བསླུ་བྲིད།
གཅིག
ན་ནིང་ལུགས་རྙིང་གི་ཟླ་གསུམ་པའི་ཚེས་བརྒྱད་ཉིན། དཀོན་མཆོག་གིས་རང་འགུལ་གྱིས་ཁོང་གི་ཁ་ལྕེ་བདེ་པོ་དང་ཆུ་ལྟར་བཞུར་ཆོག་པའི་དབྱིན་སྐད་དག་པོ་སོགས་ལ་བརྟེན་པའི་འབྲས་བུར་ཕྱི་རྒྱལ་གྱི་དགེ་དཀར་ཚོགས་པ་དང་མཉམ་འབྲེལ་གྱིས་བུད་མེད་རོགས་སྐྱོར་ཚོགས་པ་ཞིག་གཟབ་རྒྱས་ངང་བཙུགས།
ཚོགས་གཙོ་དཀོན་མཆོག་ལ་རྒྱུ་ནོར་ལོངས་སྤྱོད་དང་གཞན་དགེ་སེམས་ཀྱིས་ཕྱུག་པ་མ་ཟད། ཁོང་ལ་གཞུང་རྒྱུད་དྲང་ཞིང་གཤིས་རྒྱུད་འཇམ་པ། ཤེས་རྒྱ་དང་ཆོས་སེམས་ལྡན་པའི་ཆུང་མ་ཡིད་དུ་འོང་བ་ཞིག་ཀྱང་ཡོད། མོའི་མིང་ལ་དགེ་འདུན་ལྷ་མོ་ཟེར།
ཡུལ་འདིའི་ཕོ་མོ་ཐམས་ཅད་ཀྱིས་ཚོགས་གཙོ་དཀོན་མཆོག་ལ་མགོ་ཡི་ཞྭ་དང་གོང་གི་བླ་སྤྲུལ་བཞིན་གུས་བཀུར་དང་བརྩི་འཇོག་བྱེད། ནང་སྒོས་སུ་མིག་རྒྱང་རིང་བའི་བུད་མེད་བློ་གྲོས་ཅན་དག་ལ་མཚོན་ན། མཚན་རྨི་ལམ་དུ་ཕན་སེམས་ཅན་དཀོན་མཆོག་དང་མཇལ་བ་བྱུང་ནའང་བདེ་ སྐྱིད་དང་ལོངས་སྤྱོད་དཔག་མེད་དུ་སེམས་ཀྱིན་ཡོད། དེར་བརྟེན། དགེ་འདུན་ལྷ་མོ་ལ་མཚོན་ན་བུད་མེད་ཚོས་ཡིད་སྨོན་འཆོར་བའི་སྐྱེས་ཕོ་རབ་དཀོན་མཆོག་གི་ཆུང་མར་ལས་ཀྱིས་བསྐོས་པ་ནི་ལས་དབང་དང་བསོད་ནམས་མི་དམན་པའི་རྟགས་སུ་གྲུབ་པས་དགའ་འོས་པའི་དོན་བཟང་ཞིག་ཏུ་བརྩི་ཆོག་ཆོག་ཡིན། འོན་ཏེ། དེ་འདྲ་ཞིག་གཏན་ནས་མིན། ངོ་མ་མིན།
གཉིས།
ཟླ་དགུ་པའི་ཚེས་༢༢ཉིན་གྱི་ཕྱི་དྲོ། དགེ་འདུན་ལྷ་མོས་ཟི་ལིང་ནས་དྲུད་ཡོང་བའི་ཚོང་ཕོག་མ་ཚར་བས་ཁྱོ་ག་དཀོན་མཆོག་ལ་ཁ་པར་བཏང་ཡང་ཚོགས་འདུའི་སྐབས་ལ་ཐུག་པས་ཁོ་མོས་རྟབ་རྟབ་པོར་ཚོང་ཕོག་ཐབས་བྱས་པ་དང་བྱ་འཕུར་བ་ལྟར་བུ་མོ་སྐལ་བཟང་སྒྲོལ་མ་བསུ་རུ་རྒྱུག། སློབ་བུ་ཆུང་ཆུང་ཐམས་ཅད་སྔ་ས་ནས་རང་རང་གི་ཁྱིམ་མི་ཚོས་ཁྱིམ་དུ་ཁྲིད་ཟིན། བུ་མོ་སྐལ་བཟང་སྒྲོལ་མས་ཆེ་ལ་ལྕི་བའི་དཔེ་ཁུག་སྒྱིད་ཁུག་ཏུ་བསྣར་བ་དང་མིག་ཟུང་ལས་ཐལ་རྡུལ་འདྲེས་པའི་མིག་ཆུ་ནག་པོ་བཞུར།
