ཁེར་རྐྱང་གི་རྣམ་ཤེས།
སྙིང་ཉེ་བའི་ཀློག་པ་པོ་ལགས། གཤམ་གྱི་གཏམ་རྒྱུད་འདི་ནི་བདག་གི་གྲོགས་མོ་ཨ་ནེ་ས་ལེ་སྒྲོལ་མས་ཁོ་མོའི་མི་ཚེའི་བཞུད་ལམ་རིང་མོའི་ཁྲོད་ཀྱི་གཏམ་རྒྱུད་ཙག་ཙིག་འགའ་ང་ལ་གསུངས་པ་དག་ངས་ཇི་བཞིན་ཁྱེད་ཚོར་བཤད་འདོད་པས། རྣ་བ་གཏོད་ལ་ཉོན་དང༌། བྲོ་བ་གསར་བ་ཞིག་ཡོད།
གཏམ་རྒྱུད་དང་པོ། རྫོགས་ཆེན་མཚམས་ཁང་གི་ཆོ་འཕྲུལ།
གཅིག ངའི་མཚམས་གྲོགས།
དེ་ནི་དཔྱིད་ཀའི་དུས་ཞིག་རེད། ངའི་ཕ་ཡུལ་ན་ད་རུང་རླུང་འཚུབ་གཡུག་པ་དང་ཙག་ངན་ལྡང༌། ཉིན་དེ་ཡང་ཁ་བ་ལྷབ་ལྷེབ་འབབ་པའི་ཆེས་སྤྱིར་བཏང་གི་ཉིན་ཞིག་རེད། ཆེས་སྤྱིར་བཏང་གི་ཉིན་དེར་ང་རང་ཆེས་སྤྱིར་བཏང་མིན་པའི་རྫོགས་ཆེན་མཚམས་ཁང་དུ་སོང༌།
མཚམས་ཁང་ནི་རྫོགས་ཆེན་ལུང་པའི་བྲག་ལྡེབས་ཀྱི་བྲག་ཁུང་དག་རེད། ཇོ་མོ་བྱང་ཆུབ་སྒྲོལ་མ་ཞེས་པ་མཚམས་ལ་བསྡད་ནས་ལོ་གཅིག་འགོར་འདུག ཁོ་མོ་ནི་མཁུར་ཚོས་དམར་བ་དང་མིག་དཀྱུས་རིང་ལ་ཆ་ག་ཆེ་བ། སྐད་ངག་སེང་སེང་བྱེད་པའི་འབྲོག་མོ་ལང་ཚོ་རྒྱས་པ་ཞིག་རེད། ངེད་གཉིས་ནི་བྲག་ཁུང་གཅིག་གི་མཚམས་རོགས་ཡིན། བྱང་ཆུབ་སྒྲོལ་མར་ཟས་གོས་སོགས་ཐམས་ཅད་ཆད་ལ་ཉེ་པས་ངས་ཟ་རྒྱུ་དང་ཉལ་གདན། ད་དུང་རིན་གོང་སྒོར་བདུན་ཅུ་ཅན་གྱི་ན་བཟའ་འདང་ཅན་དེ་དང་བཅས་པ་ཁོ་མོར་བྱིན།
བྱང་ཆུབ་སྒྲོལ་མས་སྒོམ་ཅི་ཞིག་རྒྱག་པ་ངས་མི་ཤེས། མོས་བཤད་ན་ཁོ་མོར་སེམས་ཁྲིད་ཐོབ་ཡོད་ཟེར། རྫོགས་ཆེན་ལུང་པའི་ནང་དུ་ད་དུང་དཔོན་རྒན་དགེ་འཕེལ་ཞེས་པ་དང་ཇོ་རྒན་བདེ་སྒྲོལ་ཞེས་པ་ཞིག་ཀྱང་བཞུགས་ལ་ཚང་མས་དཔོན་རྒན་དང་ཇོ་རྒན་ཞེས་འབོད།
གཉིས། སྣ་འཛོམས་ཀྱི་བྱང་ཆུབ་སྒྲོལ་མ།
ངའི་ཕ་ཡུལ་ན་ཀེའུ་སྐྱེས་ནས་ཀེའུ་ཚོད་ཟ་རན་ཡོད་པའི་དུས་ཞིག་ལ། ངེད་གཉིས་ཀྱང་ཁ་ངར་ལངས་ནས་མུད་པ་རྒྱུག ཟ་འདོད་ཀྱི་འདུན་པ་འགོག་མ་ཐུབ་པས་ཁ་ཏོན་ཡང་མ་བྱས་པར་ངེད་གཉིས་རི་སྒོག་འཐུ་རུ་སོང༌། རི་སྒོག་འཐུ་སྐབས་སྦྲུལ་ཆེན་ཞིག་མཐོང་བས་བྱང་ཆུབ་སྒྲོལ་མས་སྦྲུལ་ཆེན་དེའི་རྔ་མ་ནས་འཇུས་ཏེ་ངའི་སྔུན་ལ་གཡུགས། ང་ནི་བླ་འཁྱམས་ནས་ཅང་མིན་ན་ཆོས་རྒྱལ་མདུན་ལ་བུད་སོང་། ངས་ཁོ་མོར་འདྲེ་མོ་ཟངས་ཀྱི་མཆུ་ཏོ་ཅན་སོགས་ཁ་ལ་ཅི་ཡོང་ཡོང་གིས་སྡིགས་ཞོར་སྦྲུུལ་མེད་པའི་ས་ཕྱོགས་སུ་བྲོས། བྱང་ཆུབ་སྒྲོལ་མས་གསུས་པ་སྐྱོར་ནས་དགོད་མཚམས་གཅོད་མ་ཐུབ་པར་ས་དེ་ནས་འདྲེ་ལོག་བརྒྱབ་འདུག། འདྲེ་མོ་འདི་ངོ་མ་དཔའ་མོ་ཞིག་རེད།
ཉིན་མང་པོར་བྱང་ཆུབ་སྒྲོལ་མ་ངེད་གཉིས་ཀྱིས་ཡང་ལཱ་རྐང་གཅིག་གི་འོད་ལ་བརྟེན་ནས་བྲག་ཁུང་དོག་མོ་རུ་མཚམས་ལ་བསྡད། སྒྲོན་མེ་ཏལ་མ་ཐག་ནམ་ཡང་བྲག་ཁུང་ནང་དུ་དྲི་ངན་གྱིས་ཁྱབ་པས། ནམ་ཕྱེད་ཞིག་ལ་ངས་ལག་སྒྲོན་བཀར་ནས་བལྟས་པ་ན་རྩམ་ཁུག་སྟེང་འབུ་ནག་བསེ་བོ་ནག་ཐ་ར་ར་འཛེར་འདུག སྔ་མོ་མཆོད་པ་བཤམས་མ་ཐག་ཨ་བྲ་གཅིག་ཀྱང་བྲེལ་འཚུབ་ཀྱིས་ཡོང་ནས་མཆོད་ཆུ་འཐུང༌། ནམ་ཡང་དེ་ལྟར་ཡིན་ལ་བྱང་ཆུབ་སྒྲོལ་མས་ནམ་ཡང་ཨ་བྲ་ཕྱི་ལ་བདའ། ཉིན་ཞིག་ཁོ་མོས་ཨ་བྲ་ཞིག་ལ་རྡོ་བརྒྱབ་པས་ཨ་བྲའི་མིག་ཡ་གཅིག་ཁྲག་འཛག་སེ་བཏང༌། ཉིན་དེ་ནས་ཨ་བྲ་ཞ་ར་མིག་གཅིག་དེ་གར་སོང་མ་ཤེས། ད་དུང་བྲག་ཁུང་གི་འགྲམ་ནས་ཨ་བྲ་དམར་ཆུང་ཞིག་གིས་ཀྱང་ནམ་ཡང་རྩྭ་འཐུ་བཞིན་ཨབ་ཁུང་དུ་གསོག རྣམ་རིག་བཀྲ་ལ་ཡིད་དུ་འོང་བའི་ཨབ་དམར་ཆུང་ཆུང་དེས་ནམ་ཡང་བྲེལ་འཚུབ་ཀྱིས་ལས་ལ་བརྩོན་བཞིན་འདུག
ཙི་གུ་ཞིག་གིས་ཀྱང་ཉིན་མཚན་དབྱེར་མེད་ཀྱིས་ངེད་གཉིས་ཀྱི་གྲོ་ཕྱེ་རྐུ་བར་བྲེལ། ཙིག་རྟུག་གིས་བྲག་ཁུང་འདིའི་ཕྱི་ནང་བར་གསུམ་དུ་ཁྱབ། འཚིག་པ་ཟོས་ནས་མ་བཟོད་པས་བྱང་ཆུབ་སྒྲོལ་མས་ཙི་གུ་དེ་བདའ་བདའ་མཐར་ཙི་གུ་དེ་མཚམས་ཁང་མདུན་གྱི་གཡང་གཟར་བྲག་ལ་མཆོངས་སོ། ངས་བྱང་ཆུབ་སྒྲོལ་མར་འདྲེ་མོ་འུ་གཉིས་སྒོམ་རྒྱག་ཏུ་ཡོང་བ་ལས་ཙི་གུ་བྲག་ནང་དུ་འཕེན་དུ་ཡོང་བ་མིན་ཞེས་བཤད་པས། བྱང་ཆུབ་སྒྲོལ་མ་ཁ་མུར་མུར་བྱེད་བཞིན་ངུས་བྱུང༌། ཡུན་རིང་ཡུན་རིང་ལ་ངུས། འབྲོག་མོ་འདི་དོན་ངོ་མ་སེམས་ཆུང་ཞིག་ཀྱང་རེད།
ཕྱི་ནང་གི་རྐྱེན་གང་ཡིན་མི་ཤེས་མོད། ངས་སྣང་བ་མིན་ན། བྱང་ཆུབ་སྒྲོལ་མས་ཁོམ་པ་རེ་ཡོད་དུས་ཡག་རྐྱང་རྐྱང་དོད་པ་དང་ཁ་ཏོན་ཡང་དུས་ཚོད་ལྟར་མི་འདོན། སྨག་ནག་པའི་མཚན་མོ་ཞིག་ལ། ལུང་མདོ་ནས་གློག་འོད་ཅིག་གསལ་བོར་འགུལ་བཞིན་འདུག ང་སྙིང་འདར་བྱུང་བས་ཁོ་མོར་ཅི་ཡིན་འདི་ཡིན་དྲིས། བྱང་ཆུབ་སྒྲོལ་མས་བཤད་ན། རྫོགས་ཆེན་ལུང་བ་འདི་མི་གཙང་བས་དེ་སྔོན་ཡང་དགོང་མོར་མེ་རིལ་རིལ་ཞིག་འགུལ་པ་མོས་ཐེངས་མང་མཐོང་མྱོང་ཟེར། ངས་གསལ་བོར་བལྟས་པས་འོད་རིལ་བོ་དེ་རིམ་བཞིན་ངེད་གཉིས་སྡོད་ས་དང་ཉེ་སར་ཐོན་པ་དང་མི་སྣང་བར་གྱུར། ང་རང་དངངས་སྐྲག་གིས་མནར་བས་སྔས་འབོག་གིས་བྲག་ཁུང་གི་སྒེའུ་ཁུང་ཆུང་ཆུང་གི་ཁ་བསུབས།
བྱང་ཆུབ་སྒྲོལ་མས་“སྐྲག་མི་དགོས།ལྟས་ངན་ཅི་ཞིག་ཡིན་ནམ།ང་འགྲོ་ལ་ཅིག་བལྟ”ཞེས་ལག་སྒྲོན་བཀར་ཏེ་མཚམས་ཁང་གི་སྒོར་བུད་སོང་། ཡུན་རིང་ཡུན་རིང་འགོར་རྗེས་ཁོ་མོ་ཕྱིར་ལོག་བྱུང་ལ་ལུང་མདོ་ནས་ཅི་ཡང་མི་འདུག་ཟེར། མོས་ལག་སྒྲོན་གྱི་འོད་རྣོན་པོ་དེ་ངའི་གདོང་ལ་གཏད་དེ་“སྙིང་ཆུང་སྡར་མ་ཞིག་ཇོ་མོ་ངོ་མ་ཞིག་བྱེད་མི་ཐུབ།” ཅེས་མཐོང་ཆུང་གི་རྣམ་འགྱུར་ཞིག་བསྟན་རྗེས་མ་ཎི་དབྱངས་ལ་འགུག་བཞིན་གཉིད་སོང་།
མཚན་མོ་དེར་ང་གཉིད་མ་ཁུག
ཉིན་མང་པོར་གློག་འོད་དེ་མཐོང་རྒྱུ་མེད་པར་གྱུར། བྱང་ཆུབ་སྒྲོལ་མས་རྐང་པ་གཅིག་ཐོག་གཅིག་བཞག་པ་དང་ཁ་ནས་དར་ཁྱབ་ཆེ་བའི་རྡུང་ལེན་ལེན་བཞིན་སྣང་བ་སྐྱིད་པོ་ཞིག་གིས་བཟི་འདུག བཤད་མི་ཤེས་པའི་དོགས་སྣང་ཞིག་དང་རྣམ་རྟོག་སྣ་ཚོགས་ཤིག་གིས་ངའི་ཡིད་སེམས་སྦགས།
བྱང་ཆུབ་སྒྲོལ་མ་སྒོ་ཕྱིར་འཁྱམ་རྒྱུར་དགའ་བ་དང་། ངས་ཀྱང་བླ་མ་དྲན་དྲགས་པས་བྱང་ཆུབ་སྒྲོལ་མ་ངེད་གཉིས་ཤིང་ཁྲི་དགོན་པར་སོང༌། ཕྱིར་ཡོང་བའི་ལམ་སྐབས་སུ་ང་ལྟོགས་དྲགས་པས་ཉི་གདུགས་ལ་འཁེན་ཡང་རྐང་བའི་ཉྭ་ད་དུང་འདར་འདར་འཁྱར་འཁྱོར་བྱེད། བྱང་ཆུབ་སྒྲོལ་མ་ནི་ལྟོགས་རྒྱུ་མེད་ལ་ཆད་རྒྱུ་དེ་ལས་ཀྱང་མེད། གླང་ཆེན་སྨྱོན་པ་བཞིན་ང་རང་རིང་དུ་བསྐྱུར་ནས་འགྲོ་གིན་འདུག ངའི་ཁ་བསྐམས་ནས་ལྕེ་ཡང་ཐག་སོང་། འབྲོག་ཁྱིམ་ཞིག་དང་ཉེ་བར་གྱུར་སྐབས་འབྲོག་མོ་ཞིག་བྱང་ཆུབ་སྒྲོལ་མའི་སྔུན་བསུ་རུ་ཡོང་ནས་ཁྱིམ་དུ་ཕེབས་ནས་ཇ་བཞེས་ཟེར་གིན་འདུག
ཏག་ཏག་ང་དེར་ཐོན་མ་ཐག་བྱང་ཆུབ་སྒྲོལ་མས“ཇ་མི་འཐུང༌། ཇ་མི་འཐུང་། ”ཞེས་པས་ཅང་མིན་ན་ང་སྤོ་ཤི་ཐེབས། མོས་ཕལ་ཆེར་ང་ལ་ཐུབ་ཚོད་བྱེད་བཞིན་ཡོད་ལ་འགྲན་འཛུགས་པ་དང་ཡང་འདྲ། ཁོ་མོས་ང་ལ་ཕྱིར་བལྟ་ཞིག་ཀྱང་
མི་བྱེད་པར་མགོ་བོ་སྒུར་སྒུར་གྱིས་མདུན་དུ་སྐྱོད། ཐན་ལྟས་གན་ཁོག་ནག་ཞིག་ཀྱང་རེད།
དེ་ནས་བཟུང་ང་བྱང་ཆུབ་སྒྲོལ་མ་དང་མཉམ་དུ་འདུག་འདོད་མེད་པར་གྱུར། དཔོན་རྒན་གྱིས་ཁོ་དང་མཉམ་དུ་སྡོད་ཟེར། ཇོ་རྒན་གྱིས་མོ་དང་མཉམ་དུ་འདུག་དགོས་ཟེར། བསམ་བློ་ཞིབ་ཏུ་བགྱིས་པས་ང་ནི་ཨ་ཁུ་དཔོན་རྒན་དང་མཉམ་དུ་བསྡད་ན་མི་འོས་པས་ཇོ་རྒན་གྱི་མཚམས་ཁང་དུ་སྤོ་དགོས་བྱུང༌། སྐབས་དེར་ཇོ་རྒན་གྱིས་རྩ་རླུང་འཕྲུལ་འཁོར་སྦྱོང་གིན་འདུག རྩ་རླུང་སྦྱོང་ས་ནི་ལུང་བའི་སྦུག་ཉི་འོད་མི་ཕོག་ས་ཞིག་ཡིན། སྔོན་ཆད་ཞིག་ནས་རྩ་རླུང་སྦྱོང་ཡུལ་རེད་ཟེར་བས་ང་ལུང་བ་དེར་བལྟ་རུ་སོང༌། བསམ་ཡུལ་ལས་འདས་པ་ཞིག་ལ་བྱང་ཆུབ་སྒྲོལ་མས་མིག་ཡ་བརྟོལ་བའི་ཨ་བྲ་དེ་དེ་རུ་ཚེ་ལས་འདས་འདུག ངས་ཨབ་རོ་རུལ་བ་དེ་ས་དོང་དུ་བཅུག་ནས་མ་ཎི་ཕྲེང་སྐོར་གཅིག་བཏོན།
ཉིན་ཞིག་གི་དགུང་མོ། ངས་སླར་ཡང་གློག་འོད་དེ་མཐོང་བྱུང༌། ངས་ཇོ་རྒན་ལ་དྲིས་པས་མོས་དེ་ནི་མི་ཞིག་རེད་ཟེར། གློག་འོད་དེ་བྱང་ཆུབ་སྒྲོལ་མའི་མཚམས་ཁང་དང་ཉེ་བར་གྱུར་བའི་ཚེ་མི་སྣང་བར་གྱུར། ཇོ་རྒན་གྱིས་མིག་མདངས་གཞན་ཞིག་གིས་ང་ལ་ཅིག་བལྟས། ངས་ཧ་མ་གོ
གསུམ། པྲ་ཕབ་ཕེབས་པས།
ཉིན་མང་པོ་སྐར་མདའ་བཞིན་རྒྱུག་སོང་། ཁོར་ཡུག་ཀུན་ཏུ་སྔོ་ལྗང་གིས་གཡོགས་པའི་དབྱར་གཞུང་གི་ཉིན་ཞིག ལུང་མདོ་ནས་ཁུར་པོ་ཁུར་བའི་མི་ཞིག་ཡོང་གིན་ཡོད། ངས་མི་དེ་མཚམས་པ་ཞིག་རེད་སྙམ། འོན་ཀྱང་དེ་ནི་ཨ་ལགས་ཞིག་ཡིན་ཟེར་བ་དང་ཐད་ཀར་དཔོན་རྒན་དགེ་འཕེལ་གྱི་མཚམས་ཁང་དུ་ཕེབས་སོང༌། ཁ་ལ་གསེར་སོས་བརྒྱན་པའི་ཕོ་ལོ་སུམ་ཅུ་ཙམ་ལ་ཐོན་མ་ཐག་པའི་གསར་བུ་དེ་ནི་ཨ་ལགས་ར་ཉག་རྒྱལ་སྲས་ཀྱི་ཡང་སྤྲུལ་ཡིན་སྲོལ་འདུག མཚན་ལ་པྲ་ཕབ་ཟེར། དཔོན་རྒན་གྱིས་པྲ་ཕབ་ཟེར་བའི་ཨ་ལགས་དེ་བྱང་ཆུབ་སྒྲོལ་མའི་མཚམས་ཁང་དུ་སྒྲིག་བཀོད་བྱས། བྱང་ཆུབ་སྒྲོལ་མས་པྲ་ཕབ་ཀྱི་ཁུར་པོ་ཁུར་ཏེ་ཁོ་མོའི་མཚམས་ཁང་གི་ཕྱོགས་སུ་སོང༌། ཨ་ལགས་པྲ་ཕབ་ཀྱང་ཆོས་མཐུན་ལུགས་མཐུན་གྱིས་ཁོ་མོའི་རྗེས་དེད་དེ་བུད་ཐལ།
ཇོ་རྒན་མས“དཔོན་རྒན་ར་བོས་དེ་རིང་བྱི་ལའི་གམ་ལ་ཤ་བཞག་ཐལ། ད་མ་འགྲིག། དཔོན་རྒན་ར་མ་ཙི”ཞེས་དངན་པ་ཞིག་ཀྱང་བཏང༌།
ཕྱི་ཉིན། ཨ་ལགས་པྲ་ཕབ་ཀྱིས་ཁ་བཏགས་དཀར་པོ་ཞིག་དང་སྒོར་ལྔ་བཅུའི་འབུལ་བ་བསྣམས་ཏེ་ཇོ་རྒན་གྱི་མཚམས་ཁང་དུ་ཕེབས། ཁ་བརྡ་ལས་ཁོང་ཉིད་ནི་ཇོ་རྒན་གྱི་ཞང་བོའི་སློབ་མ་ཡིན་པ་ཤེས། ཁོང་ཉིད་ནི་པྲ་ཕབ་མཁན་ཞིག་ཡིན་པས། ཇོ་རྒན་གྱིས་མོའི་བུ་ཆུང་ཟླ་བ་ལོ་བཅུ་ལྷག་ལ་གར་སོང་མ་ཤེས་པ་པྲ་ཕབ་པར་ཞུས་པས། ཨ་ལགས་པྲ་ཕབ་ཀྱིས་པྲ་ཕབ་དགོས་ན་ཆང་རྒྱ་མ་གང་དགོས་ཟེར། ཆང་དྲངས་པས་ཁོས་ཆང་འཐུང་བ་དང་མཆོད་མེ་ཞིག་བཀར། སྡེར་མ་གཙང་མ་ཞིག་གི་ནང་དུ་ནས་འབྲུ་བཀང་སྤུངས་བ་དང་སྟེང་དུ་མེ་ལོང་ཞིག་ཁ་ཟུར་དུ་བསྐོར་ནས་བཙུགས། ཁ་ཏོན་མང་པོ་བཏོན་པ་དང་ཇོ་རྒན་ལ་དཀོན་མཆོག་གསུམ་པོར་ཕྱག་གསུམ་འཚལ་དུ་བཅུག མིག་ཟུར་གྱིས་མེ་ལོང་དུ་ཅེར་ནས་མིག་ལྡེབ་ཙམ་ཡང་མི་བྱེད་པར
“ཁྱེད་ཀྱི་བུ་ཆུང་གིས་དཀའ་སྡུག་མྱོང་གིན་འདུག གྲོག་མ་ཐང་ཆུ་ལ་འབྱར་འདུག འོན་ཀྱང་ཕྱིར་འོང་ཡོད་ཐག་ཆོད་ཡིན” ཞེས་གསུངས།
ངས་ཀྱང་བདག་གི་ཕུ་བོ་སྟོད་ཉི་མ་ལྷ་སར་སོང་ནས་ཕྱིར་ཡོང་མེད་པས་དེར་པྲ་ཕབ་པར་ཞུས་པས། ཁོང་ཉིད་ཀྱིས
“ ཁྱོད་ཀྱི་ཕུ་བོར་ཅི་ཡང་མི་སྐྱོན། སྤང་ལ་འཇའ་ཚོན་ཤར་འདུག”ཅེས་གསུངས། ངའི་དད་པ་ཡང་ཇེ་བརྟན་དུ་སོང་།
