བྲག་དཀར་སྡེ་པའི་རྩོད་རྙོག

                                          ___བརྩམས་སྒྲུང༼མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ༽
   དེ་ཡང་སྤྱིར་མེ་ཏོག་ལྡུམ་རའི་ཀླན་ཀ་ཞེས་པའི་བཅད་ལྷུག་སྤེལ་མའི་བརྩམས་ཆོས་འདི་སེམས་མེད་བེམ་པོ་ལ་སྦྱར་ནས་མེ་ཏོག་གི་ཚོགས་རྣམས་ཀླན་ཀ་བྱུང་ཚུལ་བརྗོད་ཀྱང་། དོན་དངོས་ཐོག་སེམས་མེད་བེམ་པོའི་རྩོད་ལན་ཞིག་མ་ཡིན་པར་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད། རྒྱལ་ཁབ་དང་།  ཡང་ན་ལུང་ཚན།  སློབ་གྲྭ  གྲོང་ཚོ།  ཐ་ན་ཁྱིམ་ཚང་ལའང་།  རྩོད་ལན་འདི་འབྱུང་བཞིན་པ་ཞིག་ཡིན་པས་སྤྱི་ཚོགས་འཚོ་བའི་ཁྲོད་མི་སྣ་འགའ་ཤས་ཀྱི་ཚབ་མཚོན་ཆེད་སེམས་མེད་བེམ་པོ་ལ་སྦྱར་ནས་མེ་ཏོག་ལྡུམ་རའི་ཀླན་ཀ་ཞེས་པའི་ཆེད་རྩོམ་འདི་སྤེལ།  འོ་ན་ངེས་དོན་དུ་མེ་ཏོག་ལྡུམ་རའི་ཀླན་ཀ་འདིའི་དགོངས་དོན་ཇི་ལྟར་འགྲེལ་ཞེ་ན།  འདི་ནི་སྤྱི་ཚོགས་ཆུང་ཆུང་ཞིག་ལ་སྦྱར་ན་འོས་འཚམ་ཞིག་མཐོང་བས།   ཆེད་རྩོམ་འདི་ཡི་དགོངས་དོན་ཅུང་འགྲེལ་ན།  དེ་ཡང་སྤྱིར་མེ་ཏོག་ལྡུམ་རའི་ཀླན་ཀའི་ནང་ཚབ་མཚོན་མི་སྣའི་མེ་ཏོག་དུ་མ་ཞིག་ཡོད་ཀྱང་དེ་དག་གི་བཟང་སྤྱོད་དང་གཤིས་ཀ་ནི་མེ་ཏོག་རང་རང་གི་སྐབས་ན་འཆད་པར་འདོད།    
           ཨ་མ་གཡུ་སྒྲོལ་གྱིས་ངལ་རྩོལ།
  སྔར་བྲག་དཀར་སྡེ་པ་ཟེར་བའི་གྲོང་ཚོ་ཞིག་ན་ཨ་མ་གཡུ་སྒྲོན་ཞེས་པ་ཞིག་ཡོད།   ཁོང་ནི་སྤྱི་ཚོགས་ལ་ལྷག་བསམ་ལྡན་
ཞིང་རང་གཤིས་དྲང་ལ་རྒྱུན་དུ་རང་ཉིད་སྤྱི་ཚོགས་ཀྱི་ལས་དོན་ལ་ཧུར་བརྩོན་དང་རང་གི་ཆབ་འོག་དུ་ཡོད་པའི་མང་
ཚོགས་ལ་ཉེ་རིང་མེད་པ་བྱམས་སྐྱོང་བྱེད་བཞིན་ཡོད།   ཁོང་ཉིན་ལྟར་སྤྱི་དོན་ལ་འབད་བརྩོན་ལྷོད་མེད་བྱས་མཐར།
ཉིན་ཞིག་ཁོང་ཅུང་ཟད་ཐང་ཆད་དེ་ངལ་གསོའི་ཆེད་དུ་རང་གི་ལས་ཤག་ནང་བསྡད་དེ་སྙན་གྱིས་ཕྱི་ལ་ཉན་ཞིང་སྤྱན་གྱིས་
རྒྱང་རིང་དུ་ལྟ་སྐབས།
          ཧ་ལོ་བདེ་སྐྱིད་ཀྱིས་ཨ་མ་གཡུ་སྒྲོན་ལ་ལྟ་སྟངས།
 
  ཁོང་གི་ཆབ་འོག་ཏུ་ཧ་ལོ་བདེ་སྐྱིད་ཞེས་པའི་གཞུང་ཞབས་མི་སྣ་ཞིག་ཡོད། ཁོང་ནི་ཕྱི་ཡི་སྐྱེ་གཟུགས་མཛེས་ལ་འབྱོར་ལྡན་ཁྱིམ་ཚང་ཞིག་གི་བུ་མོ་ཡིན་སྟབས་རྒྱུན་དུ་ཧ་ཅང་ང་རྒྱལ་དང་ཁེངས་དྲེགས་ལྡན་ཞིང་ལེ་ལོ་ཅན་ཞིག་ཡིན་པ་མ་ཟད།  ད་དུང་སྤོབས་སེམས་ཆེ་ཞིང་རྒྱུན་དུ་ཁོང་གིས་ང་ནི་སྡེ་ཁག་འདི་ཡི་མི་སྣ་གཙོ་བོ་ཞིག་ཡིན་པ་དང་མ་འོངས་པ།   ང་ཁོང་ཚོའི་འགོ་དཔོན་བྱ་དགོས་སྙམ།  ཉིན་ཞིག་ཁོང་ཆུ་ཚོད་བཅུ་པ་ཡས་མས་ཤིག་ལ་ལས་ཁུངས་སུ་ཡོང་ནས་བྱ་རྨྱང་ཞིག་བྱས་ཏེ་འདི་ལྟར་སྨྲས།  ཉི་མ་ནི་ཤར་རི་ནས་རྒྱང་ཐག་གང་ཙམ་སླེབས་ཀྱང་ཨ་མ་གཡུ་སྒྲོན་ད་དུང་ལས་ཤག་དུ་མ་སླེབ་པས་གང་ཞིག་ཡིན་ཞེས་ཟེར་ནས་ཆིག་ལབ་བརྒྱབས།  ཨ་མ་གཡུ་སྒྲོན་སྔ་པོ་ནས་དུས་ཚོད་ཏག་ཏག་ལས་ཤག་ནང་ལས་ཀ་བྱས་ནས་ངལ་གསོ་བའི་སྐབས་དང་ཁེལ་ཏེ་ཁང་པའི་སྒེའུ་ཁུང་འགྲམ་དུ་ཉི་མ་དྲོས་ནས་ཐོསའཛིན་དབང་པོས་ཧ་ལོ་བདེ་སྐྱིད་ཀྱི་ཕྱོགས་སུ་ཉན་པ་ན། ཧ་ལོ་བདེ་སྐྱིད་ཀྱིས་ཁོང་ལ་ཆིག་ལབ་བརྒྱབས་པ་ཐོས་ནས་ཨ་མ་གཡུ་སྒྲོན་ནི་ཡ་མཚན་སྐྱེས་ཏེ་ལག་པས་མིག་ཕུར་ཙམ་ཕུར་ཙམ་བྱེད།
         སེ་བ་ཀུ་དགའ་སྒྲོལ་མས་ཧ་ལོ་ལ་འདུ་ཤེས་འཛིན་སྟངས།
 
  སྐབས་དེར་ཁོང་ཚོའི་ལས་ཁུངས་ནང་ཤེལ་གྱིས་བཟོས་པའི་ཁང་མིག་ཆུང་ཆུང་ཞིག་ཡོད་ཅིང་། དེ་ཡི་ནང་ཧ་ལོ་བདེ་སྐྱིད་དང་ལས་རོགས་གཅིག་པ་སེ་བ་ཀུན་དགའ་སྒྲོལ་མ་ཟེར་བའི་བུ་མོ་སྐྱེས་གཟུགས་ལེགས་ཤིང་གདོང་དབྱིབས་སྒོར་ལ་ཅུང་སེར་མདངས་ཅན་ཞིག་ཡོད།  ཁོང་ནི་རང་གཤིས་དྲང་ལ་གཞན་གྱི་སྐྱོན་མཚང་གང་མཐོང་ཡང་རྒྱབ་བཤད་ལ་མི་དགའ་ཞིང་ཐད་འདོན་བྱེད་པའི་བུད་མེད་ཅིང་ཡིན་སྟབས།  ཨ་མ་གཡུ་སྒྲོན་གྱིས་རྒྱབ་མདུན་ངོ་ལྐོག་མེད་པར་ལྷག་བསམ་རྣམ་དག་གིས་སྤྱི་ཚོགས་ལས་དོན་ལ་ཧུར་བརྩོན་དང་མང་ཚོགས་ལ་བལྟ་སྐྱོང་ཇི་ཙམ་བྱས་ཀྱང་།  ལེགས་ཉེས་ཀྱི་བླང་དོར་རྨོངས་པའི་ཧ་ལོ་བདེ་སྐྱིད་ཀྱིས་ཨ་མ་གཡུ་སྒྲོན་ལ་འདི་ལྟར་སྐྱོན་བརྗོད་བྱས་པ་ནི་འོས་འཚམ་ཞིག་མིན་སྙམ་ནས།   ཁོང་གིས་མགོ་བོ་གཡུགས་ཙམ་བྱས་ནས་ཧ་ལོ་བདེ་སྐྱིད་ལ་འདི་ལྟར་སྨྲས་ཏེ།   ཧ་ལོ་གཟུགས་བཟང་ཚུར་ལ་གསོན་དང་།  ཁྱོད་ནི་གཉིད་ལ་དགའ་བས་མ་ཚོར་བ་མ་གཏོགས་ཨ་མ་གཡུ་སྒྲོན་ནི་རྣམ་ཀུན་དང་འདྲ་བ་ཉི་མ་མ་ཤར་གོང་ནས་ལས་ཁུངས་ཡོངས་རྫོགས་ལ་བལྟ་སྐོར་ཕྱིན་པ་དང་།  ད་ལྟ་ལས་ཤག་ཏུ་ངལ་གསོ་བྱེད་བཞིན་པའི་སྐབས་རེད་ཅེས་སྨྲས་པ་དང།
      ཧ་ལོའི་ང་རྒྱལ་དང་སེ་བ་ཀུན་དགའ་སྒྲོལ་མ་ལ་དམའ་འབེབ།
 