“ཨ་མ། ཨ་མ། ཨ་མ། ”བུ་མོ་སྐལ་བཟང་སྒྲོལ་མས་ངུ་སྔངས་དྲག་པོ་བྱེད། སྟོན་རླུང་དང་རླངས་འཁོར་གྱི་འུར་སྒྲའི་ཁྲོད་བུ་མོ་སྐལ་སྒྲོལ་བཟང་མའི་ངུ་འབོད་དྲག་པོའི་སྒྲ་ཡང་ཧ་ཅང་ཉམ་ཆུང་ཤུགས་མེད་དུ་སྣང༌། དགེ་འདུན་ལྷ་མོས་བུ་མོ་མཐོང་མ་ཐག་ཤ་ཚ་ལ་སྙིང་ཡང་རྗེ་བར་གྱུར་ཏེ་སེམས་སུ་ཙག་ཤད་རྒྱུག་པ་དང་མིག་གོང་མཆི་མས་བརླན།
གསུམ།
“སྡུག་བསྔལ་མཐའ་དག་རང་བདེ་ལས་འབྱུང་བ་དང་བདེ་བ་ཚང་མ་གཞན་བདེ་ལས་འབྱུང༌། རང་དོན་འབའ་ཞིག་གཉེར་བ་ནི་དུད་འགྲོ་དང་འདྲ། སྙིང་རྗེ་ཆེ་བའི་བོད་མི་ཞིག་ཡིན་པས། ང་ཚོས་ངེས་པར་དུ་དགེ་དཀར་གྱི་ལས་ལ་འབད་དེ་འཆི་ཁ་མི་འགྱོད་པ་ཞིག་བྱེད་དགོས། རང་རེའི་ས་ཁུལ་གྱི་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ཁྱབ་བསྒྲགས་དང་ལག་ལེན་བྱེད་རྒྱུ་ནི་འུ་ཅག་གི་ལས་འགན་རེད། གྲོགས་པོ་ཚོ། བུད་མེད་ནི་གནམ་ཕྱེད་ཀྱི་བདག་པོ་ཡིན་པས་ཕོ་མོ་འདྲ་མཉམ་ཡིན་ནི་རེད། འདྲ་མཉམ”ཚོགས་འདུ་ཆེ་ཆུང་ཚོགས་ཐེངས་རེར་ཚིག་འདི་ནི་དཀོན་མཆོག་གིས་བསྐྱུར་དང་ནན་གྱིས་གསུངས་ངེས། དེ་རིང་ཡང་དེ་ལྟར་རེད།
ཚོགས་འདུ་གྲོལ་རྗེས་མི་ཚང་མ་རང་རང་སོ་སོའི་ཁྱིམ་དུ་བུད་སོང༌། དཀོན་མཆོག་གིས་དུ་བ་རྐང་གཅིག་སྒྲོན་པ་དང་ཅི་ཞིག་ལ་བསམ་བློ་གཏོང་གིན་འདུག ཡུད་ཙམ་འགོར་རྗེས་ཚོགས་པའི་དྲུང་ཡིག་བདེ་སྐྱིད་ལ་ཁ་པར་བཏང༌།
“བདེ་སྐྱིད། ཁྱོད་ཕྱིར་གཞུང་དོན་ཁང་དུ་ཤོག་དང་དོན་དག་ལག་ཆེན་ཞིག་ཡོད། རེམ་རེམ”
“ཡ་ཡ་ང་ད་ལྟ་ཕྱིར་ཡོང༌།”
བདེ་སྐྱིད་ནི་རྒྱ་བོད་དབྱིན་གྱི་སྐད་ལ་བྱང་བའི་སློབ་གྲྭ་ཆེན་མོ་བ་ཞིག་ཡིན་པ་དང༌། བུད་མེད་རོགས་སྐྱོར་ཚོགས་པ་འདིའི་དྲུང་ཡིག་ཏུ་ཆེད་དུ་གདན་འདྲེན་བྱས་པ་རེད། ཁོ་མོ་མོ་ལོ་ཉེར་གསུམ་ལ་སོན་མ་ཐག་ཡིན་མོད་དོན་དག་ཅི་ཞིག་བསྒྲུབ་ཀྱང་ཁོ་མོའི་བློ་སྤོབས་དང་ནུས་རྩལ་ལ་འགྲན་ཕོད་མཁན་ནི་ཧ་ཅང་དཀོན། དེ་བས་ཁོ་མོ་ནི་དཀོན་མཆོག་གི་ལག་ཡ་ལྟ་བུ་དང་ཞབས་འདེགས་ཚོགས་པ་འདིའི་ནང་མི་སྣ་གལ་ཆེན་ཞིག་ཏུ་གྱུར།
