གསང་བ།
༡
མཚན་མོ་དེར། ཟླ་འོད་བསིལ་བསིལ་འོག་གི་སེར་ཆེན་ཐང་ཧ་ཅང་ལྷིང་འཇགས་ཡིན།ལྷིང་འཇགས་ཀྱི་མགོ་སྦྲ་ཞིག་གི་ནང་ཏུ་བསྟན་པ་བཟའ་ཟླ་གཉིས་ཀྱིས་པགས་རྩག་གི་དྲོད་ཁོལ་རུམ་སྟེ་འདི་ལྟར་ལབ་གླེང་བྱེད་ཀྱིན་འདུག
༼མོ་ཨེ་བཏབ།ཨ་ལགས་ཚང་གིས་ཅི་གསུང་བྱུང་། ༽
༼མོ་བཏབ་ཐལ། དགེ་ལེགས་ལ་མོ་ཡག་གི་ཟེར།༽
༼དེ་ན་བཟང་གི འདི་དགེ་ལེགས་ཀྱི་ཚེ་གཅིག་ལས་ཀྱི་གདམས་ཀ་དེ་ཡིན་ཡང་སྲིད།༽
༼དགེ་ལེགས་ད་དུང་ཆུང་དྲགས་མི་འདུག་གམ། ངས་ཅུང་སྔ་འདུག་བསམ། ད་དུང་ལོ་རེ་གཉིས་ལ་སྒུག་ན་མི་བཟང་ངམ། ང་མ་ཉལ་སྔོན་དུ་ཁོའི་གམ་ལ་སོང་བ་ཡིན།དོན་གྲུབ་ཕྱི་ལ་བུད་ཐལ་ཟེར།ཁོ་གཅིག་པུ་རས་གུར་ནང་ན་ཉལ་ནས་བསྡད་འདུག ངས་མནའ་མའི་ཐད་ཀྱི་དོན་དག་བཤད་མ་ཐག ཁོ་འཚབ་ཀྱིན་འདུག ཧ་ཧ། ཐོག་མར་ཡང་བསྐྱར་དོན་གྲུབ་ལ་གཞན་པ་ཞིག་བཙལ་ན་ཇི་འདྲ་རེད། ༽
༼དོན་གྲུབ་དངོས་གནས་མནའ་མས་བཤད་པ་དེ་འདྲ་ཞིག་ཨེ་ཡིན་ནམ།༽
༼འུ་གཉིས་ལ་སྐྱེ་འཕེལ་ནུས་པ་ཡོད་པས། ཁོ་དེ་འདྲ་ཞིག་ཡིན་མི་སྲིད། ༽
༼ཡིན་ཡང་སྲིད། ཁྱོད་ཀྱི་སྐྱེ་འཕེལ་ནུས་པ་ཡང་ད་ལྟ་འཕེལ་རྒྱུ་ལས་ཉམ་གྱིན་པ་འདྲ། ལྟོས་དང་། རྒྱུ་ཞབས་འཁྱགས་པ་རྡོ་རེད།ངས་ཕོ་བའང་སྐད་ཅིག་རིང་ལ་འཁྱག་ཏུ་བཅུག་བྱུང་།ད་རུང་ད་གཞན་གྱི་སྐྱེ་འཕེལ་གླེང་གིན་འདུག ཧི་ཧི། ༽
༼རྒྱུ་ཞབས་འཁྱགས་ཀྱང་ཁྱོད་ལྟ་བུའི་བསྲོ་ནི་ཞིག་ཡོད་པས་ཆོག སྐྱེ་འཕེལ་ནུས་པའང་ད་རུང་ཉམ་མི་སྲིད། མི་རློམ་ན་ངས་ཁྱོད་ལ་འདི་ལྟར་སླར་ཡང་བྱིས་པ་སྙིང་རྗེ་ཞིག་བཞག་ཀྱང་ཆོག ༽
༼ཧིན། ཧིན། ཧིན། ༽
ཨ་ཧོ།ཆགས་སྲེད་ཀྱི་འཁུན་སྒྲས་ཁོ་གཉིས་ཀྱི་སྨྲ་སྒོ་བཅད་བྱུང་བས། མནའ་མའི་ཐད་ཀྱི་ཚིག་འཕྲོ་དེ་དག་ཤུལ་ལྷག་ཏུ་གྱུར་སོང་།ཟླ་འོད་ཀྱི་མལ་ཐུལ་གྱོན་པའི་བཟའ་ཟླ་འདི་གཉིས་ཀྱིས་དུས་རྒྱུན་ལྟར་ཁ་ཚུབ་བརྒྱུད་ནས་ཕྱི་ལ་བལྟ་ཙམ་ཡང་མ་བྱས་པར་གཉིད་དུ་ཡུར་སོང་།ཁོ་གཉིས་ཀྱི་སྔུར་བའི་གདངས་ལ་འདྲེས་པའི་དྲོད་ཁོལ་དེ་སྦྲ་རྒན་གྱི་ཐབ་ཁུང་ན་མེ་རོས་ཁེབས་པའི་ཐལ་བ་ཚ་བོ་དེ་ལྟར་རྨི་ལམ་གྱི་གཏིང་ལ་འཐིམ་ཡོད་སྲིད།རྩྭ་ཐང་ཡངས་མོ་དེ་ཡི་མཚན་མོ་ལ་མཚོན་ན་མི་ལོ་མང་བོར་འགྲོགས་པའི་བཟའ་ཟླ་འདི་གཉིས་ཀྱི་མགོ་སྦྲ་ནི་ཆེས་ལྷིང་འཇགས་ཡིན་ས་དེ་ཡིན་ཨང་།ཁོ་གཉིས་ཀྱི་སྦྲ་ནང་ལ་སྒོ་ཁྱིའི་ཟུག་སྐད་ཐར་ཐོར་མཚམས་དང་མཚམས་སུ་གདངས་དམའ་མོའི་ངང་གྲག་ཡོང་བ་འདིས་ཀྱང་མཚན་མོ་འདིའི་བག་ཡངས་ར་སྤྲོད་བྱས་འདུག
༼འབ། འབ། འབ། ་་་་ ་་་ ་་་་ ༽
༼ཝེ། སུ་ཡིན། ༽
༼ང་ཡིན། ཕུ་བོ་ཡིན། ༽
༼ཁྱོད་ཡོང་ཚད་འཕྱི་ཨང་། གང་ལ་སོང་བ་ཡིན།༽
༼གླན་ས་ཞིག་ཨེ་རྙེད་བལྟ་རུ་སོང་བ་ཡིན། ཁྱོད་ད་རུང་གཉིད་མེད་པ་ཅི་ཡིན། ད་ནམ་གུང་རེད་ཡ།༽
༼གཉིད་མ་ཡོང་ཐལ། དེ་ན་གླན་ས་ཞིག་ཨེ་རྙེད་ཐལ།༽
༼མ་རྙེད་ཐལ།གླན་རྒྱུ་ལས་ལམ་ནས་ན་ཆུ་ཞིག་གི་ནང་ལ་ལྷུང་སྟེ་རློན་སོང་བ་འདི་རེད། ད་ནི་དབྱར་ཁ་ཡིན་ཡང་གྲང་བྱུང་།ང་ལ་རེམ་མ་རུམ་ཕྱེ་རོགས།༽
༼ཤུ། འཁྱགས་པ་རྡོ་རེད། ཁ་ཕར་འཁོར་དང་།ངས་ཁྱོད་ཀྱི་སྒལ་བ་བསྲོ།༽
༼ཨ། དགེ་བ་ཞིག་རེད།ཤ་དྲོད་ཟེར་ནོ་ཡོད་གི ད་ནས་བཟུང་ད་བུད་མེད་བཙལ་དུ་མི་འགྲོ་ཡ། ཐང་ཆད་དུ་བཅུག་པ་ལས་ཐོབ་བྱ་ཅི་ཡང་མེད་པ་རང་རེད།༽