  ཧ་ལོ་བདེ་སྐྱིད་ཀྱི་བསམ་པར་ང་ནི་མཛེས་པའི་སྐྱེས་གཟུགས་ལེགས་ལ་ཞིམ་པའི་དྲི་བསུང་འཐུལ་བ་མ་ཟད།  ད་དུང་སྐྱ་སེར་དབྱེ་བ་མེད་པ་ང་ལ་དགའ་བའི་འཛུམ་མདངས་སྟོན་བཞིན་སྙན་པའི་གླེང་མོལ་བྱེད་པའི་སྐབས་འདིར།  ཁོང་ང་ལ་མིག་ཚ་བ་དང་ཡིད་མ་རངས་ལ།  ད་ལན་འདོད་པར་མི་འགྲོ་བའི་གཏམ་དེ་ལྟ་བུ་བརྗོད་པ་ཐོས་མ་ཐག་ཁོང་གིས་སེེ་བ་ཀུན་དགའ་སྒྲོལ་མ་ལ་འདི་ལྟར་སྨྲས་ཏེ།  སེ་བ་ཀུན་དགའ་ཁྱོད་ཀྱི་གཏམ་གྱི་མདའ་མོ་ང་ལ་བསྣུན་པ་དེ། རྐྱེན་གཅིག་མེད་པར་མི་ཡོང་བས། མེ་མེད་པར་དུ་བ་མི་འབྱུང་བ་ནི་འཇིག་རྟེན་ཀུན་གྱི་ཤེས་ཤིང་དེ་རིང་ཁྱོད་ཀྱིས་ང་ལ་ཟུར་ཟའི་གཏམ་འདི་ལྟར་སྒྲོགས་པ་ནི།  ཀླད་མེད་བྱིས་པ་ཁྱོད་ཕྲག་དོག་ལངས་པའི་རྟགས་མཚན་གསལ་པོ་རེད། ཁྱོད་ཀྱིས་ང་ལ་ཕྲག་དོག་དང་ཞེ་སྡང་ཅི་ཙམ་བྱས་ཀྱང་ང་ཡི་ལང་ཚོའི་མཛེས་སྡུག་ལ་མི་གནོད་པ་མ་ཟད།  ང་ཡི་སྐྱེས་གཟུགས་ཕྲ་ལ་རིང་ཞིང་ཙ་རིའི་སྨྱུག་མ་དང་འདྲ་བའི་ལང་ཚོའི་སྒེག་ཉམས་འདི་ལ་དབང་ཆེན་དཔོན་པོ་རྣམས་ཀྱང་ཡིད་དབང་མི་འཕྲོག་པ་གཅིག་ཀྱང་མེད་པས།   ང་ལྟ་བུའི་མཛེས་ལྡན་བུ་མོ་ནི་ཕོ་བརྒྱ་སེམས་པ་ཤོར་ས་དང་མོ་བརྒྱ་སྙིང་རླུང་ལྡང་ས་ཤིག་ཡིན་པ་མ་ཟད།  ད་དུང་ང་ལྟ་བུའི་ཕྱིའི་སྐྱེས་གཟུགས་ལེགས་ཤིང་ནང་གི་ཡོན་ཏན་ལྡན་པའི་མི་སྣ་ཞིག་མེད་ན་བྲག་དཀར་སྡེ་པ་ཞེས་པའི་མིང་ག་ལ་ཐོབ།   བྲག་དཀར་སྡེ་ཁག་ནི་ང་ལ་མ་ལྟར་བྱམས་ཤིང་བུ་ལྟར་སྐྱོང་བ་ཡིན་པ་མ་ཟད་གྲོང་སྡེའི་གྲོང་མི་རྣམས་ང་ལ་འཁོར་བཞིན་ཡོད་པ་དང་།  སེ་བ་ཀུན་དགའ་སྒྲོལ་མ་ཁྱོད་ལྟ་བུའི་ཀླད་མེད་ཐ་ཤལ་རྣམས་བྲག་དཀར་སྡེ་པར་ཇི་ཙམ་མང་ཡང་གད་སྙིགས་ལྟར་ཡིན་པས་མེད་ན་དགའ་ཞེས་དང།  ཡང་མཛེས་ལྡན་ང་ལ་སུ་ཡིས་འགྲན་མི་སྤོབས་པས་རང་ཉིད་སྡུག་ཚོད་ཟིན་པ་དགའ་ཞེས་དང་།  ཁྱོད་ཀྱི་གདོང་མདོག་ལ་ལྟོས་དང་།  ལོ་གསུམ་མཁྲིས་ནད་ན་བའི་གདོང་གཤིས་དང་མཚུངས་པ་མ་ཟད་སྐྱེས་གཟུགས་གཏེ་བོ་ཁྲུ་གང་མ་ལོན་པ་དེ་ཡང་ཟས་བཅུད་མ་བཞུ་བའི་རྟགས་མཚན་གསལ་པོ་རེད།  ད་དུང་ཁྱོད་ཀྱི་ལུས་དེ་ཡང་རེག་བྱ་རྩུབ་ལུགས་ལ་བལྟས་ན་སྡུག་སེམས་དུག་ལྟར་གནག་པའི་རྟགས་ཤིག་ལས་མ་འདས། ཡང་བསྐྱར་ཁྱོད་ཀྱིས་ཤེས་དགོས་པ་ནི་བྲག་དཀར་སྡེ་པ་ཞེས་ཅུང་སྙན་གྲགས་ཡོད་པ་དེ་ཡང་ལང་ཚོ་དར་བའི་མཛེས་ལྡན་མ་ང་ལྟ་བུ་ཞིག་མེད་ན་བྲག་དཀར་སྡེ་པ་ཞེས་པའི་མཚན་སྙན་གང་ནས་ཐོབ།  ང་ལྟ་བུའི་ཕྱི་ཡི་སྐྱེས་གཟུགས་ལེགས་ཤིང་ནང་གི་ཡོན་ཏན་ལྡན་པའི་བུད་མེད་ཞིག་ལ་ཅུང་ཟད་གཉིད་ལ་དགའ་བའི་རྒྱུ་མཚན་གྱིས། འོས་མིན་དམའ་འབེབས་བྱེད་པ་ནི་ཁྱོད་རང་ཧམ་པ་ཆེ་དྲགས་པ་རེད་ཞེས་ཧ་ལོ་དཀར་པོས་སྐད་གསེངས་མཐོན་པོས་སྒྲོགས་པའི་མཚམས་འདིར།
       ཨ་མ་གཡུ་སྒྲོན་གྱིས་བསམ་བློ་འཁོར་ཕྱོགས།
 
  ཨ་མ་གཡུ་སྒྲོན་གྱི་ཁང་པའི་དྲ་བའི་ནང་དུ་ཁ་ཕྱེད་ཙམ་གདངས་ཤིང་འདྲེན་བྱེད་ཟུང་ཅེ་རེར་ཀླན་ཀའི་ཚིག་ལ་ཡ་མཚན་ཧ་ལས་ཀྱིས་རྣ་བ་བཅུད་དུ་འཛིན་བཞིན་པའི་ཨ་མ་གཡུ་སྒྲོན་གྱིས་འདིལྟར་སྙམ་སྟེ། བྲག་དཀར་སྡེ་པ་ཞེས་པའི་མཚན་སྙན་འདི་ལྟར་གྲགས་པ་ནི།  ང་ཚོའི་སྤྱི་ཚོགས་ནང་དུ་ཡོད་པའི་ལས་ཀྱི་སྣེ་མོར་གཏོགས་པ་ཚང་མས་ཕྱར་བ་གྲུ་འདེགས་བྱས་ནས་གྲུབ་པ་ཞིག་ཡིན་ཡང་།  ཧ་ལོ་བདེ་སྐྱིད་ཀྱིས་བཤད་པ་བཞིན་ང་ཚོ་བྲག་དཀར་སྡེ་པ་ཞེས་པའི་མཚན་སྙན་བཟང་པོ་དེ་ཧ་ལོ་ཁོ་ན་ལ་བརྟེན་ནས་བྱུང་བ་མ་ཡིན་པ་གཞུང་ཞབས་ཡོངས་ཀྱིས་ལས་དོན་ཧུར་ཐག་བྱས་པའི་འབྲས་བུ་ལ་ངོས་འཛིན་བྱེད་དགོས་སྙམ།  ད་དུང་ཨ་མ་གཡུ་སྒྲོན་གྱིས་བསམ་པ་དུས་དང་རྣམ་པ་ཀུན་ཏུ་ངས་སྤྱི་ཚོགས་ཡོངས་ལ་ཉེ་རིང་དང་ཆགས་སྡང་མེད་པར་གཅིག་མཚུངས་ཀྱི་སྐྱེད་སྲིང་འདི་ལྟར་བྱས་ཀྱང་སྤྱི་ཚོགས་འདིའི་ཁྲོད་ན་འགའ་ཤས་ལ་ང་རྒྱལ་དང་ཁེངས་དྲེགས་རློམ་སེམས་འདི་ལྟར་བྱུང་བ་ནི་ཡ་མཚན་གྱི་རྒྱུ་ཡིན་ཀྱང་།  འཇིག་རྟེན་ན་ཡིད་དབང་འཕྲོག་པའི་དཀར་གསལ་ཟླ་བ་ལ་ཡང་མི་སྡུག་རྣ་བ་རིང་བ་རི་བོང་གི་གྲིབ་མ་འཁོད་པ་ལ་བསམ་ཚེ།  ཧ་ལོ་བདེ་སྐྱིད་ལྟ་བུ་མི་རེ་ཟུང་སྤྱི་ཚོགས་ན་ཡོང་སྲིད་པ་ཞིག་ཡིན་པས་ཧ་ལས་པ་དང་ཧོན་འཐོར་དགོས་རྒྱུ་གང་ཡང་མི་འདུག་སྙམ།  འོན་ཀྱང་དེ་རིང་ཁོང་ཚོའི་བར་གྱི་རྩོད་ལན་བྱུང་བ་ལ་བརྟེན་ནས་མང་ཚོགས་ལ་ཡང་སློབ་གསོའི་ནུས་པ་ཞིག་འདུག་སྙམ།  མ་ཟད་ཕན་ཚུན་ལྟ་བ་མི་འདྲ་བ་ལ་བརྟེན་ནས་མི་དང་མིའི་བར་གྱི་རྩོད་ལན་འདི་ལྟར་བྱུང་བས་སྤྱི་ཚོགས་སྟེང་མི་སྣ་བཟང་ངན་མང་པོ་ཞིག་ངོས་འཛིན་ཐུབ་པ་བྱུང་སྙམ་ནས་སླར་ཡང་ཀླན་ཀ་ལ་ཉན་ནོ།།
   ཧད་ཏཱ་ཚེ་དཔག་གིས་ཧ་ལོ་བདེ་སྐྱིད་ཀྱི་སྐྱོན་རྣམས་དྲང་པོ་བརྗོད་པ།