བདེ་སྐྱིད་གཞུང་དོན་ཁང་དུ་འཛུལ་མ་ཐག་ཁོ་མོའི་ཁ་པར་གྲག་བྱུང༌། ཁོ་མོས་དོགས་མ་བདེ་བར་དཀོན་མཆོག་ལ་ལྟ་ཙམ་བྱས། དཀོན་མཆོག་གིས་བྲེལ་མྱུར་གྱིས་བདེ་སྐྱིད་ཀྱི་ཁ་པར་ཚུར་བླངས་པ་དང་མིག་ཟུང་ཆེ་རུ་བགྲད། ཁ་པར་སླར་ཡང་བདེ་སྐྱིད་ཀྱི་ལག་ཏུ་བཞག་ནས
“སྐྱག་གཟན། ཡང་ཁྱོད་ཀྱི་དགའ་རོགས་རྡོ་རྗེ་རེད། ཁ་པར་ཨང་གྲངས་འདི་རིག་མ་ཐག་ང་སྙིང་འཚིག་ཟ་ནས་ཤི་འགྲོ ཕོ་གསར་ཀླད་མེད་འ དི་ཚོ་བུད་མེད་མེད་ཚེ་ཉི་མ་འཁྱོལ་གྱིན་མེད་པ་འདྲ། སྐྱེས་ཕོ་རབ་ཅིག་གིས་དུས་ཚོད་ཚང་མ་ནག་མོ་ཚོའི་སྟེང་དུ་བེད་སྤྱད་ན་་་་་་ང་ཚོའི་མི་རིགས་འདི་ནམ་ཞིག་ལ་གཉིད་ལས་སད་ཐུབ་བམ། ངོ་མ། གླེན་ཕྲུག་ཀླད་མེད་ཏག་ཏག་རེད། ཧུན། གཞུང་དོན་ཁང་ནས་དོན་དག་ཡོད་ཅེས་ཤོད། རེམ” ཞེས་ཁོང་ཁྲོའི་ངང་བཤད།
བདེ་སྐྱིད་ཀྱིས་ཧ་ཅང་སེམས་ཆུང་ངང་ཁ་པར་ལ་ཉན།
“བདེ་སྐྱིད། ང་རྡོ་རྗེ་ཡིན། ཁྱོད་ལ་ཅི་བྱུང་སོང༌། ཁ་པར་མི་ཉན་དོན་ཅི་ཡིན།” རྡོ་རྗེ་ཡི་སེམས་ཁུར་གྱི་འབོད་སྐད་སྙན་མོ་ཧ་ཅང་གསལ་ལྷང་ལྷང་རེད།
“འོ། ཐུགས་རྒྱལ་མ་བཞེངས། གཞུང་དོན་ཁང་དུ་ད་དུང་དོན་ཆེན་ཞིག་ཡོད་པས་ང་རེམ་པར་ཡོང་མི་ཐུབ། ཁྱོད་ཀྱིས་སྒུག་མི་དགོས།” བདེ་སྐྱིད་ཀྱི་གདོང་ལ་ཚ་ལམ་ལམ་དུ་གྱུར།
“ཚོགས་འདུ་གྲོལ་ཟིན་པ་མ་ཡིན་ནམ། དེ་རིང་ཁྱོད་ཀྱི་སྐྱེས་སྐར་རེད། ངས་སློབ་གྲོགས་དང་གྲོགས་པོ་ཐམས་ཅད་བོས་ནས་ད་ལྟ་བཅུད་ལྡན་བོད་མིའི་ཟ་ཁང་ནས་ཁྱོད་ལ་སྒུག་ཡོད། དོན་དག་ཅི་ཡོད་ན་སང་ཉིན་ངས་ཁྱོད་ལ་རོགས་བྱེད། ཨེ་གོ་ཐལ། ད་རེམ་མར་ཤོག”
བདེ་སྐྱིད་གློ་འགྲོགས་ཤིག་ལངས་ནས་སྐད་གསང་མཐོན་པོས།