༼ཧི་ཧི། ཆུང་མ་ཞིག་ཡོད་རྒྱུ་ན་འདི་འདྲ་དཀའ་ལས་མྱངས་དགོས་ནི་མ་རེད། ༽
༼ཁྱོད་ཀྱིས་ད་དུང་ཤེས་ནི་མ་རེད།ཆུང་མ་ཡོད་ན་དཀའ་ལས་འདི་ལས་ཀྱང་མང་བོ་ཡོད་ནི་རེད། ཆུང་མ་ནི་རང་གི་ལྕེབས་ཐག་ཡིན་ཟེར་བ་མི་ཤེས་སམ། ༽
༼ལྕེབས་ཐག་བེད་སྤྱོད་བྱེད་ཤེས་སོང་ན་སྐེ་རྒྱན་དུ་སྤྱད་ཀྱང་ཆོག ཧི་ཧི། ༽
༼ཧི་ཧི། ད་ཁྱོད་ཀྱིས་སྐྱིད་པོ་མ་བཤད། ད་གཉིད། ༽
༼ཕུ་བོ། ཨ་ཕས་དངོས་གནས་མནའ་མ་ཞིག་བཙལ་ཡོད་ཟེར། དེ་ཁྱོད་ལ་ཨེ་བཤད་ཐལ།༽
༼ངོ་མ་ཨེ་ཡིན། མ་བཤད་ཐལ། ཡང་ང་ལ་བཙལ་བ་ཨེ་རེད།༽
༼ཁོས་འུ་གཉིས་ལས་སུའི་མནའ་མ་བྱས་ན་བཟང་མིན་ཐད་ཨ་ལག་རི་སྒོམ་ཚང་གི་མདུན་ལ་སོང་སྟེ་མོ་འདེབས་སུ་བཅུག་པ་ཡིན་ཟེར།༽
༼ སུའི་མོ་ཡག་གི་ཟེར། མནའ་མ་སུ་ཚང་གི་རེད།༽
༼མོ་ང་ལ་བབས་འདུག་ཟེར། སུ་ཚང་གི་ཡིན་པ་ང་ལ་མ་བཤད་ཐལ།༽
༼ ཨོ། དེ་ན་བཟང་གི ད་ནི་ངའི་ནུ་བོ་ལག་ཆགས་སོང་། རེམ་མ་ཨ་ཕར་གྱུར་རྒྱུ་རེད། དེ་རེད་ལ། ཧི་ཧི།༽
༼ང་བུད་མེད་དང་ལུས་འབྲེལ་བྱུང་མ་མྱོངས་བས།འཚབ་ནི་ཞིག་རེད། ཁྱོད་ཀྱི་ལག་པ་འདིར་ཞོག་དང་། བུད་མེད་གླེང་ན་ངའི་སྙིང་སྟིག་སྟིག་ཏུ་ལྡིང་གིན་པ་ཚོར་བྱུང་ངམ། ༽
༼སྙིང་ལྡིང་དྲགས་ནས་བྲང་ཀའང་དྲོན་མོ་ཞིག་ཏུ་གྱུར་འདུག ཧ་ཧ་ཧ། ༽
༼ ཧ་ཧ། ༽
ཕ་མ་གཉིས་ཀྱི་བག་ལྷོད་ཀྱི་སྔུར་བ་ལྟར་བུ་གཉིས་ཀྱི་སྐད་སྒྲ་གཉོམ་པོ་མཚན་གཞུང་འདིའི་ཁུག་ན་ཀུ་རེ་དང་དགོད་སྒྲ་འདྲེས་མའི་ངང་མཆེད་ཀྱིན་འདུག ལྷིང་འཇགས་ཀྱི་མཚན་མོ་འདིར་ཡོད་ཚད་ཁུ་སུམ་མེར་གཉིད་ལ་ཡུར་འདུག མཐོང་ཡངས་པའི་ནམ་མཁའི་དབྱིངས་ན་ཁྲ་ཆིལ་ལེར་འཚེར་གྱིན་པའི་སྐར་མ་དག་ནི་ཇི་འདྲའི་བབ་ཆགས་ཤིག་ཡིན་ཨང་།སྐབས་དང་སྐབས་སུ་རེ་རེ་བཞིན་འོད་ལམ་མེར་འཚེར་ཡོང་ཚུལ་ནི་སུ་ཞིག་ལ་ཅོ་འདྲི་བ་དང་འདྲ་བྱུང་།རླུང་གི་རྒྱུ་བ་དབེན་ཞིང་ཟླ་འོད་ཀྱིས་ཁྱབ་པའི་མཚན་ལྗོངས་འདིའི་པང་ནས།བསྟན་པ་བཟའ་ཟླ་གཉིས་དང་བུ་དགེ་ལེགས་དང་དོན་གྲུབ་བཅས་ཀྱི་གཉིད་ནི་དྲོད་སྣང་གིས་ཟིན་ཏེ་བདེ་སྐྱིད་ཀྱི་རྨི་ལམ་ཞིག་རྨི་བཞིན་ཡོད་སྲིད་མོད།ཡོད་ཚད་གཉིད་དུ་ཡུར་ཤུལ་དུ་དོན་གྲུབ་གཅིག་པུ་སད་འདུག ཁོ་ནི་དོན་མ་འགྲུབ་པ་ཅི་ཞིག་ལ་སེམས་ཁུར་བྱེད་པ་ལྟར་གཉིད་ལས་སད་འདུག
འཁོར་བའི་རི་མོའི་ངོས་ཀྱི་ཆུང་མ་ཟེར་བའི་ལས་འཕྲོ་ཞིག་བསམ་ན་དོན་གྲུབ་ལའང་བུ་མོ་གཉིས་ཀྱིས་བསྐྱུར་བའི་སྡུག་བསྔལ་ཞིག་ཡོད་པ་སུ་ལའང་གསང་ཐབས་མེད། ཁོས་ཟླ་འོད་སྟེང་དུ་འཕྲོས་པའི་རས་གུར་ཆུང་ཆུང་དེ་ལས་འགྲེ་ལོག་ཡང་ཡང་རྒྱགས་ཀྱིན་འདུག དེ་ནི་ཁོའི་ནུ་བོས་ད་སོ་མར་ཁོ་ལ་གླེང་བའི་མནའ་མའི་ཐད་ཀྱི་དོན་དག་དེའི་རྐྱེན་གྱིས་ཡིན།རང་གི་ན་ཟླ་དག་ཕ་མ་རུ་འགྱུར་འདུག་པ་དྲན་ཐེངས་རེར་ཁོས་རང་ཉིད་ནི་ཅི་འདྲའི་ལས་ངན་ཞིག་རེད་ཨང་འདོད་བྱུང་།
དུས་ཚོད་ནམ་གུང་ལས་ཡོལ་འདུག ཁོ་ད་གཟོད་སྣང་བ་རབ་རིབ་ཅིག་གི་ཁྲོད་ནས་གཉིད་ལ་ཡུར་སོང་།ཁོས་ཉལ་ཁར་ཞེ་ལ་ཐོགས་པའི་དོན་བྱ་ཅི་རིགས་ནི་རང་གི་རྨི་ལམ་གྱི་ནང་སྙིང་དུ་གྱུར་འགྲོ་བ་ག་ལ་ཤེས།ཡིན་ཡང་།རྨི་ལམ་ནི་རྨི་ལམ་རང་ལས་མ་འདས་པས།སྔར་བཞིན་མཚན་གཞུང་འདིའི་ཁུད་ནས་མུན་པ་དང་མཉམ་དུ་ཁོ་ལ་མགྲོན་བསུ་བྱེད་སྲིད།
