྱུང་དགོས།”
“སྒོར་ལྔ་སྟོང་ཅིས་ཀྱང་བསྟེར་དགོས། ང་རང་མྱུར་མོར་ཁྱིམ་ལ་ལྡོག་དགོས་པས། གཡག་གི་རིན་གོང་གཅོག་དགོས་བྱུང་སོང་།”དགེ་འདུན་གྱིས་སྤོབས་པ་ཆེ་ཆེར་བསྐྱེད་ནས་དེ་ལྟར་བརྗོད།
“དེ་གཡག་གཉིས་ཀྱི་རིན་གོང་རེད། སྒོར་ཉིས་སྟོང་སུམ་བརྒྱ་སྟེར། འཚོང་འདོད་ཡོད་དམ།”
“དཔེ་མི་སྲིད། དཔེ་གཏན་ནས་མི་སྲིད།”དགེ་འདུན་གྱི་མགོ་བོ་ཌ་རུ་གཡུག་གཡུག་བྱས།
“ཁྱོད་ཀྱིས་ཚོང་རའི་གོང་ལྟར་མི་འཚོང་ན། ང་ལའང་ཐབས་བཀོད་ཅི་ཡང་མི་འདུག”རས་ཞྭ་དཀར་པོ་ཅན་གྱིས་རེ་ཐག་ཆད་པ་ནང་བཞིན་དེ་ལྟར་བརྗོད་རྗེས། ཧང་འགྲོས་བྱེད་བཞིན་མེ་ཕུང་ཕྱོགས་སུ་བུད་སོང་ལ། དགེ་འདུན་ཅི་ཞིག་བོར་བ་ལྟར་ཚོང་པའི་གོམ་པ་སྤོ་ལུགས་ལ་བལྟས་ཏེ་སྡོད་དགོས་སོང་།
ཟླ་བ་ཕྱེད་ཀ་སྔར་བཞིན་ནམ་མཁར་འབྱར་འདུག་ལ། བསིལ་རླུང་འཁྱམ་པོ་ཞིག་ནུབ་ནས་ཤར་ལ་ལྡང་བ་ན། ཟླ་འོད་འཇམ་པོ་དེའང་གྲང་ཤུར་ཤུར་དུ་འདར་བྱུང་བ་དང་། དགེ་འདུན་གྱི་ལག་པ་དང་ངོ་གདོང་ནི་འཁྱག་སིབ་བེར་བཏང་།
མེ་ཕུང་ཆེན་པོ་དེ་དམར་ལྷབ་ལྷུབ་ཏུ་འབར་བཞིན་མཆིས་ལ། ཚོང་པ་རྣམས་ཀྱིས་མེ་ཕུང་བསྐོར་ཏེ། ལ་ལ་ཤོ་རྒྱན་ལ་རོལ་བ་དང་། ལ་ལ་གཏམ་གླེང་ལ་རོལ་བ་ན། ཀུན་གྱི་གདོང་ལ་དགའ་སྣང་དང་སྐྱིད་སྣང་ཟད་མི་ཤེས་པ་ཞིག་རྒྱས་འདུག རས་ཞྭ་དཀར་པོ་གྱོན་པའི་ཁ་ཆེའི་ཚོང་པ་ཡིན་ན་འདྲ། ཀོ་ལྭ་ནག་པོ་གྱོན་པའི་རྒྱ་རིགས་ཚོང་པ་ཡིན་ན་ཆོག ཐམས་ཅད་ཡུལ་གྲུ་འདིའི་འབྲོག་པ་རྣམས་ལ་ཆ་རྒྱུས་ཡོད་དེ། འབྲོག་པ་ཚོས་མཚན་མོ་ནོར་ལུག་བཤས་རར་ལྐོག་འདེད་བྱས་ན། ནམ་གསལ་དུས་ཁྱིམ་ལ་འདེད་ཕོད་མཁན་གཅིག་མེད་པ་མ་ཟད། རིན་གོང་ཡང་ཚོང་པའི་འདོད་བློ་དང་བསྟུན་ངེས་ཡིན། དེར་བརྟེན། དགེ་འདུན་ནི་ཁ་རོག་གེར་ཁོ་ཚོའི་འགྲམ་ལ་སོང་སྟེ། ཚོང་པ་རེ་རེའི་གདོང་ལ་མིག་རིག་རིག་གིས་བལྟས་མོད། གཅིག་གིས་ཀྱང་ཁོ་ལ་ལྟ་ཙམ་ཡང་མི་བྱེད།