   སྐབས་དེར་སེ་བ་ཀུན་དགའ་སྒྲོལ་མའི་གྲོགས་མོ་ཧད་ཏཱ་ཚེ་དཔག་ཅིང་པ་ཞིག་ཡོད་ཅིང་། ཁོང་གིས་རང་གི་སྐྲ་ལ་བྱིལ་བྱིལ་དང་ཕུར་ཕུར་བྱས་ཏེ་ངག་འཇམ་པོའི་སྒོ་ནས་འདི་ལྟར་སྨྲས་སོ།། སྐྱེས་གཟུགས་ལེགས་ལ་འབྱོར་པ་ལྡན་པའི་ཧ་ལོ་བདེ་སྐྱིད་ལགས་ཁྱོད་ཀྱི་ང་ལ་གསོན་དང་།  ངས་ཁྱོད་ལ་ལྷད་མེད་པའི་དྲང་གཏམ་བཤད་འདོད་ཡོད་པས་ཁྱོད་ཀྱིས་ང་ཡི་གཏམ་ལ་ཆ་འཇོག་ཞིག་བྱོས་དང་།  ང་ཡི་རེ་བ་ཁྱོད་ཀྱི་ཅ་ཅོ་སྐོར་གཏམ་འཆད་པ་ལས་དྲང་པོའི་གཏམ་ཞིག་བརྗོད་ན་དགའ།  དེང་སྐབས་ཁྱོད་ལ་གཞན་གྱིས་སེམས་ལ་ཕོག་པའི་གཏམ་གྱི་མདའ་མོའི་ཚིག་དང་།  ཐ་ཤལ་གཞན་ལ་གནོད་པའི་ངན་སྤྱོད་དག་ད་ལམ་ཁྱོད་ལ་ཅུང་ཟད་འགོས་འདུག་པས།  དེ་ལྟ་བུའི་ངན་སྤྱོད་དེ་དག་གང་ནས་ཡོང་བའི་རྒྱུ་རྐྱེན་འཚོལ་དགོས་ཤིང་དེའི་ཕྱོགས་སུ་མི་ལྷུང་བ་གལ་ཆེ།  དེང་གི་དུས་འདིར་ཕྱི་ཡི་སྐྱེ་གཟུགས་ཇི་ལྟར་ལེགས་ཀྱང་ནང་གི་ཡོན་ཏན་བཟང་སྤྱོད་དང་མི་ལྡན་ན།  བ་མོས་བརྡུངས་པའི་སྟོན་གྱི་མེ་ཏོག་བཞིན་དུ་གཞན་ཡིད་དགའ་བའི་མཛེས་པའི་བཀྲ་མདངས་མི་ལྡན་ཞིང་། ད་དུང་ཚ་ཚ་མེ་ལྟར་འབར་བའི་ཁྱོད་ཀྱི་ཕྲག་དོག་དང་ཁེངས་དྲེགས་དག། རང་ལ་བརྩེ་བའི་གཉེན་དང་རང་དགའ་བའི་གྲོགས་སོགས་ལ་བསྟན་པ་ན།  རང་ཉིད་ལ་ལྡན་པའི་ལྷན་སྐྱེས་ཀྱི་བཟང་པོའི་ཡོན་ཏན་རྣམས་ཉམས་པར་འགྱུར་བ་མ་ཟད། ཟ་འོག་གིས་གོས་ལྟར་མཛེས་པའི་བྲག་དཀར་སྡེ་པའི་སྤྱི་ཚོགས་འདི་ཡང་ཉམས་རྒུད་དུ་ཕྱིན་པ་འགྱུར་རོ།  ར་བས་བསྐོར་བའི་བྲག་དཀར་སྡེ་པའི་སྤྱི་ཚོགས་འདིེའི་ནང་བཟང་སྤྱོད་དང་མི་ལྡན་པའི་མི་སྣ་འགའི་སྤྱོད་པ་ལ་བརྟེན་ནས་བྲག་དཀར་སྡེ་པའི་སྙན་གྲགས་ལ་གནོད་པ་མ་ཟད། སྡེ་པ་འདི་ཉིད་བུ་ལྟར་སྐྱོང་བའི་ཨ་མ་གཡུ་སྒྲོན་ལའང་སྙིང་རེ་རྗེ།  ད་དུང་ཁྱོད་ཀྱིས་ཕྲག་དོག་དང་ཁེངས་དྲེགས་འདི་ལྟར་རྒྱུན་དུ་བྱས་ན།  ཁོང་གི་བྱམས་སྐྱོང་བྱས་པའི་བྲག་དཀར་སྡེ་པ་འདི་ཡང་གདུང་བའི་ཀློང་དུ་མི་ཚུད་དམ།  ཞེས་ཧད་ཏཱ་ཚེ་དཔག་གིས་སེམས་ཀྱི་མ་བཟོད་པར་དེ་ལྟར་བཤད་རྗེས། ཧ་ལོ་བདེ་སྐྱིད་གདོང་གཤིས་ལ་ལྟ་དུས་ཧ་ལོ་ནི་ང་རྒྱལ་དང་ཁོང་ཁྲོ་ལངས་ཤིང་།  རང་ཉིད་ལ་ད་བར་སྤྱི་ཚོགས་ཡོངས་ཀྱི་མདུན་དུ་སྐད་ཆ་དེ་ལྟ་བུ་བཤད་མཁན་ཡོད་མ་མྱོང་བར་བརྟེན་ཁོང་ཁྲོ་དང་ངོ་ཚ་གཉིས་འཐབ་སྟེ་ཡུད་ཙམ་ཞིག་རྐང་ལག་ཡོངས་རྫོགས་འདར་བ་ལས་ཁ་ནས་སྐད་ཆའང་མ་ཐོན་པར་ལུས།   སྐབས་དེར་ཧད་ཏཱ་ཚེ་དཔག་གིས་བསམ་པར་མ་གཞི་ཧ་ལོ་བདེ་སྐྱིད་ལ་སྐྱོན་ཆ་ཆེ་ཙམ་ཞིག་འདུག་པས་ངས་དེ་རྣམས་ཡོ་བསྲང་བྱེད་རེའི་འདུན་པ་བཟང་པོ་བཅངས་ནས།  ཤ་ཚའི་སྙིང་གཏམ་བཤད་པ་ཡིན་ཀྱང་ད་ལྟ་ཧ་ལོ་བདེ་སྐྱིད་ཀྱི་རྣམས་འགྱུར་ལ་ལྟ་དུས་ཕལ་ཆེར་རང་གོ་སྤྱོད་ཚུལ་མ་འགྲིག་པ་རྣམས་མཐོང་ནས་སེམས་པ་སྡུག་པ་དང་།  ངོ་ཚས་རྐྱེན་པས་སྐད་ཆ་བཤད་མི་ཐུབ་པ་ཡིན་འདུག་ལ། ཧ་ལོ་བདེ་སྐྱིད་ཀྱི་གདོང་གཤིས་ནི་ཁྲག་མེད་པ་ལྟར་སྐྱ་མདོག་ཏུ་གྱུར་པ་དང་ལུས་པོ་ཡོངས་རྫོགས་འདར་བའི་ཚུལ་ལ་བལྟས་ན་འགྱོད་སེམས་སྐྱེས་ཏེ་སྡུག་བསྔལ་དྲག་པོས་མནར་བཞིན་འདུག།  ད་ལྟའི་གཏམ་འདི་ཅུང་ཟད་ཚིག་རྣོ་ཐལ་ཆེ་བ་ཡིན་འདུག་པས།  རང་གི་སྤུན་ཟླའི་སེམས་ལ་སྡུག་བསྔལཆེན་པོ་བཟོས་སོང་བསམས་ཏེ་བློ་ཕམ་བྱུང་ནས་ཧ་ལོ་བདེ་སྐྱིད་སེམས་གསོ་བའི་ཆེད་དུ་འདི་ལྟར་སྨྲས་སོ།།  གྲོགས་མཆོག་ཧ་ལོ་བདེ་སྐྱིད་ལགས་ཁྱོད་ནི་ལེགས་ཉེས་འབྱེད་པའི་རྣམ་སྤྱོད་ཀྱི་ཤེས་རབ་ལྡན་པས།  སྔོན་གྱི་མཁས་པའི་གསུང་རྒྱུན་དུ།  ལེགས་བཤད་བྱིས་པ་དག་ལས་ཀྱང།  །མཁས་པ་དག་གི་ཡོངས་སུ་ལེན།  །ཞེས་པའི་དཔེ་ལྟར་ཤེས་དམན་ངས་ད་ལྟ་ཞུས་པའི་སྙིང་གཏམ་དེ་ཁྱོད་ཀྱི་བླང་དོར་འབྱེད་པའི་དཔྱད་གཞིར་འཛིན་པ་ལས་འགྱོད་སེམས་མི་བདེ་བ་གནང་ན་སྐུ་ཁམས་ལའང་གནོད་སྐྱོན་ཡོང་ངེས་རེད། ང་ནི་ལྷག་བསམ་དཀར་ཡང་སྨྲ་བ་ལ་མི་མཁས་པས་གལ་ཏེ་གཏམ་གྱི་གླེང་ཕྱོགས་ལ་ཚིག་རྣོ་ཐལ་ཆེ་བ་སོགས་བྱུང་ཚེ།  ང་ཡི་ཀུན་སློང་བཟང་པོར་དགོངས་ཏེ་དགོངས་འགལ་མེད་པ་ཞུ། དེ་ནས་ཧ་ལོ་བདེ་སྐྱིད་ལ་ཟུར་མིག་གཅིག་བལྟས་ཏེ་མགོ་བོ་སྒུར་ནས་གཏམ་ལན་ཅུང་སྙན་པ་ཡོང་བའི་རེ་སྒུག་བྱས་ཏེ་བསྡད་པ་ན།  ཧ་ལོ་བདེ་སྐྱིད་ནི་ང་རྒྱལ་དང་ཁེངས་དྲེགས་ཀྱིས་ར་བཟི་སྟེ་ལུས་པོ་ཡོངས་རྫོགས་འདར་བ་དང་མིག་རྩ་ཡང་དམར་པོར་གྱུར་ནས་ཡུད་ཙམ་བསྒུགས་ཀྱང་སྐད་ཆ་ཡང་མ་ཐོན་པར་ལུས་བསྡད་འདུག།
         ཐག་འཁྱུད་རིག་རྡོ་ཡིས་གཡོ་འཁྲུལ་གྱིས་ཀུན་ནས་བསླངས་ཏེ་ཧད་ཏཱ་ལ་སྐྱོན་བརྗོད་བྱས་པ།   
   སྐབས་དེར་ཧ་ལོ་བདེ་སྐྱིད་ལ་རྒྱུན་དུ་འགྲོགས་པའི་ཐག་འཁྱུད་རིག་རྡོ་ཞེས་པ་ཞིག་ཡོད་ཅིང་།   ཁོང་དང་ཧ་ལོ་བདེ་སྐྱིད་གཉིས་ཕན་ཚུན་དེ་ཙམ་ཡིད་ཆེས་དང་བརྩེ་སེམས་མེད་ཀྱང་ཐག་འཁྱུད་རིག་རྡོ་ཡིས་ཧ་ལོ་བདེ་སྐྱིད་ལ་བརྟེན་དགོས་པ་ནི་ལས་དབང་ཞིག་གི་ཁ་ཕྱོགས་སུ་ལྷུང་།  འོ་ན་ཐག་འཁྱུད་རིག་རྡོ་ཡི་གཤིས་ཀ་ཇི་ལྟར་ཡིན་ཞེ་ན།