ཡུལ་ལྗོངས་ཀྱི་རྣམ་པ་རབ་རིབ་མག་མོག་ཅིག་ཡིན་ཡང་།ཁོས་ན་ཟླ་དག་དང་མཉམ་དུ་འཛོམས་ཡོད་པ་ཤེས་བྱུང་།
༼ཝ་ཡེ། དོན་གྲུབ། ད་ནི་སུ་ཚང་ལ་སོང་ན་བཟང་། བུད་མེད་ཞག་འདུག་རེ་སུ་ཚང་ལ་མགྲོན་དུ་སླེབས་ཡོད་པ་ཨེ་ཤེས། ༽
སྐད་ཆ་འདི་གོ་དུས་དོན་གྲུབ་ངལ་དུབ་ཀྱིས་མནར་ཏེ་ཐང་ཆད་པའི་ངང་ཁོ་ཚོའི་གམ་ན་ཙོག་འདུག ཁོས་རྨི་ལམ་ལས་བཀྲ་ཁོ་ཟེར་བའི་རང་གི་ན་ཟླ་དེའི་ངོ་གདོང་གསལ་ལ་མི་གསལ་བར་མཐོང་བས།འདི་ལྟར་ཨ་ལན་བྱིན་སོང་།
༼ ངས་མི་ཤེས།ཁྱོད་ཚོས་ལྟོས།ང་གང་ལ་སོང་ཡང་ཆོག ༽
ཁོས་ཡ་མཆུ་མ་མཆུ་ཤུགས་ཀྱིས་འགུལ་ཏེ་འདི་ལྟར་བཤད།མགྲིན་པ་ལས་སྐད་སྒྲ་ཕྱིར་ཕྱུངས་ཀྱིན་པའི་ཚོར་བ་ཞིག་མ་བཅོས་རང་ཤུགས་ཀྱིས་སྟེར་ཡང་།ཁོས་རང་གི་སྐད་སྒྲ་གོ་ཐུབ་མ་བྱུང་།ཁོའི་ན་ཟླ་དག་གིས་གོ་འདུག ཁོ་ཚོའི་ཁྲོད་ཀྱི་མི་གཅིག་གིས་ཁོ་ལ་འདི་ལྟར་བཤད་བྱུང་།
༼ ཁྱོད་ལ་བུད་མེད་ཅིག་ཡིན་ན་ཆོག་ཀྱང་།ང་ཚོས་ཡག་བཙོག་ལའང་དོ་སྣང་བྱེད་དགོས། མཛེས་མ་ཞིག་མིན་ན་ཤ་ཁ་གླན་རྒྱུ་དེའང་དཀའ་མོ་ཞིག་རེད། ཧི་ཧི།༽
ཁོས་སྐད་ཆ་འདི་གསལ་བོར་གོ་བ་མ་གཏོགས་སུས་བཤད་པ་མ་ཤེས།འཇམ་ལྷོད་ལྷོད་ཀྱི་སྐད་ཆ་འདིའི་ཕག་ན་ཚིག་གི་མདའ་མོ་ཞིག་ཁོའི་སྟེང་ལ་ཕོག་འདུག ཁོས་ཟུར་ཟ་འདྲེས་མའི་སྐད་ཆ་འདི་ལ་ཡང་བསྐྱར་ཨ་ལན་བཏབ།
༼སྐྱི་ལྤགས་ཀྱི་ཁྱད་པར་ཙམ་ལ་བལྟས་ནས་དོན་སྙིང་ཅི་ཡོད།ཚང་མ་གཅིག་པ་ཡིན་ནི་རེད།ཚང་མར་མོ་མཚན་ཡོད་པས་འདྲ་འདྲ་རེད།༽
ཁོས་འདི་ལྟར་མ་འཐད་པའི་རྣམ་འགྱུར་གྱིས་ཁ་ལྕེ་འགུལ་ཅི་ཐུབ་བྱས་ཀྱང་།རང་གི་སྐད་སྒྲ་སྔར་བཞིན་གོ་རྒྱུ་མ་བྱུང་།ཁོ་ཚོས་སྔར་བཞིན་ཐོས་འདུག དོན་གྲུབ་ཀྱིས་ཁོ་ཚོས་ཐོས་ཡོད་དམ་འདོད་དེ་ཐེ་ཚོམ་ཞིག་སྐྱེས་པ་ན་བཀྲ་ལོས་འདི་ལྟར་བཤད་བྱུང་།
༼ཧི་ཧི། དེ་ན་ཁྱོད་ཀྱིས་མོ་ཞིག་བཏབ་ན་ཅི་འདྲ་རེད།ང་ཚོས་ཀྱང་ཡག་བཙོག་ལ་དོ་སྣང་མ་བྱས་ན་ཆོག མོ་སུ་ལ་ཡག་ན་དེ་ཡོད་སར་འགྲོ ཐབས་དེ་ལ་ཁྱོད་ཀྱང་འཐད་སྲིད། ད་ཐེངས་མོ་ཡིས་ཁྱོད་ལ་ཁྲེལ་མེད་མི་བྱེད་པར་སྨོན། ཧ་ཧ།༽
༼ཧ་ཧ་ཧ་་་་ ཧ་ཧ་་་ ཧ་ཧ་་་་༽
ད་དུང་ཧབ་ཆའི་ཀློང་ནས་སྐད་སྒྲ་ཕྲ་ལ་སྙིང་ལ་གཙེ་བ་ཞིག་འདི་ལྟར་གྲགས་བྱུང་།
༼ཁྱོད་བྱ་སུག་བྱ་ཡི་སུག་པ་རེད།།
ཁྱོའི་བྱེའུའི་སྒོང་གཉིས་ཀ་ལན་སོང་བས།།
སྤུན་ཕྱི་བ་མནའ་མའི་བདག་པོར་གྱུར།།
ཁྱོད་མོ་སྐལ་མིན་རུང་ཕོ་ཞིག་ཡིན།།
སྨན་བུ་མོའི་རུམ་སྐལ་བྱས་ན་ཆོག།
དུས་ད་ཐེངས་མོ་བདག་རང་ཉིད་བྱོས།།
མོ་རང་ལ་འཁོར་ནི་རང་གིས་བྱོས།།
ད་མོ་ཐོབ་ཡ དོན་གྲུབ། ༽
༼ཧ་ཧ་ཧ་ ཧུ་ཧུ་ ཧ་ཧ་ཧ་ཧ་ ་་་་༽
ཁོས་ཁོ་སྤུན་གཉིས་ཀྱི་མཚང་མིང་སྤྱད་དེ་རང་ལ་འདི་ལྟར་ཟུར་ཟ་བྱེད་པ་ཡིད་ལའང་མ་ཤར།དགོད་སྒྲ་དང་ཧབ་ཆ་འདི་དག་གིས་ཁོའི་སེམས་པ་སྡུག་ལ་སྦྱར།ད་ནི་ཁོས་སྒྲ་འཛེར་བོ་འདི་དག་ལས་ཅི་ཡང་མ་ཐོས་ལ།ཅི་ཞིག་བཤད་འདོད་ཀྱིས་བརྟས་པའི་ངག་ཀྱང་ལྐུགས་འདུག
སྐར་འོད་ད་དུང་ས་ཆེན་གྱི་ཕང་བར་ལྷོད་ཀྱིས་འཕྲོས་འདུག ཁོ་འཕག་འཚག་ཅིག་དང་མཉམ་དུ་གཉིད་ལས་སད་བྱུང་།ཁོས་ད་གཟོད་ཡོད་ཚད་རྨི་ལམ་ཡིན་པ་ཤེས་བྱུང་།ནུ་བོའི་སྔུར་སྒྲ་ཁོའི་རྣ་ལ་ལྷུང་ཐེངས་རེར་སྙན་འཇེབས་ཀྱི་ཆ་ཞིག་ཚོར་འོང་།