ད་ནི་ཅི་ཞིག་བྱས་ན་ལེགས་སམ། དགེ་འདུན་འུ་ཐུག་སོང་།
ཆུང་མ་ཐོག་མར་རྫོང་སྨན་ཁང་དུ་སྡོད་སྐབས། དགེ་འདུན་གྱིས་སྐྱེད་ཀ་མཐོན་པོ་བྱིན་ཏེ་སྡེ་དཔོན་སྐྱབས་ལོ་ལ་སྒོར་མོ་མང་པོ་བསྐྱིས་མོད། དེ་ནི་ཉིན་འདི་དག་གི་སྨན་ཡོན་དང་ཟས་ཡོན་ལ་སྤྲད་དེ་རྫོགས་ལ་ཉེ། སང་ཉིན། དགེ་འདུན་ཕ་བུ་གཉིས་ཀས་ནད་པ་ཁྲིད་དེ་ཟི་ལིང་ལ་སྨན་བཅོས་བྱེད་པར་འགྲོ་དགོས། དེ་དུས་ལམ་ཡོན་ལ་ཅི་ཞིག་སྟེར། སྨན་ཡོན་ལ་ཅི་ཞིག་སྟེར། ད་དུང་ཟས་ཡོན་དང་མགྲོན་ཁང་གི་ཁང་གླ།
ཟླ་བ་ཕྱེད་ཀ་དེ་མི་ཡུལ་གྱི་ལྟད་མོར་སུན་སོང་འདྲ། དེ་ཉིད་སྤྲིན་པ་ཕོན་པོ་ཞིག་གི་རྒྱབ་རོལ་ལ་ཡིབས་ཏེ། ཟླ་འོད་འཇམ་པོ་དེའང་རང་གི་ལུས་ལ་བསྡུས་བྱུང་། དགེ་འདུན་གྱིས་རུམ་ནས་ཁ་པར་བླངས་ཞིབ་ལྟ་བྱས་པ་ན། མཚན་མོའི་ཆུ་ཚོད་བཞི་བ་ཡོལ་ཟིན།
ད་ནི་ཅི་ཞིག་བྱ། དགེ་འདུན་ནི་བྲེལ་བ་ལངས་ཏེ་འདུག་མི་བཟོད། འཚུབ་ཆ་སྐྱེས་ཏེ་སྡོད་མི་ཚུགས། གཡག་ནི་ཅིས་ཀྱང་འཚོང་ཐབས་བྱ་དགོས། དོ་དགོང་སོ་ཉུལ་བ་འདི་གར་མ་ཡོང་བས། ཉེན་ཁར་འཕྲད་མ་དགོས་མོད། ནམ་གསལ་དུས་གཞན་གྱི་མཐོང་ལམ་བསྒྲིབས་ཏེ་འགྲོ་ཐབས་མེད་པས། དགེ་བཅུའི་ཁྲིམས་ལ་འགལ་བའི་ཆད་པ་མི་ཁུར་ཐབས་མེད་ཡིན།
གྲང་རླུང་ཤུར་ཤུར་དུ་ལྡང་བཞིན་འདུག་ལ། ཁྱིའི་ཟུག་སྐད་གཉོམ་པོ་ཞིག་རླུང་གིས་ཁྱེར་ནས་དགེ་འདུན་གྱི་རྣ་ལམ་དུ་བསྐྱལ་པ་དང་། ཁྱི་སྐད་དེ་དང་འགྲོགས་ནས་སྦག་སྦག་གི་སྒྲ་ཞིག་ཀྱང་གྲགས་བཞིན་ཡོད་པ་འདྲ།