ཉིན་དེའི་དགོང་མོར། ཇོ་རྒན་གྱི་མཚམས་ཁང་ནང་དུ་བྱང་ཆུབ་སྒྲོལ་མ་དང་ངེད་གཉིས་ཀྱིས་རི་སྒོག་གི་ཚོད་མ་བཅོས་ཏེ་སྡེར་མ་གང་དཔོན་རྒན་གྱི་བྲག་ཁུང་དུ་ཁྱེར་སྐབས་ཚོད་ལོག་གཅིག་ལྷུང་ནས་བྲག་ངོས་ལས་རྦབ་རྡོ་བཞིན་ལུང་ཞབས་ལ་འདྲིལ་སོང༌། ང་རྣམ་རྟོག་ཅིག་ལངས། སེམས་མི་སྤྲོ་བར་གྱུར།
ཉིན་བདུན་གྱི་རྗེས་དགོན་པ་གང་གང་ཞིག་ལ་ཨ་ལགས་སུ་སུ་ཕེབས་འདུག་ཟེར་ནས་བྱང་ཆུབ་སྒྲོལ་མ་ཨ་ལགས་སུ་སུ་སུ་ལ་མཇལ་དུ་བུད་སོང༌། ཨ་ལགས་པྲ་ཕབ་ཀྱིས་བྱང་ཆུབ་སྒྲོལ་མའི་གོས་ལྭ་འདང་ཆེན་དེ་གཡང་ལུགས་བྱས་པ་དང་བྱང་ཆུབ་སྒྲོལ་མའི་ཕྲེང་བ་སྐར་མ་སྟོང་བདུན་གཡུ་དང་བྱུ་རུའི་ཕྲ་རྒྱན་ཅན་དེ་ཕྱག་ལ་བཟུང༌། ཉི་གདུགས་ཞིག་བཀར་ཏེ་མཚམས་ཁང་རྒྱབ་རིའི་རྩེ་ནས་རྒྱང་རིང་ལ་གཟིགས་ཀྱིན་གདའ། བྱང་ཆུབ་སྒྲོལ་མ་ཕྱིར་ཡོང་བ་ན་ཁོང་གཉིས་དཔུང་པ་མཉམ་གཤིབ་ཀྱིས་མཚམས་ཁང་དུ་འཛུལ།
ལུགས་རྙིང་གི་ཟླ་༤པའི་ཚེས་༡༣ཉིན་ཇོ་རྒན་དང་ངེད་གཉིས་ཤིང་ཁྲི་དགོན་པའི་གྲྭ་པ་རྣམས་ལ་མང་ཇ་བསྐོལ་པར་གྲ་སྒྲིག་བྱེད་ཆེད་རྫོང་ཐོག་ཏུ་སོང་།རྫོང་ཐོག་ནས་གོ་དམར་ལྔ་སྟོང་ལྷག་བཙས་པ་དང་ཤ་ལུག་ཁོག་གསུམ་ཉོས། མར་རྒྱ་མ་སུམ་ཅུ་ལྷག་དང་ཇ་བག་ཞན་པ་བཅུ་ལྷག་ཉོས། ཚེས་༡༥ཉིན་ཤིང་ཁྲི་དགོན་པ་ནས་མང་ཇ་བསྐོལ། གྲྭ་པ་མི་རེར་ཤོག་སྒོར་ལྔ་ཡིས་མཇལ་བརྒྱབ། ཨ་ལགས་མཁན་པོས་ངེད་གཉིས་ལ་ཁོང་ཉིད་ཀྱི་སྐུ་འདྲ་དང་ཁ་བཏགས། གོས་ཆེན་སོགས་མང་པོ་གནང་བྱུང༌། ཕྱིར་ཡོང་ཁར་རྫོང་ཐོག་ནས་ཞག་གཅིག་ལུས། ཞག་གང་བོར་ཆར་ཆེན་བབས། འབྲུག་སྒྲ་ལྡིར།
ཕྱི་ཉིན། མཚམས་ཁང་ཕྱོགས་སུ་ཡོང་སྐབས། ལམ་བར་འདམ་གྱིས་བརྫིས་འདུག་པ་དང། རྐང་རྗེས་གསར་བ་གཉིས་མར་ལུང་མདོ་ཕྱོགས་སུ་འཐེན་འདུག ངས་བྱང་ཆུབ་སྒྲོལ་མ་དང་ཨ་ལགས་པྲ་ཕབ་གཉིས་ཀྱི་ཞབས་རྗེས་ཡིན་པ་ངོས་ཟིན། ཇོ་རྒན་མས་ཕལ་ཆེར་ཁོང་གཉིས་རྫོང་ཐོག་ཏུ་སོང་བ་རེད་ཟེར། སྐབས་དེར་དཔོན་རྒན་དགེ་འཕེལ་གྱི་རྔ་སྐད་ཀྱང་ལུང་པའི་བར་སྣང་ལ་ཁྱབ་འདུག མཚམས་ཁང་གི་ཉེ་སར་ཐོན་པ་ན་ད་གཟོད་བྱང་ཆུབ་སྒྲོལ་མས་མཚམས་ཁང་གི་བྲག་ཡོལ་མེད་པས་ནག་རོག་གེ་ཡོད་པ་མཐོང་ཐུབ།
མཚམས་ཁང་ནག་སྦུག་ནང་དུ། རྡོ་ལེབ་སྟེང་དུ་ནས་འབྲུ་བཀང་བླུགས་པ་དང་དེའི་ཐོག་ཞལ་འདོན་ཕྱོགས་བསྒྲིགས་དང་ཁ་བཏགས་ཤིག་བཞག་འདུག གཞན་གདན་ཧྲུལ་དེ་ལས་ཅ་ལག་ཅི་ཡང་བསྐྱུར་མེད།
ངས་ལུང་འདབས་ཀྱི་འབྲོག་མོར་དྲིས་པ་ན། འབྲོག་མོས་ཨ་ལགས་པྲ་ཕབ་དང་བྱང་ཆུང་སྒྲོལ་མ་གཉིས་མགོ་ལོག་གི་ས་ཆ་ག་ཤེད་ཞིག་ལ་ཕེབས་ཐལ་ཟེར། ངོ་མ། བྱང་ཆུབ་སྒྲོལ་མ་ནི་རང་དབང་ཅན་ཞིག་ཀྱང་རེད།
བཞི། འབྲོག་མོ་ནག་རིང་།
བར་དེར། རྫོང་དཔོན་གྱི་ཆུང་མའི་དོན་དུ་ཁ་མཆུ་ཆུང་ཆུང་ཞིག་ཀྱང་བྱུང༌།
དཔོན་རྒན་གྱིས་རྒྱང་བལྟས་ཀྱིས་བུད་མེད་ཅིག་ཡོང་བཞིན་པ་དེ་ནི་ཁོང་གི་འགྲུལ་པ་རེད་ཟེར། ཇོ་མོས་མོའི་གམ་དུ་ཡོང་བ་ཡིན་ཟེར། མཐར་རྫོང་དཔོན་གྱི་ཆུང་མ་མཚོ་མོ་ཟེར་བ་དེ་ཏག་ཏག་ཇོ་རྒན་གྱི་མདུན་དུ་ཡོང༌བས་དཔོན་རྒན་མ་དགའ་ཐལ་སོང་། དོན་དེར་རྐྱེན་བྱས་ཏེ། དཔོན་རྒན་དང་ཇོ་རྒན་གཉིས་ཁ་བསྲེས་མེད་པར་གྱུར།
ཉིན་ཞིག་ལུང་མདོའི་འབྲོག་མོ་ནག་རིང་ཞིག་ཡོང་བ་དང་དེ་ནི་དཔོན་རྒན་གྱི་འགྲུལ་པ་རེད། ཁོ་མོ་ནད་པ་ཞིག་ཡིན་ཟེར། ལུགས་མཐུན་གྱིས་དཔོན་རྒན་གྱི་མཚམས་ཁང་དུ་བསྡད།
ཉིན་ཞིག་ང་ཤ་ཟ་རུ་བོས། ང་སོང་བ་ན་འབྲོག་མོ་ནག་རིང་མ་དང་དཔོན་རྒན་གཉིས་རྩེད་མོ་ཡ་མཚན་ཞིག་རྩེ་བ་དང་འཕྲད། འབྲོག་མོ་ནག་རིང་མས་མིག་མི་བདེ་ཟེར་བས་དཔོན་རྒན་གྱིས་མོའི་མིག་ནང་ལྕེ་ལྡག་བྱེད་པ་དང་། ནག་རིང་མས་ཧ་ཧ་ཧོ་ཧོ་ཟེར་བཞིན་ལྟ་སྤྱོད་ཡ་མཚན་ཞིག་ཕུད་གིན་འདུག། དཔོན་རྒན་ཡང་རྒྱུན་ལྡན་ཞིག་མ་རེད།
ཕྱི་ཉིན་ཇོ་རྒན་ངེད་གཉིས་ལུང་བའི་ཕར་ངོས་སུ་ཆ་མ་འཐུ་རུ་སོང༌། ཕྱིར་ཡོང་བ་ན། དཔོན་རྒན་གྱིས་སྐྲ་དང་ཁ་ངོ་བཀྲུ་བཞིན་འདུག ནག་རིང་མས་ཀྱང་དེ་རུ་སྐྲ་འཁྲུད་ཀྱིན་འདུག
ང་ཆུ་ལེན་དུ་སོང༌། དཔོན་རྒན་གྱིས་ང་བོས་ནས“ཇོ་མོ་རྣམས་ཧེབ་རྒན་རེད། འབུད་ཤིང་བཏུས་ཏེ་མིག་གིས་རིག་སར་བསྒྲིག་དགོས། ཇོ་མོ་མ་མོ། ཨ་ཡེ་མ་ཡེ། ཧེབ་རྒན་རྐྱང་རྐྱང་ཡིན”ཞེས་སྡིགས་བྱུང༌། ངས་ཅི་ཡང་མ་སྨྲས།
ཕྱི་ཉིན། འབྲོག་མོ་ནག་རིང་མ་དང་དཔོན་རྒན་གཉིས་ཀྱང་འདུག་མ་ཐུབ་པར་འབུད་ཤིང་འཐུ་རུ་སོང༌། སེམས་ཆུང་མ་བྱས་པ་དང་ལོ་ན་བགྲེས་པས་དཔོན་རྒན་བྲག་ངོས་ནས་རྦབ་འདྲིལ་གྱིས་རྐ་གྲོག་ཏུ་ལྷུང༌། འབྲོག་མོས་ཡར་འཐེན་པ་ན་དཔོན་རྒན་གྱི་ངོ་གདོང་ནས་ཁྲག་དམར་ཙ་ར་ར་བཞུར་བ་དང་དཔྱི་མགོ་ཡང་རྨས་པས་གོམ་པ་ཡང་སྤོ་དཀའ་བར་གྱུར། འབྲོག་མོ་ནག་རིང་མས་དཔོན་རྒན་རྨས་མ་སྐྱོར་ཏེ་གཡུལ་ལས་ཕམ་པའི་དམག་མིའི་ཉམས་ཀྱིས་མཚམས་ཁང་ཕྱོགས་སུ་སོང༌། མི་མེད་ས་སྟོང་ཞིག་ནས་ང་དགད་དེ་ཅང་མིན་ན་བརྒྱལ་སོང་། དོན་འདི་རི་མོ་ལྟར་ངའི་སེམས་ལ་ཞགས་སོང༌།
ཟླ་གཉིས་རིང་འབྲོག་མོ་ནག་རིང་མས་དཔོན་རྒན་ལ་ནད་གཡོག་བྱས། དཔོན་རྒན་སངས་དྲག་བྱུང་རྗེས་འབྲོག་མོ་ནག་རིང་མའི་ལས་ཀ་ཡོངས་སུ་རྫོགས་པས་ཁོ་མོ་ཡང་རྫོགས་ཆེན་ལུང་བ་དང་ཁ་བྲལ་སོང༌།
དགོང་མོ་དེར་ངས་རྨི་ལམ་དགོད་ཤོར་ལ་ངོ་ཚ་བ་ཞིག་རྨིས།
ཕ་ཡུལ་གྱི་རྒྱབ་རིའི་ངོས་སུ་ངས་ལ་གཞས་ལེན་བཞིན་ལུག་མང་པོ་འཚོ་བ་དང་རི་འདབས་སུ་ངོ་མི་ཤེས་པའི་ལུག་རྫི་ཕོ་གསར་ཞིག་གིས་ཀྱང་ངས་ཕྱོགས་སུ་སྙན་ཞིང་ཡིད་དབང་འཕྲོག་པའི་ལ་གཞས་ལེན། ཉི་འོད་དྲོ་ལ་འཇམ་པ་ཞིག་ངའི་གདོང་ལ་ཤར་བས་སྣང་བ་ཧ་ཅང་སྐྱིད་པོ་རེད། བཟང་ལྟས་ཡིན་ནམ་ངན་ལྟས་ཡིན་པ་མི་ཤེས་མོད་གང་ལྟར་ངའི་བསམ་ཡུལ་ལས་འདས་པའི་རྨི་ལམ་ཡ་མཚན་ཞིག་རེད།
རྨི་ལམ་ནི་རྨི་ལམ་ཙམ་ཡིན་མོད། དེ་ནི་བདེན་པ་ལས་ཀྱང་བདེན་པར་གྲུབ་པའི་སྣང་བ་བདེན་པ་ཞིག
ལྔ། ཆག་འཇིག་ཆུང་ཆུང་།
ཉིན་ཞིག གསེར་ལག་དགོན་པ་ནས་གཅོད་དབང་གསུང་རྒྱུ་ཡིན་པ་ཐོས་འཕྲལ་དཔོན་རྒན་གྱིས་ང་ཁྲིད་དེ་གསེར་ལག་དགོན་དུ་སོང༌། གཅོད་དབང་ཐོབ་ནས་ཕྱིར་མཚམས་ཁང་དུ་ཡོང་བ་ན་དཔོན་རྒན་དང་ངེད་གཉིས་ཞག་མ་བདུན་ལ་ཐང་གཅོད་དུ་སོང་། མཚན་ཞིག་ལ་ལུང་བའི་ཕུ་རུ་རས་གུར་དཀར་པོ་ཞིག་གི་ནང་ན་མི་ཞིག་གིས་མེ་འབུད་བཞིན་མེ་ལྕེ་དགུང་ལ་འཕྱུར་བ་ཞིག་མཐོང༌། ཞོགས་པར་བལྟས་པས། དེ་དག་མཐོང་རྒྱུ་མི་འདུག ཞག་བདུན་པའི་མཚན་ལ་གཅོད་འདོན་སྐབས་ལུང་མདའ་ན་མེ་སྟག་ལྷམ་མེར་འཆལ་བ་ཞིག་མཐོང༌།
དེའི་ཕྱི་ཉིན་ངེད་གཉིས་ཕྱིར་མཚམས་ཁང་ནང་དུ་ལོག ཏག་ཏག་རྨ་ཆུ་ཕ་རོལ་གྱི་འབྲོག་མོ་ཞིག་ཀྱང་མཚམས་ཁང་དུ་ཐོན་འདུག འབྲོག་མོ་གཟུགས་ཐུང་ལོག་རིལ་ཞིག་རེད། ཡང་ཨ་ཁུ་དཔོན་རྒན་གྱི་མདུན་ལ་ནད་སྟོན་གི་ཡོང་བ་ཡིན་ཟེར། ཕར་བལྟས་འབྲོག་མོ་གཡུག་ཡོད་རིག་རྒོད་ཅིག་རེད། འབྲོག་མོ་ལོག་རིལ་མ་མཚམས་ཁང་དུ་ཡོང་བའི་ཉིན་གསུམ་པར་མོས་མཐེབ་ཐུག་བསྐོལ་མི་ཤེས་པས་ང་དེར་བོས་ནས་ཁོ་མོར་རོགས་བྱོས་ཟེར། ང་སོང་བ་ན་དཔོན་རྒན་དང་དེ་གཉིས་བར་ལ་ཡང་འབྲེལ་བ་མཚར་མོ་ཞིག་ཆགས་འདུག
འབྲོག་མོ་ལོག་རིལ་སོང་ཤུལ་དུ་དཔོན་རྒན་གྱིས་ཤིང་བཟོ་བ་མང་པོ་དང་འབྲོག་པ་མང་པོ་བོས་ནས་མཚམས་ཁང་རྒྱ་ཇེ་ཆེར་བསྐྱེད་པ་དང་བྱ་འདབ་ལ་ཁྱུང་འབྲུག་སོགས་རི་མོ་སྣ་ཚོགས་ཡོད་པའི་བརྐོས་ཤིང་གིས་བརྒྱན་པ་དང་མདུན་དུ་ཤེལ་སྒོ་སྤྲད་པའི་ཁང་བ་བར་ཁྱམས་ཅན་ཡག་པོ་ཞིག་ལས། མཚམས་ཁང་མཛེས་པར་རྒྱ་བསྐྱེད་པ་དང་ནང་དུ་སློབ་དཔོན་པདྨའི་སྐུ་གཟི་བརྗིད་ཅན་ཞིག་དང་སྒྲོལ་མའི་སྐུ་གཅིག་བཅས་གསར་བཞེངས་མཛད། ང་རང་མི་ཚོགས་ཀྱི་ཇ་མར་བཞག
གཟི་འོད་ལྷམ་མེར་འཕྲོ་བའི་ཕྱེད་བྲག་ཁུང་དང་ཕྱེད་དྲོད་ཁང་གི་གྲུབ་པའི་ཁང་གསར་ནང་དུ་དཔོན་རྒན་སླར་ཡང་མཚམས་ལ་བཞུགས། དབྱར་མཇུག་གི་ནམ་གུང་ཞིག་ལ་འབྲུག་སྒྲ་གནམ་འགད་པ་བཞིན་ལྡིར་བ་དང་དྲག་ཆར་ཤག་ཤག་བབས། ཕྱི་ཉིན། བསམ་ཡུལ་ལས་འདས་པ་ཞིག་ལ་དཔོན་རྒན་གྱི་མཚམས་ཁང་གསར་དུ་བསྐྱེད་པ་དེ་བརྡིབས་ཏེ་ཟང་ངེ་ཟིང་ངེ་ཞིག་དུ་གྱུར་འདུག་པས་ས་ཡོམ་ཆེན་པོ་རྒྱུག་པ་དང་ཨ་ན་མ་ན་རེད། ཇོ་རྒན་གྱིས་ཉིན་མང་པོར་དཔོན་རྒན་དང་ཁ་མ་བསྲེས་མོད་ཉིན་དེར་དཀོན་མཆོག་གསུམ་པོར་སྐྱབས་འཇུག་ཞུ་ཞོར་ག་མ་གོག་དང་ན་མ་ནུར་དཔོན་རྒན་གྱི་ཕྱོགས་སུ་རྒྱུག། ང་ཡང་རྟབ་རྟབ་པོར་རྒྱུག། དཔོན་རྒན་ལ་རྨས་སྐྱོན་ཆེན་པོ་ཕོག་འདུག་པས་འབྲོག་པ་མང་ཚོགས་ཀྱིས་མིག་ཆུ་གཏོང་ཞོར་རྫོང་ཐོག་ཏུ་བསྐྱལ་སོང༌།
ཉིན་དེ་ནས་བཟུང༌། ས་ཁུལ་འདིའི་ནད་པའམ་དད་ལྡན་པ་ཚང་མ་ཇོ་རྒན་ལ་དབང་སོང༌། ངེད་གཉིས་ཀྱི་བྲག་ཁུང་དུ་བཟའ་བཏུང་སྣ་ཚོགས་ཀྱིས་བཀང་བ་དང༌། ཤོག་སྒོར་མི་མགོ་ཅན་ཡང་ཇེ་མང་དང་ཇེ་མང་དུ་སོང༌། ངས་འགྲུལ་བའམ་ནད་པ་ཚོར་ཟ་མ་ལས་པ་དང་སྐྱེལ་བསུ་མཛད་པས་ཁ་ཏོན་གཙང་མ་ཞིག་ཀྱང་འདོན་མ་ཐུབ།
དགོད་ཤོར་བ་ཞིག་ལ། ང་དང་འདྲ་བའི་སྦྲུལ་ལ་སྐྲག་མཁན་ཞིག་ཀྱང་ཡོད་དེ། ཉི་འོད་འཛུམ་དམུལ་ལེར་མཚམས་ཁང་དུ་འཕྲོས་པའི་ཉིན་ཞིག འབྲོག་མོ་མ་སྨད་བུ་གཉིས་ཀྱིས་བུ་ཆུང་ཞིག་ཇོ་རྒན་གྱི་མདུན་དུ་ནད་སྟོན་པར་ཁྲིད་ཡོང་། མཚམས་ཁང་ནང་དུ་ཐོན་ལ་ཉེ་དུས་བུ་མོ་དེས་སྦྲུལ་ཆེན་ཞིག་རིག་པས་བླ་འཁྱམས་སོང༌ཟེར། ཇོ་རྒན་གྱིས་བུ་ཆུང་ལ་སྐྱོན་ཅི་ཡང་མི་འདུག་གསུངས། བུ་མོ་ཁ་གྲག་རྒྱུ་མེད་པར་ལྡ་བེ་ལྡིབ་བེ་ཞིག་ཏུ་གྱུར་པས་ཇོ་རྒན་གྱིས་འདི་ལྟར་བླ་བཀུག
སླ་ངའི་ནང་ཆུ་ཕྱེད་མཐོ་ཙམ་བླུགས་པ་དང་སིལ་ཙོ་རིལ་གསུམ་ཕངས། བླ་འཁྱམས་པས་སིལ་གཉིས་ཆ་ལ་ཡོད་པ་དང༌གཅིག་ཁ་ཁ་བུད་སོང་། གདལ་རིལ་ཐོག་རས་སྐུད་དམར་པོ་དཀྲིས་པ་དང་དེའི་སྐུད་སྣེ་སྒོ་ཕྱིའི་ཤིང་རིང་ཞིག་བསླངས་ཡོད་པ་དེའི་རྩེར་བཀལ་ཡོད་པའི་མེ་ལོང་ཐོག་བཏགས། ཇོ་མོས་བརྡལ་རིལ་གྱིས་སླ་ངའི་ནང་དཀྲུག་ཞོར་བུ་མོ་དེ་ཡི་མིང་ནས་བོས་པ་དང༌། བུ་མོའི་པང་ལ་སིལ་ཏོག་དང་ཀ་ར། གོ་རེ་ཁ་སྟིས་སོགས་བཞག ཇོ་མོས་བུ་མོ་དེའི་མིང་ནས་འབོད་སྐད་ང་ལ་འོ་ཡ་ཡ། ང་ཡོང་གིན་ཡོད་ཅེས་ལན་བྱིན་ཟེར་མོད། ངས་ནི་དེ་ལྟར་ཕར་ཞོག སྨྱོ་དགོད་ལངས་ཏེ་མིག་ནས་མཆི་མ་ཤ་རེ་ཤར་རེ་བཞུར། མཐར་བུ་མོ་དེས་ལྡ་བེ་ལྡིབ་བེའི་ངང་ཨ་ལན་བྱིན་སོང༌། དེ་ལྟར་ཞག་གསུམ་ལ་བོས་རྗེས་བུ་མོའི་རྣམ་རིག་ཇེ་གསལ་དུ་སོང་། མ་གཞི་བུ་མོ་དེ་ནི་བྱིས་པ་ཁ་བརྡ་ཅན་ཞིག་རེད། དོན་ངོ་མ་ཇོ་རྒན་ཡང་ཨ་ཡེ་ངར་བ་ཞིག་རེད།
དྲུག འཇིག་རྟེན་མི་འདི།
མི་ནི་མི་ཡིན་པས་འགྱུར་སྐྱེན་པ་འཇིག་རྟེན་མི་ཡི་ཁྱད་ཆོས་རེད། ཇོ་རྒན་ཡང་ཤོག་སྒོར་མི་མགོ་ཅན་འབུལ་མཁན་ལ་དགའ་བ་དང་གོ་རེ་དང་རྩམ་པ་འབུལ་མཁན་ལ་ཐུགས་མི་མཉེས་པར་གྱུར།