“ཨ་ཡ། དེ་རིང་ཟླ༩པའི་ཚེས༢༢མ་ཡིན་ནམ། ཅུང་མིན་ན་ངས་རང་གི་སྐྱེས་སྐར་ཡང་བརྗེད་འདུག ང་ད་ལྟ་ངེས་པར་དུ་རྡོ་རྗེ་སར་འགྲོ་དགོས། དོ་དགོང་ང་མ་སོང་ཚེ། ཁོང་ཚོ་ཁོང་ཁྲོ་ལངས་སྲིད་ལ་ང་ཡང་སེམས་མི་སྤྲོ” ཞེས་བཤད་མ་ཐག་དཀོན་མཆོག་གི་ཁུར་མགོར་འོ་ཞིག་སྦྱིན་པ་དང་ཁ་ཕྱིར་འཁོར་ཏེ་འགྲོ་གྲབས་བྱས།
སྐབས་དེར་ཚོགས་གཙོ་དཀོན་མཆོག་བདེ་སྐྱིད་ཀྱི་སྐེད་པར་དམ་དུ་འཁྱུད། ལག་ཟུང་སྦོམ་ལ་ཤུགས་ཆེ་བ་དེས་བདེ་སྐྱིད་ཀྱི་ཕྲ་ལ་མཉེན་པའི་སྐེད་ནས་དམ་དུ་བསྡམས། ངག་ཇེ་ལྷོད་དང་ཇེ་འཇམ་དུ་བཏང་སྟེ།
“ངའི་གཅེས་ཕྲུག་མ། དེ་རིང་གོ་སྐབས་འདི་ལྟ་བུ་འུ་གཉིས་ལ་ཡོད་དཀའ་བས་འུ་གཉིས་ཀྱི་བརྩེ་འདང་གི་ཆེད་དུ་དོ་དགོང་གི་སྐྱེས་སྐར་དེ་རེ་ཞིག་བློས་གཏོང་རྒྱུ་བྱོས།”
“ངོ་མ་བཤད་ན། སྐྱེས་སྐར་ཁོ་ནའི་ཆེད་དུ་མིན། རྡོ་རྗེ་ལ་ཆ་རྐྱེན་མེད་ན་ཡང་ཁོ་རང་ང་ལ་ཧ་ཅང་དགའ། ཆུང་ནས་ད་བར། ང་ནི་ཁོང་གི་ཚེ་སྲོག་ལྟ་བུ་ཡིན་པས་ངས་ཀྱང་ཁོ་རང་སྡུག་ཏུ་འཇུག་མི་འདོད། དེ་མི་ཚད་ད་ལོའི་ལོ་སར་ལ་ངེད་གཉིས་གཉིན་སྒྲིག་བྱེད་རྩི་ཡོད།”
“ངས་ཤེས། ངས་ཤེས་ཡོད། འོན་ཀྱང་ཁྱོད་ཀྱིས་དོན་དག་གལ་ཆེན་ཞིག་བརྗེད་འདུག ང་ཡང་ཁྱོད་ལ་ཤིན་ཏུ་དགའ་བ་དང་ཁྱོད་ནི་ངའི་ཡོད་ཚད་ཡིན།”
“འོན་ཀྱང་་་་་་འོན་ཀྱང་་་་་་་”
“ད་ཁྱོད་ཀྱིས་འ་ཀྱ་འོན་ཀྱང་མ་ཟེར་དྲིན་ཆེན་མ། ངས་ནམ་ཡང་ཁྱོད་ཀྱི་མདུན་ལམ་དང་འཚོ་བ་ལ་སེམས་ཁྲལ་བྱེད་བཞིན་ཡོད། གོ་ཐོས་ལ་ཁྱོད་ཀྱི་ཨ་མའི་ནད་དེ་ད་རུང་སངས་དྲག་མ་རེད་ཟེར། ཁྱོད་ཀྱི་ཨ་ཅེ་ལ་ཡང་བྱ་བ་མེད་པས་ཁྱོད་ཀྱི་ཨ་མ་སྨན་ཁང་དུ་སྟོན་བྱེད་ཀྱང་ཡོད་དཀའ་རྒྱུ་རེད། དེ་རིང་ངས་ཁྱོད་ཕྱིར་འབོད་དོན་ཡང་སྒོར་རྡོག་འགས་ཁྱོད་ཚང་ལ་རོགས་བྱེད་བསམ་པ་ཡིན། ད་རུང་ཉིན་འདི་དག་ལ་དོན་དག་འགའ་བྲེལ་བ་ཆེ་བས་ཁྱོད་དང་མཉམ་དུ་ཁ་བརྡ་ཡིད་ཚིམ་པ་ཞིག་ལབ་མ་ཐུབ། གཞན། ཨ་མེ་རི་ཁ་ཕྱོགས་ཀྱི་དོན་བཟང་དེ་ཡང་ཕལ་ཆེར་འགྲུབ་རྒྱུ་རེད། དེའི་ཕྱོགས་ནས་ཀྱང་འུ་གཉིས་གྲོས་ཤིག་ཀྱང་བྱེད་དགོས། ཨེ་གོ་ཐལ་སྙིང་ཉེ་མ། དེ་རིང་འུ་གཉིས་ལ་དོན་དག་མང་པོ་ཡོད། ”