ད་དུང་ནམ་ལངས་མི་འདུག ཁོས་མགོ་བོ་རུམ་ལ་བཏུམས་ཏེ་ཡང་བསྐྱར་གཉིད་ཀྱི་མངའ་ཐང་ལ་ཨུ་ཚུགས་ངང་ཆས་མགོ་བརྩམས་བྱུང་།
ཁོད་ཡངས་པའི་རྩྭ་ཐང་འདིའི་མཚན་མོ་ཧ་ཅང་ལྷིང་འཇགས་ཡིན།
༢
ཞོགས་པའི་ཉི་རྩེ་ས་ལ་རྒྱག་དུས། ཨ་མ་བཟང་མོ་དང་བུ་མོ་བདེ་སྐྱིད་གཉིས་ནི་རྩྭ་རྩིའི་ཟིལ་བ་རྡོག་པས་སྒུལ་གྱིན་ཆུ་ལེན་བུ་མོ་དེ་གཉིས་ཡིན།
༼བུ་མོ།ད་ཁྱོད་ལག་ཆགས་འདུག གནས་ལ་འགྲོ་རན་སོང་།ཨ་ཕས་ཁྱོད་ཀྱི་གཉེན་རྟགས་ཀྱང་བརྒྱབས་ཟིན་ཟེར།༽
༼ཨ་་་ ་་་ ༽
༼ཨ་རོ། ལག་པས་མ་ལྷོད།ཟོ་བ་ཆུ་ནང་ལ་ལྷུང་འགྲོ། སེམས་ཆུང་བྱོས། ད་ནི་གསར་མོ་ཞིག་གནས་ལ་འགྲོ་དགོས་ཟེར་ན་ཡ་མཚན་དགོས་དོན་ཡོད་པ་མ་རེད། ཁ་དཔེར་ཡང་སྨན་བུ་མོ་འགྲོ་ས་གནས་དང་བན་སེར་མོ་འགྲོ་ས་དགོན་ཡིན་ཟེར། དེ་རེད་ལ། ཨ་མའི་གཅེས་ཕྲུག་མ།༽
༼ ཨང་། ༽
༼དེ་འདྲ་ཞིག་མ་རེད་དམ།ཁ་མི་གྲག་དོན་ཅི་ཡིན། ལོ་ཟླ་ནི་འུ་གཉིས་ཀྱི་མདུན་ན་བཞུར་གྱིན་པའི་ཆུ་བོ་འདི་དང་འདྲ།ད་ནི་ཁྱོད་ཀྱང་མོ་ལོ་བཅོ་བརྒྱད་ལ་སོན་འདུག གནས་ལ་འགྲོ་རན་སོང་བ་རེད།༽
༼ཨང་། ༽
༼སེམས་སྡུག་དགོས་པ་མ་རེད།ཨ་མའི་གཅེས་ཕྲུག་མ། ཁྱོད་ཀྱིས་ཁ་མི་གྲག་ན་ད་དོན་དག་འདི་མི་བཤད། རེམ་མ་ཆུ་ཆུས། སྨུག་ཞགས་དགོང་ལ་འཕགས་ཀྱིན་འདུག ད་ནངས་ཇ་འཐུང་རན་ལའང་སླེབས་ལ་ཁད་རེད།༽
༼ ཡ། ༽
༼ཁྱོད་གནས་ལ་བུད་སོང་ན།ཆུ་ཟོ་འདི་ལས་ཆེ་བ་ཞིག་འཁུར་དགོས་ཀྱང་སྲིད།ཨ་མའི་གཅེས་ཕྲུག་མ།གནས་ཚང་བཟང་རུང་ངན་རུང་ལས་ལ་འབད་པ་བྱོས་ཨ།ད་ཡར་ལ་ལོངས།ངས་ཁྱོད་ལ་ཆུ་ཟོ་འགྱོག་རོགས་བྱེད། ༽
༼ ཡ། ད་རེད། ཨ་མ།ངས་ཁྱོད་ལ་འགྱོག འཁུར་ཐག་སྲ་མོར་ཟུངས་ཨ། ༽
༼ཡ། ད་ཡིན། ཡར་ལ་ཁྱོགས། ༽
༼ད་ཨེ་རེད། ༽
༼རེད་རེད། སེམས་ཆུང་བྱོས་ཏེ་ཤོག འདིའི་རྩྭ་རྫོབས་མཐུག་པོ་འདུག་པས་ཟིལ་བ་མང་བོ་ཆགས་འདུག སེམས་ཆུང་མ་བྱུང་ན་ཤུད་འགྲོ། ༽
༼ ཡ། ཨ་མ། ༽
༼གནས་ཚང་ནས་བྱ་བ་ཆེ་ཆུང་ཅི་ཡིན་ཡང་སེམས་ཆུང་དང་ནན་ཏན་གྱིས་སྒྲུབ་དགོས།ཨ་ཞང་དང་ཨ་ནེ་གཉིས་ཀྱི་མནའ་མ་འདང་ཆེན་ཞིག་བཅའ་དགོས།དེ་ལྟར་བྱས་ན་རི་སྡེ་བའི་ནང་ནས་ཁ་ལས་རླུང་རྟ་དར་བ་རེད།ཁྱོད་སྐྱིད་ནས་བདེ་ནས་བསྡད་ན་ངེད་ཕ་མ་གཉིས་ཀྱི་ཡིད་ཀྱང་ཚིམས་སོང་བ་ཡིན། ད་ནི་ཁྱོད་ཀྱི་ནུ་བོའང་ཕོ་ལོ་བཅོ་ལྔར་སོན་ལ་ཁད་རེད། ལོ་ཆུང་མ་རེད།ཕ་མ་གཉིས་ལ་སེམས་ཁུར་བྱེད་མི་དགོས།ཨ་མའི་གཅེས་ཕྲུག་མ། ད་ཁྱོད་ལག་ཆགས་ཏེ་གསར་མོ་རུ་གྱུར་སོང་བ་རེད།གནས་ལ་འགྲོ་དགོས་ཀྱང་ཨ་མ་ཁྱོད་ལ་ཡིད་ཆེས་ཆེན་པོ་ཡོད།སེམས་མ་ཕམ་ཨ།ཨ་མའི་གཅེས་ཕྲུག་མ། ༽
༼ཨ་མ། ངའི་གནས་ཡུལ་སུ་ཚང་རེད། ༽
༼ཐུབ་དབང་ཚང་རེད། ཁོ་ཚང་ནི་རི་སྡེ་འདིའི་ནང་ནས་བོས་ན་མིང་ཅན་ཞིག་ཚང་དང་བགོས་ན་སྐལ་ཅན་ཞིག་ཚང་ཡིན་ནི་རེད། ཨ་མའི་བུ་མོ་ཁྱོད་ལ་བསོད་ནམས་ཆེན་པོ་འདུག་ཡ། གཅེས་ཕྲུག་མ།༽
༼དོན་གྲུབ་མི་རྣམས་ཀྱིས་བཤད་ཀྱིན་པ་དེ་འདྲ་ཞིག་མིན་པར་ང་ལ་ཡིད་ཆེས་ཡོད།༽
༼ཨོ། ཨ་མའི་གཅེས་ཕྲུག་མ།ཐུབ་དབང་གིས་ད་དུང་མོ་ཞིག་འདེབས་དགོས་ཟེར། བུ་གཉིས་ལས་མོ་བཏབ་པ་སུ་ལ་ཡག་ན་དེ་མག་པ་ཡིན་ཟེར། ༽
༼ཨ༽
༼ཨ་ཧོ། རེམ་མ་ཡར་ལ་ལོངས།རྨས་སྐྱོན་ཕོག་ཡོད་དམ། ཁྱོད་ལ་ཅི་བྱུང་ཐལ།སེམས་ཆུང་བྱོས་ན་མི་ཆོག་གམ།ད་ཆུའང་ཐང་ལ་ཕོད་འདུག ཨ་མའི་ལག་པར་འཇུས། ཡར་ལོངས།༽
