འདྲེ་མོ་བྲག་དཀར།
“ རྡོ་རྗེ རྡོ་རྗེ་་་་་་་་་་་་་་་་་་་་་་་ ”
བྲག་དཀར་ལུང་པའི་ཕུག་ནས་གྲགས་འོངས་པའི་གདུང་དབྱངས་དང་ངུ་སྐད་འདྲེས་མའི་བུད་མེད་ཀྱི་འབོད་སྐད་རིང་མོ་དེས་ཁུ་སིམ་དང་ལྷིང་འཇགས་ཀྱི་མཚན་མོའི་མཁའ་མཐའ་ཐོལ་གྱིས་གཤགས་འོངས།
“ འདྲེ་ཐོན་ཐལ། འདྲེ་ཐོན་ཐལ། ”ལུང་པའི་ཕུ་མདོའི་གཡོན་ཕྱོགས་ན་གྲོང་ངེར་འགྱིང་ཡོད་པའི་དེའུ་འབུར་དེའི་ངོས་སུ་མཆོད་རྟེན་ཞིག་གི་བང་རིམ་ལྟར་རིམ་པ་ནས་རིམ་པ་བྱས་ཏེ་འཚང་ཁ་ཤིག་ཤིག་གིས་ཆགས་པའི་ཁང་ལེབ་དེ་དག་གི་མར་རྒྱུད་ཀྱི་གཡུལ་ཁའི་ནང་དུ་ལོ་སར་སྐབས་ཀྱི་མེ་ཕུང་སྦར་ནས་མཚན་མོའི་ནུབ་རྩེད་ལ་རོལ་གྱིན་པའི་བྱིས་པ་རྣམས་ཀྱིས་འཇིགས་དངངས་ཀྱི་ཁྲོད་ནས་དེ་ལྟ་བུའི་གཏམ་ཡན་ཞིག་སྒྲོག་གིན་འུར་ཆིལ་ལེར་རང་རང་སར་ཞོགས་སོང་ལ། དེ་དང་ལྷན་དུ་མག་མོག་གི་ཟླ་འོད་འོག་ཏུ་འདོད་པའི་སྙིང་གཏམ་ཕན་ཚུན་ལ་ཤབ་ཤུབ་གླེང་གིན་པའི་ན་གཞོན་ཕོ་མོ་དེ་དག་ཀྱང་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར།
རྡོ་རྗེ་རང་ལོ་བཅོ་བརྒྱད་ལ་བུད་པའི་ལོ་དེའི་དབྱར་ཁའི་མཚན་མོ་ཞིག་ལ་ཁོ་དང་ན་མཉམ་གྱི་སྡེ་བའི་ཕོ་གསར་སྐོར་ཞིག་དང་ལྷན་དུ་གཡང་ལུང་སྡེ་བའི་ཕྱོགས་ལ་ཁྱི་ཁ་རྩེད་དུ་སོང་། ཁྱི་ཁ་རྩེད་ཞེས་པ་ནི་ཨ་མདོའི་ཡུལ་གྱི་འབྲོག་སྐད་ཞིག་སྟེ་དོན་དུ་ན་ཚོད་དར་ལ་བབས་པའི་བུ་མོ་ཚོའི་འགྲམ་དུ་འཇིག་རྟེན་མཐུན་འཇུག་གི་སྣང་བ་ཞིག་འཚོལ་དུ་སོང་བ་ལ་ཟེར་ཞིང་། བུ་མོ་ཚོའི་སྔས་འགྲམ་ལ་ཅི་ལྟར་འགྲོ་བའི་ཕྱོགས་ལ་ཡུལ་གྲུ་རེ་རེར་རྣམ་པ་རིམ་པ་སྣ་ཚོགས་ཤིག་ཡོད་ནའང་རྡོ་རྗེ་འཚར་ལོངས་འབྱུང་སའི་ས་ཆ་དེར་མཚོན་ནས་བཤད་ན་དང་པོ་ཐབས་སྣ་ཚོགས་ལ་བརྟེན་ནས་ཁྱིམ་ཚང་གི་མཁར་སྟེང་ལ་འབུད་དགོས་པ་དང་དེ་ནས་སྐས་འཛེགས་སོགས་བརྒྱུད་ནས་ཁྱིམ་ནང་དུ་འཛུལ་བའི་ལུགས་སྲོལ་ཞིག་ཡིན། མཚན་མོ་དེར་རྡོ་རྗེ་ཡང་གོང་དུ་གླེང་ཟིན་པའི་རིམ་པ་དེ་དག་བརྒྱུད་ནས་བུ་མོ་ཞིག་གི་སྒེའུ་འགྲམ་དུ་སླེབས་ཡོད།
“ ཀླུ་མོ། ཀླུ་མོ ” ཞེས་སྐད་ཤུགས་ཆུང་ངུས་ཐེངས་དུ་མར་འབོད་དུས། འབར་ཞུན་སྒམ་གྱི་ཆེ་ཆུང་དང་འདྲ་བའི་དྲ་ཚིགས་གཅིག་གི་ནང་དུ་ཁོའི་མཆུ་ཏོ་བཙུགས་ནས་འདུག ཁོས་ད་དུང་མུ་མཐུད་དུ་“ཨ་ཅེ་ལོ་ལོ། སྒོ་ཞིག་ཕྱེས་རོགས། ས་འདི་འདྲ་ཐག་རིང་ཞིག་ནས་ཡོང་ན་ཁ་མི་གྲག་སྲོལ་ཞིག་གང་ན་ཡོད།”ཅེས་གསལ་བཤད་ཀྱི་ཚུལ་དུ་སྐད་ཆ་ཁ་ཤས་འཕྲོས་འོངས།
“ ཨ་ཁུ་ལོ་ལོ། ང་གཉིད་འཐིབས་ནས་ཡོང་གིན་འདུག ཁྱེད་ཕྱིར་ལ་འགྲོ་རོགས་ ”ཞེས་མོའི་མིང་ནས་ཐེངས་དུ་མར་བོས་བའི་མཐའ་མར་ཨ་ལན་འདི་འདྲ་ཞིག་ཤིང་ཁང་གྲུ་བཞི་དེའི་ནང་རིམ་ནས་གྲགས་འོངས།
“ ཨ་ལ་ལ། ད་བར་ཁྱོད་འགྱུར་འདུག ཁྱོད་ཀྱི་མདུན་ལ་ཐོན་དུས་ཁ་མི་གྲག་པའི་སྟེང་ལ་རྣམ་འགྱུར་ཡང་ཡག་པོ་ཞིག་སྟོན་གྱིན་མེད་པས་ང་ངོ་མ་སེམས་སྐྱོ་བཞིན་འདུག” ཅེས་ནང་དོན་ཟབ་མོ་ལྡན་པའི་བརྡ་རྟགས་ཅན་གྱི་སྐད་ཆ་ཁ་ཤས་ཁོས་མོའི་སྙན་ལམ་དུ་བླུགས་འོངས། དེ་ནི་ཡིད་ལ་གང་ཤར་དང་སེམས་ལ་གང་དྲན་གྱི་སྐད་ཆ་ཞིག་མིན་ལ་དེ་ནི་ཁོའི་ཆུང་དུས་ཀྱི་ལོ་ཟླ་སྟེ།ཁོ་རང་ལོ་བཅུ་གསུམ་ལ་བུད་པའི་ལོ་དེར་ཁོ་ཁོའི་ཨ་ཕའི་སྲིང་མོ་སྟེ་ཨ་ཅེ་སྒྲོལ་དཀར་ཚང་གི་ལུག་རྫིར་གྱུར། སྡེ་བ་དེའི་སྟོད་རྒྱུད་ཀྱི་བྲག་དཀར་ཉིན་སྲིབ་དང་ཁ་སོ་ཕྱི་ནང་ནི་ཁོའི་དུས་རྒྱུན་གྱི་ལུག་ཁྱུ་འདེད་ས་དང་བསྐོར་ས། འཚོ་ས་བཅས་ཡིན་ལ། ཉིན་རྟག་པར་ཁོ་འདི་ལྟར་ལུག་རྫིར་འགྲོ་དུས་ཁོ་དང་ན་མཉམ་གྱི་གཡང་ལུང་སྡེ་བའི་བུ་མོ་ཆུང་ཆུང་ཞིག་གིས་ཀྱང་ཁོ་འགྲོ་སའི་རི་ལུང་དེར་ལུག་ཁྱུ་བསྐོར་ཡོང་། ས་ཐོག་ཆུ་ཐོག་གཅིག་ནས་ལུག་ཁྱུ་གཉིས་འཚོ་དུས་ཕན་ཚུན་འདྲེས་འགྲོ་བ་དུས་རྒྱུན་གྱི་འཚོ་བའི་སྣང་ཚུལ་ཞིག་ཡིན་པས་ན་གཞོན་བྱིས་པ་འདི་གཉིས་ཀྱི་ལུག་ཁྱུ་ཡང་རིམ་གྱིས་རིམ་གྱིས་ཁ་བ་ཆུ་ལ་འཐིམ་པ་ལྟར་གཅིག་གཅིག་ལ་འདྲེས་སོང་། ལུག་ཁྱུ་འདྲེས་བའི་གོ་རིམ་ཁྲོད་ནས་བྱིས་པ་འདི་གཉིས་ཀྱང་རིམ་གྱིས་རིམ་གྱིས་གཅིག་གཅིག་ལ་ལོབས་སོང་། གཅིག་གཅིག་ལ་ལོབས་པའི་གོ་རིམ་ཁྲོད་ནས་བུ་མོ་ཆུང་ཆུང་དེའི་ལག་ནས་རྡོ་རྗེ་ཡིས་ཟས་ཞིམ་པོ་དང་ཇ་ཞིམ་པོ་གང་མང་ཞིག་འཐུང་མྱོང་། དེ་དུས་ཁོ་ལ་ཇ་ནག་པོ་དང་གོ་རེ་ནེམ་ཕྱེ་མ་གཏོགས་ཟ་རྒྱུ་དང་འཐུང་རྒྱུ་མེད། ཡིན་ནའང་བུ་མོ་ཆུང་ཆུང་དེ་ལ་ཇ་འོ་མ་དང་གོ་རེ་ཕྱེ་ཟ་རྒྱུ་ཡོད་པ་མ་ཟད། དམར་ཁ་ཚ་དང་ཀ་ར་འོ་མ་ཡང་ཡོད། ད་དུང་ཞོགས་པར་ལུག་ཁྱུ་རི་ལ་བགོས་པ་ནས་ཁོ་གཉིས་རིལ་ཆ་དང་འབའ་ཆ་ལ་སོགས་ཀྱི་རྩེད་མོར་ཡང་གཡེང་མྱོང་། ཁེར་རྐྱང་དང་ཅང་མེད་ཀྱི་རྡོ་རྗེ་ལ་མཚོན་ན་དེ་དུས་ཀྱི་མོའི་སེམས་དཀར་གྱི་ཟ་མ་དེ་དག་ནི་ཇི་འདྲའི་ཁ་ལ་ཞིམ་པ་དང་མོའི་ལྷད་མེད་ཀྱི་བརྩེ་སེམས་དེ་ནི་ཇི་འདྲའི་སེམས་ལ་དྲོན་པོ་ཞིག་ཡིན་ཨང་། གོ་རིམ་དེ་དག་བརྒྱུད་ལས་འགྲོ་དུས་གཟུགས་མེད་ཀྱི་ཞགས་པ་ཞིག་གིས་བྱིས་པ་དེ་གཉིས་རིམ་གྱིས་རིམ་གྱིས་དམ་དུ་བཅིངས་ཏེ་དགོང་ཁར་འབྲལ་ཐབས་དཀའ་བའང་བྱུང་མྱོང་། མི་ཚད་སང་གི་ཉིན་མ་ལ་རེ་སྒུག་ཀྱང་བྱས་མྱོང་། འོན་ཀྱང་འཚོ་བ་ནི་ནམ་རྒྱུན་དེ་འདྲའི་ཞི་འཇགས་དང་བདེ་སྐྱིད་ལྡན་པ་ཞིག་མིན་ཏེ་ཉིན་ཞིག་ཁོ་གཉིས་དེ་ལྟར་ཉིན་གང་བོར་རྩེད་མོར་གཡེང་སྟེ་ཕྱི་དྲོར་ལུག་ཁྱུ་རི་ནས་ཕྱིར་ལྷས་ལ་བསྡུས་ཏེ་ཚང་རྩིས་བྱས་དུས་རྡོ་རྗེ་ལ་མ་མོ་དང་ལུ་གུ་དགུ་མ་ཚང་། ཕྱི་དྲོའི་ས་སྲོད་ཀྱི་དུས་སུ་ཁོ་ཁེར་རྐྱང་དང་འཇིགས་དངངས་ཀྱི་ཁྲོད་ནས་དེ་དག་བཙལ་དུ་སོང་ཡང་མ་རྙེད། མཚན་མོ་དེར་ཁོར་ཁོའི་ཨ་ཅེ་སྒྲོལ་དཀར་དང་མག་པ་གཉིས་ཀྱིས་གཅར་རྡུང་དང་གཤེ་གཤེ་བཏང་བ་མ་ཟད། དེ་ལས་ཀྱང་ཡིད་སྐྱོ་བ་ཞིག་ལ་ནུབ་ཚལ་ཁམ་གང་ཡང་མ་བླུད། ཕྱི་ཉིན་ཞོགས་པར་ནམ་གསལ་མ་ཐག་ཁོ་བྲག་དཀར་ཉིན་སྲིབ་བརྒྱུད་ནས་ལུག་དང་ལུ་གུ་དེ་དག་འཚོལ་དུ་སོང་དུས་ཁ་སོ་ཡར་རྒྱུད་ཀྱི་རྐྱང་ལུང་གྲོག་ཤུར་གྱི་གཡས་གཡོན་ན་མ་མོ་དང་ལུ་གུ་དགུ་བོ་སྤྱང་ཀིས་བསད་འདུག་པ་མཐོང་། རང་ལོ་བཅོ་ལྔར་སོན་པའི་དཔྱིད་ཀ་དེར་ཁོ་རང་གི་སེམས་ཀྱི་ཕ་ས་དང་སྙིང་གི་ཕྱེད་ཀ་ལྟ་བུའི་བུ་མོ་ཆུང་ཆུང་དེ་དག་བསྐྱུར་ནས་གཞན་ཡུལ་ས་མཐའ་ཞིག་ལ་མི་འཁྱམ་ཀ་མེད་བྱུང་། དེ་ནི་མཚན་མོ་དེའི་ཁོའི་ཨ་ཅེ་དང་མོའི་མག་པ་གཉིས་ཀྱིས་ལབ་པའི་སྐད་ཆ་སྟེ་ལུག་མ་རྙེད་ན་ཕྱིར་ངེད་ཚང་གི་ཁྱིམ་ལ་ཡོང་མི་དགོས་ཞེས་བཤད་པ་དེ་དང་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་ཁོ་གཉིས་ཀྱི་བརྙས་བཅོས་དང་གཅར་རྡུང་སོགས་ལ་འབྲེལ་བ་དམ་པོར་ཡོད། ཉིན་དེ་ནས་བཟུང་ཁོ་དང་བུ་མོ་ཆུང་ཆུང་གཉིས་ཀྱིས་མཉམ་དུ་ལུག་འཚོ་བའི་སྐལ་བ་མ་བྱུང་།
“ དེས་ན་ཁྱོད་སུ་ཡིན ”མོས་ཀྱང་ཁོའི་སྐད་ཆའི་གོ་དོན་རྟོགས་པའི་ཚུལ་གྱིས་སྐད་ཇེ་གཉོམ་ལ་བཏང་ནས་འདི་ལྟར་དྲི་བ་ཞིག་དྲིས།
“ སྒོ་ཕྱེས་དང་ང་སུ་ཡིན་ཁྱོད་ཀྱིས་རང་བཞིན་གྱིས་ཤེས་ནི་རེད ”དེ་དུས་ཁོའི་སྐད་གདངས་སྔོན་མ་ལས་ཇེ་མཐོར་སོང་འདུག
“ སྔོན་ལ་ཁྱེད་སུ་ཡིན་ཤོད་དང་དེ་ནས་ངས་ཁྱེད་ལ་སྒོ་ཕྱེས ”སྐབས་དེར་དྲ་མའི་ཕྱི་ལོག་གི་མི་དེ་སུ་ཡིན་ལ་མོར་སེམས་གཏིང་ནས་ཤེས་འདོད་ཞིག་སྐྱེས་འོངས།
“ ཁྱེད་ཀྱིས་ང་སུ་ཡིན་ཤེས་ནི་མ་རེད། འདི་ནི་ངས་ཁྱེད་འགྱུར་སོང་བའི་རྒྱུད་རིམ་ཞིག་ལ་ངོས་འཛིན་གྱིན་ཡོད། ”སྐད་ཆ་དེས་སྔོན་མ་ལས་ཀྱང་མོའི་སེམས་ལ་ཟ་འཕྲུག་བསླངས།
“ སྔོན་ལ་ཁྱོད་སུ་ཡིན་ཤོད་དང་ང་འགྱུར་ཡོད་མེད་རྗེས་ནས་ཤེས་ཡོང་ ”མོས་ཁོ་ལ་གོ་རྒྱུ་ཅན་གྱི་ལན་ཞིག་བྱིན།
“ ངས་འུ་གཉིས་ཁོ་ན་ལ་དབང་མྱོང་བའི་དྭངས་གཙང་གི་ལོ་ཟླ་ཞིག་དྲན་གྱིན་འདུག ནམ་ཡིན་ཡང་དྭངས་གཙང་གི་ལོ་ཟླ་དེ་འདྲ་ཞིག་ལ་ངང་སྒུག་བྱེད་ཀྱིན་ཡོད། ” ཁོས་ཀྱང་མོ་ལ་གོ་རྒྱུ་ཅན་གྱི་ཚིག་ཅིག་བཤད།
