ཁ་ཆེམས་ཡི་གེ

  བྱང་ཆུབ་ནི་སྙན་པའི་གྲགས་པ་འབར་བའི་སྒྲུང་གཏམ་པ་ཞིག་ཡིན་ལ།ལྕགས་མོ་དང་མི་ཚེའི་འདུན་མ་གཅིག་ཏུ་སྦྲེལ་ཏེ་མི་ལོ་ཉི་ཤུ་ལྷག་གི་སྐྱིད་སྡུག་འདྲེས་མའི་འཚོ་བའི་བཞུད་ལམ་ཁྲོད་ཁོང་གཉིས་ཀྱི་བརྩེ་དུང་གི་གཤིན་ས་ཡངས་པོར་སྐྱིད་ཀྱི་ལོ་ཏོག་འཁྲུངས་ཡོད་མོད།དེའི་གསེབ་ཏུ་བཟའ་འཁོན་གྱི་རྩྭ་ལྡུམ་དང་སྡུག་གི་ཡུགས་པོའང་སྐྱེས་ཡོད་པ་ནི་སྤྱི་འགྲོས་རིགས་ཤིག་ཏུ་འཁུམ།

             ༡
མཚན་ལྗོངས་དེར།བྱང་ཆུབ་སྡོད་སའི་གྲོང་བརྡལ་འདིའི་ཁོ་ར་ཁོར་ཡུག་ཀུན་ཁ་སིམ་ཁུ་འཇགས་ཀྱིས་གནས་ཤིང་།མཚམས་ལན་རེར་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་དེ་རྒྱང་རིང་གི་ཁྱིའི་ཟུག་སྐད་རེ་གཉིས་རྣ་བའི་བུ་གར་མཆེད་འོང་།ཤར་ཕྱོགས་ཀྱི་གནམ་སའི་མཚམས་ནས་འོད་ཞགས་རིང་མོ་ཞིག་ཇེ་ཆེ་ནས་ཇེ་གསལ་དུ་འགྲོ་བཞིན་འདུག་ལ།རིམ་གྱིས་ནམ་མཁའི་མཐའ་ཀུན་ཏུ་ཁྱབ་པར་འགྱུར་བའི་སྐབས་དེར།བྱང་ཆུབ་གྲིམ་རིལ་ཞིག་བརྒྱབ་སྟེ་མལ་ས་ལས་ཙོག་པུར།བསྡད་ཅིང་།ལག་པས་མིག་ཟུང་འཕུར་འཕུར་འགའ་བྱས་འཕྲལ་གམ་གྱི་ཆུང་མར་ལྟ་དུས་ཁོ་མོས་ཧ་ཅང་ཞིམ་སྣང་གིས་དབྱངས་ཀྱི་འདེགས་འཇོག་མི་སྙོམས་པའི་སྔུར་བ་ཞིག་འཐེན་ཞོར་གཉིད་གཏམ་རེ་གཉིས་ཀྱང་འཆད་ཀྱིན་འདུག་པར་ཁོང་འཛུམ་ཤོར།ཁོས་རྐང་འཇབ་ལག་འཇབ་ཀྱིས་ལྭ་རིང་ཞིག་གཡང་ཤམ་བྱེད་བཞིན་རང་གི་དཔེ་ཁང་དུ་སོང་སྟེ་གློག་བཀར་བ་ན།མིག་ལམ་ཀུན་གསལ་གྱི་ལེར་སོང་ཞིང་དཔེ་ཁང་ནང་གི་དཔེ་སྒོྲམ་དང་དེའི་ནང་གི་དཔེ་དེབ་།ད་དུང་རང་གི་ཅོག་ཙེ་དང་རྐུབ་སྟེགས་བཅས་ཀྱང་འདྲེན་བྱེད་ཀྱི་སྒོ་མོར་མངོན་བྱུང་།ཁོ་རྐུབ་སྟེགས་སུ་བསྡད་རྗེས་ཅོག་ཙེའི་འཐེན་སྒམ་ལས་འབྲི་དེབ་གསར་བ་ཞིག་བླངས་ཤིང་དེའི་སྟེང་དུ་ཅི་ཞིག་འབྲི་མགོ་བརྩམས་བྱུང་།བྲིས་གྱིན་བྲིས་གྱིན་དུ་ཁོས་དུ་བ་རྔུབ་འཐེན་བྱེད་བཞིན་ཤུགས་རིང་རེའང་འབྱིན་པར་བྱེད་ལ།ལན་རེར་འབྲི་མཚམས་བཞག་སྟེ་མིང་ཟུང་བཙུམ་།གདོང་ལ་གཟབ་ནན་གྱི་ཉམས་ཤིག་བཏོད་དེ་སེམས་རྣལ་མོས་ཅི་ཞིག་ལ་བསམ་གཞིག་གཏོང་བར་བྱེད།