ཡོན་བདག་ཇེ་མང་དུ་སོང་བ་དང་བསྟུན་ཏེ་ཇོ་རྒན་གྱིས་དད་ལྡན་མང་ཚོགས་ལ་ཅི་ཞིག་བཞེས་འདོད་པ་དང་ཅི་ཞིག་མཁོ་བའི་སྐད་ཆ་མང་པོ་བསྐུར། ད་དུང་སང་ལོའི་བཞི་བའི་བཅོ་ལྔའི་ཉིན་ཁོ་མོས་མང་ཇ་བསྐོལ་རྒྱུ་ཡིན་པས་ནད་པ་མང་པོར་སྐབས་དེར་གོ་དམར་ལྔ་བརྒྱ་རེ་དགོས་པའི་རེ་བ་ཞུ། མཚམས་ཁང་ནང་དུ་ཚ་རུ་དང་ཀ་ར་བྱེ་མ། ལུག་བལ་སོགས་མཁོ་རྫས་སྣ་ཚོགས་ཀྱིས་གང་བས་མཛོད་ཁང་ངམ་ཅ་ལག་སྡེབ་ཚོང་ཁང་ལྟ་བུ་ཞིག་ཏུ་གྱུར། ཇོ་མོས་དུས་ཚོར་སྐར་ཆ་རེ་རེ་བཙུར་ནས་ཚ་རུའི་གོས་ལྭ་རིང་བ་ཞིག་བཟོས་ཏེ་མོའི་བུ་མོར་བསྐུར། ཀ་ར་བྱེ་མ་ཁུག་མ་མང་པོར་བགོས་ཏེ་བུ་དང་མོ་རེ་རེར་བསྐུར། འཇིག་རྟེན་གྱི་ཨ་མ་ནི་ནམ་ཡང་འཇིག་རྟེན་གྱི་ཨ་མ་ཡིན་པས་ཅི་ཁག་ཡོད། ང་རང་ཡང་ཞོར་ནས་དཀོར་ཟས་ཟ་བར་གྱུར་བས་སེམས་མི་བདེ་བར་གྱུར།
ངའི་སེམས་སུ། སྲིད་པའི་འབྱོར་བ་རྫ་མགོའི་སྨུག་པ་བཞིན་སྙིང་བོ་མེད་པ་བདེན་པར་རྟོགས་ཀྱང་། རང་སེམས་ནས་ཕ་ཡུལ་དངོས་སུ་མ་སྤང་ན་ཆོས་ཡང་དག་པ་ཞིག་འགྲུབ་དཀའ་བ་ལ་སྙམ།
ཇོ་རྒན་དང་ངེད་གཉིས་ཀྱི་ཟས་འཕྲོ་དང་རས་ཤུལ་རྣམས་ཇོ་རྒན་མས་ལུང་མདོའི་འབྲོག་པ་དབུལ་བོ་ཚང་ལ་གནང་སྦྱིན་བཏང༌། དེ་ཚང་གི་བྱིས་པ་སྣབས་ལུག་ཚོས་ངེད་གཉིས་ཀྱི་ཟས་འཕྲོ་མང་པོ་ཟ་ཐུབ་སོང༌། ངེད་གཉིས་ཀྱིས་ནད་པའི་འཕུལ་བའི་ཟས་ཀྱི་ཕུད་དག་ཟས། འབྲོག་པ་དེ་ཚང་གིས་ངེད་གཉིས་ཀྱི་ཟས་འཕྲོ་རྣམས་ཟས། སྐབས་དེའི་ང་ནི་མཚམས་པ་ཞིག་མིན་པར་དཀོར་གཉེར་བ་ཤ་སྟག་ཞིག་ཏུ་གྱུར་འདུག དེ་ནས་བཟུང༌། ང་ནི་གྲོགས་མེད་ཁེར་རྐྱང་དུ་ལུས་པ་དང་སེམས་གཏམ་གླེང་ས་ཞིག་ཀྱང་ག་ལ་ཡོད། ཡོད་ཐབས་བྲལ། འདི་ལྟར། རྫོགས་ཆེན་ལུང་པའི་མཚམས་ཁང་དུ་ཇ་མ་བྱེད་དགོས་པ་ངའི་ལས་དབང་དང༌། དཀོར་ནོར་ཟོས་ནས་ཉི་མ་འཁྱོལ་ཐབས་བྱེད་པ་ཡང་ངའི་སྡུག་བསྔལ་དུ་གྱུར། ངའི་སེམས་ཟང་ཟིང་དུ་གྱུར། ང་ངུ་དགོད་ཤོར། དངངས་སྐྲག་སྐྱེས། མཚམས་ལས་གྲོལ།
འདོད་པ་བསམ་གཏན་དབེན་གནས་ལུང་པ།།
ཐོབ་པ་ཉོན་མོངས་བདུད་ཀྱི་བཙོན་ར།།
ལོ་བརྒྱར་རྨིས་པའི་རེ་ཁཱའི་རྨི་ལམ།།
ཆོ་འཕྲུལ་སྟོང་གི་ཕྱགས་མས་བསུབས་ཐལ།།
གཏམ་རྒྱུད་གཉིས་པ། པདྨའི་རྫོང་གི་འཚོ་བ།
གཅིག སྒྲུབ་ཕུག་ནང་དུ།
སྤྱི་ལོ་༡༩༩༩ལོའི་དབྱར་ཟླ་དྲུག་པའི་ནང་ཁ་སྒང་དགོན་པ་རུ་ཨ་ལགས་ཡོངས་འཛིན་རིན་པོ་ཆེས་དུས་འཁོར་དབང་ཆེན་གསུངས། ང་ཡང་དབང་ཉན་དུ་སོང༌། ཡང་ཇོ་རྒན་བདེ་སྒྲོལ་གྱི་ལག་འོག་གི་མི་ཚོས་ང་རྙེད། ལས་དབང་གིས་ཇོ་རྒན་དང་ངེད་གཉིས་སླར་ཡང་མི་ཚོགས་ཀྱི་དབུས་ནས་ལྷན་འཛོམས་བྱུང། རིན་པོ་ཆེ་ཡིས་དབང་གསུངས་ཚར་རྗེས། ཇོ་རྒན་ངེད་གཉིས་པདྨའི་རྫོང་གི་ཕྱོགས་སུ་བཞུད་འགོ་བརྩམས།
གཡང་གཟར་བྲག་སྐེད་ཀྱི་ལམ་ནི་སྐུད་པ་དཀར་པོ་གང་འདོད་དུ་འཐེན་པ་ལྟ་བུའི་ཀྱག་ཀྱོག་རེད། དམྱལ་བའི་འགག་འཕྲང་ལ་འགྲན་པའི་བྲག་སྐེད་ནས་མར་བལྟས་ན་རྨ་ཆུ་སྔོན་མོའི་རྙོག་ཆུ་ལྷུང་ལྷུང་དུ་འབབ་པ་མཐོང་བས་བྲང་ཁོག་གི་སྙིང་ཆུང་ལུ་གུ་ལྡིང་ལྡིང་བྱས། ལག་སྐྱོར་འཕྲུལ་འཁོར་གྱི་ལྡིར་སྒྲ་དང་ཁ་ལོ་བའི་མ་ལོའི་འུར་སྒྲས་ཀྱང་ལམ་ཕྲན་ཀྱག་ཀྱོག་དེར་ངར་ཤུགས་བསྣན་མོད་ངའི་སྙིང་ལ་ཙག་ཤད་ཅིག་ཀྱང་ཞོར་ནས་བསླངས།
ཁོག་གི་རྒྱུ་ཉོག་ཐམས་ཅད་དཀྲུག་དཀྲུག་མཐར་རྨ་ཆུའི་འགྲམ་དུ་ཆགས་པའི་ཀྱལ་ཕུག་རབ་མགོ་སྡེ་བར་ཐོན། དེ་ནི་ཤིང་ཏོག་སྣ་ཚོགས་ཐོགས་པ་དང་འབྲུ་རིགས་ལོ་ལེགས་སྨིན་པ། མེ་ཐོག་གི་སླ་ངའི་ཞབས་ལ་ཐུག་པ་དང་འདྲ་བའི་ས་དྲོད་ཆེ་ས་ཞིག་རེད། ཁྱིམ་བདག་རྡོ་རྗེ་ཞེས་པ་ཡ་རབས་སེམས་བཟང་ལྡན་པ་དེས་ཁོ་བོས་བུ་ཆུང་ལ་ངེད་གཉིས་ཀྱལ་ཕུག་པདྨའི་རྫོང་གི་རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་སྒྲུབ་ཕུག་ངོ་མཚར་ཅན་དུ་བསྐྱལ་དུ་བཅུག ཕྱི་དྲོའི་དུས་ཚོད་དྲུག་སྟེང་དམིགས་སའི་ཡུལ་ལ་ཐོན། རི་ཞབས་དང་རི་སྐེད་དུ་དཔེ་ཆ་སྣ་རིང་དཀར་བོང་སེ་གང་སར་གཏོར་འདུག སྒྲུབ་ཕུག་ནང་དུ་རྐུན་མས་ལྕགས་དབྱུག་གིས་གཏོར་རྗེས་དང་། སླ་ང་དང་ཕོར་པ། གདན་ཧྲུལ་བཅས་ལས་ཅི་ཡང་མི་འདུག ང་རྨ་ཆུ་འགྲམ་དུ་ཆུ་ལེན་སོང༌། དབྱར་ཁའི་རྨ་ཆུ་ནི་རྙོག་ཅིང་བཙོག་མོད་ཐབས་ཟད་པས་རྙོག་ཆུ་དེས་ཇ་བསྐོལ་ནས་སོ་སེག་པའི་ཇ་ཞིག་འཐུང༌། ཇ་ཕོར་ཞབས་སུ་འདམ་སྙིགས་ཕྱེད་ཙམ་ཆགས་འདུག ཇོ་རྒན་གྱིས་དེ་མར་མཚམས་མགོ་བཟུང་། ངས་རི་ཞབས་ཀྱི་ཤོག་ལྷེ་རལ་བ་དག་བཏུས་ཏེ་བྲག་རྩར་ཉར་རྗེས་རྡོ་ཡིས་མནན་པ་ཡིན།
ཕྱི་ཉིན་ནངས་ཇ་བསྐོལ་བསམ་ཏེ་མེ་ཁ་གསོ་གྲབས་བྱེད་སྐབས་ཀྱལ་ཕུག་སྡེ་བའི་མ་སྨད་གཉིས་ཐོན་བྱུང༌། བུ་མོ་ཆོས་མོ་འཚོ་ཟེར་བས་སྤོས་འགྱིག་ཟོ་བ་རྒྱ་མ་ལྔ་བཅུ་ཅན་དུ་འཐུང་ཆུ་ཁུར་ཡོང་བ་དང༌། མ་འབྲུག་མཚོ་ཟེར་བས་ཆ་མ་སླེ་བོ་གང་དང་གོ་རེ་ལག་འཁྱིལ་དྲོན་མོ་སྡེར་མ་གང་འཁུར་འདུག དགའ་སྤྲོའི་ངང་ནང་ཇ་འཐུང་བ་དང་ཆོས་མོ་འཚོ་དང་ངེད་གཉིས་ཀྱིས་ས་སྟེགས་ཀྱི་མཆོད་ཁྲིའི་ཐོག་བཀབ་པའི་ཚིལ་དྲེག་ཆགས་ནས་རི་མོ་ཡང་མཐོང་མི་ཐུབ་པའི་ཆུ་ཤོག་དེ་ཁྱེར་ཏེ་རྨ་ཆུའི་ཁར་བཀྲུ་རུ་སོང༌། སྒྲུབ་ཕུག་གི་བྲག་ངོས་དག་ཀྱང་གཙང་མར་བཀྲུས་པས་མེ་ཏོག་ཤིང་པདྨའི་རི་མོ་དང་ཚོན་མདོག་གསལ་ལེར་མངོན་བྱུང༌། སྒྲུབ་ཕུག་ནང་གི་ཀླད་ལ་འདམ་ཞལ་བྱུགས་པའི་མཛུབ་རྗེས་གསལ་བོར་དོད་འདུག ཕྱག་རྗེས་ཧ་ཅང་རྒྱ་ཆེ་ལ་གཏིང་ཟབ་པ་ཕལ་ཆེར་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་ཕྱག་རྗེས་ཡིན་དགོས། ངེས་པར་ཡིན་དགོས། ཐེ་ཚོམ་མེད།
སྒྲུབ་ཕུག་ནང་གཙང་དག་བྱས་པ་དང་ཁོ་མོ་མ་སྨད་གཉིས་པདྨའི་རྫོང་རྒྱབ་ཕྱོགས་ཀྱི་ཕ་ཡུལ་དུ་བུད་སོང༌།
གཡོན་ཕྱོགས་བྲག་རི་ནི་དབྱིབས་ལེགས་མཚར་སྡུག་རྨད་དུ་བྱུང་བའི་མེ་ཏོག་ཆུ་སྐྱེས་པདྨ་བཞད་པའི་དབྱིབས་ལྟར་འདུག་པ་དང་བྲག་སྐེད་དུ་ཤ་བ་ཡུ་མོ་ཞིག་གི་མགོ་དབྱིབས་དང་ཨ་ན་མ་ན་ཡིན་པའི་བྲག་ཐོ་ཞིག་ཀྱང་གསལ་བོར་མཐོང་། དེ་ནི་སྒྱུ་རྩལ་མཁན་པོའི་ཆེད་དུ་བཟོས་པ་དང་གཉིས་སུ་མ་མཆིས། ཏག་ཏག་བྲག་ལྡེབས་ཤ་བ་ཡུ་མོའི་ཁ་ཡི་ནང་དུ་ར་མ་མ་བུ་གཉིས་བྲག་ལ་ཐོགས་པ་དང་བར་མེད་དུ་འབའ་སྒྲ་རིང་ཐུང་ཆ་མི་སྙོམས་པ་ཉམ་ང་བ་སྣ་ཚོགས་འབྱིན་གིན་འདུག བལྟས་བལྟས་རིག་རིག་ལ་དེ་ལྟར་བསྐྱུར་བ་ལས་བློ་ཐབས་ཅི།
གལ་ཏེ། ང་རང་སྤྲུལ་བརྒྱར་མངའ་བའི་འཕགས་མཆོག་ཡིན་ན། ངས་རིགས་དྲུག་འགྲོ་བའི་སྡུག་བསྔལ་བསལ་ཏེ་བདེ་བའི་ལམ་ལ་འགོད་ངེས། འོན་ཀྱང་།ང་ནི་ང་སྟེ།མི་ཡུལ་གྱི་འཁྱམ་པོ་ཞིག་དང་ནུས་མེད་ཀྱི་བུད་མེད་ཅིག དཀོན་མཆོག་གསུམ།
གཉིས། དད་ལྡན་མང་ཚོགས།
ངས་བྲག་ཞབས་ཀྱི་ས་དམར་མང་པོ་དེ་འགྱིག་ཁུག་ཆེན་པོའི་ནང་དུ་བླུགས་ཏེ་མཚམས་ཁང་དུ་ཁུར། ཚ་གདུག་ཆེ་བའི་སླ་ངའི་དྲོད་ལ་འགྲན་པའི་གནམ་གཤིས་ཀྱིས་ངོ་མ་མགོ་འཐོམས་པ་དང་མིག་ཀྱང་མི་གསལ་རབ་རིབ་ཞིག་ཏུ་བསྒྱུར། རྨ་ཆུ་ཟབ་ཀྱོག་ལས་ཆུ་ཁུར་ཏེ་མཚམས་ཁང་དུ་བསྐྱལ་ཏེ། སེར་དམར་གྱི་འདམ་གྱིས་སྒྲོལ་མའི་སྐུ་དཔར་ནས་འབུམ་ཁང་བཞེངས། དཀར་པོ་རྡོ་ཡི་རྡེའུ་འབུམ་བླུགས། མཚམས་ཁང་ལས་ཆེས་སྡུག་བསྔལ་བ་ནི་ཆུ་ལེན་རྒྱུ་དེ་རེད། ཉིན་ཞིག་ང་ཆུ་ལེན་དུ་འགྲོ་གྲབས་བྱེད་སྐབས་བུ་ཆུང་མཚེས་མ་ཞིག་ཐོན་བྱུང༌། ལོ་དྲུག་ཡིན་ཟེར། སྐྲ་སེར་བའི་སེར་ཐོ་སྙིང་ལ་རྗེ་བོ་གཉིས་འདུག། ངས་བུ་ཆུང་དེ་གཉིས་རོགས་སུ་ཁྲིད་དེ་རྨ་ཆུ་ཁར་ཆུ་ལེན་དུ་སོང་བ་དང་ཕྱིར་ཐོན་པ་ན་ཚོགས་ཟས་མང་པོ་བྱིན་ཏེ་ཕྱིར་མངགས་པ་ཡིན།
ཉིན་ཞིག ཀྱལ་ཕུག་སྡེ་བའི་མི་རྒན་གསུམ་མཚམས་ཁང་དུ་ཇོ་རྒན་མཇལ་དུ་ཡོང༌། ཁོང་ཚོས་འདི་ལྟར་ཞུ།
“སྔོན་ཆད་ནས་ཨ་ནེ་ཇོ་མོ་ཁྱེད་ག་གོ་མྱོང༌། ཁྱེད་ནི་རྩ་རླུང་འཕྲུལ་འཁོར་ལ་ནང་བྱན་ཆུབ་པའི་རྣལ་འབྱོར་མ་ཞིག་ཡིན་པས་ད་ཐེངས་ཆར་ཞོད་གཏོད་དུ་ཡོང་བ་ཡིན། ང་ཚོའི་ཞིང་དང་འབྲུ་རིགས་ད་རུང་ཞིང་ནང་དུ་ལུས་ཡོད་པས་ཁྱོད་ལ་ཅིག་གསལ”ཞེས་སིལ་ཏོག་དང་གོ་རེ། རྒྱ་ཇ་སོགས་ཇོ་རྒན་ལ་ཕུལ། ཇོ་རྒན་གྱིས་ཀྱང་ཁོ་མོ་སྔོན་ཆད་མཚམས་དུ་བསྡད་པའི་ལོ་རྒྱུས་སོགས་ང་རྒྱལ་དང་གཟི་བརྗིད་དུ་སེམས་ནས་རེ་རེ་བཞིན་འཆད། ཁོང་ཚོ་ཡང་སྔར་ལས་ལྷག་པར་ཇོ་མོར་དད་གུས་ཆེ་བར་གྱུར་བས་སེམས་པ་སྤྲོ་བས་བརྟས་ཏེ་ཕྱིར་བུད་སོང༌། འདོད་དོན་ཡིད་བཞིན་འགྲུབ་པ་ལྟར་བུད་སོང༌།
དེའི་ཕྱི་ཉིན། ཧེ་ཧེ་མགོ་དཀར་ལོ་ལོན་གཅིག་དང་ཕོ་གསར་གསུམ་བྲག་འདབས་ནས་ཡར་ཡོང་གིན་འདུག ཇོ་རྒན་དངངས་སྐྲག་ཆེན་པོ་སྐྱེས་ཏེ་ང་ལ“ས་
ལེ་སྒྲོལ་མ་ས་ལེ་སྒྲོལ་མ། ད་མ་འགྲིག མགོ་དཀར་ལ་རྒྱུ་འབྲས་ཡོད་ནི་མ་རེད། ང་རང་ལོ་ལོན་ཡིན་པས་སྐྱོན་མེད། ཁྱེད་རང་ལོ་ན་ཆུང་བས་ཁོ་ཚོས་ཁྱེད་ལ་གནོད་བསྐྱལ་བའི་ཉེན་ཁ་ཡོད་པས་མྱུར་དུ་སྦས་བསྐུང་བྱོས”ཞེས་ངག་འདར་ཞོར་བཤད། ངའི་སྙིང་ཡང་མིད་པའི་ཁར་ཐོན་པས་རས་ལྷམ་ཧྲིལ་བོ་ཉལ་ཁྲིའི་གདན་ཞབས་སུ་སྦས་པ་དང་ཉལ་ཐུལ་འོག་བསྐུངས་ནས་དབུགས་ཀྱང་དལ་གྱིས་གཏོང་ཞོར་དལ་ཅག་གེར་བསྡད། རེ་ཞིག་འགོར་རྗེས། མགོ་དཀར་བཞི་མཚམས་ཁང་དུ་སླེབས། ཇོ་རྒན་གྱིས་ཝ་ངེ་ཝང་ངེ་ཞིག་བཏོན་ནས་ལྐུགས་པའི་ཚུལ་བསྟན།
“ངའི་རྐང་བ་ན་བས་ཁྱོད་ལ་སྟོན་དུ་ཡོང་བ་ཡིན། ཁྱོད་རང་སྨན་པ་ངར་བ་ཞིག་རེད་ཟེར།” ཁོ་ཚོས་རྒྱ་སྐད་ཀྱིས་འདི་ལྟར་བཤད་པ་ངས་ཀྱང་ཐོས། ཇོ་རྒན་གྱིས་ཁ་
མ་གྲག་པར་ཕྲེང་བ་བསྟན་པ་དང་རྣམ་འགྱུར་སྣ་ཚོགས་འཁྲབ། རྒན་པ་དེས“ཁོ་མོས་ཆོས་འདོན་བཞིན་པས་ང་ཚོས་དལ་འགོར་བྱེད་མི་རུང༌། ད་འགྲོ”ཟེར་བ་དང་རྐང་བ་འཐེང་གིན་འཐེང་གིན་རི་ཞབས་ལ་བབས། དེའི་གྲས་གྱི་གསར་བུ་གཅིག་གིས་མེ་དམའ་ཞིག་ཕྲག་ཏུ་ཁུར་ཡོད།
དོན་མེད་ཀྱི་དངངས་སྐྲག་དང་ཚུལ་མིན་གྱི་ཚུལ་འཆོས་ཀྱི་ཆེད་དུ།ང་ཧེབ་ཆ་ཞིག་རྒྱག་འདོད། གནས་ཆེན་དབེན་པ་འདི་རུ། རྗེ་ཞབས་དཀར་བས་སྒྲུབ་པ་ལྷུར་ལེན་མཛད་ནས་གྲུབ་པ་བརྙེས་ཤིང་འགྲོ་དོན་བསམ་གྱིས་མི་ཁྱབ་པ་མཛད། ཇོ་རྒན་ངེད་གཉིས་ཀྱིས་ཁ་ཏོན་ཆག་མེད་ཅིག་འདོན་མ་ཐུབ་ལ་བསམ་གཏན་གཙང་མ་ཞིག་ཀྱང་སྒོམ་མ་ཐུབ།
གསུམ། མཐོང་ཐོས་མྱོང་གསུམ།
རྒྱ་ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན། ང་རྨ་ཆུའི་ཁར་ཆུ་ལེན་དུ་སོང༌། ཕ་རོལ་དུ་ཞིང་འབྲེག་བཞིན་པའི་ཞིང་བ་འགའ་མཐོང་བ་དང༌། ཆུ་འགྲམ་དུ་གོས་འཁྲུད་པའི་བུད་མེད་འགའ་དང་བྱིས་པ་འགའ་ཡང་མཐོང་བས་ཆུ་ལེན་དུས་ང་དེ་འདྲ་མི་སྐྲག་པར་གྱུར། ཆུ་ཟོ་རུ་ཆུ་བླངས་ཏེ་སྟེགས་བུའི་ཐོག་འཇོག་གྲབས་བྱེད་སྐབས་ཕ་རོལ་ནས་ངུ་སྒྲ་རྣ་ལ་གཟར་བ་ཞིག་གྲགས། མི་མང་བོས་བུད་མེད་ཅིག་བསྐོར་ནས་སྐོར་རྒྱུག་བྱེད་པ་དང་བུད་མེད་དེ་ངུ་འབོད་བྱེད་བཞིན་རྨ་ཆུའི་ཕྱོགས་སུ་སྨྱོ་རྒྱུག་བྱེད།