“ ཁྱོད་ཀྱིས་ང་ལ་དྲང་མོར་ཤོད་དང་དེས་ན་ཁྱེད་རྡོ་རྗེ་ཡིན་ནམ ” མོ་ཐེ་ཚོམ་དང་རེ་སྨོན་གྱི་ཀློང་ནས་དེ་ལྟར་ལུས། མོའི་ཡིད་ལ་དེ་ལྟར་འཁོར་བ་ལ་རྒྱུ་མཚན་ཞིག་ཡོད། སྐབས་དེར་མོས་ཀྱང་ཁོ་ཕ་ཡུལ་ལ་ལོག་འདུག་པའི་གནས་ཚུལ་ར་བ་རིབ་བེ་ཞིག་ཐོས་ཡོད།
“ འོ་ལེ། ང་རྡོ་རྗེ་ཡིན། ཁྱོད་ཀྱིས་རེམ་ལ་སྒོ་ཕྱེ་ཡ ང་ཁྱེད་ཚང་གི་ཨ་ཕ་ལ་སྐྲག་གི ” ཁོས་རང་གི་ཆེས་སྙིང་ཉེ་བའི་མི་ཞིག་ལ་སྐད་ཆ་བཤད་པ་བཞིན་མོ་ལ་ཡང་དེ་ལྟར་བཤད། དྲང་མོར་བཤད་ན་དེ་ནི་མི་ཆོག་པ་ཞིག་མིན་ཏེ་མོ་ནི་ཁོའི་བྱིས་དུས་སྐབས་ཀྱི་ལུག་འཚོ་རོགས་རྩེད་གྲོགས་བུ་མོ་ཆུང་ཆུང་དེ་ཡིན།
དུས་ཚོད་སྐར་ཆ་ཁ་ཤས་འགོར་མ་འགོར་གྱི་བར་གླགས་དེར་ཁྱིམ་ཚང་དེའི་མར་རྒྱུད་ན་ཡོད་པའི་ཤིང་ཁང་གྲུ་བཞི་དེའི་ཤིང་སྒོ་ལ་ཙིར་སྒྲ་གྲགས་འོངས། དེ་དང་མཉམ་དུ་སྒེའུ་སྟེང་ན་འགུལ་གྱིན་པའི་ནག་རིལ་རིལ་གྱི་གྲིབ་གཟུགས་དེའང་ཕྱེད་ཀ་བརྒྱངས་ཟིན་པའི་ཤིང་སྒོ་དེའི་ནང་དུ་ནག་དུབ་སེར་འཛུལ་སོང་།
གོང་དུ་མིང་ནས་བཟུང་ཟིན་པ་ལྟར་བུ་མོ་དེའི་མིང་ལ་ཀླུ་མོ་ཞེས་འབོད། རྡོ་རྗེ་གར་སོང་ཆ་མེད་དུ་གྱུར་བའི་ལོ་ཟླ་དེ་ནས་བཟུང་མོས་ཁོ་མ་དྲན་པའི་ཉི་མ་ཞིག་ཕལ་ཆེར་མེད་ཟེར་ནའང་མི་ཆོག་པ་མེད། ལུག་ཁྱུ་དེད་ནས་རི་འགོར་ཐོན་དུས་དེ་ལས་ཀྱང་དྲན་མྱོང་། དྲན་གྱིན་དྲན་གྱིན་ལོ་ངོ་གསུམ་འགོར་སོང་། ད་ལྟ་མོ་ཡང་ལོ་བཅོ་བརྒྱད་ལ་སོན་ཡོད། ཕྲ་དགོས་སོ་ཕྲ་ཞིང་འབུར་དགོས་སོ་འབུར་ཡོད་པའི་བུ་མོ་སྒེག་ལྡན་མ་ཞིག་ཏུ་གྱུར་ཡོད། མ་ཚད་གཞུང་རྒྱུད་དྲང་ཞིང་རང་བཞིན་འཇམ་པའི་གཤིས་ཀ་ཞིག་ཀྱང་འཛོམས་ཡོད་པས་འཛངས་མ་ཞིག་ལ་གང་ཚང་བ་འཛོམས་ཡོད་ཟེར་ནའང་མི་ཆོག་རྒྱུ་ག་ལ་ཡོད། མོའི་སེམས་ངོས་སུ་བཞག་པའམ་བཏབས་པའི་བག་ཆགས་དང་ས་བོན་དེ་ལོ་ངོ་གསུམ་གྱི་གོ་རིམ་ཁྲོད་ནས་རིམ་བཞིན་མྱུ་གུ་འབུས་ཏེ་ར་ལག་དང་ཡལ་ག་རྒྱས་ཤིང་། ད་དུང་མེ་ཏོག་ཀྱང་བཞད་ཀྱིན་པའི་སྒང་ཡིན། ད་ལྟ་མོས་མོ་རང་གི་མེ་ཏོག་འདི་ཟ་མཁན་གྱི་སེམས་ཀྱི་ལུ་གུ་ཞིག་ལ་ངང་སྒུག་བྱེད་ཀྱིན་ཡོད། ཡིན་ནའང་མ་བསམ་ས་ནས་དོ་དགོང་མོའི་སེམས་ཀྱི་ལུ་གུ་དེ་མོའི་མདུན་ལ་སླེབས་འོངས་པ་ནི་མི་སུ་ཞིག་ལ་མཚོན་ནས་བཤད་ནའང་བློ་ཡུལ་དུ་ཤོང་དཀའ་བ་ཞིག་ཅི་ལ་མིན།
“ ངས་ཁྱེད་གཏན་ནས་ཡུལ་ལ་ལོག་གི་མ་རེད་བསམ། ཁྱེད་ཀྱིས་དེ་དུས་ང་ལ་བརྡ་ཞིག་ཀྱང་མི་རྒྱག་པར་འགྲོ་དོན་ཅི་ཞིག་ཡིན། ངས་ད་བར་དུ་ཁྱེད་ཀྱི་དོན་དུ་སེམས་ཁུར་བྱས་ནས་བསྡད་པ་ཡིན། ”ཡུན་རིང་ཞིག་འགོར་བའི་རྗེས་སྒྲ་འདི་འདྲ་ཞིག་ཤིང་ཁང་དེའི་གཏིང་རིམ་ཞིག་ནས་གྲགས་འོངས།
“ འུ་གཉིས་ཀྱིས་འབའ་ཆ་དང་རིལ་ཆའི་རོལ་རྩེད་ལ་གཡེང་བའི་ཉིན་དེའི་མཚན་མོར་ང་འདུག་སའི་ཁྱིམ་དེའི་མ་མོ་དང་ལུ་གུ་དགུ་སྤྱང་ཀིས་བསད་པ་ཁྱེད་ཀྱིས་ཀྱང་གོ་ཡོད་ཀྱི་རེད། དེའི་རྒྱུ་མཚན་གྱིས་ཁྱིམ་དེ་ནས་ང་ཕྱི་ལ་འཕུད་སོང་བ་རེད། དེ་དུས་ཁྱིམ་ཚང་དང་ཕ་མ་ཅི་ཡང་མེད་པའི་བྱིས་པ་ང་ལ་མཚོན་ནས་བཤད་ན་ཅི་དྲན་འདི་དྲན་དང་གར་འགྲོ་འདིར་འགྲོ་མེད་པས་ཁྱེད་ཡིད་ལ་ཤར་ཐབས་མ་བྱུང་ནི་རེད། ཡིན་ནའང་ཕ་ཡུལ་བསྐྱུར་ནས་ཕྱི་ཡུལ་འགྲིམས་པའི་ལོ་འདི་ཚོར་ངས་འུ་གཉིས་ཀྱི་ལུག་ཁྱུའི་རྗེས་ཀྱི་འཚོ་བའི་རྣམ་པ་དེ་ཡིད་ཀྱི་དགུ་ཞིག་ནས་དུས་ཚོད་སྐར་ཆ་ཙམ་ལའང་བརྗེད་ཐབས་མ་བྱུང་། ད་དུང་འདི་ནི་ངས་རང་གི་མི་ཚེའི་མགོ་རྩོམ་ས་དང་མཇུག་བསྡུ་སའང་ཨེ་ཡིན་སྙམ་ནས་ང་ཕྱིར་ཕ་ཡུལ་ལ་ལོག་པ་ཡིན། ”དེ་དུས་ཁོའི་སེམས་པ་སྐྱོ་ཉམས་དང་རེ་ལྟོས་ཀྱིས་ཁེངས་འདུག
“ ཁྱོད་ད་བར་གང་ནས་བསྡད་པ་ཡིན། ལས་ཀ་ཅི་ཞིག་བྱེད་ཀྱིན་བསྡད་པ་ཡིན། ”སྐབས་དེར་མོས་ཁོ་ལ་དྲིས་པའི་སྐད་ཀྱི་གདངས་དེ་ཇི་འདྲའི་ཞི་ཞིང་འཇམ་པ་ཞིག་རེད་ཨང་།