དཀོན་མཆོག་གི་རུམ་ཁ་ནས་བདེ་སྐྱིད་ནི་བྱེའུ་ཆུང་གཟེབ་ཏུ་ཚུད་པ་ལྟར་རང་དབང་གིས་ཐར་ཐབས་ནི་ག་ལ་ཡོད།
བཞི།
ཁྱིམ་དུ་ལོག་མ་ཐག་དགེ་འདུན་ལྷ་མོས་བུ་མོ་སྐལ་བཟང་སྒྲོལ་མའི་ཁ་ངོ་དང་ལག་ཆུང་གཙང་མར་བཀྲུས་པ་དང་བུ་མོ་ལ་ཁ་བརྡ་སྣ་ཚོགས་བྱེད་ཞོར་བཅུད་ལྡན་ཟས་རིགས་སྣ་མང་ལས། ཟས་སྣ་མང་པོ་ཅོག་ཙེའི་སྟེང་བསྒྲིགས་པ་དང་ཁྱོ་ག་དཀོན་མཆོག་ལ་ཁ་པར་བཏང༌།
“དཀོན་མཆོག དེ་རིང་གཟའ་མཇུག་ཡིན་པས་ངེད་བཟའ་མི་གང་བོས་མཉམ་དུ་ཟ་མ་ཟ་བའི་ཉིན་མོ་རེད། ངེད་མ་སྨད་གཉིས་ཀྱིས་ཁྱོད་ལ་སྒུག་ཡོད།”
“གཟའ་མཇུག ཡང་གཟའ་མཇུག་ལ་ཐོན་ཟིན་ནམ། ང་འདི། ཡང་བརྗེད་འདུག བུད་མེད་དང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུའི་བཅའ་ཁྲིམས་ཁྱབ་བསྒྲགས་ཀྱི་ལས་གཞི་ཐད་ད་དུང་ཁུལ་བུད་མེད་མཉམ་འབྲེལ་ལས་ཁུངས་ཀྱི་ཀྲུའུ་རིན་གྱི་རོགས་རམ་མཁོ་བས་ང་ད་ལྟ་ཀྲུའུ་རིན་གྱི་ཁྱིམ་ལ་ཐོན་མ་ཐག་ཡིན། ཆུ་ཚོད་ཕྱེད་ཀའི་རྗེས་སུ་ང་ཁྱིམ་དུ་ཐོན་ཡོང༌།”
“མིན་མིན། དོན་དག་བསྒྲུབ་རྒྱུ་གལ་ཆེ། གཟའ་འཁོར་རྗེས་མའི་ནང་དུ་འུ་གསུམ་གྱིས་མཉམ་དུ་ཟ་མ་ཟ་ཆོག ངོ་མ་བཤད་པ་ཡིན། བློ་བདེ་བདེ་བྱས་ཏེ་དོན་དག་སྒྲུབས། བདེ་མོ་བྱོས།”དགེ་འདུན་ལྷ་མོའི་གདོང་ལ་ཡིད་ཆད་དང་ཁེར་རྐྱང་གི་རྣམ་པས་རེ་ཞིག་གཡོགས་པར་གྱུར། འོན་ཀྱང་བློ་དཀྱེལ་ཆེ་བའི་ཁོ་མོས་ཨུ་ཚུགས་དང་བཙན་གྱིས་འཛུམ་ཞིག་གཡར་ཏེ་བུ་མོ་སྐལ་བཟང་སྒྲོལ་མར་སེམས་གསོ་གནང༌།
“ཨ་མའི་གཅེས་ཕྲུག ཁྱོད་ཀྱི་ཨ་ཕར་དོན་དག་ཡོད་པས་ངེད་གཉིས་དང་མཉམ་དུ་ཟ་མ་ཟ་ཁོམ་མེད་ཟེར། སང་ཉིན་ཨ་ཕས་ཁྱེད་ལ་ཅི་དགོས་ཉོ་ཟེར།”