༼སྐྱོན་མི་འདུག ཨ་མ། ཁྱོད་སྔུན་ལ་སོང་དང་། ངས་རྗེས་ནས་ཡང་བསྐྱར་ཆུ་བཅུས་ཏེ་ཡོང་ཆོག ༽
༼ ཁྱོད་ལ་ཆུ་འགྱོག་ནི་ཞིག་མི་དགོས་སམ། ༽
༼ མི་དགོས། ངས་གད་ཁ་གན་ནས་ཁུར་ཆོག ༽
༼ ཡ། ཆུ་ནང་ལ་ལྷུང་བར་སེམས་ཆུང་བྱོས། དེ་ན་ང་སྔུན་ལ་བུད་འགྲོ ཡོང་ཁར་ཤུད་པར་སེམས་ཆུང་བྱོས། ༽
༼ཡ་ཡ། ཨ་མ། སེམས་ཁུར་བྱེད་མི་དགོས།༽
དབྱར་ཟླ་དྲུག་པའི་སེར་ཆེན་རྩྭ་ཐང་གི་ཞོགས་པ་དེ་ཧ་ཅང་ལྷིང་འཇགས་ཡིན།དགུང་ལ་འགྱུ་བའི་སྨུག་ཞགས་གྱ་གྱུའི་ཀློང་ནས་མིག་ལ་གཙེ་བའི་འོད་ཟེར་གྱི་ཁབ་རྩེ་ས་ལ་ཟུག་གིན་འདུག
ཞོགས་པ་དེར་རྩྭ་མགོའི་ཟིལ་བ་དག་འོད་ཀྱི་འཕྲོས་སྟངས་དང་བསྟུན་དེ་དལ་གྱིས་འགུལ་བ་ན།བདེ་སྐྱིད་དུ་འབོད་པའི་བུ་མོ་ཞིག་གི་མིག་མདངས་བརླན་གྱིས་བཟུང་བྱུང་།
ཁ་ཕྱིར་ཆུ་འགྲམ་ལ་འཁོར་བའི་ཁོ་མོ་ནི་ཆུ་ཟོ་རྒྱབ་ལ་ཁུར་བའི་ཆུ་ལེན་བུ་མོ་ཞིག་ཡིན།གཉོམ་དུངས་དུངས་ཀྱི་ཁོ་མོའི་དབང་གིས་མི་ཞིག་གིས་མོ་བཏབ་མྱོང་།
ད་ལྟ་མོ་དེའི་རྐྱེན་གྱིས་ཁོ་མོ་ངུ་བཞིན་འདུག ཁོ་མོའི་ངུ་སྐད་ཕྱིར་ཁྱིམ་ལ་ལོག་གིན་པའི་ཨ་མས་ཁྱེར་སོང་བ་འདྲ།ཞོགས་པའི་རྩྭ་ཐང་དེའི་པང་ནས་བྱ་བྱེའུ་འབའ་འབུ་དག་གི་སྐད་སྒྲ་ཐོར་བུ་དང་ཆུ་ཕྲན་གྱི་བཞུར་སྒྲ་ཤག་ཤག་ཏུ་གྲགས་འོང་བ་ལས་ཅི་ཡང་མི་ཐོས།
ཨ་མ་བཟང་མོ་ཁྱིམ་ལ་ཐོན་ཡང་།བདེ་སྐྱིད་ད་དུང་ཆུ་འགྲམ་ལའང་ཐོན་མི་འདུག སྐྱོ་སྣང་གི་དབང་གིས་ཁོ་མོ་ནི་རྒྱབ་ཀྱི་ཟོ་བ་སྟོང་བའི་ལྗིད་ཀྱིས་ཀྱང་གནོན་གྱིན་པ་འདྲ། གོམ་པ་དལ་བུར་སྤོ་བའི་ཁོ་མོ་ངུ་བཞིན་འདུག མིག་ཆུ་ཤམ་ཤུམ་དུ་བཞུར་ཏེ་ལང་ཚོའི་ཤ་ཡིས་རྒྱགས་པའི་ངོ་གདོང་ཟླུམ་པོ་ཡོངས་སུ་བརླན་འདུག
ཟླ་འགའི་སྔོན་ལ་དོན་གྲུབ་ཁོ་མོའི་གན་ལ་ཡོང་མྱོང་།
མཚན་མོ་དེའི་སྨག་ཧ་ཅང་མཐུག
ནུབ་མོ་དེར་ཁོ་གཉིས་ལ་ལས་འབྲེལ་ཅི་ཡང་མ་བྱུང་ནའང་།ཁོ་མོས་གློག་སྒྲོན་ངོགས་ནས་དོན་གྲུབ་ལ་ཁ་བརྡ་མང་བོ་བྱས་པ་བརྗེད་ག་ལ་སྲིད།
ཁོ་མོ་དོན་གྲུབ་ལ་དགའ་མྱོང་མེད་ལ།ཁོ་མོས་གཞན་གྱི་ཁ་ནས་དོན་གྲུབ་ལ་སྐྱེ་འཕེལ་ནུས་པ་མེད་ཅེས་བཤད་པ་ཐོས་ཡོད། ཡིན་ཡང་ཁོ་མོས་དེ་དག་ལ་ཡིད་ཆེས་ཀྱིན་མེད།
ཨ་མ་བཟང་མོས་ཁོ་མོར་གནས་ཡུལ་ནི་ཐུབ་དབང་ཚང་རེད་ཅེས་བཤད་ཐེངས་དེར།ཁོ་མོས་གློ་བུར་དུ་དོན་གྲུབ་དྲན་ཞིང་།དོན་གྲུབ་ལ་དགའ་བའི་ཚོར་སྣང་ཞིག་ཀྱང་ཅིག་ཅར་དུ་སྐྱེས་བྱུང་།
དེའི་རྒྱུ་མཚན་མོ་རང་ཉིད་ཀྱིས་ཀྱང་མ་ཤེས།
ཡང་གཅིག་བཤད་ན།ཁོ་མོས་དེའི་རྒྱུ་མཚན་ལ་བསམ་གཞིག་ཅུང་ཙམ་ཡང་མ་བཏང་།སྐབས་དེ་འཕྲལ་དུ་ཁོ་མོས་དོན་གྲུབ་རང་གི་ཚེ་གཅིག་སྐྱ་ཡ་ཡིན་མིན་ཐད་ལ་སེམས་ཁུར་བྱས་ཏེ་མིག་ཆུ་གཏོང་གིན་འདུག
ཁོ་མོ་དོན་གྲུབ་ལ་དགའ་ཡང་སྲིད།
ཁོ་མོས་ཆུ་འགྲམ་ལ་ཐོན་རག་བར་དུ་མང་བོ་ཞིག་དྲན་བྱུང་།རང་གི་རྩེད་ཡ་དགོད་གྲོགས་ཀྱི་ཁ་ཡ་ན་ཟླ་དག་དང་ལས་འབྲེལ་བྱུང་མྱོང་བའི་སྐྱེས་པ་དག་དྲན་གྱིན་འདུག
དྲན་པ་འདི་དག་གི་དབང་གིས་ཁོ་མོའི་ངུ་སྐད་ངག་སྒོར་མ་བུད་གོང་དུ་ཡལ་འདུག
ཆུ་བོ་ནི་ཁོ་མོས་རྒྱབ་ཏུ་བསྐྱུར་བའི་མི་ལོ་བཅོ་བརྒྱད་ཀྱི་ཕྱིར་དྲན་ལྟར་རྒྱང་ལ་ཡལ་གྱིན་འདུག ཁོ་མོས་ཆུ་འགྲམ་ནས་ཙོག་སྟེ་དྭངས་གཙང་གི་མིག་ཆུ་ཆུ་ལ་བསྐུར་བྱུང་།