              ༢
  བྱང་ཆུབ་ཀྱི་ཆུང་མ་སྟེ།ལྕགས་མོ་གཉིད་ལས་སད་དུས་ཞོགས་པའི་ཉི་ཟེར་གྱི་ཟེགས་མ་སྒེའུ་ཁུང་ལས་འཕྲོས་ཏེ་ཁོ་མོའི་མལ་ཁྲིའི་སྟེང་དུ་བརྒྱབ་འདུག་ཅིང་།ཕྱི་རོལ་ནས་འཕྲུལ་ཆས་ཀྱི་ལྡིར་སྒྲ་དང་།སྡོང་བོའི་ལོ་མ་ཤག་ཤག་གཡོ་བའི་སྒྲ།ད་དུང་བྱ་བྱེའུ་ཡི་སྐད་སྙན།མིའི་སྐད་ཅོར་བཅས་གཞི་གཅིག་ཏུ་འདྲེས་ཤིང་།གཅིག་ལངས་གཅིག་འཇགས་ཀྱིས་མཆེད་འོང་བ་་དེས་ཁོ་མོའི་སེམས་ལ་ཟུག་གཟེར་ཞིག་བར་མེད་དུ་བསླངས་པས་དུས་ཚོད་འདི་འདྲ་ཞིག་སླེབས་ཀྱང་ཁྱོ་བོས་རང་ཉིད་ཅིའི་ཕྱིར་གཉིད་ལས་མ་བསླངས་པ་ཡིན་ནམ་སྙམ་བཞིན་སེམས་སུ་འཁང་ར་དང་བཅས་ཏེ་ཁྱོ་བོའི་དཔེ་ཁང་དུ་སོང་བ་ན་།དྲན་པའི་དགུ་ལའང་མ་ཤར་བ་ཞིག་ནི་རྣམ་ཀུན་དཔེ་ཁང་དུ་བསྡད་དེ་འབྲི་བ་དང་ཀློག་པར་སྤྲོ་བའི་ཁྱོ་བོའི་གྲིབ་མ་ཙམ་ཡང་མིག་གི་སྤྱོད་ཡུལ་དུ་མ་གྱུར།ཁོ་མོ་དལ་བུར་ཁྱོ་བོའི་ཅོག་ཙེའི་ཉེ་སར་བཅར་བ་ན།ཅོག་ཙེའི་སྟེང་དུ་འབྲི་དེབ་ཞིག་གི་ཁ་ཕྱེ་ནས་ཡོད་ཅིང་།ཐིག་ཕྲེང་དང་པོའི་དཀྱིལ་དུ་ཁ་ཆེམས་ཡི་གེ་ཞེས་པའི་ཡིག་འབྲུ་བཞི་བྲིས་འདུག་པ་མཐོང་མུར་ཤ་གསེང་རུས་གཏིང་ཀུན་སྦྲིད་གྱི་ལེར་སོང་ཞིང་།མྱུར་དུ་ལག་ཟུང་འདར་སིག་སིག་གིས་ཕར་བསྲིངས་ཏེ་འབྲི་དེབ་དེ་ལག་ལ་བླངས་ཏེ་ཡི་གེ་བཀླག་མགོ་བརྩམས།
ཁ་ཆེམས་ཡི་གེ
ཆུང་མ་ལགས།
ངས་འདི་ལྟར་ཁྱེད་དང་འཇིག་རྟེན་གྱི་ཡོད་ཚད་ལ་གཏན་བྲལ་གྱི་བདེ་མོ་བཞག་པར་ཉིད་ཀྱིས་ལེ་བདའ་དང་འཁང་ར་སོགས་ཅི་ཡང་མི་བྱེད་པར་ཞ།ུ དང་ཐོག་རྒྱུ་་རྐྱེན་ག་གེ་མོ་དེའི་དབང་གིས་ཁོ་བོ་རང་གི་ཁ་མཐུན་ཡིད་འདྲིས་ཀྱི་མཛའ་མོ་དང་གཏན་དུ་གྱེས་ཤིང་།ཕན་ཚུན་གྱི་བར་ན་བརྩེ་དུང་ཕར་ཞོག. ཐ་ན་གསལ་ཆ་དང་རྒྱུས་མངའ་ཙམ་ཡང་མེད་པའི་ཁྱེད་དང་གཏན་འདུན་གྱི་ཨ་ལོང་གཅིག་ཏུ་སྦྲེལ་དགོས་བྱུང་བའི་མཛེས་སྡུག་གི་ནོར་འཁྲུལ་དེའི་ལྗིད་ཚད་དང་ཡང་སྙིང་ག་རེ་ཡིན་པ་འུ་གཉིས་ཀྱི་ལས་དབང་གི་རྒྱ་མ་དམར་པོ་དེས་མ་གཏོགས་སུ་ཞིག་གིས་གཞལ་ནུས་ཨང་།
