མ་ཏྲི་འཁོར་ཁང་།
ང་ཚོའི་སྡེ་བའི་ཕོ་མོ་རྒན་གཞོན་སུ་ཡིན་རུང་། ཁོམ་པ་རེ་བྱུང་ཚེ་དགོན་མཐའི་མ་ཏྲི་འཁོར་ཁང་དུ་སོང་ནས་འཁོར་ལོ་རེ་བསྐོར་རྒྱུ་ནི་ཆེས་སྤྱིར་བཏང་ཞིག་གམ་ཆེས་རྒྱུན་ལྡན་གྱི་གོམས་སྲོལ་ཞིག་ཏུ་ཆགས་ཡོད།
འོན་ཀྱང་རྒན་པོ་དར་ཐོ་རྒྱ་ནང་དུ་སོང་ནས་ཕྱིར་ཡོང་རྗེས། ཟླ་ཕྱེད་ཙམ་འགོར་རུང་མ་ཏྲི་འཁོར་ཁང་་དུ་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་སོང་བ་དེ་ནི་འཁོར་ཁང་ནང་གི་རྒན་དར་གཞོན་གསུམ་གྱིས་རྩད་མ་ཆོད་པའི་དོན་དག་གཅིག་པུ་དེ་ཡིན་འདུག ལ་ལས་ཁོ་ཆུང་དུས་དམག་གི་ནང་དུ་ཞུགས་མྱོང་ལ་རྒྱ་ཡིག་ཡང་ཤེས་པས། ཁོ་རང་གི་ཆོས་ལུགས་ལ་དད་པ་ལོག་སོང་བ་མིན་ནམ་ཟེར་བ་དང་ཡང་ལ་ལས་ཁོ་ཚང་གི་སྔོན་མ་དག་ནི་རིག་གསར་སྐབས་ཀྱི་ལྷ་མེད་འདྲེ་མེད་སྨྲ་བའི་ལས་འགུལ་ཁྲོད་རྒྱུགས་པའི་སྔོན་མ་དང་གཏོར་གྱི་མགོ་མ་ཡིན་པས། རྣམ་སྨིན་འཁོར་ནས་སེམས་ཁ་བདེ་ཡི་མེད་པ་མིན་ནམ་ཟེར། དེ་ལྟར་ ཉིན་གང་བོར་ཡར་མར་གང་མང་ཞིག་ལ་བསྙད་བཏགས་པའི་མཐར་ཉི་མ་ནུབ་པ་དང་མཉམ་དུ་ཁོ་ཚོ་རང་རང་གི་ཡུལ་ལ་ཆས་སོང་།
ཉིན་རྒྱུན་གནད་དོན་འདི་ཐག་གིས་མ་ཆོད་པས། དགོན་མཐའི་མ་ཏྲི་འཁོར་ཁང་ནི་སྲིད་་གཞུང་གང་ཞིག་གི་ཚོགས་འདུ་ཁང་དང་འདྲ་བར་རྒན་དར་གཞོན་གསུམ་ཚང་མས་གཟབ་ནན་གྱིས་རྩོད་གླེང་བྱེད་བཞིན་ཡོད། ཡང་སྐབས་རེར་དགོན་པའི་ནང་གི་གྲྭ་བ་ལ་ལའང་དེ་ཚོའི་ཁྲོད་ན་དམར་ལེམ་ལེམ་གྱིས་འགྲེང་ནས་བསྡད་འདུག་པ་ལ་བལྟས་ན་ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་ཁབ་གང་ཞིག་གིས་ཅི་ཞིག་གི་ཆེད་དུ་བསྐོང་ཚོགས་བསྡུ་བ་དང་གཉིས་སུ་མཆིས།
ཁོ་རང་ཚོའི་རེ་འགར་མཐོ་ལ་རེ་འགར་དམའ་བའི་རྩོད་སྒྲ་དེ་མ་ཏྲི་འཁོར་ལོའི་ཙག་སྒྲ་དང་མཉམ་དུ་རྒྱུན་ཆད་ཀྱིན་མི་འདུག་ལ། མ་ཏྲི་འཁོར་ཁང་དུའང་་རྭ་ཙེ་འཐེན་པའི་དུ་སྨིག་ལྷོག་ལྷོག་དང་ཁ་རྫུན་འཆད་པའི་ཁ་དུག་ལྷང་ལྷང་དུ་མཆེད་བཞིན་ཡོད།
ཨ་ནེ་མཚོ་མོ་ཟེར་བ་ཞིག་གིས༼དར་ཐོ་ཡིན་ན་འདིའི་རོ་ཐོ་དེ། ཤི་རྒྱུ་མེད་ནི་མིན་ན། རྒྱུན་དུ་ཉལ་རྒྱུ་ལས་སྐོར་ར་རེ་ཡོང་ན་མི་བཟང་ངམ༽ཞེས་བཤད་བཞིན་འཁོར་ཁང་གི་རྡོ་ཐེམ་དེའི་སྟེང་ནས་ཅུང་ཙམ་མི་བདེ་བའི་ཚུལ་གྱིས་ཐང་ལ་བཙོག་སྐབས། མོའི་ཆུང་འདྲིས་ཀྱི་རོགས་ལོ། ད་ལྟའི་ཁྱིམ་མཚེས་ཁེར་འདུག་ཨ་ཁུ་རྒྱ་ལོས་བརྒྱ་གྲངས་ཟིན་ལ་ཉེ་བའི་མ་ཏྲི་ཚར་འགའ་ཡང་འདོན་མཚམས་བཞག་སྟེ་དར་ཐོའི་མིང་ནས་བཟུང་མ་ཐག