“ཨ་མ། ང་ལ་ཅི་ཡང་མི་དགོས། ངས་ཨ་ཕ་དང་མཉམ་པོས་ཟ་མ་ཞིག་ཀྱང་ཟ་མི་ཐུབ། སློབ་གྲོགས་ཚང་མ་ནམ་ཡང་ཁོ་ཚོའི་ཨ་ཕ་དག་གིས་སྐྱེལ་བསུ་བྱེད་བཞིན་འདུག ངའི་ཨ་ཕས་ང་ལ་སྒོར་མོ་སྟེར་བ་དང་རྩེད་སྤྱད་ཉོ་བ་ལས་ཁ་ཡ་གཏན་ནས་བྱེད་མ་མྱོང༌། ཨ་ཕས་དགོང་མོ་དོན་དག་ཅི་ཞིག་བསྒྲུབ་དགོས།”
“ཁྱོད་ཀྱི་ཨ་ཕ་ནི་གྲོང་ཁྱེར་འདིའི་མི་དབུལ་བོ་དང་བུད་མེད། བྱིས་པ་ཚོ་ལ་རོགས་སྐྱོར་བྱེད་མཁན་གྱི་མི་བཟང་ཞིག་ཡིན་པས། ཁོ་ནི་འུ་མ་སྨད་གཉིས་ཀྱི་ལ་རྒྱ་དང་གཟི་བརྗིད་ཡིན་པ་མ་ཟད། ང་ཚོ་བོད་མི་རིགས་ཀྱི་ལ་རྒྱ་ཡང་ཡིན།”
“ཨ་མ། བུད་མེད་ནི་ཅི་ཞིག་རེད།”
“བུད་མེད་ནི་ང་ལྟ་བུ་རེད།”
“འོ་ན་བྱིས་པ་ཅི་ཞིག་རེད།”
“བུ་མོ་ཁྱོད་ལྟ་བུ་རེད།”
“འོ་ན་ཨ་ཕས་ངེད་གཉིས་ལ་རོགས་རམ་མི་བྱེད་དོན་ཅི་རེད།”
“དོན་དག་གལ་ཆེན་བསྒྲུབ་ནས་ཁོམ་པ་མེད”
“འོ་ན་ལ་རྒྱ་དང་གཟི་བརྗིད་ནི་ཅི་རེད།”
“ཁ་བདེ་ཁ་མང་བོ། འདི་མོ་འདྲི་རྒྱུ་མང་པོ་ཞིག་གང་ནས་དྲན་བྱུང༌། རེམ་པར་ལས་བྱ་ཕྲིས།”
“སང་ཉིན་ངལ་གསོ་ཡིན་པས་སང་ཉིན་བྲིས་ན་ཆོག”
“ཨ་མའི་གཅེས་ཕྲུག དེས་ན་ངེད་གཉིས་སྔ་མོ་ནས་ཉལ། སང་ཉིན་ཨ་མས་ཁྱོད་རང་རྩེད་མོ་རྩེ་རུ་འཁྲིད”
“ཡ་ཨ་མ། ངས་ཁྱོད་ཀྱི་ཁ་ལ་ཉན། ཨ་མས་ང་ལ་རྫུན་བཤད་མ་མྱོང”
སྐར་མ་ལྔ་ཡང་མ་འགོར་བར་བུ་མོ་སྐལ་བཟང་སྒྲོལ་མ་གཉིད་དུ་ཡུར་ནས་སྣ་ཁུང་ཆུང་ཆུང་ལས་དབུགས་ཐུང་ཐུང་ཕྱི་རུ་ཕྱུར་བའི་སྒྲ་ཆུང་ཆུང་ཞིག་ཀྱང་གྲག་ཡོང༌། སྒེའུ་ཁུང་ཕྱི་རོལ་ནས་སྟོན་གྱི་རླུང་བུ་ནག་པོ་ཡང་གློ་བུར་དུ་ལྡིང་བས་བུ་མོ་སྐལ་བཟང་སྒྲོལ་མའི་སྣ་སྒྲ་སྙན་མོ་དེ་ཡོངས་སུ་བཅོམ།