ཕྱི་ཇ་འཐུང་རྗེས། བྲག་ཁུང་གི་ཕྱི་ནས་ང་བཙོག་པུར་བསྡད་དེ་གཡོན་ཕྱོགས་བྲག་དབྱིབས་པད་མའི་ངང་ཚུལ་དེ་རྡོ་རྩེ་ཡིས་ས་ཐོག་ཏུ་བྲིས། ཕྱགས་མ་ཟད་པོས་རི་མོ་བསུབ་བསམ་ནས་ཕྱགས་མ་གཟུང་གྲབས་བྱེད་སྐབས་དུག་སྦྲུལ་ནག་ཁྲ་ཆུང་ཆུང་ཞིག་ཕྱགས་མའི་ཐོག་འཁྱུད་པ་མཐོང་བས་ང་ཁ་སྦུབ་ཀྱིས་གོག་མ་ནུར་ལ་མཚམས་ཁང་ཕྱོགས་སུ་བྲོས། ཇོ་རྒན་གྱིས་ཅི་རེད་ཟེར། ངས་སྦྲུལ་ཞིག་འདུག་ཅེས་པས་ཇོ་རྒན་ཡང་དངངས་སྐྲག་གིས་ཀི་སྒྲ་ཆེན་པོ་སྒྲོག་བཞིན་མཚམས་ཁང་དུ་བྲོས།
རེ་ཞིག་ན། སྦྲུལ་དེ་མཚམས་ཁང་གི་སྒོ་ཁར་ཐོན་པ་དང་མགོ་ཡར་བཀྱགས་ཏེ་མཚམས་ཁང་ནང་དུ་ཞིབ་ལྟ་བྱས། ཡུན་རིང་ཡུན་རིང་ལ་བལྟས། ངས་དབྱུག་གུ་དང་རྡེའུ་ཟེག་གིས་སྦྲུལ་ལ་སྐྲག་ཕུད། དལ་ལྷོད་ལྷོད་ཀྱི་སྦྲུལ་དེ་ཡང་ཁ་ཕྱིར་འཁོར་ནས་བྲག་ཞབས་སུ་ཕྱོགས། སྦྲུལ་ནག་ཧ་ཆང་གཡོ་སྒྱུ་ཅན་ཞིག་རེད། ཡུན་རིང་ཡུན་རིང་ཞིག་འགོར་རྗེས་ད་གཟོད་བྲག་ཞབས་སུ་དེད། སྦྲུལ་དེར་སྐྲག་པས་ཕྱི་དྲོའི་ཁ་ཏོན་ཡང་ཆད་སོང༌།
མཚན་མོ་སྒེའུ་ཁུང་གི་ཆུ་ཤོག་དེ་རླུང་སྒྲས་ཤུགས་ཀྱིས་ཤག་སྒྲ་ཐག་སྒྲ་གྲགས་པས་ཇོ་རྒན་མས་སྦྲུལ་ནག་ཕྱིར་འོངས་པར་དོགས་ནས་དངངས་སྐད་འབྱིན་འགོ་བརྩམས། ངས་ཤེས་མདོག་གིས་མཚན་མོ་སྦྲུལ་གཉིད་དགོས་ཞེས་པས་ཁོ་མོས་ཡིད་ཆེས་བྱས་ཏེ་ད་གཟོད་སེམས་ལྷོད་ལྷོད་ཀྱིས་གཉིད་ཀྱི་བདེ་བར་རོལ། ཕྱི་ཉིན་ཁ་བཏོན་བྱས་པ་དང་ཇོ་རྒན་མས་ཞོགས་ཇ་བསྐོལ། ནངས་ཇ་འཐུང་རྗེས་ཇོ་རྒན་གྱིས་ང་རང་རྒྱབ་རིའི་ཕར་ནང་གི་ཀྱལ་ཕུག་སྡེ་བར་ཀིན་ཐ་སློང་དུ་མངགས། སྡེ་བ་དེའི་མི་རྣམས་ཀྱིས་ཞིང་བྲེག་ནས་ཚར་ལ་ཉེ་འདུག ཞོག་ཁོག་གི་མེ་ཏོག་ཁྲ་ཆིལ་ལེ་བཞད་འདུག་པ་དང་དེའི་གསེབ་ན་ཀིན་ཐ་ཡང་མང་པོ་སྐྱེས་འདུག ཁྱིམ་ཁ་བརྒྱད་ཀྱིས་གྲུབ་པའི་སྡེ་བ་སྐྱིད་པོ་ཞིག་རེད། ཏག་ཏག་དེ་སྔོན་གོ་རེ་དང་ཆུ་བསྐྱལ་ཡོང་བའི་བུད་མེད་མ་སྨད་ཚང་ཡང་སྡེ་བ་དེ་རུ་ཡོད། ཀིན་ཐ་སེར་སྣ་མེད་པ་ཞིག་སྦྱིན་བྱུང༌། ཁོང་ཚང་གི་བུ་ཆུང་ཡང་ཐང་ནག་ཏུ་འགྲོ་རྒྱུ་ཡིན་ཟེར་བས་ངེད་གཉིས་འགྲོགས་ཏེ་ཕྱིར་ཡོང༌། བུ་ཆུང་ཁ་བརྡ་ཅན་ཞིག་རེད། ཁོས་དེ་ཉིན་རྨ་ཆུ་ཕ་རོལ་དུ་བུད་མེད་ཅིག་གིས་གོས་འཁྲུད་སྐབས་མོའི་བུ་ཆུང་ཡང་དེར་ཡོད་པ་དང་ཁོ་མོའི་ལྷམ་ཧྲུལ་ཡ་གཅིག་ཆུ་ནང་དུ་ལྷུང་སོང་བ་བུ་ཆུང་གིས་ལེན་གྲབས་བྱེད་སྐབས་ཁ་སྦུབ་ཏུ་རྨ་ཆུའི་ཟབ་ཀྱོག་ཏུ་ལྷུང་སོང་བ་རེད། མ་དེས་སྨྱོ་འབོད་བྱས་བྱས་མཐར་བུ་ཆུང་གི་རོ་དེ་ཆུ་ཁར་ཐེངས་གཅིག་ལ་ཡང་མ་བུད་ཞེས་བཤད། ངས་སྙིང་ཁོང་རུས་པའི་གཏིང་ནས་ཉིན་དེར་ངུ་འབོད་བྱེད་ཞོར་སྨྱོ་རྒྱུག་བྱེད་པའི་བུད་མེད་ལས་ངན་མ་དེར་གདུང་སེམས་ཚད་མེད་སྐྱེས། ཕྱིར་ཡོང་བ་ན་ཇོ་རྒན་ངེད་གཉིས་ཀྱིས་ཀིན་ཐ་མང་པོ་གད་ཁ་རུ་བཙུགས། མཚན་མོ་ཡང་ཀིན་ཐ་གཉིས་སྲུང་དམག་གི་ཚུལ་དུ་མཚམས་ཁང་གིས་སྒོའི་གཡས་གཡོན་དུ་བཙུགས།
སྤྱིར་ན། བློ་ཁ་བྲག་དང་བྲག་ཁ་སྤྲང་ཞེས་པ་ལྟར་གནས་དབེན་པར་བསྟེན་ན་ཆོས་ཡང་དག་ཅིག་གམ་སྒོམ་རྣལ་མ་ཞིག་རྒྱག་ཐུབ་འདོད། འོན་ཀྱང་། སེམས་ཞི་བར་མ་གནས་བར་ནང་རྣམ་རྟོག་གཅོད་མ་ཐུབ་པས་ཁོར་ཡུག་དབེན་ཡང་སེམས་རྣམ་གཡེང་གི་དབང་དུ་སོང་སྟེ་ཆོས་ལ་ངེས་ཤེས་ཟབ་མོ་ཞིག་སྐྱེས་མ་ཐུབ། རང་སེམས་འདུལ་མ་ཐུབ་པས་ང་སླར་ཡང་ཟང་ཟིང་དུ་གྱུར།
བཞི། བཟློག་མེད་ཀྱི་གནོད་འཚེ།
ཉིན་ཞིག་གི་སྔ་དྲོ་ཚད་པ་ཆེ་བས་ཆུ་ཡང་ཁུར་དཀའ། ཕྱི་དྲོ། གནམ་ངོ་ཡོངས་སུ་སྤྲིན་ནག་མཐུག་པོས་བསྒྲིབས་པར་གྱུར། བསྟུད་མུར་འབྲུག་སྒྲ་ལྡིར་ལྡིར་དུ་གྲགས་ནས་གནམ་འགས་པ་ལྟ་བུའི་འཇིགས་ཉམས་སྟེར་ཞིང་སེར་བ་ཡང་ཐ་ར་ར་བབས། ཞིང་བྲེག་ནས་ཚར་མེད་པས་ངས་ཇོ་རྒན་ལ་ད་འདོན་རྒྱུ་ཡོད་ན་འདོན་རན་རེད། ཞིང་བའི་ལོ་ལེགས་བརྡུང་རྒྱུ་རེད། ཅེས་པས་ཇོ་རྒན་གྱིས་ཀྱང་འཇིག་རྟེན་ཁམས་ཀྱི་ལྷ་མཐུ་བོ་ཆེ་ཀླུ་མཐུ་བོ་ཆེ་སྡེ་བརྒྱད་མི་མ་ཡིན་ལ་བསང་དང་གསོལ་ཁ་གསོལ།
སེར་བ་འབབ་མཚམས་བཞག་པ་ན་སྒྲ་ངན་གྱིས་ནམ་མཁའ་གཡོ་བར་བྱས་པ་དང་། ཆུ་ལོག་ཆེན་པོ་བར་སྣང་དུ་འཕྱོ་ཞིང་རྦབ་རྒོད་འགྲིལ་བ་བཞིན་མཆོངས་ཏེ་ཞིང་བཟང་ཁྱུར་མུད་ཀྱིས་རྨ་ཆུའི་ཕྱོགས་སུ་རྒྱུག། རྟ་རྒྱུག་ཐང་ནས་དུད་ཁྱིམ་གཅིག་ཡོད་པ་དེ་རུ་རྒན་རྒོན་ཁྱོ་ཤུག་གཉིས་ཀྱིས་ལོ་གསུམ་ཅན་གྱི་བུ་ཆུང་ཁྲིད་དེ་རྒྱང་རིང་དུ་བྲོས། རྒན་རྒོན་དེ་གཉིས་ཀྱིས་བརྩེ་བ་མེད་པའི་ཆུ་ལོག་གདུག་རྩུབ་ཅན་དེས་རང་ཁྱིམ་ཁྱུར་མིད་བྱས་པ་དང་ཞིང་བཟང་བོ་རྟིང་ནས་བརླགས་པར་ཧད་ཏེ་བལྟས་འདུག རིམ་གྱིས་ཆུ་ལོག་ཆེན་པོ་དེ་ནག་རྩུབ་རྩུབ་ཀྱི་འདམ་རུད་དུ་གྱུར། སྟོན་ཁའི་མཛེས་སྡུག་དེ་སྐད་ཅིག་ཉིད་ལ་མི་བཟོད་དམྱལ་བའི་ཁམས་སུ་བསྒྱུར།
བཟློག་མེད་རང་བྱུང་གནོད་འཚེའི་འཕྲང་འགག་ཏུ།།
མི་རྟག་སྒྱུ་མའི་གར་གྱིས་ལྟད་མོ་མཚར།།
ཡང་དག་འདི་ཕྱིའི་འགྱུར་མེད་སྐྱབས་གཅིག་པུ།།
བསླུ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི།།
ལྔ། སྐྱོ་གྲོགས་སྡུག་རོགས།
དབྱར་ཟླ་བདུན་པའི་ཉིན་གྱི་ཉི་གཞོན་ཞིག་ལ་རྒྱབ་ཕྱོགས་སྡེ་བའི་དོ་ནེའི་བུ་ཆུང་བསམ་འགྲུབ་ཀྱིས་སྲིན་མ་རས་ཁུག་ཆེན་པོ་གང་ཁུར་ཏེ་ཡོང་། ངེད་གསུམ་གྱིས་སྲན་པ་སྔོ་སྐྱ་བཙོས། སྐྱོ་བ་བསལ་བ་ཞིག་བཟས། ལོ་བཅུ་གསུམ་ལོན་མ་ཐག་པའི་བུ་ཆུང་བསམ་འགྲུབ་ཀྱིས་ཡིད་སྐྱོ་བའི་གཏམ་ངན་ཞིག་བཤད། ཁོས་བཤད་ན་ཞིན་ཧེ་རྫོང་ནས་མཚན་སྙན་རྒྱས་པའི་དཔོན་རྒན་འཇམ་དཔལ་གྱིས་བུ་ཆུང་དེར་ཁྱོད་རང་ལག་ཆགས་ན་གྲྭ་པ་བྱེད་དགོས་པ་དང་གྲྭ་པ་མ་བྱས་ན་མི་གསོད་ཀྱི་ལག་དམར་ཞིག་ཏུ་འགྱུར་རྒྱུ་རེད་ཟེར། ཇོ་རྒན་ལ་ཅི་དྲག་གང་དགའ་དྲིས་པས་ཇོ་མོས་དཔོན་རྒན་འཇམ་དཔལ་ནི་རང་བཞིན་གྱི་མི་དཀྱུས་མ་ཞིག་མིན་པས་དེའི་གསུངས་ལ་ཉན་ཏེ་རྗེས་སུ་གྲྭ་པ་བྱས་ན་དགའ་ཞེས་པས་བུ་ཆུང་བསམ་འགྲུབ་ཀྱིས་ཀྱང་དེ་ལྟར་བྱེད་པའི་ཁས་བླངས་པ་དང་སེམས་སྡུག་ཅུང་སངས་སོང༌།
ངས་སླ་ངའི་ནང་གི་སྲན་མ་ལྷག་མ་ལེན་གྲབས་བྱེད་སྐབས་ཡང་སྦྲུལ་ཆེན་ནག་པོ་ཞིག་བྲག་སྐེད་ནས་ཡུན་གྱིས་ནུར་ཏེ་ཐབ་མགོ་ནས་འཕྲད་དུ་འཁྱིལ། བུ་ཆུང་བསམ་འགྲུབ་ཀྱིས་དབྱུ་གུས་དེད་དེད་མཐར་སྦྲུལ་རྒན་ནག་པོ་དེ་གད་པའི་ནང་དུ་ཅལ་སེ་ལྷུང༌། ངས་སྲན་མ་ལྷག་འཕྲོ་རྣམས་གད་པའི་ནང་གཏོར། ཇོ་རྒན་ཀྱིས་ཀྱང་ད་ངེད་གཉིས་འདུག་གི་འཇུག་རྒྱུ་མ་རེད། སང་ཉིན་ཚེས་གཅིག་ལ་མཚམས་ལས་གྲོལ་དགོས་པས་དེ་རིང་གྲོལ་ནའང་གཅིག་རེད་ཅེས་ངེད་གཉིས་མཚམས་ལས་གྲོལ། བུ་ཆུང་བསམ་འགྲུབ་ཀྱང་ཕྱིར་ཕ་ཡུལ་དུ་ལོག་སོང་།
ངེད་གཉིས་རབ་མགོ་སྡེ་བར་སོང་ཏེ་སེམས་བཟང་རྡོ་རྗེ་ཚང་ནས་བསྡད། ནུབ་ཚ་འཐུང་བ་དང་ངེད་གཉིས་ལ་ལྷས་ཁྱམས་ནས་ཉལ་ས་བདེ་མོ་ཞིག་བཅས། ནམ་གུང་ལ་དེ་ཚང་གི་བུ་མོ་ཆེ་ཆུང་མེད་པ་གཉིས་ཀྱིས་གོ་རེ་སྣུམ་བསྲེགས་བཙོས་པ་དང་ཚ་ལམ་ལམ་གྱི་འོ་ཇ་བསྐོལ། ཚད་ཀྭའི་ཚལ་ཞིག་བརྔོས། ད་དུང་སིལ་ཏོག་ཀུ་ཤུ་རས་ཁུག་གང་བཏོགས་འདུག་པ་ཡང་ངེད་གཉིས་ལ་བྱིན། བུ་མོ་གཅིག་གིས་རྒྱ་རག་སྡེ་བའི་བར་དུ་ངེད་གཉིས་ལ་སྐྱེལ་མ་བྱས། བཀའ་དྲིན་ཆེན་པོའི་མི་འདི་དག་ངས་བསྐལ་བའི་བར་དུ་མི་བརྗེད།
སྡུག་ལ་སྐྱིད་ཀྱིས་སྡུག་རོགས།།
སྐྱིད་ལ་སྡུག་གིས་སྐྱིད་རོགས།།
ལྷག་བསམ་འོ་མའི་རང་མདངས།།
སྐྱིད་སྡུག་གཉིས་ཀྱི་གྲོགས་རེད།།
གཏམ་རྒྱུད་གསུམ་པ། ཆུ་འཁོར་མ་ཎི་ཁ་ཡི་ལྟད་མོ།
གཅིག ཉམས་དགའ་བའི་གནས།
པདྨའི་རྫོང་ནས་ཕྱིར་ཡུལ་དུ་ལོག་ནས་ཟླ་གཅིག་ཏུ་ངལ་གསོ་བྱས་རྗེས། ཨ་མ་དང་མཉམ་དུ་རྫོང་གི་ཉེ་འབྲེལ་ཚང་ནས་ཡུན་རིང་ལ་བསྡད།
སྟོན་ཁའི་ཉིན་ཞིག་ལ། ཇོ་རྒན་གྱིས་ང་རང་ཁོ་མོའི་སར་ཤོག་ཅེས་སྐད་བཏང་འདུག སྐབས་དེར་ཁོ་མོ་རྫོང་དཔོན་མཐར་ཕྱིན་གྱི་ཁྱིམ་ན་བཞུགས་འདུག། ནད་ཀྱིས་མནར་བས་སྨན་ཆུ་བརྒྱབ་འདུག་ལ་ངོ་མདངས་ཡང་མི་ཧྲ། ང་མཐོང་མ་ཐག་སྤྱན་ཆབ་ཤར་ཤར་དུ་བབས་“ཁྱོད་ཀྱི་ལག་ཟས་དྲན་པས་ཐུག་པ་ཉུང་ཉུང་ཞིག་སྐོལ་རོགས”་ཟེར། ངས་ཀྱང་བ་མ་ཆུང་ཆུང་དུ་ཙོང་དང་སྡུམ་སྒོང༌། ཤ་སོགས་གཏུབས་པའི་ཁུ་བ་རུ་མཐེབ་ཐུག་ཆུང་ཆུང་བྱས་ཏེ་བསྐོལ་བ་ན་ཁོ་མོ་དགའ་དྲགས་ཏེ་ཐུག་པ་དཀར་ཡོལ་གཉིས་འཐུང༌། རྫོང་དཔོན་གྱི་ཆུང་མ་མཚོ་མོས་ཐུག་པ་དཀར་ཡོལ་གང་འཐུང་པ་དང་ང་ལ་ལག་ཟས་ཡག་པོ་ཞིག་འདུག་ཅེས་བསྟོད་ར་བྱས་ཏེ་ཁ་ཡང་ཟུམ་མ་ཐུབ། ཕྱི་ཉིན། རྫོང་ནོར་སྲིད་ཅུའུ་ཡི་མི་དྲག་སྟོབས་ལྡན་གྱིས་ཇོ་རྒན་དང་ངེད་གཉིས་ཟོག་མགོ་རྟགས་ཅན་གྱི་རླངས་འཁོར་གྱིས་ཆུ་འཁོར་མ་ཎི་ཁར་བསྐྱལ།
ཆུ་འཁོར་མ་ཎི་ནི་རྫོང་དང་ལེ་བར་བཅུ་ཙམ་གྱིས་རྒྱང་བཀྱེད་དེ་བཞེངས་ཡོད། བཞེངས་མཁན་ནི་ནོར་སྲིད་ཅུའུ་ཡི་མི་དྲག་སྟོབས་ལྡན་རེད། ཅུང་དབེན་གནས་ཡིན་པས་འབྲོག་རྨོངས་བསོད་ནམས་ཟད་པ་དག་གིས་ཡར་འགྲོ་མར་འགྲོ་ལ་མ་ཎིའི་འཁོར་ལོ་ཆེན་པོའི་སྟེང་རྡོ་འཕངས་བས་ངོས་འཇམ་པའི་མ་ཎིའི་འཁོར་ལོ་འབའ་འབུར་ད་དོང་དུ་བྱས། ནོར་བདག་ཆེན་པོས་དེ་གར་ཁང་བ་རྡོ་ལོག་འདྲ་བ་གྱན་གཉིས་བསྐྲུན་ཏེ་སངས་རྒྱས་བསྟན་པ་གཏན་སྲུང་བྱེད་ཆེད་ཇོ་རྒན་ཁང་ལེགས་འདིར་གདན་ཞུ་བྱས་པ་རེད།
གནས་འདི་ཡང་ཧ་ཅང་ཉམས་དགའ་བ་ཞིག་རེད། རྒྱབ་རྟེན་གད་པ་དང་གཡས་སུ་ཆུ་མིག་རང་བརྡོལ་དང་དེའི་མཐུ་ནུས་ཀྱིས་བསྐོར་བའི་མ་ཎིའི་འཁོར་ལོ་ཉིན་མཚན་དུས་དྲུག་དབྱེ་བ་མེད་པར་འཁོར་བའི་མཛེས་སྡུག་གི་སྟེང༌། འཁོར་ལོའི་མདུན་དུ་ལོ་འདབ་སྟུག་པོའི་དངུལ་སྡོང་ཞིག་དང་སིལ་སྡོང་གཉིས་བཅས་སྲུང་དམག་གི་ཚུལ་དུ་ཀྲོང་ངེར་འགྱིང་བ་འདི་ཡང་འབྲུག་རིས་ལ་མིག་བརྒྱན་པའི་ཟླ་ལ་འགྲན། ལོ་མ་སེར་པོ་དག་སྟོན་རླུང་གིས་བསྐྱོད་པ་ན་མཁའ་དབྱིངས་སུ་སེར་ལམ་ལམ་བྱེད། གཡོན་ཕྱོགས་སུ་ས་སྒང་མཐོ་དམའ་རན་པ་རྒྱང་ལྟ་བྱེད་ས་ཡིད་དུ་འོང་བ་ཞིག་ཀྱང་ལྷུན་གྱིས་གྲུབ་པ་དང་མདུན་དུ་ཆུ་མིག་རང་བརྡོལ་གྱི་ཆུ་ཕྲན་གྱིས་གྱ་གྱུའི་འགྲོས་ཀྱིས་སྙན་མོ་གླུ་ཆུང་དབྱངས་སུ་གྱེར་ནས་རང་དབང་གིས་གང་སར་རྒྱུ། མདུན་ཕྱོགས་ཀྱི་ཅང་མི་རིང་བའི་ལུང་བ་རུ་སྟངས་སྟབས་བསྒྱུར་བའི་འབའ་ཆུ་སེར་པོ་དེའང་སུ་ཞིག་ལ་འགྲན་པ་ལྟར་དམའ་སའི་རྫོང་གི་ཕྱོགས་སུ་བྲེལ་བས་རྒྱུག