  ཁྱེད་དང་མཉམ་དུ་བསྐྱལ་བའི་ལོ་ཟླ་འདི་དག་ནི་ངས་རང་གི་ཚེ་སྲོག་ལ་མནར་གཅོད་གཏོང་བའི་གོ་རིམ་ཞིག་ཡིན་ལ།གོ་རིམ་དེའི་ཁྲོད་དུ་ཁོ་བོས་རང་ཉིད་ཆེས་ཐོག་མར་དགའ་ཞིང་དུངས་བའི་དྭངས་མ་ཕུལ་མྱོང་བའི་སྙིང་ཉེ་གང་དེར་འཁྲེང་ཞིང་ཞེན་པའི་དུངས་སེམས་ཀྱི་ཡུ་མོ་ཁེར་རྒོད་དེ་ཕྱིར་དགུག་པའི་སྐལ་བ་ནི་ཤིན་ཏུ་ཕྲ་ལ།ནམ་ཞིག་ཁྱེད་དང་འཐོར་ཏེ་ཁོ་མོར་འབྲེལ་བའི་མི་ཚེའི་ལས་སྐལ་དེ་མུ་མཐུད་དུ་བཀླག་དགོས་འདོད་མོད།རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་སེམས་འདུན་གང་དེ་མངོན་པ་དོན་དུ་འགྱུར་མ་ཐུབ། ཁོ་མོ་བུད་སོང་།ངས་ཀྱང་ཉེ་ཆར་འབྱོར་བའི་ཁོ་མོའི་ཁ་ཆེམས་དེ་ལས་ད་གཟོད་ཤེས་པ་ཡིན།ཁོ་མོས་དང་ཐོག་གི་གཡར་དམ་དེ་སྲུང་བཞིན་ཁེར་རྐྱང་གིས་བུད་སོང་།ངའི་ལོག་ཕེབས་ལ་སྒུག་པའི་དྲན་གདུང་དང་ན་ཟུག་ཁྲོད་བཞུད་ཚར།དེ་བས་ང་ལའང་མུ་མཐུད་དུ་ཨུ་ཚུགས་ཀྱིས་འཚོ་དགོས་པའི …”ལྕགས་་མོས་བལྟས་ཏེ་མཚམས་འདིར་སླེབས་དུས་མགྲིན་པ་བརྣངས་ཤིང་།མིག་ཟུང་མཆི་མས་བསྒྲིབས་པས་རབ་རིབ་ནས་མག་མོག་ཏུ་གྱུར་ཞིང་མིག་ཆུའི་དོག་པ་འགའ་ཕྲེང་ཐག་ཆད་པའི་ཕྲེང་རྡོག་་བཞིན་རང་དབང་མེད་པར་འཁུར་ཚོས་འགྲིལ་ཏེ་ཤོག་བུའི་ངོས་སུ་འཐོར།ཁོ་མོས་རང་གིས་ལོ་ངོ་ཉི་ཤུའི་ རིང་ལ་བློ་་སེམས་རྩེ་གཅིག་གིས་སེམས་སུ་སྒོམ་བཞིན་པའི་མི་དེའི་ཡ་ཆུང་དཀྱིལ་ན་རང་ལ་གོ་གནས་ཅུང་ཙམ་ཡང་མི་འདུག་ལ།ཁོས་དུས་རྟག་ཏུ་ཆུང་དུས་ཀྱི་བུ་མོ་ཞིག་དྲན་་གྱིན་ཡོད་པ་དང་།ཕན་ཚུན་བར་ལ་སྐབས་འགར་བཟའ་འཁོན་རེ་བྱུང་ཡོད་སྲིད་ཀྱང་ཁྱོ་བོས་དོན་དམ་དུ་སྡུག་སྣང་གང་ཞིག་ག་ིཕྱིར་དུ་ཁ་ཆེམས་ཡི་གེ་ཞིག་བྲིས་ཏེ་རང་གི་བྱུང་བ་ལ་རྫོགས་ཚིག་འགོད་དགོས་སམ་སྙམ་བཞིན་སེམས་ཁོང་ན་བ་དང་བྲེལ་འཚུབ་ཀྱིས་ཅིག་ཅར་དུ་མནར་ཞིང་།ངུ་ངག་གི་འབོད་པ་བར་མེད་དུ་སྒྲོག་བཞིན་སྒོའི་ཕྱི་རོལ་དུ་རྒྱུགས་སོང་།

             ༣