ངལ་དུབ་ཀྱིས་མནར་བའི་དགེ་འདུན་ལྷ་མོས་རྨི་ལམ་ཞིག་ཀྱང་མ་རྨིས། མཚན་ཕྱེད་ལ་ཁོ་མོ་གཉིད་ལས་ཐེངས་ཤིག་སད། སྐབས་དེར་ཕྱི་རོལ་སྨག་རུམ་གྱི་འཇིག་རྟེན་ནས་དྲག་རླུང་འར་འུར་ལྡང་བའི་སྒྲ་ཚམ་རྔམ་ཅན་ཞིག་ཀྱང་ཐོས། མཐོ་སྒང་གི་མཚན་མོར་སྣང་ཚུལ་འདི་འདྲ་བྱུང་བ་ཧ་ཅང་རྒྱུན་ལྡན་ཡིན་པས། སྒྲ་ངན་དེས་དགེ་འདུན་ལྷ་མོའི་སེམས་ལ་གནོད་པ་དང་སྡུག་བསྔལ་བསྐྲུན་མ་ནུསཏེ་ཁོ་མོ་སླར་ཡང་རྨི་ལམ་མེད་པའི་གཉིད་ཀྱི་བདེ་བར་ཞུགས།
ལྔ།
ཞོགས་པའི་ཆུ་ཚོད་དྲུག་སྟེང་དགེ་འདུན་ལྷ་མོ་མལ་ལས་ལངས་ཏེ་ལུས་ཟུངས་གསོ་བར་མཁོ་བའི་འབྲི་ཤའི་ཤ་ཁུ་དཀར་ཡོལ་གང་བསྐོལ་བ་དང་རྐང་འཇབ་ལག་འཇབ་ཀྱིས་དབུགས་ཀྱང་དལ་གྱིས་གཏོང་ཞོར་ཤ་ཁུ་དཀར་ཡོལ་གང་དེ་འགྱིག་ཤོག་གཙང་མས་བཏུམས་ཏེ་ཁྱིམ་སྒོ་ཡང་མོར་ཕྱེས་པ་དང་དལ་གྱིས་བརྒྱབ། སེམས་སུ་སྤྲོ་བས་བརྟས་ནས་དཀོན་མཆོག་གི་གཞུང་དོན་ཁང་ཕྱོགས་སུ་སོང༌། བརྩེ་འདང་གིས་གྲུབ་པའི་ཤ་ཁུ་དཀར་ཡོལ་གང་དེ་སེམས་ཆུང་གིས་ཁྱེར་ཏེ་ཁོ་མོའི་ཁྱོ་གའི་ཕྱོགས་སུ་སོང༌། ལམ་བར་དུ་ཁོ་མོས་ཁེར་ལབ་ཅིག་བརྒྱབ།
“དཀོན་མཆོག་ཡ་དཀོན་མཆོག གཞན་ཕན་དགེ་དཀར་གྱི་བྱ་བར་བརྩོན་པ་ནི་བསོད་ནམས་བསག་པའི་རྒྱུ་རུ་སྲིད་མོད། འཁོར་བ་སྐྱོང་བའི་བུ་རྒྱུད་དང་བཟའ་ཚང་ཡོད་པའི་འཇིག་རྟེན་གྱི་སྐྱེ་བོ་ཕལ་བ་ཡིན་ཙ་ན། རང་ཁྱིམ་དང་བུ་ཕྲུག་ལའང་་་་་་ཨ་ཡ། འདྲེ་མོ་ངའི་སེམས་འདི། རང་སེམས་ཕྲ་མོའང་འདུལ་མི་ཐུབ། ངའི་སེམས་འདི་ནམ་ཡང་་་་་་ཚོང་གི་བྱ་བ་འདི་ཚེགས་ཆེ་བས་ངས་ནམ་རྒྱུན་ཁོང་ལ་བཟའ་བཏུང་ཡིད་ཚིམ་པ་ཞིག་ཀྱང་་་་་་ང་རང་ཡང་བདག་མོ་ནུས་ལྡན་ཞིག་དང་ཆུང་མ་བཟང་མོ་ཞིག་གཏན་ནས་མིན།”
འདི་ལྟར་དགེ་འདུན་ལྷ་མོས་རང་ཉིད་དཀོན་མཆོག་གི་གཞུང་དོན་ཁང་གི་སྒོ་ཁར་ཇི་ལྟར་འབྱོར་བའང་མ་ཤེས།
གཞུང་དོན་ཁང་འདིའི་བྱང་ཕྱོགས་སུ་སྦུག་ཁང་ཆུང་ཆུང་ཞིག་ཡོད་ལ་དེ་ནི་བཀྲ་ཤིས་ཐང་ཆད་དུས་མལ་གསོ་ཡུལ་སྒེར་ཁང་ཡིན།