དོན་དམ་སྣང་ཡུལ་འདི་དག་ལ་སྙིང་བོ་ཆེས་ཆེར་མེད་པར་བལྟ་དགོས་མོད། ཞེན་ཆགས་དང་དགའ་ཚོར་བཅོས་མ་མ་ཡིན་པ་ཞིག་གིས་ངང་གིས་ངའི་སེམས་རྒྱུད་བརླན་ཞིང་ངའི་ཡིད་དབང་བསླུས། གནས་འདི་ཡང་ངོ་མ་ཉམས་དགའ་བའི་ཡུལ་ཞིག་རེད།
གཉིས། སྐྱ་མིན་སེར་མིན།
ཉིན་མང་པོ་མ་འགོར་བར་ཡུལ་འདིའི་འབྲོག་པ་མང་པོས་ཇོ་རྒན་ལ་ཤ་ཁོག་མང་པོ་དང་མར་སོགས་བཟའ་ཆས་མང་པོ་བསྐྱལ་ཡོང༌། ཇོ་རྒན་དང་ངེད་གཉིས་ཀྱིས་ཁང་བའི་ལྟག་རྒྱབ་ནས་ཤ་ཁང་ཞིག་བསྐྲུན་པ་དང་དེའི་ནང་ཤ་མར་རི་ལྟར་བརྩིགས། དགུན་གྱི་ལྷགས་པ་ཡང་ཆོམ་རྐུན་ཇི་བཞིན་གནས་འདིར་སླེབས་ལ་དེས་འབའ་ཆུ་སེར་པོའང་དཀར་པོ་འཁྱག་རོམ་གྱི་སྲ་གཟུགས་སུ་བསྒྱུར། འདིས་ཀྱང་ཕ་རོལ་ནགས་ནས་འབུད་ཤིང་འཐུ་བར་མཐུན་རྐྱེན་མི་དམན་པ་ཞིག་བསྐྲུན། ཇོ་རྒན་དང་ངེད་གཉིས་ཀྱིས་འབུད་ཤིང་ཉིན་བཅུ་ལྷག་ལ་ཁུར་བས་ཁང་ཆུང་མདུན་དུ་ཆ་མའི་ཆ་ག་ཆེན་པོ་ཞིག་བསྒྲིགས།
ང་ཚོ་སྡེ་བའི་ནད་པ་ཨ་ཅེ་སྒྲོལ་དཀར་དང་གཡང་མོ་སྐྱིད་གཉིས་ཀྱང་ཇོ་རྒན་གྱི་མདུན་དུ་ནད་སྟོན་པར་ཐོན། ཁོང་གཉིས་ཀྱིས་ཀྱང་ངེད་གཉིས་ལ་ཉིན་གཉིས་ཀྱི་འབུད་ཤིང་འཐུ་རོགས་བྱས། གཡོན་གྱི་ས་སྒང་གི་ཕ་རོལ་ན་ངེད་གཉིས་ལ་ཁྱིམ་མཚེས་འབྲོག་ཁྱིམ་ཞིག་ཡོད། ཇོ་རྒན་གྱིས་གོ་རེ་དང་སིལ་ཏོག་སོགས་ལག་ཁྱེར་འགའ་འབྲོག་པ་དེ་ཚང་ལ་བྱིན་ནས་ཨོང་བ་དང་རིལ་མ་ཞིག་གིས་རོགས་རམ་ལ་རེ་བས་དེ་ཚང་གིས་ཀྱང་ཨོང་བ་དང་རིལ་མ་དགུན་ཟླ་གསུམ་ལ་བུས་ན་ཟད་རྒྱུ་མེད་པ་ཞིག་གནང་བྱུང༌། དེ་དག་འགྱིག་ཁུག་ཆེན་པོའི་ནང་ཁུར་ནས་ཁང་པའི་གཡོན་ཟུར་དུ་སྤྱོད་ཁང་ཞིག་ཡོད་པ་དེ་ཨོང་ཁང་དུ་བཅོས་ཏེ་ཨོང་བ་མ་ཤོང་བར་དུ་བླུགས། ངེད་གཉིས་བཟའ་བཏུང་དང་འབུད་ཤིང་གི་ཕྱུག་པོར་གྱུར།
ཡིན་རྒྱུ་ནི། ཚེ་འདིའི་བདེ་བ་བློས་བཏང་སྟེ་འཆི་ཁ་མི་འགྱོད་པ་ཞིག་དང་ཕྱི་མར་བདེ་བ་ཅན་དུ་སྐྱེ་ཐབས་ཤིག་ལ་འབད་བསམ་ནས་མགོ་ཡི་ཅོ་ཏོ་བཅད་དེ་བླ་མའི་མདུན་ནས་ཁས་ལེན་དམ་བཅའ་བཞག་སྟེ་སྡོམ་པ་བླངས་པ་ཡིན། འོན་ཀྱང་། ང་འདི་ལྟར་ཧམ་སེམས་དང་ཞེན་ཆགས་ཀྱི་འཁོར་ན་ལྡོམ་བཞིན་ཡོད། ང་འདི་ལྟར་སྐྱ་མིན་སེར་མིན་གྱི་ཕུང་འདྲེ་ཞིག་ཏུ་འགྱུར་བཞིན་འདུག།
གསུམ། ཟླ་བ་ཕྱིར་ཐོན་།
ཁ་བ་ལྷབ་ལྷུབ་འབབ་པའི་ཉིན་ཞིག་ལ། ཇོ་རྒན་གྱི་བུ་ཆུང་ཟླ་བ་གློ་བུར་དུ་མཚམས་ཁང་དུ་ཐོན་ལ་ད་དུང་ཆུང་མ་ཆུང་ཆུང་ཞིག་ཀྱང་ཁྲིད་ཡོད། ཇོ་རྒན་དགའ་དྲགས་ཏེ་མཆི་མ་ཤར་ཤུར་དུ་བཞུར་བ་དང་ཁ་ཡང་ཟུམ་མ་ཐུབ། བུ་ཆུང་ལ་ཁ་བརྡ་ཡིད་སྐྱོ་བ་མང་པོ་བཤད་རྒྱུ་ཡོད། འདི་ལྟར་རེད།
“ང་རང་སྟོད་རྒྱ་གར་ལ་འབྲོ་བསམས་མོད། བལ་ཡུལ་ལ་ཐོན་པ་ན་དེ་གའི་མིས་འཛིན་བཟུང་བྱས། གཅེར་རྡུང་ཚད་མེད་བྱས་པ་དང་ཉིན་གཅིག་ལ་རྩམ་པ་ཚ་མ་ཚོས་ལག་མཐིལ་ཕྱེད་ཙམ་ལས་མེད། ཁོ་ཚོས་ང་ལ་ཡིད་བཞིན་ནོར་བུའི་སྐུ་པར་ཐོག་ཏུ་རྡོག་རྫི་བྱོས་ལ་མཆི་མ་ཕོངས། ཡང་ན་དུས་ད་ལྟ་ཉིད་ལ་སྤྱོད་ཁང་དུ་ཕོངས་ཟེར། ངས་དེ་ལྟར་དང་ལེན་མ་བྱས་པས་སྙིང་རྗེ་མེད་ལ་རྒྱུ་འབྲས་མི་ཤེས་པའི་ཀླ་ཀློ་དེ་དག་གིས་གློག་སྐུད་སྦོམ་པོས་སེར་སྣ་མེད་པར་ངའི་མགོ་གཞུག་མེད་པར་བརྒྱབ།ངའི་ཁ་སྣ་ལས་ཁྲག་ཚད་མེད་འཛར་བྱུང༌། ཁོ་ཚོས་ང་བཙོན་ཁང་ནག་སྦུག་ནང་དུ་ཉིན་འགའ་བཅུག་རྗེས་རྒྱུ་རྐྱེན་ཅི་ཡིན་ཆ་མ་འཚལ་མོད་ང་ཕྱིར་བཏང་། རྒྱ་གར་དུ་འབྲོ་ཐབས་མ་བྱུང་ལ་ཕྱིར་ཁྱིམ་ལ་ཡང་ཡོང་རྒྱུ་མ་བྱུང༌། ག་འགྲོ་འདི་འགྲོ་དང་ག་ལྡོམ་འདི་ལྡོམ་མེད་པར་གྱུར་མཐར་ང་མགོ་ལོག་ཏུ་སོང༌། མགོ་ལོག་ཁུལ་ཐོག་ནས་ཞོར་ལས་བཙལ། དེ་རུ་ཡང་ལས་གྲོགས་ཚོ་དང་ནང་འགལ་བྱུང་། ངས་མི་ཞིག་ལ་གྲིས་བསྣུན་པས་ཤ་འབྱར་ལྭ་བ་སྲབ་མོ་ལས་གོན་དུ་མ་བཅུག་པར་ང་བཙོན་དུ་བཅུག གཅེར་རྡུང་ཚད་མེད་བྱས། ང་བཙོན་ནས་བསྡད་ན་ཤི་བ་ལས་འགྲོ་ས་ལས་མེད་པས་བཙོན་ཁང་གི་སྒེའུ་ཁུང་གཏོར་ནས་བྲོས་པ་ཡིན། རྐང་ལག་ཚང་མ་འཁངས་ནས་ཕྱིད་པས་དམར་ནག་ཏུ་གྱུར། ཇོ་མོ་ཚེ་འཕེལ་སྒྲོལ་མ་དང་ཐུག་འཕྲད་བྱུང་བས་ཁོ་མོའི་ཉེ་འབྲེལ་ཨ་ཅེ་ཞིག་གི་ས་དེ་ནས་ཟ་ཁང་ཞིག་ཕྱེས་ཡོད་པ་ལ་ང་དེ་རུ་སྦས་ཏེ་ངལ་གསོ་བྱས། ཚེ་འཕེལ་སྒྲོལ་མས་ངའི་སྲོག་སྐྱབས་པ་རེད། ངའི་རྐྱེན་གྱིས་ཚེ་འཕེལ་སྒྲོལ་མས་སྟོན་པའི་ན་བཟའ་ཕུད་པ་རེད། ཚང་མ་ང་ལ་ལན་པ་ཡིན”
གཏམ་རྒྱུད་བཤད་ཚར་རྗེས་ཇོ་རྒན་དང་ངེད་གཉིས་ཀྱི་མིག་མཐའ་མཆི་མས་བརླན། ཇོ་རྒན་གྱིས་རྫོགས་ཆེན་མཚམས་ཁང་དུ་ཨ་ལགས་པྲ་ཕབ་ཀྱིས་པྲ་ཕབ་པ་དངོས་གནས་བདེན་འདུག་ཟེར་བ་དང་ཐལ་མོ་སྙིང་ཁར་སྦྱར།
ཉིན་གཉིས་ཀྱི་རྗེས་སུ་ཇོ་རྒན་གྱིས་ཟླ་བ་དང་ངེད་གཉིས་འབའ་ཆུའི་ཕ་རོལ་དུ་འབུད་ཤིང་འཐུ་རུ་མངགས། བུ་ཆུང་ངར་བ་ཞིག་རེད། ཇོ་རྒན་དང་ངེད་གཉིས་ཀྱི་ཆ་མའི་དཔངས་ཇེ་མཐོར་སོང༌བས་ཟླ་བས་ཀྱང་ཁོ་རང་འདིར་ཡོང་བ་འགྲིག་སོང་ཟེར།
ཚེ་འཕེལ་སྒྲོལ་མར་མངལ་སྦྲུམ་ཡོད་པས་ཇོ་རྒན་གྱིས་ཁོ་མོ་ཁྱིམ་ལ་བསྡད་དེ་ཟ་མ་ལས་སུ་བཅུག འོན་ཀྱང་ཇོ་རྒན་གྱིས་ལྐོག་ནས་ཚེ་འཕེལ་སྒྲོལ་མས་ཟ་མ་ཡག་པོ་ལས་མི་ཤེས་པ་དང་གཙང་སྦྲ་ཡང་ཧ་ཅང་ཞན་ཟེར༌། ཇོ་རྒན་འཚིག་པ་ཟོས་ཏེ་རྣམ་འགྱུར་དྲག་པོའི་སྤྲིན་པ་ནག་པོ་ཁོ་མོའི་གདོང་གི་གཉེར་རིས་ལ་འགྲན་པ་ལྟར་ལང་ལོང་གཡོས།
ཚེ་འཕེལ་སྒྲོལ་མས་ཟླ་བ་མག་པར་འགྲོ་དགོས་ཟེར་བས་ཇོ་རྒན་གྱིས་མནའ་མ་ལེན་རྒྱུ་ལས་མག་པ་སྟེར་བ་དཔེ་མི་སྲིད་ཅེས་ཐ་ཚིག་བསྒྲགས། ཚེ་འཕེལ་སྒྲོལ་མ་དང་ཟླ་བ་གཉིས་འདུག་སྟབས་མ་བདེ་བས་ཉིན་དྲུག་པའི་ཞོགས་པའི་ཉི་རྩེ་མ་བརྒྱབ་གོང་ཚེ་འཕེལ་སྒྲོལ་མའི་ཕ་ཡུལ་ཁྲི་ཀའི་ཕྱོགས་སུ་ཆས་སོང༌།
ཟླ་བ་བཟའ་མི་གཉིས་སོང་ཤུལ་དུ་ཇོ་རྒན་གྱིས་བསང་བཏང་བ་དང་མཆོད་མེ་བཀར་ནས་གསོལ་འདེབས་ཡུན་རིང་བྱས།
བཞི། སྡུག་གཏམ་བཤད་པས།
ཉིན་ཞིག ཇོ་རྒན་ལ་གྲེ་ཆམ་བྱུང་བས་ངས་ཁོ་མོ་ཁྲིད་དེ་རྫོང་སྨན་ཁང་དུ་སྨན་ཆུ་རྒྱག་པར་སོང༌། སྨན་ཁང་དུ་སྨན་བཅོས་བྱེད་སྐབས་ཇོ་རྒན་གྱི་ཚ་བོ་ངོ་དྲུང་བན་དེ་རྒྱ་མཚོ་དང་བློ་བཟང་གཉིས་ཇོ་རྒན་ལ་མཚམས་འདྲིར་ཕེབས། ཇོ་རྒན་གྱིས་ལྡེ་མིག་དེ་གཉིས་ལ་བྱིན་པ་དང་ཆུ་འཁོར་མ་ཎི་ཁང་ལ་བལྟ་རུ་མངགས།
སྨན་ཁང་དུ་ཉིན་བརྒྱད་བསྡད་པ་ན་མཚམས་འདྲིའི་ལག་ཁྱེར་ཤོག་སྒམ་གསུམ་བཞི་ཡོད་པ་རྫོང་དཔོན་མཐར་ཕྱིན་གྱིས་རླངས་འཁོར་དུ་བཞག་ནས་བདེ་འཇགས་ངང་ཆུ་འཁོར་མ་ཎིའི་ཁ་ཡི་ཁང་ཆུང་དྲོན་མོ་རུ་བསྐྱལ།
ཇོ་རྒན་གྱིས་སེམས་ཁྲལ་ཆེན་པོས་ཤ་ཁང་གི་སྒོ་ཕྱེས་པ་ན་ངས་ཧ་མི་གོ་མོད་ཇོ་རྒན་གྱིས་ཤ་འཚང་ར་ལྔ་དྲུག་ཞིག་མི་ཚང་ཟེར། ཁོང་ཁྲོ་མེ་ལྟར་འབར་བ་དང་ངག་ནས་མཐུ་ངན་བཏང༌། བན་དེ་གཉིས་ལ་སྡིགས་པ་དང་མཐའ་འཁོར་གྱི་འབྲོག་པ་རྣམས་སྤྲང་ཐག་ཆོད་པ་དང་མུ་གེ་ཆེ་བས་དེ་དག་གིས་བརྐུས་པ་རེད་ཅེས་གཡག་སྨྱོན་ལྟར་ཡར་རྒྱུག་མར་རྒྱུག་བྱས། བན་དེ་གཉིས་ཀྱིས་བཤད་ན་ཁོང་གཉིས་ཀྱིས་ཤ་འཚང་ར་གཅིག་ཁ་ངར་ནས་མ་བ་བས་བཙོས་ཏེ་ཟོས་པ་ཡིན་ཟེར། མནའ་ཡང་བསྐྱལ།
གང་ལྟར། དེ་ནས་བཟུང་འགྲུལ་པ་ཡོང་ཐེངས་རེར་ཇོ་རྒན་གྱིས་ཤ་བརྐུས་པའི་སྡུག་བསྔལ་མཐའ་དག་བཤད་པས་ཤ་ཁང་དུ་ཤ་ཇེ་མང་ཇེ་མང་དུ་སོང༌།
འབྲོག་པ་མང་ཚོགས་ནི་འདི་ལྟར་རེད། ཇོ་རྒན་ལ་སྡུག་བསྔལ་ཡོད་པ་ཤེས་ པས་རང་རང་གི་ཁྱིམ་ནས་ཤ་འཚང་ར་རེ་བསྐྱལ་ཡོང་། ཇོ་རྒན་གྱི་དཔྲལ་བའི་ཁྲོ་གཉེར་ཡང་རེ་ཞིག་ཡལ་བར་གྱུར་བ་དང་ངག་ལས་འབྲོག་པ་ཚོར་བསྟོད་པའི་ཚིག་རྐྱང་རྐྱང་ལྷུང༌།
ལུགས་རྙིང་གི་ལོ་སར་ལ་ཐོན་པར་ཉིན་གསུམ་ལས་མེད། རྫོང་དཔོན་དང་ནོར་བདག དེ་མིན་དད་ལྡན་འབྲོག་པ་མང་ཚོགས་གྲངས་མེད་ཀྱིས་ལེགས་སྐྱེས་སྣ་ཚོགས་བསྐྱལ་ཡོང་བས་ངེད་གཉིས་ཀྱིས་ལོ་སར་ལ་གྲ་སྒྲིག་ཞིག་ཀྱང་བྱེད་མ་དགོས།
ཟང་ཟིང་དང་དབེན་འཇགས་ཀྱིས་སྤྲས་པའི་ལོ་གསར་བ་ཞིག་འདི་ལྟར་སེམས་ཁྲལ་དང་རེ་ལྟོས་མེད་པར་བསུ་ཐབས་བྱས། ཕྱིར་མིག་ལ་མཁྲེང་སེམས་མི་མཆིས་ལ་གཟི་བརྗིད་ནི་དེ་བས་ཀྱང་མི་མཆིས། ང་རང་ལོ་ཉེར་ལྔར་བུད། ཇོ་རྒན་ལོ་རེ་གཅིག་ལ་ཐོན།
ལྔ། འཆར་གཞི་གསར་བ།
ལོ་སར་ཚེས་བརྒྱད་ཉིན་རྫོང་དཔོན་མཐར་ཕྱིན་ཇོ་རྒན་ལ་མཚམས་འདྲིར་ཕེབས་པ་དང་ཁ་བརྡ་མང་པོ་ལབ། རྫོང་དཔོན་མཐར་ཕྱིན་གྱིས་ཆུ་མིག་ཁ་འདི་རུ་ཐར་མདོ་མ་ཎི་ཞིག་བཞེངས་འདོད་པ་གླེང་བས་ཇོ་རྒན་གྱིས་འཁོར་ལོ་ཞིག་བསྐོར་འདོད་ཡོད་ཚུལ་སྨྲས་པ་དང་མཐར་ཁོང་གཉིས་ཀྱིས་ཁང་བ་གཅིག་བསྐྲུན་རྒྱུ་དང་མ་ཎི་གཉིས་བསྐོར་རྒྱུ་ཐད་གྲོས་འཆམ་བྱུང༌།
དཔྱིད་རླུང་དལ་བུར་རྒྱུ་བའི་ཉིན་ཞིག ནོར་སྲིད་ཅུའུ་ཡི་ནོར་བདག་ཆེན་པོ་སྟོབས་ལྡན་གྱིས་རྒྱ་མི་ཞོར་ལས་པ་སུམ་ཅུ་ལྷག་འདི་རུ་མངགས་འདུག་པ་དང་དེ་དག་གིས་མ་ཎི་འཁོར་ལོ་ཡོད་པའི་གཤོང་ས་འདིའི་མཐར་ལྕགས་དྲ་འཐེན་ཏེ་ལྕགས་སྒོ་ཆུང་ཆུང་ཞིག་ཀྱང་བཙུགས་པས་གནས་འདི་ནི་བདེ་འཇགས་དང་ལོངས་སྤྱོད་འཛོམས་པའི་གཞིས་ཀ་ཆུང་ཆུང་ཞིག་ཏུ་གྱུར། ཅང་མ་འགོར་བར་ནགས་ལས་ཁང་གི་འགོ་ཁྲིད་དར་རྒྱས་ཀྱིས་ཀྱང་ས་ལས་པ་མང་པོ་ཁྲིད་ཡོང་བ་དང་སྡོང་ཕྲུག་དང་གླ་སྡོང་མང་པོ་བསྐྱལ་ཡོང༌། ཉིན་གཅིག་གི་རིང་ལ་རྒྱ་མི་རྣམས་ཀྱིས་སྡོང་བོ་གྲངས་མེད་བཙུགས་པ་དང་དེ་དག་ཕྱིར་འགྲོ་ཁར་ཇོ་རྒན་གྱིས་སྡོང་ཕྲུག་ལྷག་མ་དག་ངེད་གཉིས་ཀྱིས་བཙུགས་ཆོག་པ་དང༌། ཕྱི་ཉིན་ཡོང་མི་དགོས་ཞེས་ནན་གྱིས་གསུངས།
དཔྱིད་རླུང་དང་འགྲོགས་ནས་ངས་ཀྱང་ལས་མགོ་བརྩམས། ས་ལས་པ་དག་གིས་སྡོང་བོ་བཙུགས་ཤུལ་དུ་ཆུ་བཏང་ཡོད་པས་ཕྱི་ཉིན་སྡོང་བོ་ཚང་མ་གཡས་ལོག་གཡོན་བསྒྱེལ་བྱས་འདུག་པས་ངས་དེ་དག་ཚང་མ་ཡར་བསླངས་པ་དང་ས་དོང་བརྐོས་ཏེ་སྡོང་ཕྲུག་ལྷག་མ་ཚང་མ་བརྟན་པོར་བཙུགས། ནམ་ལངས་ཉི་མ་མ་ཤར་གོང་ནས་མཁའ་མཐར་སྐར་མ་ཤར་བའི་བར་བཙུགས་མཐར་ད་གཟོད་སྡོང་འཛུགས་ཀྱི་ལས་ཀ་ཅུང་ལེགས་འགྲུབ་བྱུང༌། ལག་མཐིལ་དང་མཛུབ་བར་དུ་ཆུ་བུར་བུད་པ་དང་དེ་ལས་ཆུ་སེར་འཛག་བཞིན་འདུག རི་སྒང་ངོས་སུ་ཆུ་འདྲེན་ཐབས་བྲལ་བས་ཆུ་གཞོང་དུ་ཆུ་ཁུར་ཏེ་རེ་རེ་བཞིན་ལྡུག་སྐབས། ནོར་བདག་སྟོབས་ལྡན་གྱིས་རླངས་འཁོར་སྤུས་ལེགས་ཤིག་ལ་ཁ་ལོ་བསྒྱུར་ཏེ་གནས་འདིར་ཕེབས། ང་མཐོང་མ་ཐག་སྙིང་རྗེ་སྟེ་སྟོད་གོས་ཕྱི་མ་ཕུད་པ་དང་ང་ལ་ཆུ་ཁུར་རོགས་བྱས། ཁོས་ཁྱེར་ཡོང་བའི་ཅ་ཏ་ཕྲ་མོ་འགྱིག་ཁུག་གང་བོའང་ཕུང་བོ་དང་ཕུང་བོ་བྱས་ཏེ་མ་ཎའི་འཁོར་ལོའི་མདུན་དང་གསར་དུ་བཙུགས་པའི་སྡོང་གསེབ་དག་ཏུ་བཙུགས།
