དབུལ་སྐྱོར།
དེ་རིང་ནི་ཁོ་རྫོང་ཐོག་ལ་ཡོང་ཐེངས་དགུ་བ་ཡིན།
ཁོ་སྔར་བཞིན་ཡིད་ཆེས་ཀྱིས་ཁེངས་ཤིང་སྤྲོ་དགས་བརྟས་ཏེ་ཐོན་བྱུང་།
འབྲོག་ཁུལ་ན་འཚོ་བའི་ལོ་ན་དྲུག་ཅུར་སོན་པའི་རྒད་པོ་ཞིག་ལ་མཚོན་ན་འདི་ནི་ཡོང་ཐེངས་ཉུང་ཉུང་ཞིག་ག་ལ་ཡིན།ཁོས་དབང་བོ་སྐྱོན་ཅན་གྱི་ཆུང་མ་གཅིག་པུ་ཁྱིམ་ནས་བསྐྱུར་ཏེ་ཡོང་མོད། དབུལ་སྐྱོར་གྱི་སྒོར་གྲངས་དང་ལོ་སར་གྱི་ཟས་རིགས་དག་བསམ་ཐེངས་རེར། ཁོས་འགྲོ་འདུག་གཞན་ལ་རེ་དགོས་པའི་ལམ་ཐག་རིང་བོའི་ངལ་བ་གཏིང་བརྗེད་དུ་གྱུར།
ཁོའི་མིང་ལ་ཀུན་དགའ་དོན་གྲུབ་ཟེར།ཁོ་ནི་རྩེ་གཞུང་སྡེ་བའི་དབུལ་སྐྱོར་རམ་མུག་སྐྱོབ་ཀྱི་ཁྱིམ་ཚང་དུ་བགྲང་བའི་ཁྱིམ་བདག་ཅིག་ཡིན། ཁོ་ད་ཐེངས་རྫོང་ཐོག་ཏུ་ཡོང་དོན་ཡང་དབུལ་སྐྱོར་གྱི་སྒོར་མོ་ལེན་ཆེད་ཡིན། ཁོས་ཟོང་མང་བའི་སྲང་མདོ་དག་ལ་ཉུལ་ཞོར་ངོ་ཤེས་དག་ལ་༼ང་གནང་སྦྱིན་ཞིག་གི་ཆེད་དུ་ཡོང་བ་ཡིན། ༽ཞེས་འཛུམ་གྱི་ལེར་ཨ་ལན་སྟེར་གྱིན་འདུག་ལ། མི་དག་གིས་ཀྱང་ཁོའི་རྒྱབ་གཟུགས་ལ་ཅེར་ཏེ་༼ད་རྒད་པོ་ཀུན་དགའ་དོན་གྲུབ་ལ་དངོས་གནས་ཀུན་དགའ་དོན་གྲུབ་རེ་སྟེར་ཚད་ཡིན་ཡ། སྙིང་མ་རྗེ། ༽ཞེས་གླེང་གིན་འདུག
གོང་རིམ་ནས་དབུལ་སྐྱོར་རམ་མུག་སྐྱོབ་ཀྱི་རྣམ་གྲངས་རེ་ཡོང་ཐེངས་རེར། འབྲོག་པ་དག་གིས་དེ་ལ་གནང་སྦྱིན་ཞེས་འབོད་ཀྱིན་ཡོད་ཅིང་། ཁོ་ཚོས་དེ་ནི་རྒྱལ་ཁབ་ཀྱིས་འོས་མེད་དང་བླངས་ངང་སྟེར་གྱིན་པ་ཞིག་ཏུ་བསམས་ཏེ། རྒྱལ་ཁབ་ནི་དྲི་མེད་ཀུན་ལྡན་ལྟ་བུའི་སྦྱིན་གཏོང་བ་ཞིག་ཏུ་སྣང་ཡོད།
ཁོ་ཚོས་འབྲུ་རིགས་ཁུག་མ་ཕྱེད་ཀ་རེ་སྟེར་ཐེངས་རེར་ཡང་། རྒྱལ་ཁབ་ཕ་མ་འདྲ་བོ་ཞེས་ཡང་ཡང་བཤད་འགྲོ།
