སློབ་ཆེན་པ།
སློབ་རྭའི་རྩོམ་པ་པོ་ས་སྲོད་ལགས་ལ་མཚོན་ན། རང་ཉིད་སློབ་མའི་སྐབས་ཀྱི་དུས་ཚོད་བེད་སྤྱད་ནས་སློབ་མའི་འཚོ་བ་འབྲི་རྒྱུ་ནི་ཆེས་དགའ་སྣང་ལྡན་པའི་ལས་ཀ་ཞིག་ཏུ་བརྩི་བཞིན་ཡོད། འོན་ཀྱང་དེ་རིང་ཁོ་སློབ་ཁུལ་ག་གེ་མོའི་ཁང་མིག་ག་གེ་མོ་ཞིག་གི་ནང་དུ་གློག་ཀླད་ཀྱི་འཆར་ངོས་ལ་ཅེར་ནས་བསམ་གཞིགས་ཀྱི་ཀློང་དུ་ལྷུང་ཡོད།
ས་སྲོད་ལགས་ཁ་སང་བོད་རིགས་སློབ་མ་གང་མང་ཞིག་ཟླ་མཆོད་དུས་ཆེན་ལ་སྤྲོ་བས་རོལ་བ་དེར་ཡང་མཉམ་ཞུགས་མ་བྱས་པས་མ་ཟད། རང་གི་ཆེས་སྙིང་ཉེ་བའི་གྲོགས་པོ་བློ་གྲོས་ཀྱི་སྐྱེས་སྐར་ལ་ཡང་མི་ཁོམ་ཚུལ་ཀྱི་རྫུན་ཞིག་ལབ་ནས་གཡོལ་ཅི་ཐུབ་བྱས། འདི་དག་ཡོད་ཚད་ནི་ཁོས་སྔོན་ཆད་ཀན་སུའུ་དགེ་འོས་སློབ་ཆེན་ནས་༼དམངས་སྲོལ་རིག་པ༽ཞེས་པའི་དཔེ་ཆ་དེ་ཡང་ཀློག་བསྐྱར་ཀློག་བྱས་པ་ལས་བྱུང་བའི་སེམས་ཁམས་ཤིག་མིན་པའི་ངེས་པ་མེད་མོད། གྲོགས་པོ་མང་བོ་ཞིག་གི་མིག་ནང་ན་ཁོ་ནི་རིམ་བཞིན་ཁེར་རྐྱང་ནས་ཁེར་རྐྱང་དུ་བུད་ནས་ཡོད་པས་མི་ཚད་ཁེར་རྐྱང་གི་མཐོ་ཚད་དེའང་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པ་འདྲ། དེ་རིང་ཁོས་སྒེའུ་ཁུང་ཕྱི་རོལ་གྱི་ཟླ་འོད་འོག་ཏུ་ཕོ་མོ་ཟུང་རེ་ཟུང་རེ་བྱས་ནས་འགྲོ་བཞིན་པ་ལ་བལྟ་བཞིན་སླར་ཡང་སྒེའུ་ཁུང་གི་སྒོ་མོ་གཏན། སྤྱིར་ཁོ་ནི་རང་བོད་མི་རིགས་ཀྱི་རིག་གནས་ལ་དགའ་ཞེན་དང་རང་གི་ཡུལ་སྲོལ་གོམས་གཤིས་སོགས་ལ་རང་ཚུགས་མི་ཤོར་བའི་མི་བུ་རེ་བ་ཅན་ཞིག་ཡིན་མོད། སློབ་ཆེན་དུ་ཐོན་པའི་གློ་བུར་བའི་དུས་ཚོད་འདིས་ནང་དུ་ཁོ་དང་ཁོ་འདྲ་བ་དག་ནི་སུས་ཀྱང་མིག་ནང་དུ་མི་འཇོག་པའི་གྲས་ཀྱི་གཅིག་ཡིན་འདུག