དོན་གྲུབ་ཚུར་རྒྱུགས་ཡོང་སྟེ་ཨ་ཁུ་རྒྱ་ལོའི་ཁ་ནས་འཕྲོག་སྟེ་ཅི་ཞིག་ཡིན་མདོག་གིས་བཤད་རྒྱུར་༼ཁ་སང་དེི་རིང་སྲིད་ཇུས་དྲིན་ཆེན་པོའི་དྲིན་ལ། དར་ཐོ་ཡང་ང་ཚོའི་སྡེ་བའི་ནང་གི་འབྱོར་བ་ཆེས་བཟང་བོ་ཡིནམོད། ཐ་ན་རང་རྒན་རྒོན་གཉིས་ལ་ཇ་དགེ་ཞིག་ཀྱང་མི་བཅའ་བ་འདི་ཅི་ཡིན། ངོ་མ་དགེ་བ་ཟེར་བ་ཞིག་གཏན་ནས་ཤེས་གྱིན་མེད་པ་འདྲ། རིགས་ངན་ནོ་གན་་་་་༽ཞེས་ཧ་ཅང་མ་དགའ་བའི་ཉམས་ཞིག་སྟོན་བཞིན་ཨ་ནེ་མཚོ་མོའི་ལོགས་སུ་སོང་ནས་དཀྱིལ་གྲུང་གིས་བསྡད་དེ་སླར་ཡང་ཉིན་རྒྱུན་དང་འདྲ་བར་ཚོགས་བསྡུ་ལྟ་བུ་དེ་ཚོགས་མགོ་བརྩམས་བྱུང་། དེ་ནས་རིམ་བཞིན་ཉི་མ་ནུབ་རྗེས་ཡུལ་ལ་ལོག་འགྲོ འདི་ནི་ད་གཟོད་ཁོང་ཚོའི་སེམས་ཀྱི་དགེ་བ་ངོ་མ་དེ་ཡིན་ལ་དད་པ་ངོ་མ་དེ་ཡིན་སོང་།
ཕར་ཕྱོགས་ན་འཐད་ལ་མི་འཐད་པའི་ངང་ཁང་ཀླད་ལ་བུད་ནས་ཕྱོགས་བཞིར་རྒྱང་ལྟ་བྱེད་བཞིན་པ་དེ་ནི་དར་ཐོ་མིན་ནམ། ཨ་ནེ་མཚོ་མོ། ཨ་ཁུ་རྒྱལ་ལོ། དོན་འགྲུབ། ད་དུང་དེ་ལས་ཀྱང་མང་པོ་ཞིག་གིས་ཁང་ཀླད་ཀྱི་མི་དེར་ལྟ་བཞིན་མགོ་བོ་གཡུག་ཞིང་་ཡིད་ཕམ་གྱི་རྣམ་པ་སྣ་ཚོགས་ཞིག་བསྟན་བྱུང་།
ཏག་ཏག་དུས་སྐབས་དེར། དར་ཐོ་ཚང་གི་ཚ་བོ་བྱིས་པ་འགའ་དང་མཉམ་དུ་མ་ཏྲི་ཁང་དུ་སླེབས་པ་ན། ཚང་མས་མགྲིན་གཅིག་གིས་དར་ཐོ་རོ་ཐོས་ཅི་ཞིག་བྱེད་གི་ཡོད་པ་རེད་ཅེས་དྲིས་པ་ན། བྱིས་པ་དེའི་ངེད་ཚང་གི་ཨ་ཕའི་ཡུལ་ན་གློག་ཀླད་ཀྱི་རོལ་རྩེད་་རྩེད་བཞིན་ཡོད། གློག་བརྙན་ལ་བལྟས་ནས་ཡོད། ངས་ཀྱང་ལས་བྱ་བྲིས་ཚར་རྗེས་རྩེད་དུ་འགྲོ་དགོས་ཞེས་ཕྱིར་རང་ཡུལ་ལ་རྒྱུགས་སོང་།
ཉིན་དེ་ནས་བཟུང་། རྒན་རྒོན་དེ་དག་རེ་རེ་བཞིན་མ་ཏྲི་འཁོར་ཁང་དེ་ནས་སྔ་གཞུག་བྱས་ནས་ཕྱི་མར་ཆས་སོང་ལ། བྱིས་པ་དེ་ཨང་རོལ་རྩེད་གྱི་ཞིང་དེ་ནས་འགུལ་མེད་ཀྱིས་ལུས་སོང་།
ཉིན་དེ་ནས་བཟུང་། སྟོབས་ཆེ་བའི་བ་གནའ་བོའི་མི་རིགས་ཤིག་གི་ལུས་ཟུངས་ཟད་ལ། བརྗིད་ཆེ་བའི་གནའ་བོའི་རིག་གནས་ཤིག་ལ་གས་ཀ་ཤོར་ནས་ཁྲག་དམར་འཛག།
དེ་ནས་བཟུང་། སྡེ་བ་འདིའི་གཏམ་རྒྱུད་ཀྱང་མཇུག་རྫོགས་སོང་།
༼༣༠༡༣ལོའི་ཟླ༠༧པའི་ཚེས་༡༠ཉིན་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་ནས་བྲིས།༽
རྩོམ་ཁུངས། ངེད་དྲ་བ།