ཁོ་ཐེངས་བརྒྱད་ལ་རེ་བའི་འཛུམ་གྱིས་ཁེངས་ཏེ་དངུལ་ཁང་ལ་ཡོང་ཞིང་། སླར་ཡང་ཐེངས་བརྒྱད་ལ་ཕམ་སྣང་གི་དབུགས་དབྱུང་མཛད་དེ་ཕྱིར་ལོག་མོད། ཁོ་ད་ཐེངས་ཀྱང་ཡིད་མ་ཆད་པར་རེ་སྨོན་གྱི་འཛུམ་མདངས་ཕྱུང་སྟེ་དངུལ་ཁང་དུ་ཐོན་བྱུང་།
ཁོས་ཐེངས་བརྒྱད་ལ་མི་གཞན་ལ་ཞུ་བ་བྱས་ཏེ་དངུལ་བྱང་དུ་སྒོར་མོ་ཡོད་མེད་ལ་ལྟ་རུ་བཅུག་པ་ཡིན། གཞན་གྱིས་ལྟ་རོགས་བྱེད་དུས། ཁོས་གཟབ་ནན་ངང་དངུལ་ལེན་འཕྲུལ་ཆས་ཀྱི་ངོས་ལ་ཡང་ཡང་བལྟས་མོད། བོད་ཡིག་ཀྱང་ཡིག་ངོ་ཆོད་པ་ཙམ་ལས་མི་ཤེས་པའི་འབྲོག་པ་ཁོ་ལ་མཚོན་ན་དངུལ་ལེན་འཕྲུལ་ཆས་ཀྱི་ངོས་ན་འཆར་བའི་རྒྱ་ཡིག་གྲུ་བཞི་དག་ནི་མགོ་རྨོངས་བྱེད་ཅིག་ལས་མ་འདས། ཁོས་གཞན་གྱིས་མཛུབ་གུས་ཇི་ལྟར་གནོན་པའི་ངང་ཚུལ་དེ། འཆར་ངོས་ལ་གོ་རིམ་བཞིན་རྟགས་རེ་བརྒྱབ་མོད། ཁོའི་ཐེངས་འདིའི་དངུལ་ལེན་འཕྲུལ་ཆས་ལ་ཚོད་ལྟ་བྱེད་འདོད་ཀྱི་སེམས་པའང་འཆར་ངོས་ཀྱི་རྒྱ་ཡིག་གྲུ་བཞི་དག་མཐོང་ཙ་ན་མི་སྣང་བར་གྱུར་སོང་།
ཁོས་སྔར་བཞིན་གམ་གྱི་མི་ཞིག་ལ་ཞུ་བ་བྱེད་རྩིས་ཀྱིས་གཡས་ལྟ་གཡོན་ལྟ་བྱས།
༼ཨ་རོ། ང་ལ་རོགས་ཤིག་བྱས་ན་ཆོག་གམ།༽
ཁོས་མིག་མདངས་ལས་སྙིང་རྗེ་སྐྱེད་པར་བྱེད་པའི་ཉམས་ཤིག་བཏོན་ཏེ་འདི་སྐད་དུ་དྲིས་ཙ་ན། གམ་གྱི་གསར་བུ་དེས་ཀྱང་འདང་རྒྱགས་ཅི་ཡང་མེད་པར་འདི་ལྟར་བཤད་བྱུང་།
༼ཡ་ཡ། དེ་ད་ལོས་ཆོག སྒོར་མོ་ལེན་དགོས་པ་ཨེ་ཡིན། ༽
༼ཡིན་ཡ། གནམ་གྱིས་བསྲུང་རྒྱུ་བོ། འདིའི་ནང་ན་སྒོར་མོ་དུ་ཡོད་པར་ལྟ་རོགས།༽
