ཐོག

  ཞོགས་པ་དེར་ཚེ་རིང་གིས་བུ་ཆུང་ཟླ་བ་བསྐྱལ་ནས་རྫོང་སློབ་འབྲིང་དུ་སོང་།ཟླ་བ་སློབ་གྲྭའི་ནང་དུ་བསྐྱལ་རྗེས་ཚེ་རིང་གིས་རང་ལ་ཞལ་འདོན་ཕྱོགས་སྒྲིགས་ཤིག་ཉོ་བསམ་ནས་ཚོང་རའི་ལམ་གྱི་བཞི་མདོའི་ཤིན་ཧྭ་དཔེ་ཚོང་ཁང་གི་ནང་དུ་འཛུལ།  ཁོ་དཔེ་མང་ཚར་དུ་དངར་བའི་ནང་དུ་ག་ལེར་ཉུལ་དུས་རང་ལ་མཁོ་བའི་ཞལ་འདོན་ཕྱོགས་སྒྲིགས་ཆུང་ཆུང་འཁྱེར་བདེ་ཞིག་ཡོད་པ་རྙེད།  ཞོར་དུ་བྱིས་པའི་ཀློག་དེབ་གསར་བ་ཚོན་མདོག་ཅན་ཞིག་མིག་ལམ་དུ་མངོན། ཁོས་ལག་པ་འདུག་མི་ཚུགས་པར་དེབ་དེའི་ཁ་ཕྱེ་ནས་ལྟ་དུས། དེའི་ནང་དུ་ཉི་འོད་ཀྱི་གསང་བ་དང་ཆར་བའི་ངོ་བོ།  ད་དུང་འུ་ཅག་གིས་དུས་རྒྱུན་ལྷ་སྒྲུང་ལྟར་མི་གཞན་དང་རང་ལ་གོམས་ནས་ཡོད་པའི་ཐོག་གི་ངོ་བོ་སོགས་ཁ་གསལ་བོའི་སྒོ་ནས་འགྲེལ་བརྗོད་བྱས་འདུག་པས།ཁོས་རང་དབང་མེད་པར་ཐོག་གི་ངོ་བོ་བརྗོད་པའི་རྩོམ་ཡིག་དེ་མགོ་ནས་མཇུག་བར་དུ་ཐེངས་གཅིག་བཀླགས།ད་དུང་དེབ་དེ་ཉོས་དགོས་བསམ་ཀྱང་དཔེ་ཆ་ཚོན་མདོག་ཡིན་ཞིང་རིན་གོང་སྒོར་༢༥བཅད་པས་ཉོ་མ་ཐུབ།  དལ་བུར་སྒོ་འགྲམ་གྱི་རྩིས་པའི་མདུན་ནས་ཞལ་འདོན་ཕྱོགས་བསྒྲིགས་ཀྱི་རིན་པ་སྤྲད་ནས་ཕྱིར་བུད།  སྲང་ལམ་གྱི་སྣེ་ནས་གླ་གཏོང་ཞིག་གླས་ཏེ་ཕྱིར་ཡུལ་དུ་ལོག།  ཁོ་རང་ཡུལ་ལ་བསླེབས་མ་བསླེབས་ཀྱི་མཚམས་སུ་སྤྲིན་པ་འཁྲིགས་ནས་དྲག་ཆར་བབས་བྱུང་། ཁ་ལོ་བས་སྒེའུ་ཁུང་ངོས་ཀྱི་ཆུ་ཡར་འདེད་མར་འདེད་བྱེད་བཞིན་དལ་བུར་མདུན་དུ་སྐྱོད། ཡུལ་དང་ཐག་ཉེ་ས་ན་རྟ་ལོས་ལ་ལོ་ཆ་བོ་དེད་ནས་འགྲོ་བཞིན་པ་མཐོང་།  ད་དུང་སུ་ཞིག་ལ་ཁ་པར་གཏོང་བཞིན་འདུག  