  བྱང་ཆུབ་ཀྱིས་རང་གི་བྲི་བྱ་གང་དེ་བྲིས་ཚར་དུས་།ནམ་ཡོངས་ས་གསལ་ཐག་ཆོད་འདུག་ལ།ཁོས་དྲ་མ་ལས་ཕྱིར་བལྟས་པ་ན་།ཁོ་ཚང་དང་ཐག་མི་རིང་བའི་ནགས་ཚལ་དེ་སྔོ་ལྗང་ངེར་གཟུགས་འཛིན་རྒྱལ་་མོའི་དགའ་སྟོན་དུ་འཕོས་འོང་ཞིང་།དེར་འགྲོ་འདོད་ཀྱི་འདུན་པ་འགོག་མེད་ཅིག་སྐྱེས་མུར་ཁྱིམ་་ལས་བུད་དེ་ནགས་ཚལ་དེར་དེངས།
   བྱང་་ཆུབ་ནགས་ཚལ་དེར་སླེབས་པ་ན།མཁའ་དབུགས་དྭངས་ཤིང་གཙང་ལ་སེར་ལམ་ལམ་གྱི་ཉི་འོད་ལྗང་ནེམ་ནེམ་གྱི་སྡོང་ལོའི་་སྟེང་དུ་འཕྲོས་པས་བསིལ་རླུང་་གི་རྒྱུ་ཕྱོགས་དང་བསྡོངས་ཏ་ེའོད་ཀྱི་ཟེར་མ་འབུམ་ཕྲག་་ཆེམ་ཆེམ་མཆེད་པར་བྱེད་ཅིང།བྱེའུ་འཇོལ་མོ་དང་ཁུ་བྱུག་སོགས་ཀྱི་དབྱངས་སྙན་ཡང་བར་མེད་དུ་གྲག་འོང་བས་ཁོ་ལ་ཁམས་བདེ་ཞིང་སྣང་བ་སྐྱིད་པའི་སེམས་འདུན་ཞིག་བཅོས་མིན་དུ་སྐྱེས་བྱུང་།
སྐབས་་དེར།བྱང་ཆུབ་ཀྱི་རྣ་ལམ་དུ་ངུ་སྐད་ཅིག་གྲག་འོང་ཞིང་།མི་མང་པོ་ཞིག་གིས་རང་གི་མིང་ནས་འབོད་ཀྱིན་པ་ཐོས་པས་མྱུར་བར་ཕྱོགས་དེར་རྒྱུགས་པ་ན་།མིག་ཆུ་ཁྲུམ་ཁྲུམ་དུ་བཞུར་གྱིན་པའི་ཆུང་མ་དང་།མིད་པ་འགག་ལ་ཁད་ཀྱིས་རང་གི་མིང་ནས་འབོད་ཀྱིན་པའི་ངོ་ཤེས་མིན་གྱི་མི་དེ་དག་ཏན་སེར་བསྡད་བྱུང་།ཁོ་རང་ཧ་ལས་ཧོན་འཐོར་བར་གྱུར་ཞིང་།ངག་ཀྱང་འཁྲོལ་མི་འཁྲོལ་གྱིས་“དོན…དོན…དག་ཅི་ཞིག་བྱུང་སོང་”ཞེས་དྲིས་པར་ལྕགས་མོས་མིག་ཆུ་འབྱིད་བཞིན་ཁྲོ་བའི་ཉམས་ཀྱིས་“འདི…འདི…ཅི་ཞིག་ཡིན”ཟེར་བཞིན་ཁ་ཆེམས་ཡི་གེ་བྲིས་ཡོད་པའི་འབྲི་དེབ་བྱང་ཆུབ་ཀྱི་མདུན་དུ་གཡུགས་བྱུང་བར་བྱང་ཆུབ་ཀྱིས་གད་མོ་བྱེད་བཞིན་ལྕགས་མོ་དང་བཅས་པའི་མཐའ་སྐོར་གྱི་མི་རྣམས་ལ་“ཁྱེད་ཅག་གོ་བ་ལོག་སོང་།འདི་བདག་གི་སྒྲུང་ཐུང་《ཁ་ཆེམས་ཡི་གེ་ཞིག》་ཅེས་པའི་ནང་གི་མི་སྣ་ལྷུན་གྲུབ་གྱིས་བྲིས་པའི་ཁ་ཆེམས་ཡི་གེ་ཡིན་”ཞེས་བཤད།

                  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་ཆེམས་ཡི་གེ

2014-10-12 སྨུག་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།