ཁོས་རྣམ་རིག་དོད་པོའི་ངང་ཚིལ་གྱིས་ཟིན་པའི་ཁ་བཏགས་སྣུམ་མདངས་ཅན་གྱིས་སྐེ་ལ་བཏགས་ཤིང་།རས་ཁུག་དམར་ལེབ་ཁ་སྐུད་པས་མདུད་ཡོད་པ་ཞིག་བསློགས་ཏེ་འགྱིག་ཁུག་དཀར་པོ་ཞིག་ཧྲག་ཧྲག་གི་སྒྲ་དང་བསྡེབས་ནས་བླངས་བྱུང་།
ཁོའི་གཉེར་མའི་རི་མོ་བབས་པའི་མིག་སྐྱིའི་འོག་གི་མིག་ཟུང་རིག་རིག་ཏུ་འགུལ་ཞིང་།ཁོས་བློ་རྩེ་དངུལ་བྱང་སྟེང་ལ་སྒྲིམ་ཏེ།སྲང་ལམ་གྱི་བཞི་མདོ་ན་ཡོད་པའི་དངུལ་ཁང་འདིའི་ནང་གི་འཚང་ཁ་ལས་ཐོན་པའི་སྐད་སྒྲ་དང་ཕྱི་ཡི་ཟང་ཟིང་ལས་མཆེད་པའི་འུར་སྒྲ་དག་ཀྱང་མ་ཐོས།
འགྱིག་ཁུག་དཀར་པོའི་ལྟེབས་མ་དག་གཅིག་གཅིག་གཉིས་གཉིས་ངང་བཤིགས་རྗེས།སྟེང་ན་གསལ་ལ་མི་གསལ་བའི་ཨང་ཀི་འགའ་མངོན་པའི་ཤོག་ཐུམ་ཟུར་ཁ་ནག་ནོག་ཅན་ཞིག་གི་ཁུག་ནས། བྱང་བུ་གྲུ་བཞི་སྟེང་ན་མ་བུའི་ལག་རྡང་སྦྲེལ་བའི་སྙིང་རྗེ་མཚོན་པའི་རིས་ཀྱིས་བརྒྱན་པ་ཞིག་བླངས་ནས་གསར་བུ་དེར་སྤྲད།
༼གསང་གྲངས་དུ་ཡིན།༽
སྐྲ་ལོ་ཐོད་ཁར་དཔྱངས་པའི་གསར་བུ་དེས་བབ་ཆགས་ངང་འདི་ལྟར་དྲིས།
༼ཤོག་ཐུམ་འདིའི་སྟེང་གི་འདི་དག་ཡིན། ངས་འདོན། ཁྱོད་ཀྱིས་ཉོན། གཅིག གཉིས། གསུམ། གསུམ། གཉིས། གཅིག ༽
ཁོའི་རྣོ་དབལ་ཉམས་པའི་མིག་ཟུང་གི་མཐའ་ན་གཉེར་མའི་ཚོམ་བུ་ཞིག་དལ་བུར་སྐུམ་གྱིན་འདུག
ཁོའི་སྨྲ་དག་བརྗོད་གསལ་གྱི་རྣམ་འགྱུར་ལ་དཔག་ན། གསང་གྲངས་ནི་གསང་རྒྱུ་ཞིག་མིན་པར་བསྒྲགས་རྒྱུ་ཞིག་ཡིན་པ་དང་འདྲ།
༼ ཨོ། ཨ་ཁུ། བྱང་བུ་འདིའི་ནང་ན་སྒོར་མོ་གཅིག་ཀྱང་མི་འདུག ༽
༼ཡ་ཡ། བཀའ་དྲིན་ཆེ།༽
ཁོའི་སྙིང་ཆུང་ལུ་གུ་ལྡིང་ལྡིང་བྱེད་པའི་དུས་དེ་ལ་གསར་བུ་དེས་དངུལ་བྱང་ཚུར་སྟེར་ཞོར་འདི་སྐད་ཟེར།
ཏག་ཏག སྐབས་འདིར། ཁོའི་རེ་སྒུག་གི་འཛུམ་གྱིས་ཁེངས་ཤིང་། སྣུམ་ཤིག་ཤིག་གི་ངོ་གདོང་ལྷོད་སེར་གྱུར་ཏེ་འཛུམ་གྱིས་བསྡུས་པའི་གཉེར་མའི་ཚོགས་ཀྱང་དལ་བུར་འཐོར་སོང་།