  ཁོང་ནི་སྒེར་ཚུགས་ཀྱི་འདོད་པ་ཆེ་ཞིང་དཀར་ནག་གི་དྲང་བདེན་མེད་པའི་མི་ཞིག་ཡིན་པ་མ་ཟད་།  ད་དུང་སྤྱི་ཚོགས་ནང་དྲང་པོ་ལ་རྒྱབ་སྐྱོར་དང་ངན་པ་ལ་རྒོལ་ལན་བྱེད་པའི་ཚུལ་མཐུན་གྱི་སྤྱོད་བཟང་དེ་དག་དོར་ཏེ།  འཇིག་རྟེན་ན་རང་དོན་འགྲུབ་ན་ཆགས་ལུགས་ངན་ནའང་ངན་ཞེས་པའི་དཔེ་ལྟར།  རང་སྒེར་གྱི་དོན་འགྲུབ་ན་སྤྱི་ཚོགས་ཀྱི་ལས་དོན་ལདགེ་སྐྱོན་གྱི་རྣམ་དབྱེ་མི་འབྱེད་པ་རང་ཉིད་ལ་ཁེ་ཕན་གང་ཐོབ་བྱེད་ནས་གཡོ་ཁྲམ་གྱིས་ཀུན་ནས་བསླངས་ཏེ་ཐག་འཁྱུད་རིག་རྡོ་ཡིས་འདི་ལྟར་བསམ།  དེ་རིང་རྩོད་པ་འདི་བྱུང་རྐྱེན་སོགས་ལ་བལྟས་ན་ཧ་ལོ་སྤོབས་པ་ཆེ་དྲགས་པ་དང་རང་གི་རང་ལ་ཆེ་ཐང་དང་འུད་བསྟོད་བྱེད་པ་ཚད་ལས་འདས་པ་དང་གཞན་གྱི་ཡོན་ཏན་ཕྲ་མོ་ཙམ་ཡང་མ་བརྗོད་པ་དེ་དངོས་འབྲེལ་མ་རབས་ཀྱི་སྤྱོད་ཚུལ་ཡིན་པ་དང་།  གོང་དུ་ཧད་ཏཱས་བཤད་པ་བདེན་པ་འདུག་དེ་གལ་ཏེ་དྲང་གཏམ་བཤད་ན་ཧོ་ལོ་བདེ་སྐྱིད་མི་དགའ་པ་ཐག་ཆོད།   དེ་རིང་ངས་དྲང་པོའི་གཏམ་གྱིས་བཤད་ན་ཁོང་ལ་ཕོག་ཐུག་འགྲོ་བ་ནི་གདོན་མི་ཟ་སྙམ།  གལ་སྲིད་ཁོང་ལ་ཕོག་ཐུག་ཕྱིན་ན་ང་ནི་ཁོང་ལ་རྒྱུན་དུ་བརྟེན་དགོས་པས་ཁོ་ལ་མ་བརྟེན་ན་རང་མགོ་མི་ཐོན་པས་གནསསྐབས་ཁོང་ལ་སྤྲེལ་ལད་ཞིག་བཤད་དགོས་སྙམ་ནས་ཐག་འཁྱུད་ཀྱིས་ཧད་ཏཱ་ཚེ་དཔག་ལ་ཁོང་ཁྲོ་ལང་ཁུལ་གྱི་རྣམ་འགྱུར་སྟོན་ཏེ་འདེི་ལྟར་སྨྲས།  ཧད་ཏཱ་ཚེ་དཔག་ཁྱོད་ནི་ངག་འཇམ་ཡང་ཁོག་རྡོ་ལས་རྩུབ་པ་དང་སྙན་ཚིག་ཡོལ་བས་བསྒྲིབས་པ་བྱས་ནས་ངན་པའི་སེམས་ཀྱིས་དུག་མདའ་འཕེན་པ་མ་བྱེད།  ང་ཚོ་བྲག་དཀར་གྲོང་སྡེ་ཅུང་སྙན་གྲགས་ཡོད་པ་དེ་ཧ་ལོ་བདེ་སྐྱིད་ཀྱི་ལུས་ངལ་བར་མ་འཛེམས་པར་བྱམས་བརྩེའི་དྲོད་རླབས་ལས་བརྟེན་ནས་ཉམ་ཆུང་བའི་མང་ཚོགས་ལ་བདེ་སྐྱིད་ཐོབ་པ་དང་།  དེང་སྐབས་བྲག་དཀར་སྡེ་པ་འདི་ཉིད་དཔྱིད་ཀྱི་དཔལ་ཡོན་བཞད་ཅིང་སྨིན་པའི་འབྲས་བུ་ལོངས་སུ་སྤྱོད་རྒྱུ་བྱུང་བ་དེ་ཡང་ལེགས་ཉེས་ཀྱི་གནས་ལུགས་འབྱེད་པའི་དཔྱོད་ལྡན་པ་དག་གི་མིག་ངོར་གྱུར་པ་ཁྱོད་ཀྱིས་ཤེས་སམ། ཁྱོད་ཀྱི་ཧ་ལོ་བདེ་སྐྱིད་ལ་ངན་སེམས་ཁོག་ནང་བཅངས་ཏེ་ལོག་གཏམ་དང་ཚིག་ངན་དེ་ལྟར་བརྗོད་པར་བྱེད་ན།  ཁྱོད་སྨྱོན་པ་ཡང་ན་ལྐུགས་པ་མིན་ན་གང་རེད།  བཟང་ངན་གྱི་དབྱེ་བ་མ་ཤེས་པའི་ཁྱོད་ལྟ་བུ་ཧམ་པ་ཅན་མི་ངན་ཇེ་མང་དུ་སོང་ན།  ད་བར་ཞི་འཇགས་གནས་པའི་བྲག་དཀར་སྡེ་པའི་སྤྱི་ཚོགས་འདི་ཁྱོདལྟ་བུའི་མི་ངན་འགའ་རེས་དཀྲུག་ཉེན་ཆེ་བས་ངན་པ་རྒྱ་ཡན་དུ་མི་གཏོང་རྒྱུ་གལ་ཆེ་ཞེས་སྨྲས་ནས་ཧ་ལོའི་རྣམ་འགྱུར་ལ་བལྟས་པས་ཧ་ལོའི་རྣ་བ་སྙན་ཞིང་འཇེབས་པའི་གཏམ་དེ་ཐོས་མ་ཐག་གདོང་མདོག་འཛུམ་པའི་རྣམ་པར་འགྱུར་བ་དང་རིག་པ་ཇེ་གསལ་དུ་ཕྱིན་ནས་ཁོང་གི་ཡིད་ལ་འདི་ལྟར་དྲན་ཏེ།
         ཧ་ལོ་བདེ་སྐྱིད་ཀྱིས་ཐག་འཁྱུད་ལ་ངོ་བསྟོད་དང་གཞུང་ཞབས་གཞན་ལ་དམའ་འབེབ།
 
  ལ་ཆེན་པོ་དང་མ་ཕྲད་ན་རྟ་ཕོའི་ཤེད་ཤུགས་ག་ནས་ཤེས་།  དགྲ་ཆེན་པོ་གཅིག་དང་མ་ཕྲད་པར་རོགས་པོའི་བློ་རྩ་་ག་ནས་ཤེས་ཞེས་འཇིག་རྟེན་གྱི་དཔེ་ལྟར་།  ད་རེས་ཀླན་ཀའི་མེ་ལོང་ལས་དགྲ་དང་གྲོགས་ཀྱི་ཁྱད་པར་གསལ་པོ་མཐོང་སོང་སྙམ་པ་མ་ཟད་ངས་རྒྱུན་དུ་ཐག་འཁྱུད་རིག་རྡོ་ལ་སྣང་མེད་དུ་བཏང་བ་དང་།  ཁོང་ནི་འཁྲིལ་ཤིང་བཞིན་དུ་ང་ལ་རྒྱུན་དུ་བརྟེན་པས་རྟག་ཏུ་ང་སུན་སྣང་སྐྱེ་ཡང་ད་རེས་འཁྲུག་རྩོད་ཀྱི་རྐྱེན་པས་མི་བཟང་ངན་གྱི་དབྱེ་བ་གསལ་པོ་འབྱེད་ཐུབ་སོང་།  ཐག་འཁྱུད་རིག་རྡོ་ནི་བདག་ལ་སྙིང་ཉེ་ཞིང་།  ཤ་ཚ་ལྡན་པ།  བློ་འགེལ་ཆོག་པའི་གྲོགས་པོ་བརྟན་པོ་ཞིག་རེད་འདུག  རྣམ་དཔྱོད་ཀྱི་རིག་པ་མངའ་ལ་བདེན་རྫུན་གྱི་དབྱེ་འབྱེད་མཁས་པའི་སྨྲ་ཚིག་གི་མདའ་མོས་ཧམ་རྫུན་གྱི་རྒྱང་འབེན་ཕུག་གཏོར་བྱེད་པ་དེ་ང་ཡི་སྙིང་ཡང་ཚིམས་པར་བྱས་སོང་།  ད་ནི་ང་ལ་དཔུང་རོགས་དང་རྒྱབ་སྐྱོར་ཡོད་པས་མེ་ཏོག་རྣམས་སྤོབས་སེམས་བཅག་ནས་གཟུགས་བཟང་ཧ་ལོ་ངས་ཁོང་རྣམས་ཟིལ་གྱིས་མནན་ཏེ་སླད་སྤྱི་ཚོགས་འདིའི་ནང་ང་རང་གང་བྱས་པ་དང་།  མཛུབ་མོ་གང་སྟོན་ཤར་ཟེར་བ་ལྟ་བུ་ཞིག་མ་བྱུང་ཚེ།    གཉོད་ཆུང་ཧད་ཏཱ་ཚེ་དཔག་ལྟ་བུ་ཡང་ཧམ་པ་ཇེ་ཆེར་འགྲོ་བཞིན་འདུག་པས་མུ་མཐུད་ངན་པ་རྒྱ་ཡན་དུ་བཏང་ན།  ང་ནི་བྲག་དཀར་སྡེ་པའི་སྤྱི་ཚོགས་འདིའི་ནང་དཔོན་དུ་ག་ལ་འཁོད།  དེས་ན་ངས་གཞུང་ཞབས་མི་སྣ་རེ་རེས་སྐྱོན་མཚང་རྣམས་བྲུས་ནས།  མང་ཚོགས་ཡོངས་ཀྱིས་ཁོང་ཚོ་ཉེས་སྐྱོན་དང་དྲི་མས་སྦགས་པའི་དུག་རྩ་ལྟ་བུ་ཞིག་མཐོང་པ་བཟོ་ཐུབ་ཚེ།  