ནམ་མཁའ་ན་ཆར་རྒྱུན་ཤར་ཤར་བྱས་ནས་ཡོད་ལ།  མཚམས་མཚམས་སུ་འབྲུག་སྒྲ་ལྡིར་ལྡིར་དང་གློག་དམར་འཁྱུག་འཁྱུག་བྱེད།  ཚེ་རིང་གིས་རླངས་འཁོར་གྱི་སྒེའུ་ཁུང་ནང་ནས་ཕྱི་རོལ་གྱི་རྣམ་པ་འདིར་བལྟས་ནས་ཡུལ་ལ་མྱུར་དུ་བསླེབ་སོང་ན་བསམ། འོན་ཀྱང་ཆར་ཆེན་བབས་པ་དང་ལམ་ཡང་དེ་འདྲ་བདེ་རྒྱུ་མེད་པས་མྱུར་མོར་བགྲོད་མ་ཐུབ།གློ་བུར་དུ་ཁོ་ཚོའི་ཉེ་ས་ནས་མིག་ལ་གཟན་པའི་གློག་དམར་འཁྱུག་རྗེས་གནམ་ས་སྒུལ་བའི་འབྲུག་སྒྲ་ཆེན་པོ་ཞིག་གྲགས་པ་དང་སྣང་བ་ཞིག་ལ་ཁོ་ཚོའི་རླངས་འཁོར་ཀྱང་འདར་ཙམ་བྱས་སོང་སྙམ། སྐབས་དེར་ཁ་ལོ་བས་ལྟོས་ལྟོས།  རྟ་དེད་ཀན།  མ་བཟང་ཐལ།  མི་ཀན་ལ་ཐོག་གིས་བརྒྱབ་བཞག་ཐལ་ཡ།  མི་རྟ་གཉིས་ཀ་ས་ལ་འགྱེལ་ནས་འགུལ་ཙམ་ཡང་མི་བྱེད་ཀི་ཟེར།  ཚེ་རིང་གིས་ཁ་ལོ་བར་སྡོད་སྡོད་ཅེས་སྨྲས། ཁ་ལོ་བས་རླངས་འཁོར་ལམ་འགྲམ་དུ་བསྡད་རྗེས། ཚེ་རིང་མྱུར་མོར་རྟ་ལོའི་ཕྱོགས་སུ་བརྒྱུགས། ཆར་བ་མུ་མཐུད་དུ་འབབ།  འབྲུག་སྒྲ་ལྡིར་ལྡིར་གྱིས་གནམ་ས་གཡོ་བར་བྱེད། ཚེ་རིང་གིས་རྟ་ལོ་བསྐྱོར་ནས་མགོ་བོ་རང་གི་པང་དུ་ལེན། སྐད་མཐོན་པོས།རྟ་ལོ་རྟ་ལོ་ཞེས་ཤུགས་ཀྱིས་བོས། འོན་ཀྱང་། རྟ་ལོའི་ངོ་མདངས་ཡོངས་སུ་འགྱུར་ནས་ཕལ་ཆེར་ཤི་སོང་བ་ཐག་ཆོད་རེད། ཚེ་རིང་གིས་གཞོབས་དྲི་འཐུལ་བའི་རྟ་ལོ་དྲུད་མ་བཀྱགས་ཀྱིས་ཉེ་ས་ན་ཆུ་འཁྱིལ་ཞིག་ཡོད་པ་དེའི་ཕྱོགས་སུ་སོང་། སྐབས་དེར་ཁ་ལོ་བའང་ཐོན་ནས་ཚེ་རིང་ལ་རོགས་བྱས་ནས་རྟ་ལོ་ཆུ་ནང་ལ་བཞག  འོན་ཀྱང་།རྟ་ལོའི་ངོ་མདངས་ལ་འགྱུར་བ་གང་ཡང་མེད་པར་སྔར་བཞིན་སྐྱ་བོ་རེད།ཚེ་རིང་གིས་རྟ་ལོ་ཆུ་ནང་དུ་ཕར་དྲུད་ཚུར་འདྲུད་ཐེངས་འགའ་བྱས་ཀྱང་རྟ་ལོར་གྲགས་འགུལ་ཅི་ཡང་མེད། ཆར་བ་སྔར་བཞིན་ཤག་ཤག་འབབ། ཚེ་རིང་གི་མགོ་ལུས་ཚང་མ་ཆར་བས་བརློན་འདུག  