ཁོ་མོའི་མིག་ཆུ་ཧ་ཅང་དྭངས་གཙང་ཡིན།ཞོགས་པ་འདིའི་ཟིལ་བ་དག་ལས་ཀྱང་ཧ་ཅང་གཙང་།
བདེ་སྐྱིད་ཟེར་བའི་བུ་མོ་འདི་སྐྱོ་སྣང་གིས་ཁེངས་འདུག སུ་ཡིས་བདེ་སྐྱིད་ཅེས་སྐད་འབོད་བྱས་ཀྱང་།ཁོ་མོ་སྐྱོ་སྣང་གི་འཇིངས་ནས་ཕྱིར་སླེབས་མ་ཤེས།
ཁོ་མོས་ཆུ་བཅུ་རྒྱུའང་བརྗེད་འདུག་ལ།བཅུ་རག་བར་དུ་ཐོན་བུ་ལག་ནས་ཤོར་ཏེ་ཆུ་ནང་ལ་ལྷུང་སོང་།
ལག་པ་ཆུ་ངོས་ལ་བསྲིངས་ཏེ་ཆུ་ཁ་ན་ཕར་རྒྱུག་ཚུར་རྒྱུག་བྱེད་ཀྱིན་པའི་ཁོ་མོ་གློ་བུར་དུ་ཆུ་ནང་ལ་ལྷུང་སོང་།
ཁོ་མོས་གཞི་ནས་མིད་ཐག་ལ་ཚ་གཟེར་ལངས་དུས་མ་གཏོགས་ཆུ་ཀློང་ཟབ་ས་ཞིག་ཏུ་ལྷུང་ཡོད་པའང་མ་ཤེས།
ཁོ་མོས་སྲོག་སྐྱོབ་ཀྱི་འབོད་པ་ཅི་ཡང་མ་བསྒྲགས།ཞེ་འགྱོད་དང་སྐྱོ་སྣང་གི་སྤར་མོས་ཡང་དང་ཡང་དུ་ཆུ་ངོས་ལ་བྲབས་ཀྱང་། ཁོ་མོ་འཆི་བདག་གི་ལག་ནས་ཐར་ཐབས་མ་བྱུང་།
ཆུ་བོ་འདིའི་མིང་ལ་རྩེ་ཆུ་ཟེར།འབྲི་གཡག་གིས་རྔ་རྩིད་ཆུ་ཁར་འཕངས་ཏེ་ཆུ་བོ་འདིའི་གཞུང་ནས་ངལ་དུབ་བཀྲུས་མྱོང་།
སེར་ཆེན་ཐང་གི་ཡུལ་མི་དག་གིས་གཡག་དང་རྟ་ལ་ཞོན་ཏེ་ཆུ་བོ་འདིའི་ཁ་ཞེང་ཐེངས་མང་ལ་བཅད་མྱོང་།
ཁོ་ཚོས་བདེ་སྐྱིད་ཀྱི་ཚེ་སྲོག་འདི་ལྟར་རྩྭ་ཐང་འདིའི་མ་ཡུམ་ལྟ་བུའི་ཆུ་བོ་འདིར་འཐིམ་འགྲོ་བ་ག་ལ་ཤེས།
ཆུ་འགྲམ་དེ་ཧ་ཅང་ལྷིང་འཇགས་རེད།
ཀྱི་ཧུད། ཁོ་མོ་འདི་ལྟར་ལྷིང་འཇགས་ངང་བུད་སོང་།
ཉི་འོད་ཟེར་ལམ་མེར་ཆུ་ངོས་ཀུན་ནས་ལྡོག་འཕྲོ་བྱེད་ཀྱིན་འདུག ཞོགས་པ་འདིའི་ནམ་ཟླ་ཧ་ཅང་བཟང་།
སེར་ཆེན་ཐང་གི་གཞུང་ཆུའི་ངོས་ན་ཆུ་ཟོ་སེར་བོ་ཞིག་ཁ་རུ་གཡེངས་ནས་ལྷེམ་ལྷེམ་དུ་འཁུར་གྱིན་འདུག
འདི་ནི་ཁོ་མོའི་གྱེས་བརྡ་ཡིན་ཡང་སྲིད།འདི་ནི་ཁོ་མོའི་སྐྱེལ་མ་ཡིན་ཡང་སྲིད།
ཆུ་ཟོ་སེར་པོའང་ཡུན་གྱིས་ཆུ་ནང་ལ་ནུབ་སོང་།
ཁོ་མོའི་གྱེས་བརྡ་འདི་མི་གཅིག་གིས་ཀྱང་མ་རིག ཁོ་མོ་བཞུད་ཚུལ་ཧ་ཅང་ལྷིང་འཇགས་ཡིན།
༣
༼དོན་གྲུབ་ཡར་ལོངས། ཟོག་རི་ཁ་ལ་འདེད་རན་རེད། རེམ་མ་ལོངས་ཏེ་ནངས་ཇ་འཐུང་།༽
༼ཡ་ཡ། ཅུང་ཙམ་བསྡད་རྗེས་ལངས་ཡོང་།༽
༼རེམ་མ་ལོངས། ད་དུང་དེ་རིང་ཁྱོད་ཀྱི་ཨ་ཕས་ཁྱོད་ཁྲིད་དེ་རྫོང་ཐོག་ལའང་འགྲོ་དགོས་ཟེར། དགེ་ལེགས་ཀྱིས་ང་ལ་ལྕི་བ་འཐུ་རོགས་བྱེད་དགོས། ཁྱོད་ཟོག་རི་ལ་འདེད་དུ་སོང་། ༽
༼མག་པ་ལྕི་འཐུ་ཞིག་གང་ན་ཡོད། སེམས་ཅན་གྱིས་གོ་སོང་ན་འཕྱ་རྒྱུ་རེད་ཡ། ཨ་མ། ད་ཁྱོད་ཀྱིས་མནའ་མ་ལེན་རག་བར་དུ་ཤུགས་རྒྱོབ་དང་།ཅང་འགོར་ནི་མ་རེད། ཧི་ཧི། ༽
༼ ཤེས་ཡོད། ཨ་མའི་གཅེས་ཕྲུག ད་ཁྱོད་མི་ལངས་ན་ངས་ཁྱོད་ཀྱི་ཐོག་གོན་དག་ལྟེབས་རྒྱུ་ཡིན། ༽
༼ཡ་ཡ། ད་ང་ལངས། ཨ་མ། མནའ་མ་སུ་ཚང་གི་རེད། ༽
༼ཀུན་ལྡན་ཚང་གི་བུ་མོ་བདེ་སྐྱིད་ཡིན་ཟེར། ད་རེམ་མ་ལོངས་ཏེ་ནངས་ཇ་འཐུང་། ཨ་མས་ད་དུང་ལྕི་བ་འཐུ་དགོས།༽
དོན་གྲུབ་ཀྱིས་བདེ་སྐྱིད་དང་ཁོ་གཉིས་བར་དུ་བྱུང་བའི་དོན་དག་དེ་དྲན་བྱུང་།
ཁོས་རང་གི་ལག་མཐིལ་གྱི་དཀར་ཡོལ་ནང་ན་རྩམ་སྐྱ་རྫི་ཁུའི་ངོས་ལ་ཉིལ་ཡོད་པ་ཤེས་རྗེས། གཞི་ནས་བདེ་སྐྱིད་ཀྱི་ཕྱོགས་ལ་ཤོར་སོང་བའི་ཤེས་པ་གཅིག་ཏུ་སྒྲིམ་བྱུང་། ཁོས་དེ་རིང་རང་ལ་དོན་དག་ཅིག་འདུག་བསམ་སྟེ་སྐྱོ་སྣང་གི་ཕུ་རིང་ཞིག་འདེབས་ཞོར་རྫི་ཁུ་འཐུང་མགོ་བརྩམས་སོང་།