དེ་ནས་མཛེས་ལྡན་ཧ་ལོ་བདེ་སྐྱིད་ང་རང་བྲག་དཀར་སྡེ་པའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དཔོན་ཞིག་འགྱུར་བ་ནིི་གདོན་མི་ཟ་སྙམ་ནས་ཞེ་སྡང་དྲག་པོས་གདོང་ཤ་འདར་ཞིང་མཆུ་སྒྲོས་ཀྱི་ཡལ་འདབ་གཡོ་བཞིན་ཚིག་ཤུགས་ཆེན་པོའི་ང་རོས་སྨྲས་པ། མི་བསྲུན་ངན་པའི་ཕྱོགས་སུ་ལྷུང་བའི་ཧད་ཏཱ་ཚེ་དཔག་གིས་གཙོས་པའི་བྲག་དཀར་སྡེ་པའི་མང་ཚོགས་རྣམས་གསོན་དང།  ཕྱིའི་སྐྱེས་གཟུགས་ལེགས་ལ་ནང་གི་ཡོན་ཏན་ལྡན་པའི་ཧ་ལོ་ང་ཡི་ཕྱོགས་སུ་ཐོས་འཛིན་དབང་པོོ་གཏད་དེ་གཏིང་ཟབ་མནོས་པར་བགྱིས་ཤིག།དྲང་ཚུགས་ལྡན་ལ་གཤིས་ཀ་བཟང་བའི་ཐག་འཁྱུད་རིག་རྡོ་ཡིས་བློ་གཟུ་བོར་གནས་པའི་སེམས་ཀྱིས་ཀུན་ནས་བསླངས་ཏེ་སྙན་འཇེབས་ངག་གི་རྒྱུད་མངས་ཁྱེད་རྣམས་ཀྱིས་རྣ་སྒོར་དཀྲོལ་བ་མཛད་པས།  བོང་བུ་འདྲ་བའི་རྨོངས་རྒྱ་ལས་མ་ཐར་བའི་མི་ངན་ཁྱོད་རྣམས་གསོན་དང་།  འུ་ཚང་གི་གཞུང་ཞབས་མི་སྣའི་ཁོངས་སུ་ཡོད་པའི་ཧད་ཏཱ་ཚེ་དཔག་ནི་ངོ་ཚའི་གོས་དང་བྲལ་ནས་བདག་ལ་དྲིན་ལན་ལོག་འཇལ་དང་ལོགས་པ་འཁུལ་ལྡོག་བྱེད་དེ།  གཅམ་བུའི་ཚིག་གིས་དྲི་མས་མ་གོས་པ་དེ་རིང་ངས་སྦ་གསང་མེད་པར་དྲང་པོའི་གཏམ་ཞིག་བཤད་ན།  ང་ཚོ་བྲ་དཀར་སྡེ་པའི་སྤྱི་ཚོགས་འདིའི་ནང་གཞུང་ཞབས་མི་སྣ་མང་ཡང་ལ་ལ་ནི་མི་སྡུག་པའི་གཟུགས་རིས་དང་ལ་ལ་ནི་སྐྱོན་གྱི་ཁེངས་ཡོད། 
  དཔེར་ན།  ཆོས་སྐྱིད་ནི་ཞལ་རས་མཛེས་ཀྱང་སྐུ་གཟུགས་ཆུང་དྲགས་པ་དང་།  ཏིང་འཛིན་སྤྱོད་པ་བཟང་ཡང་རང་འདོད་ཆེ་དྲགས་པ་དང་།  པདྨ་ལས་ལ་ངལ་རྩོལ་དང་བརྩོན་འགྲུས་ཆེ་ཡང་གྲོགས་ངན་པ་དང་འགྲོགས་དྲགས་པ་དང་།  ཧད་ཏཱ་ལང་ཚོ་དར་ཡང་གཟུགས་པོ་ལ་དྲི་ངན་གྱིས་ཁྱབ་པ་དང་།  གུར་ཀུམ་སྤྱོད་པ་ངན་དྲགས་པས་བྲག་དཀར་སྡེ་པའི་མང་ཚོགས་རྣམས་མགོ་ལ་ན་ཟུག་གཏོང་དུ་བཅུག་པ་དང་། སྐལ་བཟང་སྤྱི་ཚོགས་ལ་ལྷག་བསམ་མི་ལྡན་པས་མང་ཚོགས་ཀྱིས་མཐོང་མི་འདོད་པ་དང་།  བསོད་ནམས་ནི་སྤྱི་དོན་ཕར་བཞག་རང་མགོ་ཡང་མི་ཐོན་པ་དང་།  གདོང་ནག་ནི་རང་སྐྱོན་རི་བོ་ལས་ཆེ་ཡང་སྦས་སྐུང་བྱེད།  གཞན་སྐྱོན་ཁབ་རྩེ་ལས་ཕྲ་ཡང་མཛུབ་སྣེ་ལ་བགྲང་པར་བྱེད།  དེས་ན་བྲག་དཀར་སྡེ་པའི་སྤྱི་ཚོགས་ཀྱི་གཞུང་ཞབས་ཀླད་མེད་ཁྱོད་ཚོས་སྡུག་ཚོད་ཟིན་ནས། ལྷག་བསམ་ཆེ་ལ་འཇོན་ཐང་ལྡན་པའི་ཧ་ལོ་བདེ་སྐྱིད་ང་ལ་རེ་གུས་བྱས་ན་ལེགས་ཞེས་སྨྲས།  ངང་པ་ལམ་དུ་ཆས་ཀྱང་སྣེ་འཁྲིད་དགོས། རི་དྭགས་ལམ་བུར་ཞུགས་ཚེ་ཤོ་འཁྲིད་དགོས་ཞེས་པའི་དཔེ་ལྟར།   རང་ཅག་ཡིད་དུ་འོང་བའི་བྲག་དཀར་སྡེ་པའི་མང་ཚོགས་རྣམས་ལ་སྤྱི་ཡི་གཙུག་རྒྱན་ལྟ་བུའི་སྣེ་ཁྲིད་ཅིག་དགོས། ཞེས་ཞེ་སྡང་དྲག་པོས་སྤྱོས་པའི་ཚིག་གིས་བྲག་དཀར་སྡེ་པའི་གཞུང་ཞབས་མི་སྣ་ཡོངས་ལ་དམའ་འབེབས་བྱས་ནས་ཤུགས་སུ་རང་ཉིད་བྲག་དཀར་སྡེ་པའི་གཙུག་རྒྱན་ལ་བཀུར་དགོས་པའི་ཐ་ཚིག་བསྒྲགས་སོ།།
           ཧ་ལོའི་གཏམ་བཤད་ལ་མང་ཚོགས་ཀྱི་བསམ་ཚུལ།
 
  དེ་ནས་ཧ་ལོ་བདེ་སྐྱིད་ཀྱིས་སྨྲ་ཚིག་དེ་ལ་བརྟེན་ནས་མང་ཚོགས་རྣམས་བསམ་ཚུལ་འདྲ་མིན་སྣ་ཚོགས་བྱུང་བས་འགའ་རེ་འདི་ཡིན་དང་འདི་མིན་གྱི་དབྱེ་བ་མ་ཆོད་པར་ཅི་བྱ་གཏོལ་མེད་དུ་གྱུར་ནས་མིག་ཅེ་རེར་སྡོད་པ་དང་།  ཡང་འགའ་ཤས་ཀྱིས་ཧ་ལོ་འདོད་རྔམ་ཆེ་བ་དང་རྔམ་སེམས་ཆེན་པོས་བསྐུལ་བའི་དཀྱོར་འབྱིན་གྱི་ངན་ཇུས་ཏེ་རང་ཉིད་ཀྱི་གྲོགས་པོ་དང་ཉེ་དུ་རྣམས་ལ་ཚད་ལས་འདས་པའི་སྐུར་བ་བཏབ་སྟེ་ཐམས་ཅད་ནག་པོ་བཟོས་པ་དང་།    རང་ཉིད་གཞུང་ཞབས་མི་སྣ་གཞན་ལས་ཁྱད་པར་དུ་འཕགས་ཚུལ་བརྗོད་པ་ལ་མང་ཚོགས་རྣམས་ཁོང་ཁྲོའི་མེ་ལྕེ་འབར་ནས་གཤུང་བ་ཡང་བྱེད།   ཡང་མང་ཚོགས་མང་ཆེ་བ་ནི་མ་རུངས་པའི་བརླང་སྤྱོད་འདི་ལ་ཤིན་ཏུ་ནས་མ་འདོད་པར་དེ་དག་གི་རེ་ངན་བཅངས་ནས་ཕམ་པར་བྱེད་རྒྱུའི་བཙན་ཐབས་ཤིག་འཚོལ་ཕྱིར་ཤབ་ཤུབ་ཀྱིས་གྲོས་མོལ་བྱེད། །
           ཨ་མ་གཡུ་སྒྲོན་གྱི་མང་ཚོགས་བར་གྱི་རྩོད་ལན་ལ་འདུམ་འགྲིག་བྱེད་རྒྱུའི་བསམ་བློ།
   སྐབས་དེར་ཨ་མ་གཡུ་སྒྲོན་གྱིས་སྒེའུ་ཁུང་གི་དྲ་བའི་ནང་ནས་བྲག་དཀར་སྡེ་པའི་མང་ཚོགས་དང་ཧ་ལོ་བདེ་སྐྱིད་བར་གྱི་འགལ་ཟླ་མཐོང་སྐབས།  ཨ་མ་གཡུ་སྒྲོན་གྱི་བསམ་པར་འཁྲུག་རྩོད་འདི་ལ་འདུམ་འགྲིག་ལེགས་པོ་ཞིག་མ་བྱུང་བ་དང་།  མ་ཟད་མི་ངན་འདི་དག་རྒྱ་ཡན་དུ་བཏང་ན།  སྔར་བདག་དང་གཞུང་ཞབས་མི་སྣ་ཡོངས་ཀྱི་ཕྱར་གྲུ་མཉམ་འདེགས་བྱས་པའི་ངལ་རྩོལ་ལ་བརྟེན་ནས་ཡིད་དུ་འོང་བའི་བྲག་དཀར་སྡེ་པའི་སྤྱི་ཚོགས་འདི་ཉམས་རྒྱུ་ནི་གདོན་མི་ཟ།   ད་ནི་བར་མདུམ་བྱེད་རྒྱུ་དུས་ལ་བབས་སོང་སྙམ་སྟེ།   རང་ཉིད་ལས་ཤག་ནས་གཞུང་ཞབས་མི་སྣ་དང་མང་ཚོགས་ཀྱི་འདུན་དུ་སོང་བ་ན།  ཨ་མ་གཡུ་སྒྲོན་ལ་ཆ་རྒྱུས་མེད་པའི་ངལ་རྩོལ་བ་མང་ཚོགས་དག་ཤབ་ཤུབ་སྨྲ་བཞིན་རིམ་གྱིས་རང་རང་གི་གནས་ལ་སོང་བ་དང་གཞུང་ཞབས་མི་སྣ་དག་གིས་མགོ་བོ་ཡར་བཏེགས་ཏེ་བལྟས་པ་ན་མ་གཡུ་སྒྲོན་དང་མང་ཚོགས་རྣམས་མིག་ལམ་དུ་མངོན་ནོ།