“ ང་ད་བར་ལྷ་ས་ནས་བསྡད་པ་ཡིན། ལས་ཀ་ཟ་ཁང་སོགས་ཀྱི་གཡོག་བྱས་ནས་བསྡད་པ་ཡིན ” ཁོ་རྫོང་མི་རིགས་སློབ་འབྲིང་ལ་ཞུགས་པའི་ལོ་དེར་ཁོ་ཁོའི་ཕ་དྲིན་ཅན་པོ་དང་མཉམ་དུ་རྫོང་ཐོག་ལ་ཐེངས་གཅིག་སོང་མྱོང་། དེ་དུས་ཁོའི་ཨ་མའི་མིང་བོ་ཆུང་བ་ཞིག་རོང་བོ་དགོན་པའི་ནང་གྲྭ་བ་བྱས་ཡོད། ཉིན་དེར་སློབ་གྲྭའི་ཡར་ཚོགས་ཀྱི་ཉིན་མོ་མིན་པས་ཟ་མ་དང་སྡོད་གནས་སོགས་ཀྱི་སྣེ་ལེན་བྱེད་ཀྱིན་མེད། དེའི་རྒྱུ་མཚན་གྱིས་མཚན་མོ་དེར་ཨ་ཕ་དང་ཁོ་གཉིས་ཨ་ཁུ་ཁོང་གི་གྲྭ་ཞག་ལ་སོང་ནས་ཞག་སྡོད་བྱས་མྱོང་། ཆེས་དཀའ་ཁག་ལ་འཕྲད་པའི་ཉིན་མོ་དེར་ཐོག་མར་ཁོས་ཁོ་རང་གི་ཨ་མའི་མིང་བོ་ཨ་ཁུ་དགེ་སློང་དེ་ཡིད་ལ་དྲན་པ་དང་དེ་ནས་ཁོའི་སར་བསྐྱོད་པ་ཡིན། དེ་དུས་འཇིག་རྟེན་འདིར་ཁོ་ལ་ཆེས་རེ་ལྟོས་འཆའ་ས་ཞིག་ཡོད་པའང་ཁོང་གཅིག་པུ་ཡིན། སྐྱབས་མེད་མགོན་མེད་རྣམས་ཀྱི་ཕ་ས་ལྟ་བུའི་ཞི་བདེ་བག་ཕེབས་ཀྱི་གནས་དེར་ཁོ་ཉིན་བཅུ་གྲངས་ལྷག་བསྡད་པ་དང་ལམ་ལྷོང་བྱུང་བ་ཞིག་ལ་ཨ་ཁུ་སྟོད་ཉི་མ་ལྷ་སའི་ཕྱོགས་ལ་མཇལ་སྐོར་དུ་འགྲོ་བ་དང་སྟབས་འཁེལ་བས་ཁོང་གིས་ཁོ་ཡང་ཤི་ཡུལ་གྱི་ཁོའི་ཕ་མ་གཉིས་ཀྱི་སེམས་བདེ་བའི་ཆེད་དུ་ཁོང་དང་མཉམ་དུ་འཁྲིད། དབུས་གཙང་ཕྱོགས་ཀྱི་མཇལ་བསྐོར་ཡོངས་སུ་འཇུག་རྫོགས་ནས་ཕྱིར་ཕ་ཡུལ་ལ་ལོག་པའི་ལམ་ལ་ཞུགས་དུས་ཁོ་ཁོང་གི་ཨ་ཁུའི་བཀའ་དང་ཁ་ཏར་རྒྱབ་ཀྱིས་ཕྱོགས་ནས་ལྷ་སར་བསྡད། དེ་ནས་བཟུང་ཁོ་ད་བར་ཕྱིར་ཕ་ཡུལ་ལ་ལོག་རྒྱུ་མ་བྱུང་།
“ ཁྱོད་ངོ་མ་བསོད་ནམས་ཆེ་གི ལྷ་ས་ཡང་མཇལ་དང་ནི་རེད། ”ཁོར་ལྷ་སར་མཇལ་བའི་གཏམ་རྒྱུད་དེ་ལ་མོ་ཡིད་སྨོན་དང་དད་སེམས་སྐྱེས། དེ་དུས་རྡོ་རྗེས་ཁོའི་ལྷམ་དང་སྟོད་ལྭ་སོགས་འཕུད་ནས་མོའི་དྲོད་འཇམ་དང་ལྷད་མེད་དྭངས་གཙང་གི་རུམ་ཁོང་ལ་འཛུལ་ནས་འདུག དེ་ནི་ཁོའི་ཨ་མའི་རུམ་ཁོང་ལ་འཛུལ་བ་དང་འདྲ་བར་ཇི་འདྲའི་སྤྲོ་སྐྱིད་ལྡན་པ་ཞིག་ཡིན་ཨང་། ཨ་མ་དང་གཏན་དུ་གྱེས་པའི་ལོ་ཟླ་དེ་ནས་བཟུང་ཁོས་འདི་ལྟ་བུའི་རུམ་ཁ་དྲོན་པོ་ཞིག་ལ་ངང་སྒུག་བྱས་ཡོད།
“ ལྷ་ས་ཟེར་ན་མིང་ཆེ་ནི་རེད། ཡིན་ནའང་རང་གི་ཕ་ཡུལ་ལས་ལྷག་པ་ཞིག་གང་ན་ཡོད། བྱ་རྒོད་པོས་ནམ་འཕང་ཇི་ལྟར་གཏད་ཀྱང་མཐའ་འཇུག་གི་འབབ་ས་ས་གཞི་འདི་ཡིན་པ་ཇི་བཞིན། ང་ཚོས་ཀྱང་ས་རྒྱང་ཐག་ལེ་དབར་ཇི་ལྟར་བརྒལ་ཡང་མཐའ་མཇུག་གི་ཞེ་འཁྲེང་ས་དང་སེམས་ཐོགས་ས་རང་གི་སྐྱེ་ས་སྐྱེ་ཡུལ་འདི་ཡིན་ནི་རེད། ཐག་རིང་འགྲིམས་མ་མྱོང་བའི་མི་རྣམས་ཀྱིས་གནས་ལུགས་འདི་རྟོགས་དཀའ་ཡང་། ས་མཐའ་འགྲིམས་མྱོང་བའི་མི་ཚང་མས་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་ཡུལ་མི་སྤུན་ཟླའི་རིན་ཐང་དང་བརྩེ་དུང་དེ་ཚོར་ནི་རེད། ངས་བསམ་ན་དེ་ནི་ང་ཚོའི་སེམས་ཀྱི་གདགས་སྲིབ་གང་ནའང་ཕ་ཡུལ་ལས་ལྷག་པའི་ས་ཆའམ་བྱ་དངོས་ལས་གཞན་ཅི་ཡང་མེད་སོང་བས་ལན་པ་རེད་སྙམ། ” ཁོས་མོ་དང་མི་འཚམས་པའི་གནས་ལུགས་ཅན་གྱི་སྐད་ཆ་དེ་དག་ལབ་དུས་ཀླུ་མོ་ཁོའི་ངོ་གདོང་དང་ཁ་ནང་ལ་ཅེར་ནས་འདུག སྐབས་དེར་ཁྱམས་ར་དང་དྲ་ངོས་ལ་གསལ་ཞིང་འཚེར་བའི་མཚན་མོ་དེའི་ཟླ་འོད་ཕོག་པས་ཁོ་གཉིས་ཀྱིས་ཕན་ཚུན་གྱི་ངོ་གདོང་རབ་རིབ་མག་མོག་ཅིག་མཐོང་ཐུབ། རབ་རིབ་མག་མོག་གི་འོད་མདངས་དེའིིིིིི་ངོགས་ནས་ཁོ་གཉིས་ཀྱིས་མགོ་སྔས་ཐོག་གཅིག་ལ་བཞག་ནས་སེམས་བརྩེ་བའི་འོ་ཆུ་གཅིག་ཏུ་བསྲེས་བཞིན་གཅིག་གཅིག་གི་གདོང་གི་འཛུམ་དང་རེ་བའི་སྙིང་གཏམ་གང་མང་ཞིག་ལ་སེམས་ཀྱིས་ཉན་གིན་མུ་མཐུད་དུ་ཁ་བརྡ་བྱས།
“ ལྷ་ས་མི་སྐྱིད་ན་ཁྱོད་ད་བར་དུ་ཡུལ་ལ་ཅི་ལྟར་མ་ལོག་པ་ཡིན། བློས་མི་ཐོངས་པའི་བུ་མོ་ཞིག་བསྐྱུར་མ་ཐུབ་པ་ཨེ་རེད། ” ཚིག་གི་ནང་ན་ཚིག་དང་རུས་པའི་ནང་ན་རྐང་ཡོད་ཟེར་བ་ཇི་བཞིན་སྐད་ཆ་འདིའི་ཁྲོད་ན་གོ་རྒྱུ་ཅན་གྱི་ཚིག་ཅིག་ཡོད་དམ།
“ དེ་འདྲ་ཞིག་ག་ལ་ཡིན། ང་ཡུལ་ལ་ལོག་ཀྱང་སྙིང་བོ་ཅི་ཞིག་ཡོད། ཕ་མ་དང་རང་ལ་དྲོད་ཁོལ་ལྡན་པའི་ཁྱིམ་ཚང་ཞིག་མེད་པས་་་་་་་ ”ཞེས་བཤད་དུས། མོས་ང་ནི་ཁྱེད་ཀྱི་སེམས་ཁོང་གི་མི་དེ་ཡིན་ཚེ་ངས་ཁྱེད་ལ་དྲོད་ཁོལ་ལྡན་པའི་ཁྱིམ་ཚང་ཞིག་བཟོས་ཆོག་ཅེས་སེམས་ནས་ཁོར་གླེང་འདོད་ཀྱང་ངག་ནས་ག་ལ་ཐོན།