ཇོ་རྒན་གྱིས་ཉི་འོད་ཇེ་དྲོར་སོང་བ་དང་བསྟུན་ནས་འབུམ་ཁང་ཞིག་ཀྱང་བཞེངས་དགོས་ཞེས་གསུངས་བ་དང་དེ་འཕྲལ་བཞེངས་མགོ་བརྩམས། ཟླ་བ་གཅིག་གི་རིང་ལ་དགོང་མོ་འདམ་བག་བརྫིས་པ་དང་སྔ་དྲོར་ཚྭ་ཚྭ་བླུགས། མཐར་ངའི་སེན་མོ་ཟད་པ་དང་མཛུབ་མགོ་རུ་སེར་ག་མང་པོ་གད་བྱུང༌། ངའི་ཡིད་ལ་མི་ལ་རས་པ་ཤར་བྱུང༌། ཁོང་གི་དཀའ་སྤྱད་དང་ཁོང་གི་སྙིང་རུས་ཡིད་ལ་ཤར། བླ་མ་སྒྲ་སྒྱུར་མར་པས་མཐར་མི་ལ་རས་པར་གདམས་ངག་ཟབ་མོ་གནང༌། འོན་ཀྱང་ཇོ་རྒན་ནི་ངའི་བླ་མ་མིན་ལ་ང་ཁོང་གི་སློབ་མ་ནི་དེ་བས་ཀྱང་མིན། ལས་ཀ་དག་འགྲུབ་མཐར་ཁོ་མོས་ང་ལ་ཅི་ཞིག་སྦྱིན་ངེས། ངས་མི་ཤེས། གང་ལྟར་ལས་དབང་ཞིག་གིས་ངས་ནམ་ཡང་ཁོ་མོའི་མདུན་ནས་མནར་གཅོད་ཚད་མེད་མྱངས་དང་མྱོང་བཞིན་ཡོད་ལ་ཞི་དཀའ་བའི་དཀོར་ཡང་མང་པོ་ཟས། གང་ལྟར་ངའི་ལུས་སེམས་གཉིས་ཀར་ན་ཟུག་གང་མང་བསླངས་སོང༌། ང་ལ་གཟུགས་མེད་ཀྱི་མཚོན་ཆ་རྣོན་པོས་གཙགས་ཀྱང་ངས་ཅི་ལྟར་བྱས་ཀྱང་འགོག་མི་ཐུབ།
ཡང་དེའི་རྗེས་སུ། མ་ཎི་བསྐོར་རྒྱུ་དང་ཁང་བ་ལས་པའི་མགོ་བསླངས། ཉི་འོད་དྲོ་ཡང་འབའ་ཆུ་ད་རུང་གྲང་ཤར་ཤར་རེད།
ལས་མགོ་བརྩམས་ནས་ཉིན་འགའ་འགོར་བ་ན་ཨ་ལགས་རྟོགས་སད་རྒྱ་མཚོ་ཚང་འདིར་ཕེབས། ཇོ་རྒན་གྱིས“ཨ་ལགས་རིན་པོ་ཆེ་ལགས། མ་ཎི་བསྐོར་འདོད་ཀྱང་སྒོར་མོ་མེད་པས་མཛུབ་མོ་བཅུ་གཅོད་རྒྱུ་ལ་ཐུག་ཡོད”ཅེས་ངུ་ངག་འདྲེས་མས་ཞུ་བ་བྱས་མཐར་ཨ་ལགས་ཀྱིས་ཀྱང་ཐུགས་དགོང་དཀྱེལ་ཆེ་བས་སྒོར་ཉིས་སྟོང་གི་རོགས་བྱེད་པར་ཁས་བླངས། དེའི་ཕྱི་ཉིན་སྒོར་ཉིས་སྟོང་ཇོ་མོའི་སར་བསྐྱལ། དེའི་རྗེས་སུ་ཡང་འགྲུལ་བ་མང་པོ་ལ་མ་ཎིའི་བསྐོར་རྒྱུའི་ཐད་དུ་དཀའ་ཁག་ཡོད་པ་གླེང་བས་ཡོན་བདག་དང་འབྲོག་པ་མང་པོས་རང་རང་གི་འཛོམས་ཚོད་ཀྱིས་དངུལ་སྒོར་གྲངས་མེད་ཇོ་རྒན་ལ་ཕུལ། ཇོ་རྒན་གྱི་གཉེར་རིས་བར་གྱི་འཛུམ་མདངས་ཡང་ཆད་མ་མྱོང༌།
ངས་ཉིན་རེ་ལ་རྡོ་ཁུར་དེ་ཆུ་མགོ་ཁར་བསྐྱལ། ཟླ་གཅིག་ལ་ཁུར་བས་རྒྱབ་ལ་རྨ་ཡིས་བཀང་བ་དང་སེན་མགོ་ནས་ཀྱང་རྣག་ཁྲག་བཞུར། ཟླ་བཞི་བའི་ཟླ་སྟོད་ལ་ས་ལས་པ་དག་ཀྱང་ཐོན་པ་དང་ངས་ནུ་བོའང་ལས་ཀ་ལས་རོགས་སུ་ཐོན། ས་ལས་པས་བྱེ་མ་ད་རུང་བསྐྱལ་དགོས་ཟེར་བས་ང་དང་ནུ་བོ་གཉིས་ཀྱི་ལག་སྐྱོར་འཕྲུལ་འཁོར་གྱི་ནང་དུ་བྱེ་མ་བསྐྱལ། དེ་ནས་རྒྱའི་ས་ལས་པ་དག་གིས་རྡོ་འདི་ཙམ་གྱིས་མི་འདང་ཟེར་བས་ཇོ་རྒན་གྱིས་གྱོ་མོ་བཟོ་གྲྭའི་མགོ་བ་ཧེ་རྒན་ཞིག་ཡོད་པ་དེར་ཁ་ཡག་དང་ངུ་ངག་གིས་འབྲེལ་བ་བྱས་པས་ཧེ་རྒན་གྱིས་ཇོ་རྒན་གྱི་རེ་བ་ལྟར་གྱོ་མོ་ཆ་ག་ཆག་གོ་དང་ཟ་ག་ཟུར་ག་དག་གནང་སྦྱིན་བཏང་བྱུང༌། ཉིན་རེར་འགྱིག་ཁུག་ཆེན་པོ་ཐེངས་བཅུ་གསུམ་ལ་ཁུར། འགྲུལ་པ་ནད་པ་དག་གིས་ཀྱང་གྱོ་མོ་ཁུར་རོགས་བྱས། མཐར་བཞི་པའི་ཚེས་བཅོ་ལྔ་ཉིན་ཨ་ལགས་ཐར་གྲོལ་དང་གྲྭ་པ་བཞི་བཅས་ཆུ་འཁོར་མ་ཎི་ཁར་བཅས་ཕེབས་ཏེ་རབ་གནས་མཛད་པ་དང་ཆོས་དུང་གི་སྒྲ་སྙན་མོ་ཡང་གང་སར་ཁྱབ།
ངའི་ནུ་བོར་མ་ཎིའི་བདག་པོ་གཉིས་ཀྱིས་སྒོར་ལྔ་བརྒྱ་བྱིན། འཕྲུལ་འཁོར་གྱི་སྣུམ་ཡང་ཇོ་མོས་བསྣན། ངའི་ནུ་བོ་ཕྱིར་བུད་སོང༌། ནུ་བོས་ལས་གླའི་སྒོར་བླངས་བར་ཇོ་རྒན་གཏིང་ནས་མ་དགའ་བར། “འཕྲུལ་འཁོར་ལ་སྣུམ་ངས་བརྒྱབ་པ་དང་ད་རུང་སྒོར་ལྔ་བརྒྱ་བླངས་སོང༌།”ཞེས་ངག་ཤབ་ཤུབ་ཀྱིས་སྨྲས། ངའི་སེམས་ལ་ནུ་བོས་དཀའ་བ་སྤྱད་དེ་ཁང་བ་ལས་པ་དང་ད་དུང་གླ་ཆ་མེད་པར་གྱོ་མོ་དང་རྩྭ་སྐྱ་མང་པོ་དང་བྱེ་མ་མང་པོ་བསྐྱལ་བ་ལ་སྙིང་རྗེ་རྒྱུ་ཕར་ཞོག ཐ་ན་མ་ཎིའི་ཁང་ལས་པའི་གླ་ཆ་ཙམ་ཡང་ལེན་མི་ཆོག་པ་འདི་ཅི། ང་ཡང་ཤིན་ཏུ་མ་དགའ་བར་ཇོ་རྒན་ལ་མིག་ཟུར་གྱིས་ཀྱང་ལྟ་མི་བསམ་པར་གྱུར། རེམ་པར་གནས་འདི་དང་བྲལ་ན་བསམ།
འདི་ནི་གཞན་ཕན་དགེ་བ་སྒྲུབ་པའི་དབེན་གནས་ནི་ག་ལ་ཡིན་ཏེ། རྒྱུ་ནོར་དང་ཉེས་པ་བསགས་སའི་འཁོར་བ་འབའ་ཞིག
ནུ་བོ་སོང་ཤུལ་དུ་རྒྱ་མི་མང་པོ་ཁང་བའི་ཀླད་ལ་ལ་ཆ་ལྡུག་པར་ཡོང༌། རྒྱ་མི་རྣམས་ཀྱིས་ལྷས་དཀྱིལ་དུ་ཐབ་ཀ་ཆེན་པོ་ཞིག་ལས་པ་དང་དེའི་ཐོག་ཏུ་སླ་ང་ཆེན་པོ་བཞག་ནས་འབུད་ཤིང་སྒྲོན་ཏེ་ལ་ཆ་བཞུས། ཇོ་རྒན་སེར་སྣ་ལངས་ཏེ་ཁོ་མོས་རང་འགུལ་ཀྱིས་ཐབ་ཀའི་ནང་རྩྭ་སྐྱ་བུས། རྩྭ་སྐྱ་འབུད་མ་ཤེས་པས་མེས་ཕྱིར་འཕྱུར་ནས་ཇོ་རྒན་མའི་སྨིན་མ་བསྲེགས། ཁོ་མོས་རྒྱ་མི་ལས་ཀ་པ་ཚོར་མི་དགའི་རྣམ་འགྱུར་དྲག་པོ་བསྟན་པས། རྒྱ་མི་ཚོས་ལྐོག་ནས་ཇོ་རྒན་ཇོ་མོ་མ་རེད་འདྲེ་མོ་རེད་ཟེར། ངས་ཀྱང་དེ་ལྟར་སྙམ། དེ་ནས་ངས་རྩྭ་སྐྱས་མེ་བུས་ཏེ་ལ་ཆ་བཞུས་པས་རྒྱ་མི་ཚོ་དགའ་སྤྲོ་སྐྱེས་པ་དང་ཇོ་རྒན་གྱིས་ཀྱང་ང་ལ་བསྟོད་པ་བྱས།
དྲུག མིག་ཆུས་བརླན་པའི་སེམས་པ།
དབྱར་ཟླ་དྲུག་པའི་ནང༌། བདེ་སྐྱིད་ཀྱི་མེ་ཏོག་སྣ་ཚོགས་དང་ལོ་འདབ་སྟུག་པོའི་ལྗོན་ཤིང་གིས་མ་ཎིའི་འཁོར་ལོ་ལ་མཛེས་སྡུག་དཔལ་གྱིས་བརྒྱན། འདབ་ཆགས་བྱ་བྱིའུ་སྐད་སྙན་དང་རྐང་དྲུག་བུང་བའི་དིར་དིར་སྙན་སྒྲས་ཀྱང་ཟང་ཟིང་གི་ཡུལ་འདིར་འུར་ཟིང་སུན་མེད་ཅིག་བཟོས།
ཉི་འོད་ཚ་ལམ་མེར་འཕྲོས་པའི་ཉིན་ཞིག ཇོ་རྒན་གྱི་བུ་མོ་ཐ་ཆུང་བདེ་མཚོ་ཞེས་པ་སྙིང་ནད་འཕར་བས་མོའི་ཁྱོ་གས་ཇོ་རྒན་གྱི་སར་བསྐྱལ་ཡོང༌། ཕྱི་ཉིན་ཞིང་འབྲེག་དགོས་པས་བདེ་མཚོའི་ཁྱོ་ག་རྟབ་རྟབ་པོར་ཕྱིར་ལོག བདེ་མཚོ་ནི་ང་ལས་ལོ་གཅིག་གི་ཆེ། བདེ་མཚོས་བཤད་ན། ཁོ་མོར་སྔོན་ཆད་སྐད་ངག་བདེ་མོ་ཞིག་ཡོད་པས་མགོ་ལོག་དྷ་བྷེ་དང་མཉམ་དུ་གླུ་ལེན་མྱོང་བ་དང་རྨ་ལྷོ་དང་མཚོ་ཤར་སོགས་ས་ཁུལ་མང་པོར་འགྲོ་མྱོང་བ་དང༌། སྐབས་དེར་ཡོང་འབབ་ཡང་ཧ་ཅང་ཧྲ་ཟེར། འདི་ལྟར་བཤད་སྐབས་ཁོ་མོས་དབུགས་ཀྱང་ལེན་དཀའ་བའི་གནས་སུ་ལྷུང་སོང༌། ནགས་ཚལ་ཆེན་པོར་བྱ་སྣ་མང་ཞེས་པ་ལྟར་ཡངས་བའི་འཇིག་རྟེན་ན་མིའི་རིགས་སྣ་ཚོགས་འདུས་ཏེ། ཇོ་རྒན་གྱིས་བདེ་མཚོ་ནི་ཁོ་མོའི་སྲིང་མོའི་བུ་མོ་ཡིན་པ་དང་ཆུང་དུས་མོས་གཉོར་སྐྱོང་བྱས་རྐྱེན་བདེ་མཚོས་མོ་ལ་ཨ་མ་ཟེར་གྱིན་ཡོད་ཟེར།
ཇོ་རྒན་རྫོང་ཐོག་ཏུ་སོང་ཤུལ་ན། བདེ་མཚོས་ང་ལ་སྙིང་གཏམ་མང་པོ་བཤད། ཁོ་མོས་བཤད་ན། “ང་རང་ལོ་ལྔ་ཡི་སྟེང༌། ཨ་མ་ཁྱིམ་མི་དག་དང་བྲལ་སོང་ ། རྒྱུ་མཚན་ནི། ཨ་ཕ་ཆང་རྐྱལ་ཞིག་ཡིན་པ་དང་ནམ་ཡང་ཨ་མར་གཅེར་རྡུང་བྱས། ཨ་མས་སྡུག་བསྔལ་མ་བཟོད་པར་ནུ་བོ་ཟླ་བ་དང་ངེད་གཉིས་བསྐྱུར་ནས་ཇོ་མོ་བྱེད་དུ་བུད་སོང༌། ཨ་མ་སོང་རྗེས་ཨ་ཕས་ཀྱང་ཆང་བཅད་དེ་ངེད་གཉིས་གཅེས་པར་བསྐྱངས། ”ཞེས་བཤད། སྔོན་ཆད་ཇོ་རྒན་མས་མོའི་ཁྱིམ་ནི་རྒོད་མའི་དཔོན་ཚང་ཡིན་པ་དང་བླ་མ་དང་དགེ་འདུན་མང་པོ་འཁྲུངས་མྱོང༌། རིག་གསར་གྱི་དུས་ལ་ཞྭ་མོ་བསྐོན་པ་དང་བཙོན་འཇུག་བྱས་པས་ལ་ལ་སྟོད་རྒྱ་གར་དུ་བྲོས། ལ་ལ་བཙོན་ནས་འདས། དཔོན་ཤུལ་རྟ་ཤུལ་ཆད་པས་རྒོད་མའི་དཔོན་ཚང་གི་མིང་ཡང་ལྷག་མ་རུ་གྱུར། དེ་བས་ཁོ་མོས་ཆོས་བྱས་ཏེ་གོང་མ་ཐམས་ཅད་ལ་དགེ་བ་བསྒྲུབ་བསམ་ཟེར་བའི་གསུང་སྐད་དེ་ངའི་ཡིད་ལ་དྲན།
བདེ་མཚོས་བཤད་ན།
“ན་ནིང་གློ་བུར་དུ་སྙིང་ན་བས་སྨན་ཁང་དུ་སོང་བ་ན་གྲུམ་བུའི་རང་བཞིན་གྱི་སྙིང་ནད་རེད་ཟེར། ཉིན་འགའི་སྔོན་ནད་ངན་སླར་ཡང་འཕར་བས་ང་ཨ་ཅེའི་མདུན་དུ་སོང༌། སྨན་གང་བཟང་འཐུང་ཡང་ཕན་ཆེན་པོ་མ་ཐོགས། སྨན་པས་བཤད་ན་སྒོར་ཁྲི་སུམ་ཅུ་ཡོད་ན་སྙིང་གསར་པ་ཞིག་བརྗེ་ཆོག་པ་དང་ལོ་ཉི་ཤུ་ལ་ཚེ་བསྲིང་ཐུབ་ཟེར། འོན་ཀྱང༌། དེ་འདྲའི་སྒོར་མང་པོ་ཞིག་གང་ནས་བཙལ། རྙེད་ཐབས་བྲལ། མ་བསམ་ས་ནས་ངས་སྙིང་འཕར་བའི་སྐད་ངན་ཞིག་གོ
‘ངེད་གཉིས་ཀྱིས་སྲིང་མོའི་ནད་འདི་བཅོས་ཐབས་བྱེད་དགོས’ ཨ་ཅེའི་སྐད།
‘ཧུན། སྒོར་མོ་ཁྲི་སུམ་ཅུ་བཀོལ་དགོས་ན་སྐྱོན་མེད་ཀྱང་བཀོལ་ཚར་ནས་ནད་པ་ཡང་མ་དྲག་ན་ཅི་བྱེད། ནད་ངན་འདི་དྲག་དཀའ་བ་རེད། མི་རྒྱུ་གཉིས་ཀ་ཤོར་ན་དཀའ་མོ་ཡིན།’ཨ་ཅེའི་ཁྱོ་གའི་སྐད།
‘འོ་ན། ཅི་བྱེད’ཨ་ཅེའི་སྐད།
‘ད་ཅི་བྱེད། བསྐྱུར་རྒྱུ་ལས་བློ་ཐབས་ཅི་ཡོད། ལས་དབང་ལ་ཐུག’ཨ་ཅེའི་ཁྱོ་གའི་སྐད།
སྐད་ངན་འདི་གོ་རྗེས་ངའི་སྙིང་ལ་ཙག་ཤད་རྒྱུག། ང་ཤི་བ་ལས་འགྲོ་ས་མེད། ཨ་ཅེ་སྨན་པ་ཡིན་པ་དང་ཨ་ཅེའི་ཁྱོ་ག་ཡང་སྨན་པ་ཡིན་པས་ཆ་རྐྱེན་བཟང་བ་དང་གྲོགས་པོ་མང་བས་ང་ལ་རོགས་ཤིག་བྱས་ན་སྙམ། འོན་ཀྱང༌། ང་འདི་ལྟར་མི་ཡུལ་དང་བྲལ་དགོས། འཆི་བདག་ངའི་སྔས་མགོར་ཐོན་ཡོད། གཉེན་དང་ཉེ་འབྲེལ་ཡོད་ཀྱང་། ཁྱིམ་དང་བཟའ་ཚང་ཡོད་རུང་། ང་ལ་ཞེ་བསམ་པའི་གཏིང་ནས་སེམས་ཁུར་དང་རོགས་རམ་བྱེད་མཁན་ཞིག་གཅིག་ཀྱང་མེད། ངས་བལྟས་ན་འཇིག་རྟེན་འདི་ན་སྙིང་བོ་ཡོད་པའི་དོན་དག་གཅིག་ཀྱང་མི་འདུག”བདེ་མཚོས་འདི་ལྟར་བཤད་ཞོར་མིག་ཟུང་ལས་མཆི་མ་ཁྲོམ་ཁྲོམ་བཞུར། དབུགས་ཀྱང་ཆད་ལ་ཁད་བྱས། ང་ཡང་སེམས་སྡུག་གིས་མ་གཟོད་པར་ཁོ་མོར་འཐམས་ནས་ངུས་པ་ཡིན། ངུ་ངུ་རྗེས་ངེད་གཉིས་སྨྱོ་དགོད་བསྟགས། མོས་ལུས་པོ་ཡང་གཅོག་དཀའ། ངས་ཁོ་མོར་སྐྱོར། ན་ཟུག་གིས་མ་བཟོད་པར་ཞག་གང་བོར་གཉིད་ཐབས་མ་བྱུང་བར་ངུ་ཞོར། དགོད་ཞོར། སྙིང་གཏམ་བཤད་ཞོར་དུས་ཚོད་བཏང༌།
ཕྱི་ཉིན་ཞོགས་པའི་ཉི་འོད་རི་རྩེར་བརྒྱབ་པ་དང་ངས་བདེ་མཚོ་རྒྱབ་ལ་ཁུར་ནས་རྫོང་ཐོག་ཏུ་སོང་། ཁོ་མོ་གཟུགས་སྟོབས་ཆེ་བ་ཞིག་མིན་མོད་ཧ་ཅང་ལྗིད་མོ་ཞིག་རེད། ཁོ་མོས་ལུས་ཚུགས་ཤོར་བ་དང་ཁ་ཡང་གྲག་མི་ཐུབ། མིག་ཟུང་ལ་མཆི་ཞགས་འཁྱིལ་ནས་ང་ལ་སྙིང་རྗེ་བའི་ཚུལ་བསྟན། རྒྱབ་ལ་ཕ་བོང་ཞིག་ཁུར་བའི་ཚོར་བ་ཞིག་ཡོད་མོད། ངས་ཨམ་གཙིགས་བསྡམས་ནས་མལ་གསོ་ཞོར་དང་ཁུར་ཞོར་བྱས་ཏེ་རྫོང་དང་ཐག་ཧ་ཅང་ཉེ་སར་ཐོན་པ་ན། གླ་འཁོར་ཞིག་དང་ཐུག་པས་ཁོ་མོ་དེའི་ནང་བཞག་ནས་རྫོང་མི་དམངས་སྨན་ཁང་དུ་བསྐྱལ། བདེ་མཚོའི་ཨ་ཅེ་དང་ཇོ་རྒན་གཉིས་ཀྱིས་སྨན་ཁང་ནས་བདེ་མཚོར་བདག་སྐྱོང་མཛད།
བདུན། ཚོར་བ་སྣ་མང་།
ཕྱི་ཉིན་ཇོ་རྒན་གྱིས་ང་ཕྱིར་ཆུ་འཁོར་མ་ཎིའི་ཁར་མངགས། ང་འགྲོ་འདོད་མེད་མོད་ཇོ་རྒན་གྱིས་ཤ་དང་ལྕི་བར་སེམས་ཁུར་ཆེ་བས་ང་ལ་མི་འགྲོ་རང་དབང་ཞིག་གང་ན་ཡོད།
གང་ལྟར། རང་དབང་དང་བདེ་བ་ཡོད་ལ། འདུ་འཛི་དང་ལང་ལོང་ཡལ་བའི་ཉིན་འགའ་ལ་ངས་ཡིད་ཚིམ་པའི་ཁ་ཏོན་ཞིག་བྱས། སེམས་མགུ་བའི་ཟ་མ་ཞིག་ཟས། ས་སྒང་མགོར་བུད་དེ་དབྱར་ཁའི་ལྗོངས་ལ་ཡིད་ཚིམ་པའི་ལྟད་མོ་ཞིག་བལྟས།
དབྱར་དགུན་སྟོན་དཔྱིད་མི་ཡུལ་གྱི་མཛེས་རྒྱན།།
ཁ་ཏོན་དགེ་སྦྱོར་ཇོ་མོ་ངའི་བསོད་ནམས།།
འདུ་བྲལ་སྐྱེན་པ་འཇིག་རྟེན་གྱི་ཆོས་ཉིད།།