          ཁྲ་ཐིག་དབྱངས་སྐྱིད་ཀྱིས་ཧ་ལོ་བདེ་སྐྱིད་ལ་ནག་ཉེས་ཐེར་འདོན་དང་ཁ་རྡུང་བཏང་བ།
   སྐབས་དེར་བྲག་དཀར་སྡེ་པའི་གཞུང་ཞབས་མི་སྣ་ཡིན་པ་ཁྲ་ཐིག་དབྱངས་སྐྱིད་ཞེས་པ་ཞིག་ཡོད་ཅིང་།  ཁོང་ནི་སྐྱེས་གཟུགས་ལེགས་ལ་ཞལ་རས་མཛེས་པ་མ་ཟད་ད་དུང་རང་གཤིས་དྲང་ལ་བཟང་ངན་གྱིས་དབྱེ་བ་འབྱེད་ཅིང་བརྩེ་སེམས་དང་བྱམས་སྐྱོང་ལྡན་པའི་མི་སྣ་དག་ལ་བཀའ་དྲིན་རྗེས་སུ་དྲན་པ་དང་།  གཡོ་འཁྲུལ་ཅན་ལ་རྒོལ་ལན་བྱེད་པའི་སྤོབས་པ་དང་ལྡན་པ་ཞིག་ཡོད་ལགས།  ཁོང་གིས་བསམ་པ་ད་ནི་ཀླན་ཀ་འདི་ལ་བློ་གཟུ་བོར་གནས་པའི་དཔང་པོ་ཞིག་དང་བདེན་པའི་གྱོད་སྡོམ་ཞིག་ཡོང་རྒྱུ་ནི་སོམ་ཉི་ཕྱོགས་ལས་བྲལ་ལོ་སྙམ་སྟེ་བག་ཚ་མེད་པར་འདི་སྐད་སྨྲས་སོ།།
  ཉམ་ཆུང་བའི་ཁྲ་ཐིག་དབྱངས་སྐྱིད་ང་།  ཧ་ལོ་བདེ་སྐྱིད་ཁྱོད་ལ་འགྲན་པའི་རློམ་སེམས་མེད་ཀྱང་ཧ་ལོ་ཁྱོད་ཀྱིས་ཚད་ ལས་འདས་པའི་རློམ་ཚིག་དེ་དག་གིས་བདག་ཅག་ལ་འཕྱ་སྨོད་བྱས་པས་བདག་ཅག་རྣམས་ཀྱི་སེམས་པ་ཡོངས་སུ་གདུངས་སོང་ཞེས་དང་།  མ་ཟད་ང་དང་ཁྱོད་འདྲ་བའི་མི་ངན་དག་གིས་མང་ཚོགས་རྣམས་ལ་སྡིག་སྒྲ་བྱེད་པ་དེ་ཤིན་ཏུ་མི་འོས་པ་ཞིག་དང་།  མང་ཚོགས་ཀྱིས་སྣེ་ཁྲིད་བྱེད་པ་ནི་འཇིག་རྟེན་ན་ཝ་སྐྱེས་རྒྱལ་པོར་བསྐོས་པའི་དཔེ་བཞིན་དུ། ཁྱོད་ལྟ་བུའི་མི་ངན་དག་དཔོན་དུ་བསྐོས་ཚེ་ཉམ་ཆུང་བའི་མང་ཚོགས་དག་མནར་བར་བྱེད་ཅིང་།  མ་ཟད་བོང་བུ་ལ་སྟག་ལྤགས་གཡོགས་པས་སྟག་གི་དཔའ་ངར་མི་ལྡན་པ་བཞིན།  ཁྱོད་དང་ཁྱོད་ཀྱིས་རྗེས་སུ་འབྲང་པའི་མི་ངན་ཁེངས་དྲེགས་ཅན་དག་གིས་བྲག་དཀར་སྡེ་པའི་སྤྱི་ཚོགས་འདི་ཡི་སྣེ་ཁྲིད་ཞེས་པ་ནི་དགོད་བྲོ་བའི་གནས་སུ་འགྱུར་རོ།།
  ལྷག་པར་དུ་ང་ཚོའི་བྲག་དཀར་སྡེ་པའི་མང་ཚོགས་རྣམས་ཨ་མ་གཡུ་སྒྲོན་གྱིས་ངལ་དུབ་ཁྱད་དུ་བསད་ནས་བུ་ལྟར་སྐྱོང་བ་ནི་མང་ཚོགས་ཀུན་གྱིས་བློ་ངོར་གསལ་པོར་ཤེས་ཀྱི་ཡོད།  ངོ་ཚ་དང་ཁྲེལ་མེད་ཀྱི་བྱ་སྤྱོད་ལག་ཏུ་སྤེལ་ཞིང་རྫུན་ གཏམ་དང་ཧམ་སེམས་མཛུབ་རྩེ་ལ་སྒྲེངས་ནས་བྲག་དཀར་སྡེ་པ་དྲིན་གྱིས་སྐྱོང་ཚུལ་འཆད་པ་ནི་གདོང་ལྤགས་མེད་པའི་ཧ་ལོ་ཁྱོད་རེད།  ཁྲེལ་མེད་པའི་ཧ་ལོ་ཁྱོད་ཡང་ཨ་མ་གཡུ་སྒྲོན་གྱི་དྲིན་གྱིས་སྐྱོང་པར་བྱེད་དོ་ཞེས་སྨྲས་ནས་ཨ་མ་གཡུ་སྒྲོན་ལ་བལྟས་པ་ན།
 
           ཨ་མ་གཡུ་སྒྲོན་གྱིས་ཁྲ་ཐིག་ལ་ངོ་བསྟོད་བྱེད་པ།
   ཨ་མས་ཁྲ་ཐིག་དབྱངས་སྐྱིད་ཁྱོད་ནི་རང་གི་མང་ཚོགས་དང་གཉེན་ལ་བརྩེ་ཞིང་ཁྲེལ་དང་ངོ་ཚ་ལྡན་པ་ཞིག་འདུག་ལ།  བྲག་དཀར་སྡེ་པའི་མང་ཚོགས་རྣམས་ནི།  འུ་ཚོ་གཞུང་ཞབས་རྣམས་ལ་རྒྱུས་མངའ་ཆེ་ལ།འདི་བཟང་དང་འདི་ངན་གྱིས་རྣམ་དབྱེ་གསལ་པོ་འབྱེད་ཐུབ་ཅིང་།  མ་ཟད་ཁྲ་ཐིག་ཁྱོད་ཀྱང་མང་ཚོགས་དང་གཞུང་ཞབས་རྣམས་ལ་རྒྱུས་མངའ་དེ་བས་ཀྱང་ཆེ་བས་ཁྱོད་ཀྱིས་འདོད་ཚུལ་ལྟར་གྱིས་ཤིག་ཅེས་སྨྲས་སོ།
            ཁྲ་ཐིག་གིས་མང་ཚོགས་ལ་བསྟོད་བསྔགས་དང་ཧ་ལོར་དམའ་འབེབ།
   དེ་ནས་ཁྲ་ཐིག་གིས་ཨ་མ་གཡུ་སྒྲོན་གྱིས་རང་ལ་བསྟོད་བསྔགས་བྱེད་པའི་གཏམ་དེ་རྣམས་ཐོས་ཏེ་འཛུམ་དམུལ་བྱེད་བཞིན་མང་ཚོགས་ལ་འདི་ལྟར་གསོལ་ལོ།།    དུས་རྟག་ཏུ་ལས་ལ་འབད་པའི་ཁྲ་ཐིག་ང་ལ།  བྲེལ་བའི་རྐྱེན་པས་དུས་ཀྱི་ཁོམ་པ་མེད་པའི་མང་ཚོགས་རྣམས་ལ།  ད་ལན་གཅིག་ངལ་གསོ་བ་དང་སྦྲགས་ཁྲ་ཐིག་ང་ཡི་གཏམ་ལ་ཅུང་ཉོན་དང་།  སྡེ་པ་གཞན་གྱིས་ང་ཚོའི་སྡེ་པ་ལ་བསྟོད་བསྔགས་དབྱར་རྔའི་སྒྲ་བཞིན་ལྷང་ལྷང་དུ་སྒྲོགས་པ་ན།  ང་ལྟ་བུ་ལ་མཚོན་ན་དགའ་བ་དང་སྤྲོ་བ་རབ་ཏུ་འཕེལ་བ་མ་ཟད་ཉལ་བའི་གཉིད་དང་ཟོས་པའི་ཟས་ལ་བཅུད་ལྡན་པའི་དུས་སྐབས་ཤིག་ཤར་བ་དང་།  ད་ལན་འུ་ཚང་གི་གཞུང་ཞབས་དང་མང་ཚོགས་རྣམས་འོ་ཆུ་གཅིག་ཏུ་འདྲེས་པའི་སྐབས་དེར།  ཧ་ལོ་བདེ་སྐྱིད་ཀྱིས་ཀླན་ཀས་སྤྱི་ཚོགས་འདི་དཀྲུག་རྐྱེན་འདི་ལྟར་བྱས་པ་ནི་ཁྱེད་རྣམས་ཀྱི་ཤེས་གསལ་རེད་ལགས།   སྔར་ཧ་ལོ་བདེ་སྐྱིད་ཀྱིས་ང་ཚོའི་མང་ཚོགས་རྣམས་ལ་དབུ་ཁྲིད་གཙུག་གི་རྒྱན་ལྟ་བུ་ཞིག་དགོས་སྐོར་སྨྲས་པ་ལྟར་ཤེས་རིག་རྣམ་པར་བཀྲ་བའི་བྲག་དཀར་སྡེ་པའི་མང་ཚོགས་དང་གཞུང་ཞབས་མི་སྣ་ཡོངས་ཀྱིས་དགོངས་པ་ཟབ་བཞེས་ཐོག་སུ་ཞིག་རང་ཅག་གི་གཙུག་གི་རྒྱན་དུ་འོས་སམ་ཞེས་དྲིས་པ་ན་མང་ཚོགས་རྣམས་གཅིག་གིས་གཅིག་ལ་བལྟས་ཏེ་ཅི་ཡང་མ་སྨྲས་པར་ཡུད་ཙམ་སོང་བ་ན།
           བློ་རིག་བཀྲ་བའི་ན་གཞོན་ཞིག་གིས་མང་ཚོགས་ལ་བསྐུལ་མ་བྱེད་པ།