དེ་རིང་གཟའ་ཉི་མ་ཡིན་པས། ས་སྲོད་ཀྱིས་རང་གིས་ཉིན་རེ་བཞིན་གསར་འགྱུར་བྱེད་བཞིན་པའི་པོད་འཕྲིན་གྱི་ནང་དུ་མཐར་ཕྱིན་ལ་ཉེ་བའི་སློབ་ཆེན་གྱི་འཚོ་བ་མཐའ་དག་ལ་སྒྲོམ་གཞི་འདི་ལྟར་བཟོས་སོང་།
ལོ་ངོ་གསུམ་ཙམ་གྱི་སྔོན་ལ། གཞོན་ནུ་ཞིག་ཟ་ཁང་དུ་སོང་ནས་ཕ་མའི་དངུལ་ཁྲག་ལ་བརྗེ་བའི་སྒོར་མོ་མང་པོ་ཞིག་བཀོལ་ནས་ཟས་སྣ་མང་པོ་ཞིག་གཡོ་རུ་བཅུག འོན་ཀྱང་ཁོ་ཅི་ཙམ་ལྟོགས་ཀྱང་ཁམ་གང་ཡང་མི་ཟ་བར་ཡུན་རིང་ཞིག་ལ་བསྡད། ཞབས་ཞུ་བས་ཅི་ཙམ་བཤད་རུང་མི་ཟ། ཕ་མ་གཉིས་ཀྱིས་བཤད་རུང་མ་ཟས། མཇུག་མཐར་ཕོ་བ་ལྟོགས་བཞིན་ཕྱིར་ལོག་སོང་།
ལོ་ངོ་གསུམ་ཙམ་གྱི་སྔོན་ལ། གཞོན་ནུ་ཞིག་ལྗོངས་རྒྱུ་ལ་འགྲོ་སྐབས། ཕ་མས་སྤྲད་པའི་སྒོར་མོ་མང་པོ་ཞིག་བཀོལ་ནས་རླངས་འཁོར་གྱི་ལམ་བྱང་དང་གནམ་གྲུའི་ལམ་བྱང་། མེ་འཁོར་གྱི་ལམ་བྱང་སོགས་ཡོད་ཚད་ཉོས་མོད། འོན་ཀྱང་ཐང་ཅི་ཙམ་ཆད་རུང་རླངས་འཁོར་ལ་མི་འདུག་པ་མ་ཟད་ད་དུང་དབུགས་ཧོལ་ཧོལ་གྱི་རླངས་འཁོར་གྱི་ཕྱོགས་སུ་རྐང་ཐང་ལ་རྒྱུགས། གནམ་གྲུ་ལ་མི་སྡོད་པར་གནམ་གྲུ་འཕུར་བའི་ཕྱོགས་སུ་རྒྱུགས། མེ་འཁོར་ལ་ཡང་མི་སྡོད་པར་དེའི་ཕྱོགས་སུ་རྒྱུགས
ལོ་ངོ་གསུམ་ཙམ་གྱི་སྔོན་ལ། གཞོན་ནུ་ཞིག་གིས་ཡུལ་མི་ཚོས་དཀའ་སྡུག་གི་རྔུལ་ཆུ་གང་མང་བསགས་པའི་རྒྱུ་ནོམ་གྱིས་སློབ་ཆེན་ག་གེ་མོ་རུ་སློབ་ཡོན་སྤྲད་དེ་དཔེ་ཆ་ཉོས། འོན་ཀྱང་ཁོས་རང་སྣང་གང་གར་གྱིས་སློབ་ལ་མ་བརྩོན། མི་གཞི་དོར། རྩིས་ཐང་དོར། དུས་ཚོད་བརླག མདོར་ན་ཡོད་ཚད་བརླག་ནས་ཕྱིར་ལོག ་་་་་་་་་་་འདི་ནི་ད་གཟོད་ངའི་སློབ་ཆེན་གྱི་འཚོ་བ་ངོ་མ་དང་ད་སྐབས་ཀྱི་སློབ་ཆེན་པ་དངོས་མ་དེ་ཡིན་འདུག་ཞེས་བཀོད་རྗེས་རྒྱ་སྲང་གི་གཞི་མདོ་དེར་ཆས་སོང་།
རྩོམ་ཁུངས། ངེད་དྲ་བ།