“ དེས་ན་ད་ཐེངས་ཁྱོད་ཡུལ་ལ་ཅི་ལྟར་ལོག་པ་ཡིན ”ཁོའི་སེམས་ཀྱི་ཅི་ཞིག་རྟོགས་འདོད་ཡོད་པ་བཞིན་མོས་དེ་ལྟར་གཏིང་འདྲི་བྱས་ཡོང་།
“ ཁྱོད་བསམ་ནས་ཡོང་བ་ཡིན” ཁོའི་ངག་ནས་གློ་བུར་དུ་དེ་ལྟར་ཤོར། དྲང་མོར་བཤད་ན་དེ་ནི་གློ་བུར་ཞིག་ག་ལ་ཡིན། ཁོར་ཡུལ་ལ་ལོག་དོན་གྱི་གཙོ་བོ་ཡང་མཐར་གཏུགས་ནས་བཤད་ན་མོའི་ཆེད་དུ་ཅི་ལ་མིན།
“ རྫུན་མ་བཤད། ཁྱོད་ཀྱིས་ང་བསམ་ནས་ཡོང་ནི་ཡིན་ཟེར་ན་ངས་རྣར་མི་འགྲོ་གི ལྷ་ས་ལྟ་བུའི་གྲོང་ཁྱེར་ཆེན་པོ་ནས་བསྡད་ན་ང་ལྟ་བུའི་བུ་མོ་ནི་ཅི་ཞིག་རེད། ” ཁོའི་སྐད་ཆ་དེ་ནི་མདེའུ་ཞིག་ འདྲ་བར་མོའི་སྙིང་ལ་ཕོག་དུས་དེའི་རྨ་ཁ་ལས་གློ་བུར་དུ་མི་བདེ་བའི་ཚོར་བ་ཞིག་ལངས་ཀྱང་རིམ་གྱིས་རིམ་གྱིས་ལུས་སེམས་གཉིས་ཀ་ཡིད་ཚིམ་གྱི་བདེ་ཚོར་ཞིག་གིས་ཁྱབ་ཡོང་ནའང་མོས་མུ་མཐུད་དུ་ཚོར་སྣང་ཅི་ཡང་མེད་པའི་སྒོ་ནས་དེ་ལྟར་བཤད།
“ ལྷ་ས་ན་བུ་མོ་མང་བ་བདེན་ཡང་། ང་ལ་མཚོན་ནས་བཤད་ན་འཇིག་རྟེན་འདི་ནས་ཁྱེད་ལྟ་བུའི་སྙིང་ཉེ་བའི་བུ་མོ་ཞིག་གང་དུ་འཚོལ ” ཁོ་གཉིས་ཀྱིས་འདི་ལྟར་ཁ་བརྡ་བྱས་ཀྱིན་བྱས་ཀྱིན་ནམ་ཇི་ལྟར་ལངས་པ་གཏན་ནས་མ་ཤེས། སྐབས་ཤིག་ལ་ཀླུ་མོས་ཁོ་ལ་ནམ་ལངས་འདུག་ཞེས་བཤད་དུས་རྡོ་རྗེས་གཞི་ནས་དྲ་མའི་ཕྱི་ཡི་འོད་དེ་ཟླ་འོད་མ་ཡིན་པར་ནམ་གསལ་བའི་འོད་ཡིན་པར་རྟོགས། དེ་དུས་ཁོའི་སེམས་ལ་མཚན་མོ་དེའི་ནམ་དེ་ཅི་འདྲའི་ཐུང་བ་ལའང་སྙམ། མི་ཚད་ནམ་དེ་གཏན་ནས་ལངས་རྒྱུ་མེད་ན་སྙམ། གཅིག་བྱས་ན་ཁོས་དེ་ལྟར་བསམ་བློ་གཏོང་དུས་མོས་ཀྱང་དེ་ལྟར་སེམས་གྱིན་ཡོད་སྲིད། འོན་ཀྱང་འཇིག་རྟེན་ནི་ཁོས་སེམས་ལ་དྲན་པ་དེ་ཙམ་ཞིག་ག་ལ་ཡིན། བར་ཆད་དང་ཆག་སྒོ་མང་པོའི་མི་ཞིག་ལ་མཚོན་ནས་བཤད་ན་དེ་ནི་ད་དུང་ལྡོག་ཕྱོགས་སུ་འཁོར་འོངས་པ་ཞིག་ཀྱང་ཡིན།
དུས་ཚོད་ནི་སྐད་ཅིག་ཙམ་ལའང་སྡོད་དབང་མེད་པར་མདུན་ནས་མདུན་དུ་བསྐྱོད་དུས་ན་གཞོན་ཕོ་མོ་འདི་གཉིས་ཀྱི་བརྩེ་བའི་ཚོར་བ་ཟབ་ནས་ཟབ་ཏུ་འགྲོ་བཞིན་ཡོད་ལ། དེ་དང་བསྟུན་ནས་ཁོ་གཉིས་ཁོ་ན་ལ་དབང་བའི་གསང་བའི་འབྲེལ་བ་དེའང་གསལ་ནས་གསལ་དུ་འགྲོ ཕོ་གསར་ཚོའི་ཇ་ཁ་ཆང་ཁ་དང་མོ་གསར་ཚོའི་ཆུ་ལེན་ལམ་ཁ་གང་དུའང་ཁོ་གཉིས་ཀྱི་གཏམ་རྒྱུད་ཀྱིས་ཁྱབ་ཀྱིན་འདུག ཡིན་ནའང་དུས་ཡུན་ཇི་འདྲའི་རིང་པོ་ཞིག་འགོར་སོང་རུང་ཁོ་གཉིས་ཀྱིས་བསླངས་པའི་གནད་དོན་ལ་ད་དུང་ཡང་རྙིང་རྒྱུ་ཞིག་མེད། དེ་ནི་ཀླུ་མོའི་ཨ་ཕས་རྡོ་རྗེ་ལ་ཁྱི་ལྡོམ་དང་འགོངས་ཕྲུག ཕ་མེད་མ་མེད་ཁྱིམ་མེད་ཀྱི་དྭ་ཕྲུག་སོགས་ཀྱི་མིང་ནས་བཟུང་སྟེ་ཁོ་ལ་གཅར་རྡུང་བྱེད་ཀྱིན་ད་ནི་ཁྱེད་ངེད་ཚང་གི་རྒྱ་སྒོ་ཡར་ནང་ལ་གོམ་པ་ཞིག་སྤོས་ན་ངས་ཁྱེད་ཀྱི་རྐང་ཅིག་མ་བཅག་ན་ང་བུ་མིན་སོགས་བཤད་པའི་ཡིད་སྐྱོ་བའི་གནས་ཚུལ་རེད། ད་ནི་གནས་ཚུལ་དེ་ཡུལ་གྲུ་འདིའི་མི་ཐམས་ཅད་ཀྱིས་གླེང་གིན་འདུག་པ་མ་ཟད། མ་ཎི་ཁང་དུ་མ་ཎི་བསྐོར་གྱིན་པའི་རྒད་པོ་རྒན་མོ་ཐམས་ཅད་ཀྱིས་ཀྱང་དེ་ལྟར་གླེང་གིན་འདུག ད་དུང་ཁོ་ཚོས་འཇིག་རྟེན་མི་རྟག་པའི་རང་བཞིན་ཟེར་བ་ཅི་མ་བདེན། སྔོན་ཆད་ཁྱིམ་ཚང་དེ་རྟ་ནོར་ལུག་གིས་རི་ལུང་ཁེབས་ཤིང་བྲན་འཁོར་གཡོག་གིས་སྒོ་ཕྱི་ནང་ཁེངས་པའི་དཔོན་ཚང་བླ་མ་སྐྱབས་ཀྱི་ཁྱིམ་རྒྱུད་རེད། ཡིན་ནའང་ད་ལྟ་གཞན་གྱི་བརྙས་དམོད་དང་མནར་གཅོད་མྱོང་མཁན་ཞིག་གི་ཚད་དུ་ལྷུང་འདུག་པར་མ་ཟད། ཁྱིམ་རྒྱུད་དེའི་དུ་ཁུང་ནས་དུ་བ་ཆད་ནས་ཀྱང་ཡུན་རིང་ཞིག་འགོར་ཐལ། ཞི་ལི་དེ་ངོ་མ་སྙིང་མ་རྗེ་སོགས་ཀྱིས་ལབ་གླེང་བྱེད་བཞིན་ཁ་མུག་མུག་མུག་གིས་མ་ཎི་ཕྲེང་བ་བར་མེད་དུ་བགྲངས་འོངས།