ཁ་ལོ་བས་ཚེ་རིང་ལ། ཁོ་ཕལ་ཆེར་ཤི་སོང་བ་འདྲ།  ད་ཅི་བྱེད་ཟེར།   ཚེ་རིང་གིས་ཁ་ལོ་བར་ལྟ་བཞིན། ད་དུང་རེ་བ་ཅུང་ཙམ་རེ་ཡོད་ན་ཐང་།  ཐོག་གིས་བརྒྱབ་དུས་མི་ཕལ་ཆེར་བརྒྱལ་འགྲོ་ནི་རེད།  སྐབས་དེར་ཆུ་འཁྱག་གིས་གདོང་བ་བསིལ་ན་ཕན་པ་ཧ་ཅང་ཆེ་བས།  ཞེས་ཚེ་རིང་གིས་སྐད་ཆ་བཤད་འཕྲོ་བྱས་ནས་ཆུ་སྤར་མོ་གང་རེ་གང་རེ་བྱས་ནས་རྟ་ལོའི་གདོང་ལ་བླུག  རྟ་ལོ་ལ་སྔར་བཞིན་གྲགས་འགུལ་ཅི་ཡང་མེད་པར་གནར་འདུག  ཕལ་ཆེར་དུས་ཚོད་སྐར་མ་བཅུ་འགོར་སོང་།  ཚེ་རིང་གིས་རྟ་ལོ་ཤི་སོང་བ་ཁས་མི་ལེན་རང་ལེན་ཆགས།  ཆར་བ་སྔར་བཞིན་འབབ་ལ།  གློག་དམར་འཁྱུག་བཞིན་འབྲུག་སྒྲ་ལྡིར་ལྡིར་གྲགས།
  ཚེ་རིང་གིས་རུམ་ནས་ཁ་པར་བླངས་དེ་སུ་ཞིག་ལ་ཁ་པར་གཏོང་དགོས་བསམ་ཀྱང་།  ནམ་མཁའ་ལ་ལྟ་ཙམ་དང་དེ་རིང་དཔེ་ཁང་ནས་བཀླགས་པའི་དཔེ་ཆ་དེའི་ངོས་ཀྱི་སྐད་ཆ་ཡིད་ལ་ཝ་ལེར་དྲན། ཁོས་ཁ་པར་ཕྱིར་རུམ་ལ་བཅུག་ནས་ཁ་ལོ་བར།ཁྱེད་ཀྱིས་འདི་ནས་ཅུང་ཙམ་སྒུག་དང་ངས་སྡེ་མི་ཚོ་བོས་ནས་བསླེབ་ཡོང་ཟེར། ཁ་ལོ་བ་ཕྱིར་རང་ཉིད་ཀྱི་རླངས་འཁོར་ནང་དུ་བུད་ནས་ཚེ་རིང་ལ་མི་སྒུག་ཀ་མེད་བྱུང་།  རྒྱུ་མཚན།  ཚེ་རིང་གིས་ད་དུང་རླངས་འཁོར་གྱི་གླ་ཆ་སྤྲད་མེད་པས་ཡིན།  ཆར་བ་མུ་མཐུད་དུ་འབབ། སྔར་ལས་ཀྱང་ཆེན་པོ་འབབ།  