སྔོ་བསངས་ཀྱི་ནམ་མཁའི་འོག་ན་ལྗང་ལྡེམ་མེར་ཆགས་པའི་སེར་ཆེན་ཐང་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག་ཡིན་ཨང་། ཉི་འོད་ལམ་ལམ་ཁྲོད་དུ་སྦྲང་མ་དག་གིས་ནམ་ཟླ་བཟང་བོ་འདིའི་གོ་སྐབས་འཕྲོག་སྟེ་བང་བང་གི་མགྲིན་སྒྲ་སྒྲོག་གིན་འཕུར་གྱིན་འདུག
༼དོན་གྲུབ། ཟོག་རི་ལ་བརྒྱབ་རྗེས་རེམ་མ་ཕྱིར་ཤོག་དང་འུ་གཉིས་རྫོང་ཐོག་ལ་དངོས་པོ་ཙག་ཙིག་རེ་ཉོ་རུ་འགྲོ།༽
༼ཡ་ཡ། ཨ་ཕ། ༽
དོན་གྲུབ་ཀྱིས་ཐར་ཐོར་དུ་རྒྱུ་བའི་འབྲི་གཡག་དག་ཕྱོགས་གཅིག་ཏུ་བསྡུས་རྗེས་རི་ལ་དེད་སོང་།
རི་ཁ་ནས་ཐུར་དུ་བལྟ་དུས། ཁོས་ཁུ་སེམ་མེར་ཆགས་པའི་རི་སྡེ་ཞིག་གི་མངའ་ཐང་མཐོང་ཞིང་།རི་སྡེ་འདིའི་ན་ཁུག་སྤང་ཁུག་དག་ན་ཁོའི་ཕྱིར་དྲན་གྱི་ཀློང་ན་འཚེར་བའི་བྱིས་དུས་ཀྱི་དྲན་ཤིང་གིས་ཁེངས་ཡོད།
ཁོས་རི་ཁ་ནས་ཐུར་དུ་བལྟས་ཏེ་མང་བོ་མང་བོ་ཞིག་དྲན་བྱུང་།
དྲན་པའི་ཀློང་གི་སྣང་བརྙན་དག་གིས་ཁོ་ལ་འགྲེལ་བཤད་གཞན་ཞིག་བྱིན་སོང་ངམ།ཁོའི་ངོ་མདངས་རིམ་གྱིས་སྐྱོ་བོར་འགྱུར་བཞིན་འདུག
༼ཀི---ཨ་--རོ་---དོན་--གྲུབ--།༽
༼ཨ---།༽
༼ཁྱོད་རེམ་མ་ཡུལ་ལ་ཤོག་དང་།དོན་དག་བྱུང་འདུག ༽
༼ཡ་ཡ། ༽
དོན་གྲུབ་ཀྱིས་ཨ་ཕའི་ཀི་འབོད་ཐོས་དུས་རྩྭ་ཐང་འདིའི་ལྷིང་འཇགས་ལ་སྔར་ལས་ལྷག་པར་དགའ་སྣང་ཞིག་སྐྱེས།དེ་ནི་ཁོས་ཨ་ཕའི་སྐད་སྒྲ་གསལ་བོར་གོ་སོང་བས་ཡིན་སྲིད།
༼ཨ་ཕ།འདི་འདྲ་ཞིག་འཚབ་ནས་ཅི་བྱུང་བ་རེད།ང་རྒྱུགས་ཏེ་གློ་བ་ཡང་ཚ་བཞིན་འདུག ༽
༼ད་མ་བཟང་ཐལ། དོན་དག་བྱུང་འདུག ༽
༼ཅི་བྱུང་བ་རེད། ཨ་ཕ།༽
༼མནའ་མ་ད་ནངས་ཆུ་ལེན་དུ་སོང་ནས་ཕྱིར་མ་ཡོང་ཐལ་ཟེར། ཅིག་ལ་བྲོས་སོང་བ་རེད་ཟེར་གྱིན་འདུག སྣ་ནག་མ་དེས་འུ་ཚང་ལ་གནས་ལ་བྱིན་ཡོད་པ་ཤེས་ནས་དགེ་ཁོ་ཚང་གི་བཟའ་འཐོར་མ་དེའི་ལད་མོ་བྱས་ཏེ་སྐྱེས་པ་ཞིག་ལ་འགྲོགས་ནས་བྲོས་སོང་བ་ཡིན་རྒྱུ་རེད། ད་འུ་ཚང་གི་མིང་མགོ་ནས་བླངས་ཏེ་ཐང་ལ་གཡུགས་སོང་བ་མ་ཡིན་ནམ། ཀུན་ལྡན་སྤུན་ཚོ་ཁོ་མོ་བཙལ་དུ་བུད་སོང་ཟེར། ཁྱོད་ཀྱང་མྱུར་དུ་འཕྲུལ་རྟ་ཞོན་ཏེ་ཁོ་ཚོར་བཙལ་རོགས་ལ་སོང་། ༽
༼ཨ་ཕ། འདིར་དགེ་ལེགས་སོང་ན་མི་བཟང་ངམ། མོའི་སྐྱེས་པ་དགེ་ལེགས་ཡིན་པ་ལས་ང་མ་རེད། ཁོ་འགྲོ་རུ་བཅུག་ན་ཆོག་ནི་རེད། ༽
༼སྐྲག་ཤོར་གན་ངོ་ཚ་བཞིན་འདུག མི་འགྲོ་ཟེར། ད་ཁྱོད་ཀྱང་མི་འགྲོའམ། དེ་ན་ང་འགྲོ བུ་ནུས་མེད་གཉིས་རེད་ཡ། ལོ་ཉི་ཤུའི་ནང་ལའང་ང་སྡུག་ལ་གཏད་དེ་ཡོད། ༽
༼ཨ་ཕ། ཐོག་མར་ཨ་ལག་རི་སྒོམ་ཚང་ལ་མོ་ཞིག་འདེབས་སུ་བཅུག་ན་ཅི་འདྲ་རེད། ༽
༼མོ་ད་ནངས་བཏབ་ཐལ། རེམ་མ་ཚོལ་དང་རྙེད་ཐུབ་ཟེར། ད་ཕལ་ཆེར་རྗེས་ཆོད་སྲིད། ད་ང་འགྲོ་རྒྱུ་ཡིན། ང་ཕྱི་དྲོ་ཕྱིར་མི་ཐོན་ཡང་སྲིད། ཟོག་ལ་ཆུ་ལྡུད་རྒྱུ་མ་བརྗེད།༽
༼ཡ་ཡ། མི་བརྗེད། ལམ་ནས་སེམས་ཆུང་བྱོས།༽
སེར་ཆེན་ཐང་གི་ཐང་དཀྱིལ་ན་འཕྲུལ་རྟ་མང་བོ་ཕྱོགས་དང་ཕྱོགས་སུ་ཆས་ཀྱིན་འདུག
ཨ་མ་བཟང་མོའི་ངུ་སྐད་ཀྱི་རྒྱུན་ཆད་ཀྱིན་མེད་ཀྱང་། འོད་ཀྱི་མཛེས་པ་སྤྲས་པའི་ནམ་མཁའ་སྔོ་བསངས་འོག་གི་རི་སྡེ་འདིའི་ཁོར་ཡུག་ཧ་ཅང་ལྷིང་འཇགས་རེད།ལྷོད་ཆགས་ངང་བཞུར་གྱིན་པའི་རྩེ་ཆུའང་ཁ་རོག་གེར་བཞུར་གྱིན་འདུག ངུ་སྐད་ཕྱུངས་མ་ཐུབ་པའི་ཚེ་སྲོག་ཅིག་ཁུར་ནས་ཁ་རོག་གེར་བཞུར་གྱིན་འདུག