རྡོ་རྗེ་རྫོང་མི་རིགས་སློབ་འབྲིང་ལ་ཞུགས་པའི་ལོ་དེར་ཕ་མ་གཉིས་ཀྱིས་ཁོ་ཁོའི་ཨ་ཕའི་སྲིང་མོ་ཨ་ཅེ་སྒྲོལ་དཀར་ཚང་ལ་བཅོལ་བསྡོམས་བྱས་རྗེས་ཨ་མྱེས་ཀྱི་རུས་ཐལ་འཁྱེར་ནས་སྟོད་ཉི་མ་ལྷ་སར་མཆོད་མཇལ་དུ་སོང་། སྟབས་མ་ལེགས་པ་ཞིག་ལ་ཨ་མྱེས་ཀྱི་ཁ་ཆེམས་ལྟར་མཇལ་སྐོར་ཡོངས་སུ་འཇུག་རྫོགས་ནས་ཕྱིར་ཕ་ཡུལ་དུ་ལོག་བཞིན་པའི་ལམ་བར་དུ་རླངས་འཁོར་གེགས་རྐྱེན་བྱུང་སྟེ་ཁོ་དང་ཕ་མ་སོགས་ཚེ་འདི་ཕྱི་གཉིས་ཀྱི་གདགས་སྲིབ་ཏུ་བཀར་ནས་གཏན་བྲལ་དུ་བཏང་། ཡ་ང་བའི་དོན་དག་དེ་ནི་དཔོན་ཚང་བླ་མ་སྐྱབས་ཀྱི་བུ་རབས་ཚ་རྒྱུད་རྣམས་ཀྱི་ཆག་འཇིག་ཅིག་དང་ལྷག་ཏུ་རང་ལོ་བཅུ་གསུམ་ལ་སོན་པའི་བྱིས་པ་རྡོ་རྗེ་ཡི་མི་ཚེའི་སྐྱོ་གར་ནི་དེ་བས་ཀྱང་ཅི་ལ་མིན། སྐབས་དེ་ཤེད་ནས་ཁོས་ཤེས་རིག་གི་ཐང་ཆེན་བསྐྱུར་ནས་ནོར་ལུག་གི་སུག་རྗེས་སྙེག་དགོས་བྱུང་ལ། ད་དུང་དྭ་ཕྲུག་ཅིག་གི་ལས་དབང་འཁུར་ནས་གཞན་ཁྱིམ་ཞིག་གི་སྒོ་ཐེམ་བརྒལ་བའི་བྱིས་པ་གཡོག་པོ་ཞིག་ཏུའང་གྱུར། གཏམ་རྒྱུད་ཅིག་འདི་ལྟར་ཤོད་ཀྱིན་འོངས་དུས་ཀླུ་མོའི་ཨ་ཕས་རྡོ་རྗེ་ལ་གཙེས་པའི་ཚིག་མཚོན་དེ་ལའང་རྒྱུ་མཚན་ཅི་ཡང་མེད་པའི་སེམས་ལ་གང་དྲན་གྱི་སྐད་ཆ་ཞིག་མིན་ཚུལ་རང་བཞིན་གྱིས་རྟོགས་འོངས། དྲང་མོར་བཤད་ན་ཁོ་ནི་ཕ་མ་མེད་པའི་དྭ་ཕྲུག་ཅིག་ཡིན་པ་བདེན་ཡང་ཁོར་སྡོད་གནས་ཁང་པ་དང་ཞིང་ས། འཇིག་རྟེན་འདིར་བདེ་སྐྱིད་ཀྱི་འཚོ་བ་རོལ་བའི་མདུན་པ་དང་ཕུགས་བསམ་བརྟན་པོ་ཡོད་པས་ཀླུ་མོའི་ཨ་ཕས་བཤད་པའི་སྐད་ཆ་དེ་དག་ནི་ཧ་ཅང་ཐལ་དྲགས་འདུག་སྙམ་པའི་སེམས་ཚོར་ཞིག་ཡུལ་གྲུ་འདིའི་མི་ཐམས་ཅད་ལ་ཡོད།
“ རྡོ་རྗེ། ཁྱེད་ངེད་ཚང་གི་ཨ་ཕའི་ཐོག་ལ་སྙིང་ལངས་གི ” ཀླུ་མོའི་ཨ་ཕས་རྡོ་རྗེ་ལ་གཅར་རྡུང་དང་བརྙས་དམོད་བྱས་པའི་རྗེས་ཁོ་མོའི་སྔས་མགོར་ཡུན་རིང་ཞིག་ལ་མ་སོང་། ཡིན་ནའང་ཉིན་ཞིག་གི་ཕྱི་དྲོར་གོ་སྐབས་ཤིག་བཙལ་ཏེ་ཁོ་གཉིས་གཡང་ལུང་སྡེ་བའི་སྡོང་ར་ཞིག་གི་ནང་དུ་ངོ་འཕྲད་དུས་མོས་ཁོ་ལ་འདི་ལྟར་དྲིས་མྱོང་།
“ ཁྱེད་ཡོད་དང་ན་ངས་འཇིག་རྟེན་འདིའི་སྟེང་གི་དཀའ་ངལ་དང་བརྙས་དམོད་ཡོད་ཚད་ལ་བཟོད་བསྲན་བྱེད་ཐུབ ”སེམས་གཏིང་ནས་འཕྱུར་པའི་སྐྱོ་གདུང་གི་སྐད་ཆ་དེ་ངག་ནས་ཐོན་པ་དང་ལྷན་དུ་མགོ་བོ་ཐོད་ལ་བཏེགས་ནས་ཡར་ཁའི་སྟོད་ཕྱོགས་ཀྱི་ཁ་སོ་རི་རྒྱུད་ལ་མཛུབ་མོ་སྟོན་བཞིན“ཀླུ་མོ། ས་ཆ་གན་མཐོང་དུས་ཁྱོད་ཀྱིས་ཅི་ཞིག་དྲན་གྱིན་འདུག ” ཚིག་མགོ་གཞན་ལ་བསྒྱུར་ཚུལ་ལ་བལྟས་ན་ཁོས་ཡིད་སྐྱོ་བའི་ཁ་བརྡ་དེ་མཇུག་སྐྱོང་འདོད་མེད་པ་འདྲ།
“ ངས་འུ་གཉིས་ཁོ་ན་ལ་དབང་མྱོང་བའི་བྱིས་དུས་ཀྱི་ལོ་ཟླ་དྲན་གི ”ད་ལྟ་ཁོ་གཉིས་འདི་ལྟར་ཕྱིར་དྲན་གྱི་ཀློང་ལ་ཞུགས་དུས་དེ་ནི་ཇི་འདྲའི་ཞི་བདེ་བག་ཕེབས་ཤིག་དང་རང་དབང་བདེ་སྐྱིད་ཀྱི་འཚོ་བ་ཞིག་རེད་ཨང་།
“ ངེད་ཚང་གི་ཨ་ཕས་ཁྱེད་ཀྱི་སྟེང་ལ་བཟུང་བའི་རྣམ་འགྱུར་འདི་འདྲ་ཞིག་མི་ཧྲ་གི མུ་མཐུད་དུ་འདི་ལྟར་སོང་ན་འུ་གཉིས་ཀྱིས་ཅི་ཞིག་བྱེད ”མགོ་བོ་དང་ཁར་སྨད་ནས་སྐད་ཆ་འདི་ལྟར་བཤད་དུས་མོའི་མིག་ཀོང་མཆི་མས་བརླན་འདུག
“ འཇིག་རྟེན་ན་རང་ཉིད་ལ་ཕ་མ་ལས་ལྷག་པའི་དྲིན་ཆེན་ཞིག་གང་ན་ཡོད། ད་ལྟའི་ཁྱེད་ཀྱི་བདེ་སྐྱིད་ཀྱི་འཚོ་བ་འདི་ཡང་ཁོ་ཚོས་ཁྱེད་ལ་བྱིན་ནི་རེད།ཁོ་ཚོའི་བཀའ་དང་རེ་བ་ཅི་བསྒྲུབ་བྱེད་དགོས་ནི་རེད། ”སྐབས་དེར་ཁོའི་མིག་ཟུང་རྒྱང་རིང་གི་གནམ་མཐར་ཅེར་འདུག
“ དེས་ན་ཁོ་ཚོས་ང་འདི་ལྟར་དམྱལ་ཁམས་ལ་དེད་ནའང་ངས་ཁོ་ཚོའི་རེ་བ་དང་འདོད་ལོ་ཡོད་ཚད་དང་ལེན་བྱས་ཚེ། འདི་ནི་ངས་ཁོ་ཚོར་བརྩི་བཀུར་དང་སྲུ་ཞུ་སྒྲུབ་པ་ཙམ་ཡིན་སྲིད་ཀྱང་། ཁོ་ཚོས་ང་སེམས་དང་ལུས་ཀྱིས་གཉོར་སྐྱོང་བྱས་བྱས་པའི་དམིགས་ཡུལ་འདི་ཡིན་ནམ ”དེ་ནི་ཕ་མ་གཉིས་ཀྱིས་མོའི་སེམས་ཀྱི་རེ་བ་དང་སྡུག་བསྔལ་རྟོགས་མ་ཐུབ་པ་ལས་བྱུང་བའི་ན་ཟུག་གི་སྐད་ཆ་ཞིག་ཅི་ལ་མིན།
“ ཁྱེད་ང་དང་འགྲོགས་སུ་མི་འཇུག་པའི་རྒྱུ་མཚན་གཙོ་བོ་ནི་ཁྱེད་ཀྱི་ཕ་མ་གཉིས་ཀྱིས་ཁྱེད་བསམ་ནི་རེད། མི་ཤི་ཁྱིམ་སྟོང་དུ་གྱུར་བའི་ཅང་མེད་འཁྱམ་པོ་ལྡོམ་པོ་ང་དང་ལྷན་དུ་བསྡད་ན་ཁྱེད་ཀྱིས་སྡུག་མྱངས་རྒྱུ་རེད་འདོད་ནི་རེད། ”རང་གི་ན་ཟུག་དང་འདོད་ལོ་ཡོད་ཚད་ཁོག་ཏུ་བཅུག་ནས་སྐད་ཆ་དེ་འདྲ་ཞིག་གླེང་བ་ནི་ཁོ་མི་དྲང་མོ་ཞིག་བྱེད་འདོད་པས་ཡིན་ནམ།