ཉི་འོད་མཐོང་རྒྱུ་མེད་པ་དང་སྤྲིན་ནག་གིས་ཡོངས་སུ་བཏིམས་པའི་ནམ་མཁའ་ཇེ་ནག་ནས་ཇེ་ནག་ཏུ་གྱུར། ལམ་འགྲམ་ན་རྟ་རོ་ཞིག་དང་དེ་ལས་གོམ་པ་འགའི་མཚམས་ན་རྟ་ལོ་འགྱེལ་འདུག་པས། ཁ་ལོ་བར་སྐྲག་སྣང་ཞིག་དང་སྒེའུ་ཁུང་ནང་ནས་མི་རེ་སླེབ་ཀྱིན་ཡོད་མེད་ལ་མིག་རིག་རིག་གིས་བལྟ་དགོས་བྱུང་། ཁོ་ཚོ་ད་དུང་བསླེབས་མི་ཡོང་དོན་ཅི་ཡིན་ནམ། རྒྱང་མིག་རུབ་སོང་།ཐག་རིང་ཐག་རིང་རེ་ན་གློག་སྒྲོན་བཀར་ནས་འགྲོ་བཞིན་པའི་རླངས་འཁོར་མཐོང་ཐུབ།སྐབས་དེར་ཁ་ལོ་བས་སེམས་པ་ཅུང་ཙམ་བདེ་ལ་འབབ་ཀྱང་། རླངས་འཁོར་དེ་དག་སྒང་གཞུང་གང་རུང་བརྒྱུད་ནས་མི་མཐོང་བར་གྱུར་དུས།ཁ་ལོ་བར་སླར་ཡང་སྐྲག་སྣང་སྐྱེས་ཡོང་།ཁོས་ཐག་རིང་ལ་ལྟ་ཞོར་ལམ་འགྲམ་གྱི་ཕྱོགས་སུ་ཟུར་མིག་རེ་མི་འཕེན་ཀ་མེད་བྱུང་། གློ་བུར་དུ་ཁ་ལོ་བའི་མིག་འཕྲུལ་བ་ཡིན་ནམ། ལམ་འགྲམ་ན་ནག་ཡོར་ཡོར་གྱིས་ཅི་ཞིག་འགུལ་བཞིན་འདུག ཁ་ལོ་བས་མིག་ཟུང་ཆེ་རུ་བགྲད་ནས་བལྟས་ཀྱང་ནག་ཡོར་ཡོར་གྱི་གྲིབ་མ་ཞིག་ཁོའི་ཕྱོགས་སུ་འགུལ་བཞིན་པ་ལས་གཞན་ཅི་ཡང་མི་སྣང་། ད་དུང་ཆག་སྒྲ་ཞིག་རླང་འཁོར་གྱི་མདུན་རྒྱབ་གང་རུང་ན་གྲགས་བཞིན་པ་འདྲ། ཁ་ལོ་བ་ཤིན་ཏུ་སྐྲག་ནས་རླངས་འཁོར་ལས་ཕྱིར་བུད་དེ་བྲོས། འབྲོ་ཞོར་དུ་ཁ་པར་བླངས་ནས་རང་གི་ཆུང་མ་ལ་འབོད་བརྡ་ བཏང་། ཆར་བ་སྔར་བཞིན་ཤག་ཤག་འབབ། ལན་རེར། གློག་དམར་འཁྱུག་ནས་ས་གཞི་དཀར་ཆེམ་ཆེམ་བྱེད། གོ་སྐབས་དེ་དང་བསྟུན་ནས་ཁོས་ལམ་འགྲམ་དུ་བལྟ་མ་ཕོད། མུ་མཐུད་དུ་མདུན་ལ་བྲོས། ཁ་པར་གྱིས་འབོད་བརྡ་གཏོང་བཞིན་ཡོད་ཀྱང་། ཆུང་མ་ཕལ་ཆེར་ཁ་པར་གྱི་ཉེ་ས་ན་མེད་པ་ཡིན་ནམ། ཁ་པར་ལེན་མཁན་མི་འདུག ཁོའི་ཁ་པར་རྣ་འགྲམ་དུ་སྦྱར་ནས་གོམས་པ་རེ་རེ་ཤེད་ཀྱིས་སྤོས་ན་ཡང་མདུན་དུ་འགྲོ་བས་སྣང་བ་ཡེ་ནས་མེད་པར་ལྡོག་དེ་རང་ཉིད་སྔར་གྱི་གནས་ན་ཡོད་པ་འདྲ་བས་འཇིགས་སྐྲག་ཆེན་པོ་སྐྱེས།  སྐབས་དེར་གློག་དམར་འཁྱུག་ནས་ཁ་ལོ་བའི་མཐོང་ལམ་ཡོད་ཚད་ནག་དུབ་བེར་སོང་།       