ཁོ་སྐྱོ་སྣང་གི་ལྗིད་ཀྱིས་མནན་ཏེ་ཡུད་ཙམ་ལ་གྲག་འགུལ་ཅི་ཡང་མ་བྱུང་། གསར་བུ་དེའི་ལག་གི་དངུལ་བྱང་ལེན་རྒྱུ་ཡང་བརྗེད་སོང་བས། གསར་བུ་དེས་༼དངུལ་བྱང་འདི། བདག་བྱོས། ༽ཞེས་བཤད་ཞོར་ཁོའི་རུམ་ལ་བཅུག་རྗེས་བུད་སོང་།
གྲལ་གྱི་རུ་ཁག་བསྒྲིགས་པའི་དངུལ་ཁང་ནང་དུ་འབྲོག་པ་དག་གིས་འཚང་ཁ་ཤིག་ཤིག་ངང་། རྒྱལ་ཁབ་ཀྱིས་ལོ་རེར་རྩྭ་སའི་ཆེ་ཆུང་ལྟར་དུ་སྟེར་གྱིན་པའི་ཕོགས་སྒོར་ལེན་པར་བྲེལ་ཤ་ལངས་པའི་མིག་ཟུང་རིག་རིག་ཏུ་འགུལ་གྱིན་འདུག
མགོ་བོ་སྨད་ཀྱིན་དངུལ་ཁང་གི་སྒོར་འབུད་པའི་རྒད་པོ་ཀུན་དགའ་དོན་གྲུབ་ཀྱི་མིག་མདངས་གཞི་ནས་ཉམས་འདུག
ཡིན་ཡང་།ཁོས་ཞང་སྲིད་གཞུང་གི་སྒོ་ཁ་ནས། སྟེང་ན་སྒོར་གྲངས་སྟོང་གཉིས་བྲིས་པའི་ཤོག་ལེབ་ཆེན་པོ་དེ་ལག་ཏུ་བཟུང་སྟེ། མགོ་ཁྲིད་དག་ལ་འདྲ་པར་རྒྱག་ཏུ་བཅུག་པ་ནས་བཟུང་། དབུལ་སྐྱོར་འདིའི་སྒོར་མོ་ལག་ཏུ་འབྱོར་བར་ཡིད་ཆེས་བརྒྱ་ཆའི་བརྒྱ་ཐམ་པ་བྱས་ཡོད།
ཁོས་ད་དུང་གཉེར་མས་ཁེངས་པའི་ངོ་གདོང་ནག་པོར་འཛུམ་གྱི་ཆ་བྱད་སྤྲས་ཏེ། རྒྱལ་ཁབ་ཕ་མ་འདྲ་བོ་ཞེས་དྲིན་གཟོ་ཡི་སྐད་ཆ་བཤད་ཞོར་ཡུལ་ལ་ལོག
དེ་དུས་ལོ་སར་ལ་ཉེ་བའི་དུས་ཡིན། ཁོས་རང་ཚང་གི་ཨ་མཆོད་ལ་སྒོར་སྟོང་གཅིག་བསྐྱིས་ཏེ་ལོ་སར་ལ་གྲ་སྒྲིག་བྱེད་འདོད་ཡོད་ཀྱང་། སྐབས་དེར། ཁོ་ཚང་ཞང་སྲིད་གཞུང་གི་སྒོར་སྟོང་གཉིས་ཅན་གྱི་དབུལ་སྐྱོར་དེའི་གྲས་ལ་ཚུད་སོང་ནི་སྟབས་ལེགས་པ་ཞིག་ཡིན་ཨང་།
དབུལ་སྐྱོར་སྒོར་མོ་དངོས་སུ་ལག་ལ་འབྱོར་མེད་ཀྱང་། ཁོ་ཞང་སྲིད་གཞུང་གིས་བྱིན་པའི་དངུལ་བྱང་ལག་ཏུ་བཟུང་ནས་སྤྲོ་སྣང་གིས་བརྟས་ཡོད།