འགྱུར་མེད་དད་པ་ཇོ་མོ་ངའི་ཁྱད་ནོར།།
ཉིན་འགའ་ཡི་རྗེས། ཇོ་རྒན་གྱིས་མི་མངགས་ཏེ་ང་ཕྱིར་སྨན་ཁང་དུ་ཤོག་ཟེར། སྨན་ཁང་ནང་དུ་ཕྱིན་པའི་ཉིན་བརྒྱད་པ་ལ་བདེ་མཚོ་སྨན་ཁང་ནས་ཕྱིར་བུད། སྨན་མང་པོ་ཞིག་ལེན་དགོས་པ་དང་སྨན་སྣ་གཅིག་ཆད་པས་ང་སྡོད་ལ་ཕྱི་ཉིན་སྨན་ཁང་ཆེན་མོ་ལས་སྨན་ཐོན་རྗེས་ཤོག་ཟེར། ཇོ་རྒན་དང་མོའི་ཁས་ལེན་མི་འདོད་པའི་བུ་མོ་བདེ་མཚོ་གཉིས་སྔོན་ལ་ཆུ་འཁོར་མ་ཎི་ཁང་དུ་བུད་སོང༌། སོང་ཤུལ་དུ་སྨན་པས་བདེ་མཚོའི་ནད་ནི་ཚབས་ཆེའི་གྲུམ་ནད་རང་བཞིན་གྱི་སྙིང་ནད་ཡིན་པས་སྨན་འདི་དག་གིས་ཁོ་མོའི་ཚེ་སྲོག་ཟླ་བ་བཞི་ལྔ་ཞིག་ལ་མ་གཏོགས་བསྲིང་མི་ཐུབ་ཟེར། སྐྱོ་དྲགས་པས་ངའི་སྙིང་ཡང་སྟོད་ལ་འཚང་སོང་།
ཕྱི་ཉིན། ངས་སྨན་སྣ་ཆད་པ་དེ་ཉོས་པ་དང་རེམ་མར་ཇོ་རྒན་གྱི་སར་སོང༌། ནད་པ་འབྲོག་པ་མ་སྨད་གཉིས་ཇོ་རྒན་གྱི་མདུན་དུ་ནད་སྟོན་པར་ཐོན་འདུག བདེ་མཚོས་ང་ལ་ཇ་འཐུང་ཟེར། འོན་ཀྱང་ཅི་ཡིན་འདི་ཡིན་མི་ཤེས་མོད་ཇོ་རྒན་གྱི་གདོང་མདོག་དམར་ནག་ཏུ་ལོག་འདུག རྣམ་འགྱུར་ཧ་ཅང་སྡུག ངས་སྨན་དག་ཇོ་རྒན་ལ་བྱིན་པ་དང་གྱོ་མོ་བཟོ་གྲྭ་ནས་སྨན་ཁབ་རྒྱག་ཤེས་པ་ཞིག་ཡོད་པ་དང་ད་ནངས་སྨན་ཁང་ཆེ་བ་སྒོ་མ་ཕྱེས་བར་དུ་སྒུག་ནས་སྨན་ཆ་ཚང་བླངས་ཡོད་པ་གསལ་བོ་བཤད་རྗེས་ལྷས་རར་ཡོང༌། འབྲོག་མོ་དེ་ཡང་ལྷས་དཀྱིལ་དུ་ཡོང༌།
“ཨ་ནེ་ཇོ་མོས་ཁ་སང་ཁྱོད་ཀྱིས་བདེ་མཚོ་ཁུར་དགོས་པར་དོགས་ནས་ཕྱི་བསྣུར་བྱས་པ་རེད་གསུངས། ཁྱོད་ཀྱིས་དེ་རིང་སྨན་བླངས་ཏེ་ཡོང་བ་ཡིན་ན། ཨ་ཡ། ཇོ་རྒན་གྱིས་ཁྱོད་ཀྱིས་སྨན་ཉོ་དགོས་ལུགས་མི་གླེང་དོན་ཅི་ཡིན་ནམ”འབྲོག་མོས་ང་ལ་འདི་ལྟར་བཤད། ང་ནི་ཁ་སྤོ་ཁ་ནས་ལངས་པ་དང་ཞེ་སྤོ་གཏིང་ནས་ལངས་ཏེ་སྙིང་ཡང་ལྡིང་མཚམས་འཇོག་ལ་ཁད་བྱས། བར་སྐབས་དེར་ཇོ་རྒན་གྱིས་འབྲོག་མོ་དེ་མ་སྨད་གཉིས་ལག་སྔ་རྩད་དེ་སྒང་ཐོ་ཕ་རོལ་གྱི་འབྲོག་པ་ཁྱིམ་མཚེས་ཚང་ལ་རིལ་མ་ཁུར་དུ་མངགས། ང་ལ་མིག་ཟུར་གྱིས་ཀྱང་མི་ལྟ། འབྲོག་མོ་མ་སྨད་གཉིས་ཀྱིས་རིལ་མ་རྩ་སྒྱེ་གང་རེ་ཁུར་ཡོང༌། དོན་དག་འགྲུབ་པ་དང་ཇོ་རྒན་གྱིས་འབྲོག་མོ་དེར་མེ་བཙའ་འཕངས། རྗེས་སུ་གོ་ཐོས་ལ་འབྲོག་མོ་དེ་ནི་རྫོང་དཔོན་མཐར་ཕྱིན་གྱི་ནུ་བོའི་ཆུང་མ་རེད་ཟེར། མཐར་ཕྱིན་གྱིས་ཇོ་རྒན་ལ་ཧ་ཅང་གཅེས་མོད། ཇོ་རྒན་གྱིས་ཅིའི་ཕྱིར་ནད་པ་དེར་རིལ་མ་ཁུར་དུ་བཅུག་ནས་གཡོག་ཏུ་བཀོལ་རྗེས་ད་གཟོད་མེ་བཙའ་བཞག གང་ལྟར་འདི་ནི་ཇོ་རྒན་གྱི་རྒྱུན་ལྡན་གྱི་བྱ་སྤྱོད་ཡིན་ལ་འབྲོག་མོ་མ་སྨད་གཉིས་ཀྱི་རྒྱུན་ལྡན་གྱི་ཁེ་དབང་ཡང་ལོས་ཡིན།
དགོང་མོ་ཟ་མ་ལས་ཁར་བདེ་མཚོས“འཇིག་རྟེན་འདིར་ཡོང་ནས་ཨ་ནེ་ཁྱོད་ནི་སྟོན་པའི་ན་བཟའ་མནབས་པའི་ཇོ་མོ་ཞིག་རེད། ཁྱོད་ཀྱིས་ང་ལྟ་བུའི་སྐྱ་བོ་ཞིག་རྒྱབ་ལ་ཁུར། ངས་ཚེ་འདི་ལ་བརྗེད་མི་སྲིད། ད་ངའི་ནད་འདི་ཇེ་དྲག་རེད། གལ་ཏེ་ང་ངོ་མ་དྲག་བསྐྱེད་བྱུང་ན་ང་ལ་ཟླ་རེར་སྒོར་ལྔ་བརྒྱའི་འཚོ་བའི་ཁ་གསབ་ཡོད། ངས་ཁྱོད་ལ་ན་བཟའ་ཁ་ཚང་ཞིག་ཉོ་ལ་འདིར་བལྟ་རུ་ཡོང་”ཞེས་ཁ་ཞེ་གཉིས་མེད་ཀྱིས་བཤད། ཇོ་རྒན་གྱིས་ཟུར་ཞིག་ནས་ཉན་འདུག་པ་དང་རིམ་གྱིས་ངོ་མདངས་ཇེ་ཡག་ཏུ་སོང་བ་དང་རྣམ་འགྱུར་ཡང་རྒྱུན་ལྡན་དུ་གྱུར། མཚན་མོ་དེར་བདེ་མཚོས་ཕུ་བོར་ཁ་པར་བཏང་ནས་ཕྱི་ཉིན་ཁོ་མོ་ལེན་དུ་ཡོང་རྒྱུའི་ཐག་བཅད། བདེ་མཚོས་ཕུ་བོ་ལ་ཁ་པར་བཏང་རྗེས་མོའི་གདོང་ལས་འཛུམ་མདངས་གསར་བ་ཞིག་བྱུང༌། མོ་དགའ་དྲགས་ཏེ་མོའི་ཨ་མ་དང་ངེད་གཉིས་ལ་སྙན་ཞིང་འཇེབས་ལ་ཡིད་དབང་འགུགས་པའི་ལ་གཞས་གཉིས་དང་གླུ་བ་གུ་རུའི་གླུ་ཞིག་བླངས། ནད་པ་ཞིག་དང་མི་འདྲ་ལ་འཇིག་རྟེན་ཕྱི་མའི་ཡུལ་ལ་འགྲོ་རན་པའི་མི་ཞིག་དང་དེ་བས་ཀྱང་མི་འདྲ། ཇོ་རྒན་ཡང་ཧ་ཅང་དགའ་སྤྲོ་སྐྱེས། ངའི་སེམས་ཁོང་མཆི་མས་བརླན། ཚོར་བ་རྣོན་པོ་ཞིག་གིས་ང་ལ་མནར་གཅོད་ཚད་མེད་བཏང༌། འདི་ནི་ཆེས་མཐའ་མཇུག་གི་ལྷན་འཛོམས་ཡིན་པས།
ཉིན་འགའ་ཡི་རྗེས་ཇོ་རྒན་གྱི་བུ་མོ་ཆེ་བ་བཀྲ་ཤིས་མཚོ་ཞེས་པ་ཆུ་འཁོར་མ་ཎི་ཁར་ཡོང༌། བཀྲ་ཤིས་མཚོའི་ཁྱིམ་ཚང་ཧ་ཅང་དབུལ་བོ་ཞིག་ཡིན་ཟེར། ཕར་བལྟས་ཁོ་མོའི་ཁ་ངོ་ཡང་སྐྱ་ཐོ་ཐོ་ཞིག་རེད། ཇོ་རྒན་གྱིས་དད་ལྡན་འབྲོག་པ་མང་ཚོགས་རྣམས་ཀྱིས་ཕུལ་བའི་ཚ་རུ་རྩ་ཆེན་གྱིས་བོད་བཟོའི་ཚ་རུ་ཞིག་དང་ཚ་གཡོགས་ལ་སྟོང་སྐོར་གྱི་ཕྲུག་ཅིག་བཟོས། དེ་ཡང་མི་ཡིས་རིག་ན་མི་ཧྲ་བསམས་ནས་ས་སྒང་ཐོག་གི་བསང་ཁྲིའི་ཕག་ཏུ་ཡིབ་ནས་ཁོ་མོ་མ་སྨད་གཉིས་ཀྱིས་བསྟུད་མར་ཉིན་གསུམ་བཞི་ལྷག་ལ་བཟོས་རྗེས་ད་གཟོད་ལེགས་འགྲུབ་བྱུང༌། ཚ་རུ་བཟོས་ཚར་རྗེས་བཀྲ་ཤིས་མཚོ་དང་ངེད་གཉིས་ཀྱིས་ཉིན་གསུམ་ལ་ཤ་མོག་ཚོད་མ་ཤོག་སྒམ་གསུམ་བཅོས། དེ་ནི་ཤིང་ཁྲི་དགོན་པ་ནས་བན་དེ་བྱས་ཡོད་པའི་བཀྲ་ཤིས་མཚོའི་བུ་ཆུང་རྒྱ་མཚོ་ལ་ལོ་གསར་སྤྱད་གྲ་སྒྲིག་བྱས་པ་རེད། བཀྲ་ཤིས་མཚོས་བུ་ཆུང་ལ་བསྐོར་བརྒྱབ་ཏེ་ཕྱིར་ཡོང་རྗེས་ངས་རྫོང་ཐོག་བར་དུ་ཁོ་མོ་ལ་སྐྱེལ་མ་བྱས།
བརྒྱད། ཟང་ཟིང་གི་ལོ་སར།
བོད་ལོ་ཚེས་ཉེར་དྲུག་ཉིན། ང་ཡང་ཕ་མའི་གམ་དུ་སོང་། ཡུལ་མི་རྣམས་ཀྱིས་བདག་གི་ཕུ་བོའི་ཕྱོགས་ཀྱི་སྐད་ཆ་ཞིག་གོ་འདུག་པས་ཚང་མ་ཧ་ཅང་དགའ་འདུག ངའི་སེམས་སུ་ཨ་ལགས་པྲ་ཕབ་ནི་དུས་གསུམ་མཁྱེན་པའི་སངས་རྒྱས་རེད་སྙམ།
ཉེར་བརྒྱད་ཀྱི་ཉིན། ངས་ཀྱང་ཕ་ཡུལ་ནས་ཕག་སུག་དང་ཕག་ཤ། གོ་དམར། ལག་སྡོགས་བཅས་ཁྱེར་ཏེ་ཕྱིར་ཆུ་འཁོར་མ་ཎིའི་ཁར་ཡོང༌། ཚེས་ཉེར་དགུའི་ཞོགས་པར་ཇོ་རྒན་དང་ངེད་གཉིས་ཀྱིས་རླངས་འཁོར་ཞིག་བཙལ་ཏེ་གྲ་སྒྲིག་བྱས་པའི་བཟའ་བཏུང་རྣམས་ཁྱེར་ཏེ་ཤིང་ཁྲི་དགོན་པར་ལོ་གསར་བ་སར་དུ་སོང༌།
གནམ་གང་གི་དགོང་མོ། ཨ་ལགས་མཁན་པོ་ཚང་དགུང་ལོ་བརྒྱད་བཅུར་སོན་པའི་གྱ་སྟོན་བྱེད་རྒྱུ་རེད་ཟེར། མཚན་མོ་དུས་ཚོད་བཅུ་གཉིས་སྟེང་འགྲུལ་པ་བོས་པ་ཐམས་ཅད་འདུས། རྒྱ་མི་ཡོན་བདག་ལྔ་བཅུ་ལྷག་དང་གྲྭ་པ་སུམ་བརྒྱ་ཙམ་བཅས་ཀྱི་མཁན་པོར་རྟེན་འབྲེལ་ཞུ། ལན་ཀྲིག་གི་རྒྱ་མི་ཚོས་མཁན་པོར་ལེགས་སྐྱེས་སུ་གོས་ཆེན་རྨིས་ཉིས་བརྒྱ་ལྷག་ཡོད་པ་དང་། དཔེ་ཆ་སྣ་མང་དང་སྐུ་འདྲ། དངུལ་སྒོར་བསྡམས་མ་མང་པོ་བཅས་ཕུལ། ཝུའུ་ཧན་གྱི་རྒྱ་མོ་ཞིག་གིས་ཨ་ལགས་ལ་སྒོར་ཁྲི་གཅིག་དང་དགོན་པའི་འགྲོ་སོང་ལ་སྒོར་ཁྲི་བརྒྱད། གྲྭ་པ་རེ་ལ་སྒོར་བཅུ་ཡིས་མཇལ་བརྒྱབ། ཇོ་རྒན་དང་ངེད་གཉིས་ཀྱིས་ཀྱང་ཁ་བཏགས་རེ་དང་གོས་ཆེན་རེ། སྒོར་རྡོག་འགའ་འཛོམ་ཚོད་ཨ་ལགས་ལ་ཕུལ་བ་ཡིན།
ཚེས་གཅིག་གི་ཉིན། ཨ་ལགས་མཁན་པོའི་རྗེས་ཀྱི་མི་བརྒྱ་ཡང་ཁོང་ཉིད་ལ་མཇལ་དུ་ཐོན། དེ་དག་གིས་འབུལ་བ་ལ་མར་དང་ཆུར་བ། རྩམ་པ། ཐུད། བོད་ཇ། ཞོ། འོ་མ་སོགས་བོད་ཟས་རླངས་འཁོར་ཆེན་པོའི་ནང་གཏམས་གཏམས་ཤིག་ཡོད། བསམ་པ་རྒྱ་ཆེ་ན་འབྱོར་བ་ཡང་རྒྱ་ཆེ་ཟེར་བ་དངོས་གནས་བསླུ་མེད་ཀྱི་གནས་ལུགས་རེད་བསམས་ཞིང་ངས་རང་ཉིད་ཀྱི་ཡོན་ཏན་དང་སེམས་རྒྱ་ལ་མཐོང་ཆུང་བྱེད་འདོད།
ང་ཕྱིར་གྲྭ་ཤག་ཏུ་ཐོན་ནས་ཅུང་མ་འགོར་བར། སྤྲུལ་སྐུ་ཚེ་དབང་ཚང་ང་ཚོ་སྡོད་སའི་གྲྭ་ཤག་ཏུ་ཕེབས། ང་ཚོ་ཧབ་ཆ་བརྒྱབ། རྒྱུ་མཚན་ནི་འདི་ལྟར་རེད། ནང་ལ་ཡོང་ཁར་ཁོང་ཉིད་མ་ཕེབས་གོང་ཁོའི་འདྲུད་ལྷམ་ཡ་གཅིག་ཁང་བའི་ནང་ཡེར་ནས་ཡོང༌། ཡང་ཁོང་ཉིད་རེམ་པར་ཕེབས་བསམ་པས་ལྷམ་ཡ་དེ་ས་རུ་ལྷག ཨ་ལགས་ཚེ་དབང་ཚང་གིས་ང་ཁོང་ཚང་ལ་ཇ་མ་བྱེད་དུ་འགྲོ་དགོས་པ་གསུངས་རྗེས་ཕྱིར་ཕེབས་སོང༌།
ཇོ་རྒན་གྱིས“ཀྭ་ཙི་བརྔས་ཏེ་ཟས་པས་ཁྱིམ་ལ་སྐྱུག་བསློགས། ཁྱོད་ནི་བསོད་ནམས་ཆེ། ཇ་མ་བྱེད་དགོས་ནའང་བླ་མ་དངོས་སུ་འབོད་དུ་ཕེབས། བསོད་ནམས་ཆེ་བའི་མི་ཟེར་བ་འདྲ་རྒྱུ་མི་འདུག”ཅེས་ཕྲག་དོག་གི་ཚིག་མཚོན་དྲག་པོ་བཏང་།
ང་རང་གི་སེམས་རྒྱ་དོག་པར་ལན་ནམ། ཚིག་རྩུབ་ཀྱི་ནུས་པ་ཆེ་བར་ལན། གང་ལྟར། ཚིག་རྩུབ་ཙམ་གྱིས་བདག་ལ་ཞེ་སྡང་སློང་ཞིང་བདག་གི་དགེ་སེམས་བཅོམ།
ཞེ་སྡང་འདི། ངེས་པར་འཛེམ་དགོས་པའི་ཉེས་དམིགས་ཤིག།
དགུ། བགད་མཐར་ངུ།
ཚེས་གཉིས་ཀྱི་ཉིན། ང་རང་སྤྲུལ་སྐུ་ཚེ་དབང་གི་ཤག་ཏུ་ཇ་མ་བྱེད་དུ་སོང༌། གྲྭ་པ་གསུམ་བོས་འདུག་ལ་དེ་གསུམ་གྱིས་ཤ་མོག་བཅའ་བཞིན་འདུག སླ་ང་ཆེན་པོའི་ནང་ལུག་ཤ་གང་གང་བཙོས་འདུག སྤྲུལ་སྐུས་ཀྱང་ཤ་མོག་བཅའ་རོགས་བྱེད་ཀྱིན་འདུག་པ་དང་སྤྲུལ་སྐུའི་ཚ་བོ་སྙིང་ལ་རྗེ་བོ་གཉིས་ཀྱང་ཐོན་འདུག་པ་ལོ་བརྒྱད་དགུ་ཙམ་རེད། དེ་གཉིས་ཀྱིས་སླ་ངའི་ནང་བག་ལེབ་བསྲེགས་པ་དང་ཆུ་ལེན་དུ་འགྲོ་བ་སོགས་ལས་གང་ཐུབ་ཀྱིས་གཡུག་ཕུད་བཞིན་འདུག ངས་དེ་གཉིས་ལ་སྙིང་རྗེ། བུ་ཆུང་ཡ་རབས་འདི་འདྲ་རིག་དཀོན་པས་ང་ཧ་ལས། གྲྭ་པ་ཞིག་གིས་རྒྱ་ཟས་རྣམས་ཁྱོད་ཀྱིས་ལས་ཞེས་ཁང་བ་གྱན་གཅིག་གི་ནང་དུ་སླེ་བོ་ཆེ་ཆུང་མང་པོ་ལས་སྔོ་ཚོད་སྣ་ཚོགས་ཡོད་པ་དེ་ང་ལ་སྤྲད། ངས་སྔོ་ཚོད་རེ་རེ་བཞིན་གཙང་མར་བཀྲུས་པ་དང་རྔོ་བའི་གྲ་སྒྲིག་བྱས། དྲོད་ཇ་འཛུར་བས་ང་ལྟོགས་བྱུང༌། ཏག་ཏག་སྐབས་འདི་ལ་སྤྲུལ་སྐུས“ཨ་རོགས་ཚོ། ད་དྲོ་ཇ་ཞིག་བཞེས་ན་དྲག”ཅེས་གསུངས། གྲྭ་པ་ཚོར་སྟུག་ཅིག་ཡོད་པ་དེ་དགའ་དྲགས་ཏེ“ཀི་ཧུ”ཞེས་གནམ་ལྡིང་ཞིག་བྱས། ཚང་མ་དི་རི་རི་བགད། ཤ་ཁུ་དང་བག་ལེབ་སྔོན་ལ་བཞག་མ་ཐག་གྲྭ་པ་ཚོར་སྟུག་དེས་བག་ལེབ་གཅིག་གི་ཕྱེད་ཀ་སྤྲུལ་སྐུར་ཕུལ་བ་དང་ཕྱེད་ཀ་རིང་པོ་དེ་མ་བཅག་པར་ཐད་ཀར་ཁུ་བར་བརྗེས་ཏེ་ཁ་ནང་ལ་བརྫངས། ཡང་ཚང་མ་དི་རི་རི་ བགད། གྲྭ་པ་ཚུལ་ཁྲིམས་ཞེས་པས“ཁོ་རེ། ཁྱོད་ཀྱིས་བག་ལེབ་དེ་འདྲ་ཆེན་པོ་ཁུ་བར་བརྗེས་པ་འབྲོག་པའི་རིལ་མ་ཕྱགས་སྤྱད་འཕྱག་མ་མ་རེད་མོ། འདིས་ཐད་འཕྱག་ཆེན་པོས་ཁུ་བ་མང་པོ་ཁ་ནང་ལ་དེད་ཐལ། དེ་འདྲ་ལྟོགས་ཡོད་པས་ཡིན་རྒྱུ་རེད། ད་ཅི་སྤྲུལ་སྐུས་དྲོད་ཇ་འཐུང་ཞེས་གསུངས་མ་ཐག་གནམ་ལ་ལྡིང”ཞེས་ཀུ་རེ་ཚུལ་གྱིས་བཤད། ཡང་ཚང་མ་ཧབ་ཆ་བརྒྱབ།