“ ང་ལ་མཁོ་བ་ནི་བརྩེ་དུང་དང་རང་དབང་ཡིན་པ་ལས་རྒྱུ་ནོར་དང་སྙན་གྲགས་མིན།” མོས་ངུ་ཤུམ་བྱེད་བཞིན་ད་དུང་“རྡོ་རྗེ། ང་ཁྱེད་དང་མཉམ་དུ་འདུག་ཐུབ་ན་ངས་ཆུ་འཁྱག་རྩམ་སྐྱ་ལྡག་དགོས་རུང་བཟོད་བསྲན་བྱེད་ཐུབ་”ཟེར། སྐབས་དེར་མོ་ཚོར་བའི་ཟབ་ས་ན་ལྷགས་འདུག ཨ་ཕ་གློ་བུར་དུ་མོའི་མིག་མདུན་ལ་ཐོན་པའི་དབང་དུ་བཏང་ནའང་ད་ནི་མོས་ཅི་ལའང་ཁ་ཡ་བྱེད་མི་སྲིད་པ་འདྲ།
“ ད་མ་ངུ་ ” ཞེས་བཤད་དུས་ཀླུ་མོ་རྡོ་རྗེ་ལ་འཐམས་འདུག དེ་དུས་གློ་བུར་དུ་གར་ཡོང་མི་ཤེས་པའི་བསིལ་རླུང་ཡང་མོ་ཞིག་ལྡང་ཡོང་། དེ་དང་བསྟུན་ནས་སེར་ཐིག་ལྷུང་བའི་ལོ་མ་མང་པོའང་ཁོ་གཉིས་ཀྱི་པང་དང་མདུན་རྒྱབ་གཡས་གཡོན་གང་རུང་དུ་ཤག་ཤག་ཤག་བབས་འོངས། སྐབས་དེར་ཉིན་ཁའི་རྭ་སྐོར་དེའི་ནང་དུ་རྡོ་རྗེ་དང་ཀླུ་མོ་གཉིས་ལ་ད་ནི་གྲག་འགུལ་ཅི་ཡང་མེད་པར་སྡོང་མགོ་ནས་འཐོར་འོངས་པའི་ཤག་ཤག་གི་ལོ་མའི་འབབ་སྒྲ་ལ་ཉན་འདུག སྒྲ་དེར་ཉན་གྱིན་ཉན་གྱིན་དེའི་གཏིང་རིམ་ཞིག་ནས་ལྗང་མདོག་གི་དུས་ཚིགས་ཤིག་མཇུག་བསྡུ་བཞིན་ཡོད་ཅེས་སྒྲོག་གིན་འདུག་པའི་ཚོར་སྣང་ཞིག་རང་བཞིན་གྱིས་སེམས་ལ་འཁོར་ཡོང་།
ཀླུ་མོ་ཨ་ཁུ་གཡུང་དྲུང་ཚང་གི་བུ་འབྲིང་བ་རྟ་འགྲིན་གྱི་ཆུང་མར་བྱིན་འདུག་ཅེས་པའི་གནས་ཚུལ་ཞིག་ཡུལ་གྲུ་དེའི་རི་ལུང་ཐང་གསུམ་གྱི་མི་རྣམས་ཀྱི་རྣ་ལམ་དུ་རླུང་ལྟར་གཡུག་ཡོང་། ཅང་མ་འགོར་བར་གནས་ཚུལ་དེ་ཀླུ་མོའི་རྣ་ལམ་དུའང་གྲགས་འོངས། གནས་ཚུལ་དེའི་མགོ་སྔ་གང་ལ་ཤེས་རྟོགས་དང་རྒྱུས་མངའ་ཅི་ཡང་མེད་པའི་མོར་མཚོན་ནས་བཤད་ན་དེ་ནི་ཧ་ལས་པ་དང་ཧོན་འཐོར་དགོས་པ་ཞིག་ཡིན་སྲིད་མོད། ཡུལ་གྲུ་དེར་མཚོན་ན་དེ་ནི་རྒྱུན་ལྡན་གྱི་འཚོ་བའི་སྣང་ཚུལ་ཞིག་ཅི་ལ་མིན། ཡུལ་གྲུ་དེའི་བུད་མེད་ཀྱི་ལས་དབང་ནི་མ་གཞི་ནས་དེ་འདྲ་ཞིག་ཅི་ལ་མིན། ཡོད་ཚད་གཞན་གྱིས་བཀོད་སྒྲིག་དང་བཀོད་འདོམས་ཀྱི་འོག་ཏུ་འཁོར་བསྐྱོད་བྱེད་པ་ཞིག་ཀྱང་ཅི་ལ་མིན། འཐད་མི་འཐད་ཀྱི་ཕྱོགས་ནས་ཨ་ཕས་མོར་གྲོས་མགོ་ཙམ་ཡང་མ་བཏོན་པ་དེས་རང་ལ་དྲོད་ཁོལ་གྱི་ཚེ་སྲོག་སྟེར་བའི་དྲིན་ཆེན་གྱི་ཨ་ཕ་ཡིན་ཡང་ཡིད་ཀྱི་དགུ་ཞིག་ནས་ཡི་ཆད་དང་ཞེན་ལོག་ཅིག་སྐྱེས་ཡོང་། དེ་དུས་མོའི་འཁྱག་ལ་འབྱར་བའི་འཇིག་རྟེན་དེར་དྲོད་ཁོལ་གྱི་ཉི་འོད་སྦྱིན་ཐུབ་མཁན་རྡོ་རྗེ་གཅིག་པུ་ལས་མེད་པར་སྙམ། ཁོ་ནི་མོའི་མི་ཚེའི་འཚོ་བའི་དོན་སྙིང་དང་མཛེས་སྡུག་ཡིན་པར་སྙམ། ད་ལྟ་མོར་ཁོ་ལས་ལྷག་པའི་རེ་བ་དང་སྐྱབས་བཅོལ་ས་ཞིག་ཀྱང་མེད་པར་སྙམ། འདི་ལྟར་བསམ་བློ་གཏོང་གིན་གཏོང་གིན་ཁེར་རྐྱང་དང་སྨག་ནག་གི་མཚན་མོ་གང་མང་ཞིག་ལ་དྲན་གདུང་དང་ན་ཟུག་གིས་ཁོ་ཡོང་བར་རེ་སྒུག་བྱས། དོན་དག་དེའི་མགོ་སྔ་གང་ལའང་མོར་ཤེས་རྟོགས་ཅི་ཡང་མེད་པར་ཁོར་སེམས་ཀྱིས་གླེང་ཐུབ་པར་རེ་སྒུག་བྱས། འོན་ཀྱང་དུས་ཚོད་ནི་ཆུ་བོ་ལྟར་བཞུར་ནས་ཟླ་ངོ་གཉིས་ལྷག་འགོར་ཡང་ཁོ་མོའི་སྔས་འགོར་སླེབས་རྒྱུ་གཏན་ནས་མ་བྱུང་།རེ་ལྟོས་དང་རེ་སྒུག་གིས་ཁེངས་པའི་སེམས་པ་ཞིག་འདི་ལྟར་ཁེར་རྐྱང་དང་སྐྱོ་གདུང་གིས་ཡུན་རིང་ལ་ལུས་པའི་མཐའ་མར་ཁོ་མོའི་སར་གཏན་ནས་ཡོང་མི་སྲིད་པའི་གནས་ལུགས་གཞི་ནས་རྟོགས། ཁོ་མོའི་སར་གཏན་ནས་ཡོང་མི་སྲིད་ཚེ་མོར་འཇིག་རྟེན་འདིར་གསོན་ནས་བསྡད་ཀྱང་དོན་སྙིང་ཅི་ཞིག་ཡོད་དམ་སྙམ། རྡོ་རྗེ་མོའི་སར་མི་ཡོང་བར་རྒྱུ་མཚན་མང་པོ་ཡོད། སྐབས་དེར་མོ་མི་གཞན་གྱི་མི་རུ་གྱུར་ཡོད་པ་དང་གཅིག གཉིས་ནས་མོས་རང་དབང་གི་བདམས་ཀ་དེ་ལ་ཁོས་བརྩི་བཀུར་ཞུ་འདོད་པ་དང་གསུམ་ནས་མོས་ཁོ་སེམས་ཀྱིས་དོར་ཏེ་མི་གཞན་གྱི་ཆུང་མར་བྱས་ཀྱང་རང་ཉིད་ད་དུང་ཡང་ཡིད་ཆད་མེད་པར་མུ་མཐུད་དུ་མོའི་སྒོ་ཁར་འཚང་བ་ནི་ངོ་ཚ་ཆེན་པོ་ཞིག་རེད་འདོད་པ་སོགས་ཀྱིས་ལན་པ་རེད། དྲང་མོར་བཤད་ན་ཁོ་གཉིས་ཀྱི་བར་ཐག་འདི་ལྟར་ཇེ་རིང་དུ་འགྲོ་བ་ནི་སྒྲུང་གཏམ་པ་སྟག་འབུམ་རྒྱལ་གྱི་<<ལྷིང་འཇགས་ཀྱི་རྩྭ་ཐང་>>ཁྲོད་ཀྱི་དབང་ལྡན་རྡོ་རྗེ་དང་སྒྲོལ་མ་དཀར་མོ་གཉིས་ཀྱིས་ཁོ་གཉིས་ལ་བྱུང་བའི་གནས་ཚུལ་ངོ་མ་བོ་གཅིག་གཅིག་གིས་རྒྱུས་ལོན་བྱེད་མ་ཐུབ་པའི་བར་གསེང་ནས་བྱུང་བའི་གོ་ལོག་གི་གཏམ་རྒྱུད་དང་འདྲ་བར་གནམ་རྒན་མས་མ་གཏོགས་སུས་ཀྱང་ཤེས་ག་ལ་སྲིད།