ཉིན་མོ་དེར། ཁོས་ཁྱིམ་ལ་ལོག་སྟེ་དགའ་ཀྲོག་ཀྲོག་ངང་༼རྒན་མོ། ང་སྡེ་དཔོན་གྱིས་འབོད་དོན་གནང་སྦྱིན་ཞིག་གི་ཆེད་རེད། དེ་རིང་ཞང་སྲིད་གཞུང་ནས་སྒོར་སྟོང་གཉིས་ཀྱིས་གནང་སྦྱིན་བྱས་བྱུང་། འདི་དངུལ་བྱང་རེད། ལོ་སར་ཚུན་ཆད་དུ་འདིའི་སྟེང་ལ་བསྐུར་ཡོང་ཟེར།༽ ཞེས་སེན་བར་ས་ཡིས་ཁེངས་ཏེ་ནག་ཤ་སེར་མཐོང་བའི་ཤ་སྐྱི་སྲབ་ཅིང་ཚིགས་མགོ་འབུར་དུ་ཐོན་པའི་མཛུབ་གུ་གཉིས་ཀྱིས་འོད་ཀྲིག་ཀྲིག་གི་དངུལ་བྱང་བཟུང་སྟེ་འདི་ལྟར་བཤད་མྱོང་།
ནད་ཀྱིས་དུབ་པའི་རྒན་མོས་ཀྱང་དགའ་འཛུམ་དང་བཅས་ཁ་ཡར་གྲགས་ལ་༼རྒྱལ་ཁབ་ཕ་མ་འདྲ་བོ། ༽ཞེས་ཡང་ཡང་བཟློ་བ་དང་། ཁ་མར་གྲགས་ལ་༼བྱང་བུ་འདི་འདྲ་ཆུང་ཆུང་ཞིག་གི་ནང་ནས་སྒོར་མོ་དེ་འདྲ་མང་བོ་ཞིག་ལེན་ཐུབ་པ་མཚར་ཨང་།༽ཞེས་ཡང་ཡང་བཤད།
འདི་ལྟར། གོ་ཁ་ན་བུ་དང་སྒོ་ཁ་ན་ཕྱུགས་མེད་པའི་བཟའ་ཟླ་འདི་གཉིས་ཀྱིས་ཁ་མདོག་གསལ་བའི་དངུལ་བྱང་དེ་ལ་བལྟས་ཏེ་དགའ་སྤྲོ་དཔག་མེད་སྐྱེས་ཤིང་། མཚན་མོ་རྨི་ལམ་དུའང་ལོ་སར་ལ་ཟས་ཞིམ་པོའི་སྡེར་ཁ་བསྒྲིགས་ཏེ་མགྲོན་མང་བོས་གོ་ཁ་རྒྱན་འདུག་པ་རྨིས།
གནམ་ལོ་གསར་ཚེས་ཀྱི་ཟས་དང་གོས་དག་ཉོ་འཚོང་བྱེད་ཀྱིན་པའི་མི་དག གྲོག་ཚང་བརྡོལ་བ་ལྟར་སྲང་ལམ་གྱི་གཡས་གཡོན་ན་འདུར་གྱིན་འདུག
རྒད་པོ་ཀུན་དགའ་དོན་གྲུབ་ཡང་ཏ་ལེན་ཕྲག་པར་ཁུར་ཏེ་དངུལ་ཁང་ལས་སྒོར་བུད་ཅིང་། སྲང་ལམ་གྱི་གཡས་གཡོན་ན་བཤམས་པའི་ཟས་གོས་ཅི་རིགས་ཀྱི་ཚོང་རྫས་ཁྲོད་དུ་ཉུལ་བྱུང་།