  ཕྱི་ཉིན་རྫོང་ཉེན་རྟོག་ཁང་གི་ལས་བྱེད་མི་སྣ་ཚོ་བསླེབས་དུས། ཁ་ལོ་བ་ལམ་འགྲམ་གྱི་ཆུ་འཁྱིལ་ཆུང་ཆུང་ཞིག་གི་ནང་དུ་ཁ་སྦུབས་ཀྱིས་རྣ་འགྲམ་དུ་ཁ་པར་གླན་ནས་ཤི་འདུག་ཟེར།  ཤི་རྐྱེན་ནི་མི་གཞན་གྱིས་བྱས་པ་མིན་པར་ཐོག་གིས་བསད་པའི་བདེན་དཔང་རྙེད།
  རྗེས་སུ་མི་རྣམས་ཀྱིས་བཤད་པ་ལྟར་ན།  ལོ་དེའི་དབྱར་མགོ་ཚེས་མ་ཐག  ལམ་འགྲམ་དེའི་གཡས་ཕྱོགས་སུ་རྟ་ལོ་ཟེར་བའི་དར་མ་ཞིག་ཀྱང་ཐོག་གིས་བསད་མྱོང་ཟེར། ཚེ་རིང་གིས་མཎི་འདོན་བཞིན་ལམ་འགྲམ་གྱི་གཡས་གཡོན་ཏུ་སྤུངས་བའི་རྡོ་འབུམ་སྟེང་དུ་རྡོ་བ་རེ་རེ་བཞག སྐབས་དེར་ཆར་བ་ཆེན་པོ་ཞིག་ཤག་ཤག་འབབ་འགོ་བརྩམས་སོང་།དེ་དང་ལྷན་ཏུ་ཚེ་རིང་གི་ཁ་པར་ནང་དུ་སུ་ཞིག་གི་ཁ་པར་ཐོན་ནས་གླུ་བ་ཤེར་བརྟན་གྱི་སྐད་ངག་སང་སིང་གིས་བོད་པ་ཚང་ཡ་མཐུན་སྒྲིལ་བྱོས་ཟེར་ནས་གླུ་བླངས་བྱུང་།ཚེ་རིང་གིས་རུམ་ནས་ཁ་པར་བླངས་དེ་གཡས་ངོས་ཀྱི་རྟགས་དམར་པོའི་སྟེང་ནས་མནན་རྗེས་ཁ་པར་ཕྱིར་རུམ་ཁུང་ནང་དུ་བཅུག ཁོས་མ་ཎི་འདོན་བཞིན་རང་གི་ཡུལ་ཕྱོགས་སུ་གཟས་ནས་སོང་། ཆར་བ་སྔར་བཞིན་ཤག་ཤག་འབབ།
མཚམས་རེར་གློག་དམར་འཁྱུག་བཞིན་འབྲུག་སྒྲ་ལྡིར་ལྡིར་གྲགས།
 
              (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང་།)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐོག

2014-01-08 མདའ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།