མིག་རྒྱང་མཐོང་ཚད་ཐམས་ཅད་སྐྱ་ཐང་ཐང་དུ་གྱུར་ཅིང་ཞེ་ལ་འཁོར་བ་ཡོད་ཚད་སྐྱོ་ལྷང་ལྷང་དུ་གྱུར་པའི་ལོ་ཟླའི་དུས་ཚོད་ཅིག་ལ་ཀླུ་མོས་རྡོ་རྗེ་དྲན་པའི་གདུང་བ་རི་རབ་ཅིག་སེམས་ལ་འཁུར་ཞིང་ཕ་མར་ཡི་ཆད་ཞེན་ལོག་ཅིག་སེམས་གཏིང་ནས་སྐྱེས་ཏེ་བྲག་དཀར་གཡང་གཟར་ལ་ལྕེབས་ནས་རང་སྲོག་བཅད། དུས་དེ་ནས་བཟུང་ས་སྲོད་དང་མཚན་མོའི་སྐབས་ལ་ལར་རྡོ་རྗེ་ཞེས་པའི་གདུང་དབྱངས་དང་ངུ་སྐད་འདྲེས་མའི་བུད་མེད་ཀྱི་འབོད་སྐད་རིང་མོ་ཞིག་བྲག་དཀར་གཡང་གཟར་ནས་དུས་རྒྱུན་དུ་གྲགས་འོངས་ལ། དེ་དང་བསྡོངས་ནས་ཀླུ་མོ་འདྲེ་རུ་ལོག་འདུག་ཅེས་པའི་གཏམ་ཡན་ཞིག་ཡུལ་གྲུ་དེའི་མི་རྣམས་ཀྱི་རྣ་ལམ་དུ་རླུང་ལྟར་གཡུག་འོངས། རིང་པོ་ཞིག་མ་འགོར་པར་གནས་ཚུལ་དེ་ཀླུ་མོའི་ཕ་མ་གཉིས་ཀྱི་རྣ་ལམ་དུའང་གྲགས་ལ། སྐབས་དེར་སྔོན་ཆད་བུ་མོའི་རང་དབང་གི་འཚོ་བར་ཁོས་ལག་པ་བསྲིངས་པའི་དོན་དག་ཡོད་ཚད་ལ་བློ་འགྱོད་གཏིང་ནས་སྐྱེས་ཀྱིན་པའི་ཀླུ་མོའི་ཨ་ཕས་ཇ་དང་ཁ་བཏགས་འཁྱེར་ཏེ་ཡང་བསྐྱར་མོའི་ཤི་ཡུལ་གྱི་སྔས་མགོ་བླ་མ་བློ་བཟང་རྒྱ་མཚོའི་སྐུ་མདུན་དུ་བཅར་ནས་གནས་ཚུལ་ཇི་མ་ཇི་བཞིན་རིན་པོ་ཆེ་ཁོང་ཚང་གི་སྙན་དུ་ཞུས། དེ་དུས་ཁོང་རིན་པོ་ཆེ་ཚང་གིས་བསམ་གཞིག་ཅི་ཡང་མི་བྱ་བར་ཕྱག་མགོ་ནས་ཕྲེང་བ་བླངས་ཤིང་མིག་ཟུང་བཙུམ། ངག་ནས་ཅི་ཞིག་ཟློ་བཞིན་མཐེབ་མཛུབ་དང་གོང་མཛུབ་གཉིས་ཀྱིས་ཕྱག་གི་ཕྲེང་བ་ཡར་འདེད་མར་འདེད་ཙམ་བྱས་པའི་མཐའ་མར་གཞི་ནས་གསུང་རྒྱུར“ འོ། མོའི་རྣམ་ཤེས་ད་ལྟ་བར་དོའི་ཁམས་ན་འཁྱམས་འདུག ཕལ་ཆེར་དངོས་པོ་ཞིག་ལ་ཞེ་ཐོགས་ཀྱིན་པ་འདྲ། རྩ་ཆེན་འདྲ་ཡོད་ན་འདིར་འཁྱེར་ཤོག་དང་ངས་དེ་དང་མཉམ་དུ་མོར་ལམ་འཇུག་བྱས་ཆོག ད་དུང་སྒྲོལ་མ་ཚར་སྟོང་གཅིག་ཐོན་དང་སྐྱོན་མེད་ ”ཞེས་གསུངས་བཞིན་ཁོ་ཕྱིར་མངགས། ཁོ་ཕྱིར་ཡུལ་ལ་ལོག་རྗེས་རིན་པོ་ཆེ་ཚང་གིས་བཀའ་བཞིན་ཀླུ་མོ་འཇིག་རྟེན་མི་ཡུལ་དུ་གསོན་དུས་ཀྱི་བྱུ་རུའི་སྐེ་རྒྱན་དང་དངུལ་གྱི་རྣ་ལུང་སོགས་ཕྱིར་འཁྱེར་ནས་ཨ་ལག་ཚང་ལ་ཕུལ་ཞིང་མ་ཟད་སྒྲོལ་མ་ཚར་སྟོང་གཅིག་པོ་ཡང་སྡེ་བའི་ནང་གི་སྐྱེས་བ་སྐོར་ཞིག་བཅོལ་ནས་ཆད་ལྷག་གཅིག་ཀྱང་མེད་པར་ཉིན་གཅིག་ལ་བསྒྲུབས། ཡིན་ནའང་ཨ་ལག་ཚང་གི་གསུངས་ཇི་མ་ཇི་བཞིན་བསྒྲུབས་ནས་ད་ལྟ་ཟླ་བ་གཅིག་ལྷག་འགོར་སོང་རུང་བྲག་དཀར་ལུང་པའི་ཕུག་ནས་གྲགས་ཡོང་བའི་བུད་མེད་ཀྱི་འབོད་སྐད་རིང་མོ་དེ་ཞག་གཅིག་ལའང་གཏན་ནས་མཚམས་ཆད་མ་མྱོང་།
བྱིས་པ་ཚོ་རང་རང་སར་བྲོས་ཤིང་ན་གཞོན་ཚོ་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་བའི་ལོ་སར་ནུབ་རྩེད་སྐབས་ཀྱི་དུས་ཚོད་སྐར་མ་དེར་རྡོ་རྗེ་བྲག་དཀར་གཡང་གཟར་གྱི་རིའི་རྩེ་མོ་ན་ཀྲོང་ངེར་ལངས་འདུག དེ་དུས་ཁོའི་ཉེ་འགྲམ་ནས་ཁོའི་མིང་ནས་འབོད་ཀྱིན་པའི་བུད་མེད་ཀྱི་འབོད་སྐད་དེ་གྲགས། དེ་དང་ལྷན་དུ་ཁོས“ ཀླུ་མོ། ཁྱེད་ཀྱིས་ཅུང་ཙམ་སྒུག་དང་ང་ཡོང་གིན་ཡོད་ ”ཅེས་བཤད་བཞིན་འཇིག་རྟེན་ལ་ཞེན་ཐོགས་དང་ཞེན་ལུས་ཅི་ཡང་མེད་པར་གཡང་ལ་ལྕེབས། མཚན་མོ་དེར་འཁྱག་སིབ་སིབ་ཀྱི་ཁ་བའི་འདབ་མ་རེ་རེ་ཁུ་སིམ་དང་ལྷིང་འཇགས་ཀྱི་ཀློང་ནས་ཡུལ་གྲུ་དེའི་དུད་ཁྱིམ་རེ་རེའི་ཁང་ཀླད་དུ་བབས་དོན་སུས་ཀྱང་དོ་སྣང་བྱེད་མི་སྲིད།
དུས་དེ་ནས་བཟུང་། དུས་རྒྱུན་རྣ་ལམ་དུ་འཁོར་འོངས་པའི་བྲག་དཀར་ལུང་པའི་བུད་མེད་ཀྱི་འབོད་སྐད་རིང་མོ་དེ་སུས་ཀྱང་ཐོས་མ་མྱོང་ངོ་།

རྩོམ་ཁུངས། ངེད་དྲ་བ།