ཁོས་ཁ་དོག་མང་བའི་ཟས་གོས་སྣ་ཚོགས་དང་ཉོ་ལ་རྔམ་པའི་མི་ཚོགས་ཀྱི་ངོ་གདོང་མཐོང་ཐེངས་རེར། གར་ཡོང་མི་ཤེས་པའི་འཚུབ་སྣང་ཞིག་གིས་ཁོའི་ཡ་ཆུང་སེམས་པ་སྨུག་པས་གཡོག་པ་དང་འདྲ།
ཅི་ཁག ད་ནི་ལོ་སར་ལ་ཉིན་བཅུ་ལས་མི་འདུག ཁོས་ཐེངས་དགུ་ལ་འོད་མདངས་འཚེར་བའི་དངུལ་བྱང་བཟུང་སྟེ། ལོ་སར་གྱི་ཟས་གོས་སྣ་ཚོགས་ཉོ་བར་རེ་སྨོན་གྱི་འཆར་གཞི་བཀོད་ནས་ཡོང་མོད། ཐ་ན་ལག་ཏུ་སྒོར་ཟུར་གཉིས་ཀྱང་མ་ཐོབ་པས། ཁོས་ཁྲ་ཆིལ་དགུ་ཆིལ་གྱི་ཚོང་རྫས་དག་ལ་ཧེབ་ལངས་པའི་མིག་ཞགས་འཕེན་ཞོར་ཕྱིར་ལ་ལོག་དགོས་བྱུང་།
ད་རེབ་ནི་ཐེངས་དགུ་བ་ཡིན། ཁོའི་ཕམ་སྣང་གིས་ཟིན་པའི་མིག་ཞགས་ཀྱི་སྣེ་མོ་ན། ཐང་དུ་བཤམས་པའི་ཚོང་རྫས་དག་གིས་ཁོ་ལ་བྲེལ་འཚུབ་སློང་གིན་འདུག
འོན་ཀྱང་། ཁོ་ད་དུང་ཡིད་ཆད་མི་འདུག ཁོས་ཐེངས་བཅུ་བར་དངུལ་བྱང་གི་ནང་ལ་དབུལ་སྐྱོར་སྒོར་མོ་འབྱོར་སྲིད་པའི་ཡིད་ཆེས་འཆང་ཡོད།
ཁོས་ཚོང་རྫས་དག་ལ་གསལ་བོར་བལྟས་ཏེ་རིན་གོང་དྲིས་ཤིང་། དེ་ནི་ཐེངས་རྗེས་མའི་རེ་བའི་འབྲས་བུ་ལ་འཆར་གཞི་བཟོ་བའང་ཡིན།
༼ཨ་ཕ་ཀུན་དགའ་དོན་གྲུབ་ཐོན་ཡོད་ལ། ངས་ཁྱོད་བཙལ་གྱིན་པའི་སྒང་ཡིན། ༽
མི་ཚོགས་ཀྱི་འཚང་ཁའི་ཁྲོད་ནས་རྒད་པོ་ཀུན་དགའ་དོན་གྲུབ་སྡེ་དཔོན་དགེ་བོ་དང་འཕྲད་བྱུང་། འདི་ནི་ཅི་འདྲའི་སྟེས་དབང་ལེགས་པོ་ཞིག་ཡིན་ཨང་། རྒད་པོ་ཀུན་དགའ་དོན་གྲུབ་དངུལ་ཁང་ལས་སྒོར་བུད་རྗེས། སྡེ་དཔོན་དགེ་བོ་བཙལ་ཏེ་དབུར་སྐྱོར་གྱི་སྒོར་མོ་དེ་ནམ་ཞིག་ལ་ལག་ཏུ་འབྱོར་པར་ཁ་གསལ་ཞིག་འདྲི་འདོད་སྐྱེས་ཡོད།
སྡེ་དཔོན་གྱིས་མི་ཚོགས་ཀྱི་དབུས་ནས་ཁོའི་ཕྲག་པར་ཡང་མོའི་ངང་རྡེག་ཞོར་འདི་ལྟར་མཚམས་འདྲི་བྱེད་ཐེངས་དེར། ཁོའི་མདོག་ནག་ཅིང་རྒས་གཉེར་གྱིས་ཁེངས་པའི་བཞིན་རས་ལ་སླར་ཡང་འཛུམ་མདངས་རྒྱས་ཏེ་འདི་ལྟར་ཟེར།