    མང་ཚོགས་ཀྱི་གསེབ་ནས་ལུས་པོ་ཅུང་ཆེ་ཞིང་ན་ཚོད་དར་ལ་བབས་པའི་གཞོན་ཤ་དོད་ཞིང་བློ་གསལ་བ་ཞིག་གིས་གཞུང་ཞབས་མི་སྣ་ཡོངས་ལ་རེ་རེ་ལྟ་བཞིན་ཁྲ་ཐིག་དབྱངས་སྐྱིད་ཀྱི་ཟུར་དུ་བསྡད་ནས་འདི་ལྟར་སྨྲས་སོ།།  མང་ཚོགས་ཀུན་གྱིས་ཡིད་སྨོན་བྱེད་པའི་རང་ཅག་གི་སྤྱི་ཚོགས་འདི་ཡི་ནང་དུ། གཞུང་གི་ལས་སྣེ་བ་སྤྱོད་པ་རྩིངས་པོ་དང་ཡང་ན་བཟང་པོ་གང་བྱུང་བ་དང་།  མ་ཟད་སྤྱི་ཚོགས་འདི་ཉིད་འཕེལ་འགྲིབ་གང་བྱུང་ཡང་སྤྱི་ཚོགས་འདི་ནི་བདག་དང་ལས་དབང་གཅིག་ཏུ་འབྲེལ་ཡོད་པས་ད་ལན་སྤྱི་ཚོགས་འདི་ལ་ཀླན་ཀ་བྱུང་བ་ལ་བྲག་དཀར་སྡེ་པའི་མང་ཚོགས་རྣམས་སེམས་ལ་གདུང་བ་དྲག་པོ་སྐྱེས་ཞེས་དང།   ངས་སྤྱི་ལ་ཕན་པའི་རེ་བ་བཅངས་ནས་བདག་གིས་མང་ཚོགས་རྣམས་ཀྱི་མགྲིན་ཚབ་བྱས་ནས་ཁྱེད་རྣམས་ལ་འདི་ཙམ་ཞུ་ཞེས་དང་།  ད་དུང་མཁྱེན་དགོས་པ་གཅིག་ནི་ངེད་ཀྱི་མང་ཚོགས་ཡོངས་དང་གཞུང་ཞབས་མི་སྣ་ཡོངས་ཀྱིས་ངལ་བ་འདི་ལྟར་བྱེད་པའི་དགོས་པ་ཡང་ཟས་བཅུད་ལ་རོལ་བ་ཙམ་མ་ཡིན་པར་སྤྱི་ཚོགས་ཡོངས་ཀྱི་ཕུགས་བསམ་གྱི་བདེ་དོན་ལ་དམིགས་ཏེ་མང་ཚོགས་ཀྱི་ཤེས་ཡོན་དར་སྤེལ་དང་འཚོ་བའི་ཆུ་ཚད་གོང་མཐོར་གཏོང་ཆེད་ཡིན་པས།  ཁེངས་དྲེགས་དང་རློམ་སེམས་བྲལ་ཞིང་གཤིས་ཀ་བཟང་ལ་དྲང་ཚུགས་ལྡན་པའི་མང་ཚོགས་ཡོངས་ཀྱི་དགའ་མོས་བྱེད་པའི་གཙུག་གི་རྒྱན་ལྟ་བུར་ཞིག་བྱུང་ན་མང་ཚོགས་རྣམས་དགའ་མགུ་བྱེད་པས་དེར་སུ་འོས་ཞེས་སྨྲས་ནས་སླར་ཡང་གཞུང་ཞབས་མི་སྣ་ཡོངས་ལ་ལྟ་སྐོར་ཞིག་བྱེད་པ་ཡིན་ནོ།
          ཨ་མ་གཡུ་སྒྲོན་གྱིས་མང་ཚོགས་དང་ཁྲ་ཐིག་ལ་བསྟོད་བསྔགས་བྱེད་པ།
 
  དེ་ནས་ཨ་མ་གཡུ་སྒྲོན་གྱིས་ཁྲ་ཐིག་དབྱངས་སྐྱིད་ཀྱིས་གཏམ་བཤད་དེ་ལྟར་བྱེད་པ་ཐོས་པས་ན་མང་ཚོགས་ཡོངས་ལ་འདི་སྐད་སྨྲས་སོ།།   རང་ཅག་སྤྱི་ཚོགས་འདི་ནི་སྤྱི་ཚོགས་གཞན་རྣམས་ཀྱིས་བསྟོད་བསྔགས་ཡང་ཡང་ཟློས་པས་དང་།  འོན་ཀྱང་རང་ཅག་སྤྱི་ཚོགས་འདི་ལ་དུས་དང་རྣམས་པ་ཀུན་ཏུ་བརྩེ་སེམས་ཟབ་མོ་སྐྱོང་མཁན་ནི་རང་ཁོངས་སུ་ཡོད་པའི་མང་ཚོགས་རྣམས་ཡིན་པ་དང་།  མ་ཟད་ཁྲ་ཐིག་དབྱངས་སྐྱིད་ཁྱོད་ཀྱི་ཤ་ཚ་བའི་ངག་དེ་ལ་བདེན་པའི་ཚིག་གི་རོ་བཅུད་ལྡན་པས་མང་ཚོགས་རྣམས་ཁྱོད་ལ་སྙིང་ཉེ་ཞིང་། མང་ཚོགས་ཀྱིས་ཁྱོད་ལ་བཅངས་བའི་ལྷད་མེད་ཀྱི་བརྩེ་སེམས་ནི་ཤིན་ཏུ་ཟབ་པས།   མང་ཚོགས་ཀྱི་ནང་དུ་དོན་དང་ལྡན་པའི་བསླབ་བྱ་གང་ཡོད་ཁྱོད་ཀྱིས་དང་དུ་ལེན་དགོས་ཞེས་སྨྲས་པ་དང་།  ད་དུང་མུ་མཐུད་བཤད་རྩིས་བྱེད་སྐབས་སུ།
         ཐག་འཁྱུད་ཀྱིས་མང་ཚོགས་ཀྱི་དགའ་ཕྱོགས་བརྟག་པ་དང་ཧ་ལོ་ལ་དམའ་འབེབ།
   ཧ་ལོ་བདེ་སྐྱིད་ལ་རྒྱུན་དུ་སྤྲེལ་ལད་བྱེད་པའི་ཐག་འཁྱུད་རིག་རྡོས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་གཞུང་ཞབས་ལས་གནས་ཕན་ཚུན་ཀླན་ཀའི་རྒྱལ་ཕམ་གྱི་འགྲོ་ཕྱོགས་ལ་ཡིད་འཇོག་བྱས་ནས་ཡུད་ཙམ་ཡང་མ་གཡེང་ཉན་པས། ཨ་མ་གཡུ་སྒྲོན་གྱི་གཏམ་བཤད་འདིའི་ནང་དགའ་ཕྱོགས་དང་དྲང་ཕྱོགས་ཀྱི་མི་སྣ་སུ་ངོས་འཛིན་བྱེད་ཆེད་གཏམ་བཤད་དེ་རྣམས་ལེགས་པར་ཉན་པས་ན།  ཧ་ལོ་བདེ་སྐྱིད་ལ་དགའ་མོས་བྱེད་པའི་རྣམ་འགྱུར་མི་ཐོན་པ་ཟུར་བལྟས་ལེགས་མཐོང་དུ་བྱུང་བས་ཁོང་གི་བསམ་པ་འདི་ལྟར་སྙམ་སྟེ།  དེ་སྔོན་ངས་ཧ་ལོ་བདེ་སྐྱིད་ལ་ངོ་བསྟོད་དང་བསྔགས་བརྗོད་དེ་ཙམ་བྱས་པ་ཡིན་ཀྱང་ཧ་ལོའི་གཤིས་ཀ་དང་སྤྱོད་ཚུལ་མང་ཚོགས་ཡོངས་ཀྱི་མི་འདོད་པའི་རྣམ་འགྱུར་ནས་འཛུམ་མདངས་དང་བྲལ་བའི་ཞལ་ལ་ཁོང་ཁྲོའི་མེ་ལྕེ་ལང་ལོང་དུ་འཁོར་ཏེ་བརླང་ཚིག་གི་མེ་རླབས་ཧ་ལོའི་ལུས་ཐོག་ཏུ་འབབ་རྒྱུ་ནི་ངེས་པའི་རྒྱུ་ཡིན་ཞིང་། ཨ་མ་གཡུ་སྒྲོན་ཀྱང་མང་ཚོགས་བྱིངས་ལ་བློ་ཕྱོགས་པར་བྱེད་འདུག  སྤྱོད་ཚུལ་འདི་ལ་བལྟས་ན་ཀུན་གྱིས་ཧ་ལོ་བདེ་སྐྱིད་ལ་ཟུར་ཟ་བྱེད་པར་མ་ཟད།  མང་ཚོགས་དང་གཞུང་ཞབས་མི་སྣ་ཡོངས་ཀྱིས་ང་ལའང་མི་འདོད་པ་བྱེད་ངེས་ཡིན་པས་ངས་ཧ་ལོ་ལ་སྤྲེལ་ལད་བྱས་ནས་བྲག་དཀར་སྡེ་པའི་མང་ཚོགས་ཀྱི་དཔོན་དུ་བྱས་རྒྱུའི་རེ་བ་བཅངས་པ་དེ་ནི་སྟོང་ཟད་དུ་འགྲོ་བ་མ་ཟད། མཐའ་མ་རང་ཉིད་ཀྱང་ཀུན་གྱིས་འཁོོན་འཛིན་བྱ་པ་མ་ཟད་ད་དུང་མང་ཚོགས་ཀུན་གྱི་དགྲ་ཟླའམ་གཤེད་བབས་ཀྱི་གནས་སུ་འགྱུར་རྒྱུའི་མཐའ་འབྲས་ལས་མ་མཆིས་པས།  དེ་ལས་ང་རང་རང་གིས་ཧ་ལོ་བདེ་སྐྱིད་ཀྱི་སྤྱོད་ཚུལ་དེ་ལ་གཞན་ལས་ལྷག་པའི་ཁྲོ་སེམས་ཀྱིས་གཡོ་སྒྱུས་བརྫུས་ཏེ་སྐྱོན་འཛུགས་དང་ནག་ཉེས་ཐེར་འདོན་བྱེད་ཚུལ་བྱས་ན་ཀུན་གྱིས་བསམ་བློ་དང་མཐུན་པ་དང་།  གལ་ཏེ་ཧ་ལོ་བདེ་སྐྱིད་ཉམས་ཉེས་སུ་འགྱུར་ཡང་རང་ཉིད་མང་ཚོགས་ཡོངས་ལས་ཁྱད་པར་དུ་འཕགས་ཏེ་ཀུན་གྱི་གོང་དུ་བསླེབས་པའི་རེ་བ་ཉག་གཅིག་དེ་ནི་ཧ་ལོ་བདེ་སྐྱིད་ཀྱི་འཁྲིས་སུ་ཡོོོད་པའི་ཉི་མ་ཚེ་རིང་ལ་བཅོལ་ན་ང་ཡི་ཕུགས་བསམ་དེ་འགྲུབ་ངེས་རེད་སྙམ་ནས།  ཧ་ལོ་བདེ་སྐྱིད་ལ་དམའ་འབེབ་དང་ཉི་མ་ཚེ་རིང་ལ་བསྙེས་པ་དང་སྤྲེལ་ལད་བྱས་ནས་བསྡད་པ་དང།  ཨ་མ་གཡུ་སྒྲོན་གྱིས་གཏམ་བཤད་མ་ཚར་གོང་ནས་ཁོང་གི་སྐད་གསང་མཐོན་པོ་འདི་ལྟར་སྨྲས་སོ།།