དགེ་འདུན་གྱིས་རང་ཉིད་འདུག་ཡུན་རིང་པ་རྟོགས་མ་ཟད། ད་དུང་འགྲོ་བའི་དུས་ལ་བབས་པའང་རྟོགས་ཏེ། རྐང་འཇབ་ལག་འཇབ་ངང་ཕར་སོང་སྟེ་ཀོ་ལྭ་ནག་པོ་གྱོན་པའི་ཚོང་པ་དེའི་ཕྲག་པར་ལག་པས་རྡེབ་ཙམ་བྱས་པ་ན། ཚོང་པ་དེས་འཐད་ལ་མི་འཐད་པའི་ངང་ནས་མགོ་བོ་གཡས་ལ་བསྐྱོགས་ཏེ“ཅི་རེད། གཡག་དེ་འཚོང་འདོད་ཡོད་དམ”ཞེས་དྲིས་བྱུང་།
“ཡིན།”
“རིན་གོང་ག་ཚོད་འདོད་ཡོད།”ཀོ་ལྭ་ནག་པོ་ཅན་གྱི་ཐ་མག་རྔུབ་བཞིན་དེ་ལྟར་དྲིས།
“འུ་གཉིས་ཀས་ཕན་ཚུན་ངོ་ཤེས་ནས་ཡུན་རིང་འགོར་སོང་། ཁྱོད་ཀྱིས་ངའི་ཁ་ངོར་བལྟས་ནས་སྒོར་བརྒྱ་བསྣན་ན་ཆོག་གམ།”དགེ་འདུན་གྱིས་རེ་ལྟོས་ཆེན་པོ་དང་བཅས་དེ་ལྟར་བརྗོད།
“དེ་ལྟར་བྱེད། ངས་སྒོར་བརྒྱ་བསྣན་ཆོག”
“ཐུགས་རྗེ་ཆེ།”དགེ་འདུན་གྱི་ཡིད་སེམས་ཅུང་ཟད་བདེ་ལ་བབས།
“དེ་འདྲ་མ་བཤད། རྗེས་སུ་ད་དུང་ཚོང་རྒྱག་དགོས།”
“ཡ་ཡ། རྗེས་སུ་ད་དུང་ཚོང་རྒྱག”
གྲང་རླུང་ཤུགས་ཀྱིས་ལྡང་བྱུང་།
དགེ་འདུན་རྫོང་མཁར་གཡས་འགྲམ་གྱི་ལམ་ཕྲན་དེ་དེད་ནས་མདུན་ནས་མདུན་ལ་འགྲོ་བཞིན་པའི་སྐབས་སུ། སྦག་སྦག་ཅིག་གློ་བུར་དུ་མཆོང་ཡོང་སྟེ། ཁོ་རང་གི་གཡོན་ལོགས་སུ་བཀན་གྱུག་གེར་བསྡད་བྱུང་། ཀྱེ་མ་ཀྱི་ཧུད། སོ་ཉུལ་བ་བསླེབས་པ་ཡིན་ནམ། རྐྱེན་ངན་དེ་འདྲར་མི་འཕྲད་པར་སྨོན། དགེ་འདུན་གྱི་ཡིད་སེམས་འཇིགས་ཡེར་ཡེར་བྱེད། ཁོས་ཨུ་ཚུགས་ཆེན་པོ་དང་བཅས་མགོ་བོ་གཡོན་ལ་བསྐྱོགས་ཏེ་ལྟ་ཙམ་བྱས་པ་ན། སྡེ་དཔོན་སྐྱབས་ལོ་རང་གི་གམ་ལ་སླེབས་འདུག་པ་མཐོང་བྱུང་།
2014/01/25
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།