༼ཐོན་ཡོད། དགེ་བོ། ཁྱོད་རྫོང་ཐོག་ལ་ཡོང་དོན་ག་རེ་ཡིན། ང་དབུལ་སྐྱོར་གྱི་སྒོར་མོ་དེའི་ཆེད་དུ་ཡོང་བ་ཡིན། ༽
ཁོས་ཨ་ལན་སྟེར་དུས་ངོ་གདོང་གསོན་ཤུགས་ཀྱིས་ཁེངས་འདུག དེ་ནི་ཁོས་དབུལ་སྐྱོར་སྒོར་མོའི་ཐད་ཀྱི་སྐད་ཆ་རེ་གོ་སྲིད་སྙམ་པའི་རེ་འདོད་ཀྱི་དབང་གིས་ཡིན།
༼ང་ཞང་ནང་དུ་དོན་དག་ཙག་ཙིག་རེ་ཡོད་པས་ཡོང་བ་ཡིན། ཞང་སྲིད་གཞུང་གིས་དབུལ་སྐྱོར་གྱི་ཡིག་ཆ་གོང་རིམ་ལ་སྟེར་དུས། ཁྱེད་ཚང་གི་ཡིག་ཆར་འདྲ་པར་དང་ཐོབ་ཐང་དཔང་ཡིག བཀའ་དྲིན་ཞུ་ཡིག་སོགས་ཀྱི་ཆད་ལྷག་བྱུང་འདུག་པས། ད་ཐེངས་ཀྱི་སྒོར་སྟོང་གཉིས་ཅན་གྱི་དབུལ་སྐྱོར་གྱི་གྲས་སུ་ཁྱེད་ཚང་ཚུད་མ་ཐུབ་ཐལ་ཟེར། ངས་ཁྱོད་ལ་ཡིག་ཆའི་ཐད་ནས་ཁ་གསལ་ཞིག་བཤད་རྒྱུའང་བརྗེད་སོང་བས། ཁྱོད་ལའང་ཅི་ཁག དངོས་གནས་དགོངས་པ་མ་ཚོམ། ཐེངས་རྗེས་མར་སྡེ་བར་དབུལ་སྐྱོར་ཅི་ཞིག་ཡོད་ན་ངས་ཁྱེད་ཚང་དེའི་གྲས་སུ་འཇོག་ཁོ་ཐག་ཡིན། ༽
སྡེ་དཔོན་དགེ་བོས་འདི་ལྟར་སྡུག་མེད་རུང་སྡུག་མདོག་ཅིག་བསྟན་ཏེ་དབུགས་ཐེངས་གཅིག་གིས་བཤད་སོང་བས། རྒད་པོ་ཀུན་དགའ་དོན་གྲུབ་ཀྱི་གདོང་གི་དགའ་འཛུམ་གྱི་གཉེར་མདུད་དག་སླར་ཡང་ལྷོད་སེར་གྲོལ་ཏེ་སྡུག་སྣང་སྐྱ་བོ་དང་སྦྲགས་ངོ་མདངས་གཡོགས་སོང་།
སྐད་ཆ་འདིས་ཁོའི་དྲོད་ཁོལ་གྱིས་ཕྱུག་པའི་རེ་འདོད་ཀྱི་འཆར་སྣང་དག་ཐལ་ལ་བསྲེས་སོང་།
ཁོས་མི་ཚེའི་གོ་རིམ་དག་ནི་ལས་ཀྱི་བཀོད་པར་རྩི་བཞིན་པས་ན། འདི་ལྟ་བུའི་ཕམ་ཁ་མང་བོ་གདོང་གིས་བསུས་མྱོང་། དེ་བས། ཁོས་འདི་ལྟར་ཨ་ལན་བྱིན།