དགེ་འདུན་ལྷ་མོས་མཁྲིག་མའི་ཆུ་ཚོད་ལྟ་ཙམ་བྱས། ཤ་ཁུའི་སྣོད་ལ་རེག་ཙམ་བྱས། ལག་ཡང་མོས་སྒོ་བརྡུངས། སྦུག་ཁང་གི་སྒོ་ཕྱེས་བྱུང་། སྒོ་ཕྱེ་མཁན་བདེ་སྐྱིད་རེད། བདེ་སྐྱིད་ཀྱིས་སྟོད་ཐུང་ལྭ་བའི་སྒྲོག་གུ་སྒྲོག་ཚར་མེད་ཅིང་ཐུང་ཞིང་དམར་སེར་དུ་བསྒྱུར་བའི་སྐྲ་ལོ་ཕྲག་པ་གཡས་གཡོན་དུ་ཤོམ་འདུག
དགེ་འདུན་ལྷ་མོ་མཐོང་མ་ཐག་བདེ་སྐྱིད་ཧ་ལས་ཤིང་དངངས་ཐག་ཆོད་པས་ཡུད་ཙམ་ལ་དབུགས་ཀྱང་གཏོང་མ་ནུས། དགེ་འདུན་ལྷ་མོའི་རྐང་པའི་ཉྭ་ཡང་ལྷུག་ལྷུག་འདར། དཀོན་མཆོག་ད་དུང་ཉལ་ཁྲིའི་སྟེང་ཕག་བཞིན་གཉིད་དེ་སྔུར་བ་རིང་མོ་འཐེན་གྱིན་གདའ།
“ཨ་ཅེ་་་་་་ཁྱོད་ཁོང་ཁྲོ་ལངས་མི་ཉན། ང་ལ་ལན་པ་ཡིན།” བདེ་སྐྱིད་སྒོ་ཕྱིར་རྒྱུག།
དྲུག
དགེ་འདུན་ལྷ་མོའི་སེམས་ནི་སྟོན་སྤྲིན་ནག་པོ་ལྟར་འཁྲིགས་ཤིང་རླུང་ནང་དར་ལྕོག་བཞིན་སྤུར། ཡ་མཚན་དང༌། སྐྱོ་གདུང༌། ཐེ་ཚོམ། ཡིད་ཆད་སོགས་འཆར་སྣང་སྣ་ཚོགས་ཀྱིས་དགེ་འདུན་ལྷ་མོའི་དྭངས་གཙང་ལྷད་མེད་ཀྱི་བརྩེ་དུང་སྐད་ཅིག་ཉིད་ལ་རྨེག་མེད་དུ་བཟོས། དགེ་འདུན་ལྷ་མོས་མགོ་བོ་དལ་བུར་གཡུག་ཙམ་བྱས་པ་དང་གོམ་ཁ་དལ་བུར་སྒོ་ཕྱིར་བསྒྱུར།
“དཀོན་མཆོག་ཡ་དཀོན་མཆོག ཁྱེད་ནི་ངའི་འཚོ་བའི་ཁྲོད་ནས་གཏན་དུ་གཡུགས་དགོས་པའི་གད་སྙིགས་འབའ་ཞིག་ལགས”ལམ་བར་དུ་དགེ་འདུན་ལྷ་མོས་རང་སེམས་ལ་དེ་ལྟར་བཤད།
རྒྱ་སྲང་ནས། རླངས་འཁོར་སྣ་ཚོགས་གྱིས་སྒྲ་སྣ་ཚོགས་གཏོང་བཞིན་ནུབ་ནས་ཤར་ལ་རྒྱུག་པ་དང་བྱང་ནས་ལྷོ་རུ་འཕུར་བའམ་བགྲང་ལས་འདས། རྒྱ་ལམ་བཞི་མདོ་རུ་རླངས་འཁོར་འཚུབ་འཚུབ་བྱེད།
རླངས་འཁོར་མང་པོའི་གསེབ་ན་སྤུ་ནག་ཕག་མ་སྣ་རིང་ཞིག་གྲ་འགྲིགས་པའི་ནུ་མ་དེ་ས་ལ་ཐུག་ལ་ཁད་ཀྱིས་གོམ་པ་མྱུར་མྱུར་ངང་སྤོ་བཞིན་མགོ་བོ་སྒུར་སྒུར་གྱིས་མདུན་དུ་སྐྱོད། དེའི་རྗེས་སུ་ཕག་ཕྲུག་བདུན་བརྒྱད་ཀྱིས་ཀྱང་རྒྱ་ལམ་དཀྱིལ་ནས་གོམ་པའི་འདེགས་སྟབས་སྒྱུར་བཞིན་ཁོ་ཚོའི་དྲིན་ཅན་ཨ་མའི་རྗེས་སུ་སྙེག་གིན་འདུག
2008ལོར་སྐྱེ་རྒུ་ནས་བྲིས།
རྩོམ་ཁུངས། ངེད་དྲ་བ།