རྩེ་ཆུའི་བཞུར་སྟངས་མི་རྣམས་ཀྱི་སེམས་ནས་ཧ་ཅང་ལྷིང་འཇགས་ཡིན།
༤
ཁོ་ཚོས་ཅི་ཡང་མ་རྙེད་པར་ཕྱོགས་དང་ཕྱོགས་ནས་ཕྱིར་ལ་ལོག་བྱུང་།
ཨ་ལག་རི་སྒོམ་ཚང་གིས་ཡང་བསྐྱར་མོ་བཏབ་སྟེ་༼བདེ་སྐྱིད་ཀྱི་ཕྱོགས་ལ་སེམས་ཁུར་མ་བྱེད་དང་། ཉིན་ཞིག་ལ་ཁོ་མོ་རང་དགར་གྱིས་ཕྱིར་ལོག་ཡོང་སྲིད་༽ཅེས་ཡང་ཡང་བཤད་བྱུང་།
ཨ་ཕ་ཀུན་ལྡན་བུ་མོ་བདེ་སྐྱིད་ཕྱིར་ལོག་པར་ཡིད་ཆེས་ཡོད།
ཁོས་ཞོགས་པ་རེ་རེར་བསང་དུད་དགུང་ལ་འགྱུ་བའི་ཀློང་ལ་རེ་སྨོན་གྱི་དད་འདུན་ཀི་ལ་བརྒྱུས་ཡོད།
༼བུ་མོའི་ཐད་ཀྱི་སྐད་ཆ་ཅི་རིགས་ཨེ་གོ་ཐལ།༽
༼ད་རུང་མ་གོ་ཐལ། སེམས་ཁུར་བྱེད་དགོས་ནི་མ་རེད། ཕྱིར་ལོག་རན་དུས་ལོག་ཡོང་ནི་རེད། ༽
བཟའ་ཟླ་འདི་གཉིས་ཀྱིས་ཕན་ཚུན་གྱི་གདོང་གི་ཇེ་མང་དུ་འགྲོ་བའི་རྒས་གཉེར་ལ་བལྟས་ཏེ་འདི་ལྟར་གླེང་བ་ཐེངས་གཅིག་ག་ལ་ཡིན།
འཁོར་བའི་དུས་ཚོད་ནི་ཉིན་ལ་ཟླ་མཐུད་ཅིང་།ཟླ་ལ་ལོ་མཐུད་ནས་ཡུན་རིང་འགོར་སོང་།
ཁོ་གཉིས་དངོས་གནས་ཐང་ཆད་པ་འདྲ།
བདེ་སྐྱིད་ཀྱི་རུས་མིང་ཡིད་ཆད་ཀྱི་སྣེ་ནས་སུས་ཀྱང་གླེང་མ་ཕོད།ཡུན་གྱིས་ཁོ་ཚོའི་འཚོ་བའི་ཁྲོད་ནས་ཤེས་མེད་ཚོར་མེད་དུ་ཡལ་སོང་།
ཨ་མ་བཟང་མོས་ཆུ་ཁར་འགྲོ་ཐེངས་རེར་ཆེས་མཐའ་མཇུག་གི་གྱེས་བྲལ་དེ་ཡིད་ལ་འཁོར་གྱིན་རེ་སྒུག་གི་མིག་ཞགས་རྒྱང་ལ་འཕེན་མྱོང་།
ཡང་གཅིག་བཤད་ན་ཁོ་མོ་འདི་ལྟར་རྒས་ཡོང་བ་ཡིན་ལ།བདེ་སྐྱིད་ཀྱང་ཁོ་མོ་གཅིག་པུའི་སེམས་ལ་ཐོགས་ཡོད་པ་ཡིན།
ཁོ་མོས་ཤི་ཁ་མར་ལུས་ཤུགས་ཀྱི་མཐའ་མ་གཅིག་ལ་བསྡུས་ཏེ་སྐད་ངག་འདར་འདར་ངང་༼ངའི་བུ་མོ་བདེ་སྐྱིད་ཐད་ཀྱི་སྐད་ཆ་ཞིག་ཨེ་གོ་ཐལ།༽ཞེས་ཡང་ཡང་དྲིས་བྱུང་།
ཁོ་མོའི་ཞེན་ཆགས་ཀྱི་སྣེ་ལ་བདེ་སྐྱིད་ཟེར་བའི་རུས་མིང་འདི་ཡུན་རིང་དུ་ཐོགས་ཀྱང་།ཁོ་མོར་ཨ་ལན་ཅི་ཡང་མ་བྱུང་།
ཁོ་མོའི་ཚེ་གཅིག་གི་རེ་སྒུག་ལ་ཐོབ་བྱ་ཅི་ཡང་མ་བྱུང་།
ཁོ་མོ་འདི་ལྟར་ལག་སྟོང་མཆན་བྱས་ཏེ་བུད་སོང་།
ཁོ་མོ་བཞུད་སྟངས་བདེ་སྐྱིད་དང་འདྲ་བར་ཧ་ཅང་ཁེར་རྐྱང་ཡིན།
ཡིན་ཡང་། འཁོར་བའི་གྲོག་རོང་ན་འདུར་བའི་མི་དག་ནི་རེ་རེ་བཞིན་ཤི་ཡང་། ཤུལ་འདུག་དག་སྔར་བཞིན་འཚོ་དགོས་པ་མི་ཡུལ་འདིའི་རྩ་དོན་ཡིན།
ཨ་ཕ་ཀུན་ལྡན་གྱིས་ཚ་བོ་ཞིག་ལག་མགོར་ཁྲིད་དེ་རི་སྡེ་འདིའི་རི་ཆུ་ནགས་གསུམ་ལ་སེམས་པ་གླན་གྱིན་ཡོད།
ཁོས་ཐང་ཁུད་རེ་ནས་རང་གི་ཚ་བོར་ཕྱིར་དྲན་ལ་འཐིམ་པའི་གཏམ་རྒྱུད་རེ་བཤད་ཀྱིན་འདུག
ཁོ་ནི་གཏམ་རྒྱུད་དེ་ནང་བཞིན་གསོན་ཤུགས་ཀྱིས་ཁེངས་ཏེ་སྔར་བཞིན་འཚོ་བཞིན་འདུག
བདེ་སྐྱིད་ཀྱི་ཚེ་སྲོག་ཆུ་ལ་འཐིམས་སོང་བ་སུས་ཀྱང་མ་ཤེས།
དེ་ནི་ལྷིང་འཇགས་ངང་བཞུར་གྱིན་པའི་ཆུ་ཆེན་ཞིག་གི་གསང་བ་ཡིན།
གསང་བ་འདི་དུས་ཚོད་ཀྱི་རྒྱུན་ལ་འདྲེས་ཏེ་ཆུ་ཐིགས་ཤིག་ལྟར་ཆུ་བོ་འདིའི་གཞུང་ནས་སེར་ཆེན་ཐང་ཟེར་བའི་རི་སྡེ་འདི་དང་གཏན་བྲལ་དུ་གྱུར་སོང་།
འདི་ནི་ཐང་ཡངས་མོའི་ཁུད་ཀྱི་རྩྭ་གསེབ་ལ་འཛུལ་བའི་ཚེ་སྲོག་ཆུང་ཆུང་ཞིག་གི་གསང་བ་ཡིན།
༢༠༡༣ ༡༢ ༡༡
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།