༼ཡ་ཡ། དགེ་བོ། ད་ང་རྒད་པོར་དེའི་ལས་སྐལ་མེད་སོང་བ་ཡིན་པ་རེད། ཁྱོད་ལ་ལེ་བདའ་བྱེད་ག་ལ་སྲིད། དྲིན་ཆེན་པོ་ཁྱོད་ལ་འདི་ལྟ་བུའི་ལྷག་བསམ་ཞིག་ཡོད་ན། ང་རྒད་པོར་དེ་ཡིས་ཆོག ༽
ཁོས་མི་ཚོགས་ཀྱི་རྔམས་ཁ་མཐུག་པའི་ཚོང་རའི་དབུས་ནས་སྐད་ཆ་འདི་ཙམ་གྱིས་དབུལ་སྐྱོར་གྱི་དོན་དག་མཇུག་བསྡུས་རྗེས་བུད་སོང་།
མི་ཚོགས་མང་བོའི་བྲེལ་འཚུབ་ཀྱི་གོམ་སྟབས་ཁྲོད་དུ་ཁོའི་གོམ་འགྲོས་ཧ་ཅང་དལ། དེ་ནི་སྐྱོ་སྣང་གིས་དམ་དུ་བཏགས་ཡོད་པ་དང་འདྲ།
ཁོས་སྨིན་མཚམས་ལ་གཉེར་མདུད་བརྒྱབ་སྟེ་སྐྱོ་ཉམས་ཀྱི་མིག་ཞགས་སྐབས་འགར་ཚོང་རྫས་ཀྱི་སྟེང་དུ་འཕེན་གྱིན་འདུག་ལ། སྐབས་འགར་མི་ཚོགས་ཀྱི་ངོ་གདོང་དང་ནམ་མཁའི་སྤྲིན་པའི་སྟེང་དུ་འཕངས་སོང་།
ཁོས་རང་གིས་ཉོ་འདོད་ཀྱི་བློ་ཡིས་ཟིན་པའི་ཚོང་རྫས་དག་མཐོང་ཐེངས་རེར། སྐྱོ་སྣང་དང་གནོན་ཤུགས་འདྲེས་མའི་བྲེལ་འཚུབ་ཅིག་གིས་སླར་ཡང་ན་ཟུག་སློང་གིན་འདུག
ད་ནི་ལོ་སར་ལ་ཉེ་བས། ཁོའི་སེམས་པ་སྔར་ལས་ལྷག་པའི་བྲེལ་འཚུབ་ཅིག་གིས་སྒུལ་བྱུང་།
ཁོས་འཁོར་བ་མི་རྟག་པ་ཟེར་བ་ཅི་མ་བདེན་སྙམ་སྟེ། མ་ཎི་འདོན་ཞོར་དང་འཕྲེང་བ་བགྲེང་ཞོར་དུ་རྫོང་མཐའ་ན་ཆགས་པའི་དགོན་པའི་ཕྱོགས་ལ་བསྐྱོད།
མི་ཚོགས་སྔར་བཞིན་སྲང་ལམ་གྱི་གཡས་གཡོན་ནས་འདུར།
རྒད་པོ་ཀུན་དགའ་དོན་གྲུབ་ཀྱིས་ཁ་མདོག་གསལ་ཞིང་ཉི་འོད་འོག་ནས་འོད་མདངས་དཀར་ལམ་མེར་མིག་ལ་འཚེར་ཡོང་བའི་དངུལ་བྱང་ཞིག་རུམ་ལ་བཅུག་སྟེ། ཨ་མཆོད་ཀྱི་གྲྭ་ཤག་ཏུ་སོང་ནས་ལོ་སར་རོལ་བྱེད་ཀྱི་སྒོར་མོ་སྐྱི་བཞིན་འདུག
༠༡༤ ༠༡ ༢༤
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།