སྐབས་དེར་རྒྱ་མི་ཉི་ཤུ་ཐོན། རྒྱ་མི་དེ་དག་གིས་སྤྲུལ་སྐུ་ལ་ཕྱག་འཚལ་བ་དང་ལོ་སར་གྱི་ལེགས་སྐྱེས་སྣ་ཚོགས་ཕུལ། གྲྭ་པ་དེ་ཚོས་ཤ་མོག་བཙོས། ངས་སྔོ་ཚལ་རིམ་པ་དང་རིམ་པ་བཞིན་དུ་བརྔོས། ཚོད་མ་བརྔོས་ཚར་རྗེས། ང་ཕྱིར་རང་ཉིད་སྡོད་སའམ་ཇོ་རྒན་གྱི་ཚ་བོ་བན་དེ་རྒྱ་མཚོའི་གཟིམ་ཤག་ཏུ་ལོག་པ་ཡིན། མ་གཞི་མདང་དགོང་ནས་ཐུགས་དགྱེས་མེད་ཁར་དེ་རིང་ང་ཅུང་འཕྱི་ཟིན་པས་ཇོ་རྒན་ནི་ཁོང་ཁྲོའི་སྐྱ་བར་དབུགས་བརྒྱབ་ཏེ་གད་ལ་ཁད་དུ་གྱུར་འདུག ཞལ་མདོག་དམར་ནག་ཏུ་གྱུར་པ་དང་སྣ་ཁུང་གཉིས་ལས་འཁུན་སྒྲ་སྣ་ཚོགས་གཏོང་གིན་འདུག། དམར་རིལ་ལི་ལི་ང་ལ་ཁ་ཞིག་ག་ལ་གྲག་མིག་ཟུར་གྱིས་ཀྱང་མ་བལྟས། ཉིན་མོ་བགད་བགད་མཐར་དགོང་མོ་ངུ་དགོས་བྱུང༌། དགོན་པའི་གྲྭ་པ་རྣམས་ཀྱིས་དོ་དགོང་རྒྱལ་སྲས་དྲི་མེད་ཀུན་ལྡན་གྱི་འཁྲབ་སྟོན་སྦྱོང་བརྡར་བྱེད་དགོས་པ་དང་བན་དེ་རྒྱ་མཚོས་བྲམ་ཟེ་འཁྲབ་དགོས་པས་ད་དུང་གྲྭ་ཤག་ཏུ་ཐོན་མེད། ངས་ནམ་རྒྱུན་ལྟར་བན་དེ་རྒྱ་མཚོར་ཉལ་ས་བཅས། ཇོ་རྒན་གྱིས་རྣམ་འགྱུར་མཚར་པོ་ཞིག་བསྟན་ནས་ང་ལ“ཨ་ཡེ་རྣམས་ཀྱིས་གྲྭ་པའི་གོས་ལ་རེག་ན་མི་ཧྲ”ཟེར།
“གྲྭ་པ་དང་ཇོ་མོ་གཉིས་ཅིའི་ཕྱིར་མི་འདྲ། ང་ནི་བུད་མེད་ཨ་ཡེ་ཞིག་ཡིན་པ་བདེན་ཡང་ངས་ཀྱང་རབ་བྱུང་བསྒྲུབས་ཡོད་པས་ང་ལ་དེ་འདྲ་འཛེམ་དོན་ཅི་ཡོད། ད་བར་དུ་ངས་ཁྱོད་ཀྱི་ཚ་བོར་ཉལ་ས་བཅོས་པར་ཁྱོད་ཀྱིས་ཅི་ཡང་མི་ཟེར། དེར་དགོང་འདི་ལྟར་བཤད་དོན་ཅི་ཡིན”ཞེས་ངས་ཀྱང་ཁོང་ཁྲོ་འགོག་མ་ཐུབ་པར་བཤད།
“ང་ཚོའི་ས་ཆ་ནས་མནའ་མ་ཞིག་ཡིན་རུང་ལོ་ལྔ་དྲུག་མ་འགོར་ན་མཐོ་ས་ནས་འདུག་མི་ཆོག་པ་དང་ཕྱེས་སྒམ་ནང༌ལ་ཐུག་མི་ཆོག ད་རུང་ཐབ་ཀའི་ཁུག་ལ་ཡང་མི་འབུད། ད་ལྟའི་ཨ་ཡེ་ཚོ་སྣང་བ་མཐོ་གི་ཡ” ཇོ་རྒན་ཅུང་ལྷོད་ལ་བབས་ནས་དེ་ལྟར་བཤད།
“མནའ་མ་མནའ་མ། ང་མནའ་མ་མིན་པས་ངས་དེ་དག་ལ་དཔེ་ལྟ་དོན་མེད། ང་ནི་ཇོ་མོ་ཡིན། མནའ་མ་དང་ཁྱོད་ཚོ་ས་ཆའི་སྲོལ་བཟང་ངས་མི་ཤེས།”ཞེས་ངས་ཀྱང་གདོང་ཚ་ལམ་ལམ་བྱེད་ཞོར་དེ་ལྟར་བཤད།
“ངའི་ཚ་བོས་གཟའ་འདོན་བཞིན་ཡོད་པས་ཁོང་གི་ཅ་ལག་ལ་རེག་ན་ཉལ་སའི་ནང་གཅིན་ཡང་ཤོར་ངེས”ཇོ་རྒན་གྱིས་ཧ་ཅང་གཟབ་ནན་ངང་བཤད། ཏག་ཏག་སྐབས་འདིར་རྒྱ་མི་འགས་ང་བོས་ནས་ལྟད་མོ་ལྟ་རུ་འགྲོ་ཟེར་བས་ཇོ་རྒན་ཡང་འགྲོ་རྒྱུ་ཡིན་ཟེར།
ལྟད་མོར་ལྟ་སྐབས། ཇོ་རྒན་དང་ངེད་གཉིས་བར་ལ་ཡང་ཁ་རྩོད་ཅིག་བྱུང༌། གྲྭ་པ་ཚོས་གོས་བཏགས་སྣ་ཚོགས་ཀྱི་མེ་ཏོགབཟོས་ཏེ་མགུལ་ལ་བརྒྱན་པ་དང་དར་ཚོན་སྣ་ལྔའི་སྐེ་རགས་བཅིངས་ཏེ་རྩེད་རིག་རྩེ།
“བན་དེ་རྣམས་ཀྱི་རྩེད་རིག་འདི་ངའི་ཕ་ཡུལ་ཡི་བྱིས་པ་ཚོ་ཡང་རྩེད་ཀིན་འདུག”ཅེས་ངའི་ངག་ལས་ཤོར་མ་ཐག་ཇོ་རྒན་འཚིག་པ་ཟོས་ཏེ“རྩེད་རིག་ཟེར་ནི་ཡིན་ནམ། གྲྭ་པ་ཚོར་བྲོ་འཁྲབ་ཟེར་དགོས། འདི་འདྲ་ཞིག་ཀྱང་མི་ཤེས”ཞེས་མིག་ཟུར་ལས་མེ་ལྕེ་འཆལ་བཞིན་འདུག
“རྩེད་རིག་ཟེར་ན་བྲོ་འཁྲབ་ཟེར་ན་འདྲ་རྒྱོ་རེད། ངས་རྩེད་རིག་རྩེ་མ་གཏོགས་བྲོ་འཁྲབ་ཟེར་མི་ཤེས”ཞེས་བཤད་པ་དང་ཁོ་མོར་ཁ་ཡ་ཙམ་ཡང་མ་བྱས་པར་རྒྱ་མི་ཚོར་རྒྱ་སྐད་ཀྱིས་ཁ་བརྡ་བྱས། ཇོ་རྒན་གྱིས་རྒྱ་སྐད་དེ་འདྲ་མི་གོ
ཕྱིར་ལོག་དུས་སྐས་ཐེམ་ལས་འབབ་དགོས་པས་ངས་ཇོ་རྒན་སྐྱོར་ནས་ཡོང་བ་ཡིན། འོན་ཀྱང་གྲྭ་ཤག་ཏུ་ཐོན་མ་ཐག་ཁ་གཅིག་ཀྱང་མ་གྲག་པར་རང་རང་ས་ནས་ཁོང་ཁྲོ་རེ་རུམ་ཏེ་ཉལ། ཚེས་གཉིས་ཀྱི་ཉིན། ང་སྙིང་རླུང་འཚང༌བས་ཁ་མ་གྲག་པར་བསྡད། ཇོ་རྒན་ཡང་འདུག་མ་བཟོད་པར“ཇོ་མོ་ཞིག་ཡིན་ན་ཇོ་མོ་ཡེ་ཤེས་བཟང་མོ་ལྟ་བུ་ཡིན་དགོས།ས་གང་ལ་སོང་ཧ་ལ་སེང་ངེ་འུར་ཆ་བརྒྱབ་ཏེ་གཞན་ལ་རོགས་བྱེད་ཀྱིན་འདུག”ཅེས་བཤད་པས་ང་ཡང་འདུག་མ་གཟོད་པར་འདུ་ཁང་དུ་སོང༌། ང་ཕྱིར་ཤག་ཏུ་ཐོན་པ་དང་ཇོ་རྒན་ལ“ཇོ་མོ་ཡེ་ཤེས་བཟང་མོ་ནི་ད་ལྟ་རླུང་ལྟར་གྲག་བཞིན་འདུག ལག་ཁྱེར་ཁ་པར་ཞིག་ཡོད་པས་དེ་རྐྱང་རྐྱང་གཞན་ལ་ངོམ་པ་དང་བན་དེ་ཚོའི་སྔུན་ནས་མགོ་གཡུག་གིན་རྔ་མ་གཡུག་གིན་འདུག”ཅེས་བཤད་པ་ཡིན།
མཚན་མོ་དེར། ང་ས་སྟོང་ཞིག་ཏུ་སོང་ནས་ཡུན་རིང་ཡུན་རིང་ལ་ངུ་བ་ཡིན།
གཞན་སྐྱོན་ཁོ་ནར་བརྟགས་ནས་འཚོ་བ་རོལ་རྒྱུ་འདི་དུས་ནམ་ཞིག་ལ་ལོབས་པ་ཡིན་ནམ།སྒོམ་དགོས་པའི་བཟོད་པ་མི་སྒོམ་པར་ཞེ་སྡང་དང་ཕྲག་དོག་གི་ཀློང་ན་སྡུག་བསྔལ་རྐྱང་རྐྱང་འཚོལ་བཞིན་མི་ཚེ་གཏོང་བ་འདི་མི་ཡུལ་གྱི་སྐྱོ་གར་ཆེ་ཤོས་དེ་མ་ཡིན་ནམ།
ཚིག་རྩུབ་འདི། ངེས་པར་སྤང་དགོས་པའི་དགྲ་བོ་ཞིག
བཅུ། འདུས་མཐར་བྲལ།
ཕྱི་ཉིན། བདག་གི་དགེ་རྒན་འཆི་མེད་དབང་མོས་ང་བཙལ་ཏེ་ཕེབས་བྱུང་། ང་རང་དགའ་སྤྲོ་ཚད་མེད་སྐྱེས། ཇོ་རྒན་གྱི་གནམ་ངོ་ཡང་གློ་བུར་དུ་དྭངས་སོང༌། དགོང་ཟས་བཞེས་རྗེས་གྲྭ་པ་ཞིག་འབོད་དུ་ཡོང༌། ཇོ་རྒན་གྱིས་ངའི་དགེ་རྒན་དང་ངེད་གཉིས་ཀྱང་འགྲོ་ཟེར་བས། ངེད་གསུམ་རྒྱ་མི་ཚོགས་སའི་གྲྭ་ཤག་ཤིག་ཏུ་སོང༌། ངེད་གསུམ་གྱིས་གཅོད་བཏོན། ཇོ་རྒན་མས་གཅོད་ཌར་དཀྲོལ། མཇུག་ཏུ་རྒྱ་མི་ཚོས་ཇོ་རྒན་ལ་བཀའ་བསྒོ་ཞུ་བས་མོས་ཁ་ནས་རྐང་བརྒྱད་འདོན་ཞོར་རྐང་དུང་གིས་རྒྱ་མི་རེ་རེ་དང་རེ་རེ་ཡི་ལུས་ཀྱི་ན་ས་གཟེར་ས་དག་ལ་བརྡུངས་ནས་བཀའ་བསྒོ་མཛད། རྒྱ་མི་རྣམས་ཀྱིས་ཤོག་སྒོར་མི་མགོ་ཅན་དམར་སེང་ངེ་ཇོ་རྒན་མའི་མདུན་ལ་སྤུངས།
ལས་ཀ་མཇུག་རྫོགས་པ་ན་ངས་ཇོ་རྒན་ལ་ཤོག་སྒོར་རྩི་རོགས་བྱས། མི་དམངས་ཤོག་སྒོར་དགུ་སྟོང་ལྷག་ཡོད། འོན་ཀྱང་ཇོ་རྒན་མས་ང་ཕར་ཞོག་ངའི་དགེ་རྒན་ལའང་སྒོར་རྡོག་གཅིག་ཀྱང་མ་བྱིན་པས་ང་ཞེ་ནས་སྐྱུག་བྲོ་བར་གྱུར་ལ་ཁོང་ཁྲོའང་ཚད་མེད་ལངས། དགེ་རྒན་འཆི་མེད་དབང་མོ་ནི་མ་གཞི་ནས་རྟོགས་པ་མཐོ་བས་མོས་སྣང་དོགས་ཙམ་ཡང་མི་བྱེད་པར་ང་ཚོ་ལ་བདེ་མོ་བཞག་རྗེས་ཁོ་མོར་དོན་དག་ཡོད་ཟེར་ནས་རང་དབང་གིས་ཕེབས་སོང་།
ཚེས་བདུན་གྱི་སྔ་དྲོ། ང་འཁྲབ་ར་གཙང་སྦྲ་བྱེད་དུ་སོང༌། དྲོ་ཇའི་དུས་སུ་ཐག་ཉེ་རིང་གི་འབྲོག་པ་མང་པོ་ནག་ཐ་ར་ར་དགོན་པར་ཡོང་ནས་ལྟད་མོ་བལྟ་སའི་འདུག་ས་བཟུང༌། ཇོ་རྒན་གྱིས་མོ་ཡང་སྔ་མོ་སོང་ནས་འདུག་ས་གཟུང་རྒྱུ་ཡིན་ཟེར་བས་ངས་ཇོ་རྒན་མར་བན་དེ་རྒྱ་མཚོའི་ཚ་ཕུར་གོན་ཏེ་སོང་ན་དགའ་ཞེས་པས་མོས་དེ་བཟང་ཟེར། ཚ་ཕུར་ཤིང་སྒམ་དུ་བཅུག་ཡོད་པ་དང་སྒམ་ཐོག་ཏུ་རྒྱ་གླིང་ཆ་གཅིག་བཞག་ཡོད། ངས་དེར་རེག་མ་ཐག་ཇོ་རྒན་གྱིས་ཡང“ཁྱོད་ཨ་ཡེ་ཞིག་གིས་དགོན་པའི་ཅ་ལག་ལ་ཐུག་ན་མི་ཧྲ”ཟེར།
“ཁྱོད་ཀྱིས་ང་ལ་ཨ་ཡེ་དང་ཨ་ཡེ་རྐྱང་རྐྱང་ཟེར་ནས་འདིར་ཡང་ཐུག་མི་ཆོག་གན་ན་ཡང་རེག་མི་ཆོག ང་ཡང་རབ་བྱུང་མ་ཞིག་ཡིན་པས་ང་ལ་དེ་འདྲ་རྣམ་རྟོག་ཟ་དོན་ཅི་ཡིན”ཞེ་སྡང་གི་ངག་འདར་བཞིན་ངས་དེ་ལྟར་བཤད།
“ཁྱོད་ཀྱིས་ནམ་ཡང་ངའི་ཚ་བོའི་ཅ་ལག་རྐྱང་རྐྱང་ལ་རེག་པས་ཁྱོད་གཉིས་ལ་འབྲེལ་བ་འདུག ཁྱོད་གཉིས་གཅིག་གཅིག་ལ་ཧྲ་གི”ཇོ་རྒན་གྱིས་མ་བསམས་ས་ནས་ང་ལ་མི་སྙིང་ཕུག་པའི་ག་ལོག་བྱས་བྱུང༌། ང་སྨྱོས་པ་ལྟར་གྱུར་ཏེ་ལག་པའི་མཛུབ་མགོ་དག་ཀྱང་སྦྲིད་མགོ་བརྩམས།
“ངས་དེ་འདྲ་ཞིག་གཏན་ནས་དྲན་མ་མྱོང༌། ང་ཡང་ལོ་ཉི་ཤུར་བུད་དེ་འདང་རྒྱག་ཤེས་རྗེས་ད་གཟོད་ཇོ་མོ་བྱས་པ་ཡིན། སྤྱིར་ན་ཡར་ལོག་མ་ལོག་རྣམས་ལ་བཤད་རྒྱུ་མང་ལ་དྲན་རྒྱུ་དེ་བས་ཀྱང་མང༌། ངས་མི་ཤེས་པ་ཁྱོད་ཀྱིས་ཤེས་འདུག། ངས་མ་དྲན་པ་ཡང་ཁྱོད་ཀྱིས་དྲན་འདུག ཁྱོད་ཀྱི་སེམས་ད་དུང་སྐྱ་བོ་བྱས་ནས་འདུག”ཅེས་བཤད་མ་ཐག་བན་དེ་རྒྱ་མཚོ་ཡང་ཤག་ཏུ་ཕེབས་བྱུང༌། ངེད་གཉིས་ཀྱི་ངོ་མདོག་མི་ལེགས་པས་ཁོས་ང་ལ“ཨ་ནེ་་ཨ་ནེ་་་་ཅི་རེད”ཅེས་དྲིས། ང་ཁྲོས་ཏེ“ཁྱོད་ཀྱིས་ཨ་ཡེ་ཡིས་ཁྱོད་དང་ངེད་གཉིས་བར་ལ་འབྲེལ་བ་གདའ་ཟེར”ཞེས་པ་ན།
“ཧོན་ལོག་མ་ལོག་ལ་བཤད་རྒྱུ་མང༌། ཨ་ཡེ་སྨྱོན་མའི་ཁ་ལ་ཉན་སྲོལ་མེད” བན་དེ་རྒྱ་མཚོའི་གདོང་ཡང་དམར་པོར་ལོག་འདུག
“ང་མི་འདུག་འགྲོ་རན་རེད། འདུག་རྒྱུ་མང་ན་ང་དྲག་གི་་་་་མ་བསམ་ས་ནས་ཁྱོད་ཁ་ལས་དགེ་རྒྱུ་མ་རེད། དོན་དག་མེད་ས་ནས་ངས་ཉེས་པ་བསག་རྒྱུ་རེད། ད་འགྲོ་རན་འདུག”ཅེས་བཤད་ཞོར་ཅ་ལག་བསྡུ་གསོག་བརྒྱབ།
“ཨ་ནེ་ལེ་ལེ། ངས་ཁྱོད་ལ་ཞུ་བ་བྱེད། ཡུན་རིང་ལ་རེ་བ་བྱས་བྱས་མཐར་དྲི་མེད་ཀུན་ལྡན་ལྟ་མ་ཐུབ་ན་་་་་་་་ཨ་ཡ། ངའི་ཨ་ཡེའི་ངག་ལ་ཉན་རྒྱུ་ཞིག་གང་ན་ཡོད”ཅེས་བན་དེ་རྒྱ་མཚོས་ངའི་ལམ་བཀག ང་མ་ཁོག་པར་སྒོར་བུད། ཏག་ཏག་ཨ་ལགས་མཁན་པོས་སྒྲིག་བཀོད་ལྟར་རླངས་འཁོར་སྤུས་ལེགས་ཤིག་གིས་ཝུའུ་ཧན་གྱི་རྒྱ་མི་ཞིག་རྫོང་ཐོག་ཏུ་སྐྱེལ་བ་དང་འཕྲད་པས་ང་ཡང་རླངས་འཁོར་དེར་བསྡད། ཞེ་སྡང་དང་ཁོང་ཁྲོ་རུམ་གང་ཁུར་ཏེ་བཟོད་སེམས་དང་ཚུལ་ཁྲིམས་རིང་དུ་དོར་ནས་ང་རང་སླར་ཡང་རང་ཁྱིམ་མིན་པའི་རང་ཁྱིམ་གྱི་ཕྱོགས་སུ་སོང༌།
ལམ་བར་དུ་རྒྱ་མི་དེས་ཁ་བརྡ་མང་པོ་ལབ། ངས་རང་སེམས་ཀྱི་ཁོང་ཁྲོ་ནམ་ཞིག་ལ་ཞི་བ་ཡང་མ་ཤེས། ཁོ་ནི་མདང་དགོང་མགོ་མང་ཞིང་ནས་ཤང་ཁྲི་བར་རྐང་ཐང་དུ་ཡོང་བ་ཡིན་ཟེར། ཐང་དཀྱིལ་ནས་ཁྱི་ལྡོམ་བར་ལ་ལྷུང་བས་རྐང་བའི་བརླ་ལ་ཁྱིས་རྨས་སོང་ཟེར། སྐྱོན་མེད་ཨ་ལགས་ལ་མཇལ་ཐུབ་སོང༌། ཤི་རྒྱུ་མ་རེད་ཟེར། ངས་རྒྱ་མི་གསར་བུ་དེར་སྙིང་རྗེ། དད་པ་རྣམ་དག་ཅིག་འདུག་སྙམ།
ང་རྫོང་ཐོག་ཏུ་ཐོན་མ་ཐག་གཏམ་ངན་ཞིག་གོ་བྱུང་། ཇོ་རྒན་གྱི་བུ་མོ་བདེ་མཚོ་ཉིན་དེ་ཡི་ཕྱི་དྲོ་ཚེ་ལས་འདས་སོང་ཟེར།
མཐོ་མི་རྟག་ཉི་ཟླ་གཟའ་ཡིས་བཟུང་འདི་སྐྱོ།།
བར་མི་རྟག་རྒོད་ཚང་ཐོག་གིས་གཏོར་འདི་སྐྱོ།།
དམའ་མི་རྟག་ཉ་མོ་ལྕགས་ཀྱུས་ཟིན་འདི་སྐྱོ།།
ཚེ་མི་རྟག་གཤིན་རྗེའི་ཞགས་པས་བཟུང་འདི་སྐྱོ།།
རེད་ཡ། འཁོར་བའི་གནས་ན་རྟག་པ་ཞིག་དང་བདེ་བ་ཞིག་གང་ན་ཡོད། བདེ་བར་བཞུད། བདེ་མཚོ། ངས་མ་ཎི་ཡིག་དྲུག་གིས་ཁོ་མོར་རྫོང་བ་བྱས། ངས་མཆོད་མེ་རྐོང་གང་གིས་ཁོ་མོར་སྐྱེལ་མ་བྱས།
སྤྱིར་ན། སྐྱེས་ནས་འཆི་བ་འཁོར་བའི་ཆོས་ཉིད་ཡིན་པ་དང་། འཇིག་རྟེན་འདི་ནི་སྡུག་གི་བཙོན་ར་ཡིན་པ་ཡང་ངས་གསལ་བོར་ཤེས། འོན་ཀྱང་། བདེ་མཚོའི་སྤྱོད་པ་ནམ་ཡང་ངའི་མིག་ལམ་ན་གསལ་བ་དང་བདེ་མཚོའི་སྐད་ངག་སྙན་མོ་ཡང་རྟག་པར་ངའི་རྣ་ལམ་དུ་ཞགས་པས་ང་ཡང་ཉིན་མང་པོར་ཟ་འདོད་གཉིད་འདོད་མེད་པ་ཞིག་ཏུ་གྱུར། གཅིག་བྱས་ན། འདི་དག་ཚང་མ་ཡང་སྔ་མ་སྔ་མ་བྱས་པའི་འབྲས་བུ་ཕྱི་མ་ཕྱི་མ་སྨིན་པ་ལོས་ཡིན།
མཐོང་ན་མཚར་མཚར་འདྲ་ཡང་སྐད་ཅིག་མའི་རྗེས་འགྲོ།།
འགྲོ་ལམ་སྐྱིད་རེས་སྡུག་རེས་ཞག་གཅིག་གི་རྨི་ལམ།།
ལམ་ཐག་རིང་མོར་བགྲོད་པའི་ཁེར་རྐྱང་གི་རྣམ་ཤེས།།
ཤེས་དང་མ་ཤེས་བར་ནས་བར་དོ་རུ་འཁྱམས་སོང་།།
མཚམས་འདིར་ཐོན་པ་ན། བདག་གི་གྲོགས་མོ་ཨ་ནེ་ས་ལེ་སྒྲོལ་མའི་མིག་ཟུང་མཆི་མས་བརླན་ཞིང་གསུང་སྐད་ཀྱང་འདར་བཞིན་འདུག ངའི་སེམས་ཡང་ཁོ་མོའི་གཏམ་རྒྱུད་དང་བསྡོངས་ཏེ་གཡོ་ཞིང་ངའི་ངག་ཀྱང་ཁོ་མོའི་མི་ཚེ་དང་མཉམ་དུ་འདར་བས་གཏམ་རྒྱུད་འདི་བཤད་མཚམས་འདི་ནས་འཇོག་དགོས་བྱུང་།
༢༠༡༢་༣་༨ཉིན་སྐྱེ་རྒུ་ནས་བྲིས་ཚར།
རྩོམ་ཁུངས། ངེད་དྲ་བ།