        ཐག་འཁྱུད་ཀྱིས་མང་ཚོགས་ལ་བསྟོད་བསྔགས་དང་ཧ་ལོ་མཐར་སྐྲོད་བཏང་བའི་གྲོས་འགོ་བཏོན་པ།
   བྲག་དཀར་སྡེ་པའི་གཅེན་གཅུང་རྣམས་ཀྱིས་དེ་རིང་ཐག་འཁྱུད་ང་ལ་གསོན་དང་།  དེ་རིང་ཁྱོད་རྣམས་ཀྱིས་དོན་དང་ལྡན་པའི་གླེང་མོ་བྱས་པས་ཤེས་དམན་ང་བློ་སྒོ་འབྱེད་སོང་ཞེས་དང་།  མ་ཟད་རང་ཅག་གཅེན་གཅུང་རྣམས་ལ་རྒྱུན་དུ་དམའ་འབེབ་བྱེད་པའི་ཧ་ལོ་།  བདེ་སྐྱིད་ནི་ད་ཆ་རང་རིགས་མང་ཚོགས་ཀུན་གྱི་སྤྱི་དགྲ་ཞིག་ཏུ་གྱུར་པ་མ་ཟད།  ད་དུང་ཁྲེལ་མེད་ཁོང་དང་ཁོང་གི་རྒྱུད་པ་རྣམས་གང་དུ་སྐྱེས་ཀྱང་རང་གཤིས་དང་སྤྱོད་ལམ་ངན་པ་མ་ཟད་ཧམ་སེམས་དང་འདོད་རྔམ་གྱི་དྲི་མ་དེ་ཡང་ལྷན་སྐྱེས་སུ་གནས་པས་ཁོང་དང་ཁོང་གི་རྒྱུད་པ་ཐམས་ཅད་སྤྱི་ཚོགས་འདི་ཡི་ནང་ནས་མཐའ་སྐྲོད་དུ་གཏང་ན་ལེགས་ཞེས་སྨྲས་སོ།།
           ཐག་འཁྱུད་ཀྱིས་གཤིས་ཀ་ལ་མང་ཚོགས་ཀྱི་དམའ་འབེབ།
 
  ད་དུང་ཁོང་གིས་ངོ་མཚར་ཁྲེལ་ཡོད་དང་བག་ཡོད་ཚུལ་ལྡན་གྱིས་སྤྱོད་ཚུལ་བཟུང་ནས་དལ་བུར་ཉི་མ་ཚེ་རིང་ལ་འཐམས་འཁྱོད་བྱས་སོ།  ཐག་འཁྱུད་ནི་སྤྱི་དོན་རྒྱབ་ཏུ་དོར་ཞིང་རང་དོན་དང་དུ་ལེན་པ་དང་། རང་ཉིད་ཁོ་ནིའི་དོན་དུ་བསམ་ནས་སྤྱི་ཚོགས་སྟེང་མི་སྣ་་དྲང་འཁྱུག་གི་དབྱེ་བ་མ་འབྱེད་པ་རང་ལ་ཁེ་ཕན་ཡོད་མེད་ཚད་གཞིར་འཛིན་པ་དང་ཁེ་ཕན་དེ་དག་འགྲུབ་ཆེད་མི་སྣ་ཐ་ཤལ་ཅན་ལ་འབྲེལ་ལམ་བྱེད་པ་དང་།  གཡོ་འཁྲུལ་གྱི་བྱ་བ་ལ་འཇུག་པ་བག་མི་ཚ་བ་དང་།  གཡོ་ཅན་ཐག་འཁྱུད་ཀྱིས་བྱ་ངན་ལ་བལྟོས་ནས་མང་ཚོགས་ཀྱི་ནང་ནས་མི་འགའ་ཞིག་མཆིལ་མ་འདེབས་པ་དང་།  ཡང་ལ་ལས་ཤབ་ཤུབ་ཏུ་སྨྲས་པ་དང་ཁྲེལ་དགོད་ཡང་བྱེད།
         ཧ་ལོ་འགྱོད་གདུང་ལ་ལྷུང་པ་དང་ཐག་འཁྱུད་ལ་རྒྱུས་ལོན་བྱེད་པ།
 
  མཚམས་འདིར་ཧ་ལོ་བདེ་སྐྱིད་ཀྱིས་རང་ཉིད་མང་ཚོགས་ཡོངས་ཀྱི་གཙུག་རྒྱན་དུ་འཁོད་རྒྱུའི་རེ་བ་བཅངས་ནས་རྩོད་གླེང་འདི་བསླངས་པ་ཡིན་ནའང་།  རང་ཉིད་ཀྱིས་བསམ་འདུན་དང་ཕྱིན་ཅི་ལོག་སྟེ་ཀུན་གྱིས་ཟུར་ཟ་བྱེད་ཡུལ་དུ་གྱུར་སྟབས་སེམས་སྡུག་དྲག་པོས་འདི་སྙམ་དུ་བསམས་སོ།།  ཡུད་ཙམ་སྔོན་དུ་ཐག་འཁྱུད་རིག་རྡོ་ཡི་ཁ་ནས་ཧ་ལོ་ང་་ཉམ་ཆུང་
 བའི་མང་ཚོགས་རྣམས་ལ་ལྟ་སྐྱོང་བྱེད་པའི་སྤྱོད་བཟང་ཞིག་ཡོད་ཚུལ་བརྗོད་ཀྱང་དོན་དངོས་ཐོག་ངས་མང་ཚོགས་རྣམས་ལ་ལྟ་སྐྱོང་བྱེད་པའི་བྱ་བ་སྣ་གཅིག་ཀྱང་ངས་མ་བསྒྲུབས་མོད།  སླེ་ཡོན་ཅན་ཐག་འཁྱུད་ཁོང་ནི་ཆུང་ངུའི་དུས་ནས་ད་ལྟའི་བར་དུ་ང་ཁོ་ན་ལ་བརྟེན་ནས་འཚོ་ཞིང་། ངས་ཁོང་ལ་སོན་འཛིན་མེད་པར་དྲན་གྱིས་སྐྱོང་ན་ཡང་།  ད་ནི་དེས་ཀྱང་རང་ལ་སྡིགས་མཛུབ་བྱེད་པར་མ་ཟད། ད་དུང་ང་སྤྱི་ཚོགས་འདི་ཡི་གྲས་ནས་མཐའ་སྐྲོད་བྱེད་རྒྱུའི་གྲོས་མགོ་ཡང་བཏོན་པ་དེ་ནི་བསམ་བརྗོད་ལས་འདས།  ད་ནི་མང་ཚོགས་ཀྱིས་གཙོ་འཛིན་མ་འཁོད་ཀྱང་མ་འཁོད། དེ་ལས་ང་སྤྱི་ཚོགས་འདིའི་ཕྱི་རོལ་དུ་མཐའ་སྐྲོད་བྱས་ན་དཔྱིད་དཔལ་རབ་ཏུ་བཞད་པའི་ཡིད་འོང་གི་སྤྱི་ཚོགས་འདི་ཁ་བྲལ་ཞིང་།  ཐ་ན་འཚོ་བའི་དཀའ་ངལ་གྱིསརྐྱེན་པས་སྲོག་འགོ་ཡང་མི་ཐོན་པ་སྲིད་སྙམ་སྟེ་སྡུག་གི་སྨྲེ་སྔགས་ཡང་འདུན་པ་དང་ནོངས་འགྱོད་ཆེན་པོས་ཡིད་རབ་ཏུ་གདུངས་ཏེ་གདོང་གི་མཁུར་ཚོས་ཀྱི་བར་མཚམས་ན་མིག་ཆུའི་ཕྲེང་ཐག་གི་བརྒྱུད་ཕྲེང་རྡོག་རེ་རེར་ལྷུང་བ་བཞིན་མིག་ཆུ་དལ་གྱིས་འཛག།
           ཨ་མ་གཡུ་སྒྲོན་གྱིས་ཧ་ལོའི་ཉེས་སྐྱོན་ངོས་བཟུང་བ་དང་དེ་ལ་གུ་ཡངས་བཏང་བ།
 
  དེའི་ཚེ་ཨ་མ་གཡུ་སྒྲོན་གྱི་མིག་ལམ་དུ་ཧ་ལོ་བདེ་སྐྱིད་ཀྱི་སྤྱོད་ཚུལ་རྣམས་ཡིད་ལ་རེ་རེ་བཞིན་ཤར་ནས་གོང་གི་གཏམ་འཕྲོས་ལ་མཐུད་དེ་འདི་ལྟར་གསོལ་ལོ།།   ངོ་མཚར་དང་ལྡན་པའི་ས་ལེ་སྦྲམ་གྱི་མན་ཌལ་ལ་རིན་པོ་ཆེའི་ཕྲ་རྒྱན་སྣ་ཚོགས་བརྒྱན་པ་བཞིན་དུ།  བྲག་དཀར་སྡེ་པའི་སྤྱི་ཚོགས་འདིའི་ནང་དུ་མང་ཚོགས་ཀྱི་ཡ་རབས་སྤྱོད་བཟང་དེ་ཡང་བྲག་དཀར་སྡེ་པའི་སྤྱི་ཚོགས་འདི་ཡི་རྒྱན་ཞིག་ཡིན་པ་ལས་མི་སྣ་འགའ་ཤས་ཀྱི་སྤྱོད་ཚུལ་ཙམ་ལས་སྙན་པ་གྲགས་པ་མ་ཡིན་ནོ་ཞེས་དང་།  ཡང་ད་རེས་ཧ་ལོ་བདེ་སྐྱིད་ཀྱིས་ཚུལ་འཆོས་དང་རློམ་སེམས་ཀྱིས་རང་གི་སྤུན་ཟླར་སྡིགས་མོ་བྱས་པས་ཚུལ་མིན་གྱིས་སྤྱོད་ཚུལ་ཡང་ད་རེ་ལན་གཅིག་འཆུགས་པར་སྤྱི་ཚོགས་འདི་ནས་ཐ་སྐྲོད་ཀྱིས་ཉེས་པར་སྤྱོད་པ་དེ་བས་མི་རིན་པ་དང་།  མ་གཞི་རང་ཉིད་གཅིག་པུ་གཙུག་རྒྱན་ལྟ་བུར་བྱེད་པའི་ནོར་འཁྲུལ་གྱི་བསམ་བློ་དེ་ནི་སྐྱུག་བྲོ་བ་ཞིག་ཡིན་ཀྱང་།  ད་ཆ་རང་གི་སྤྱོད་ཚུལ་ངན་པ་ལ་ནོངས་འགྱོད་ཟབ་མོའི་གཅོང་དུ་ལྷུང་བར་ལ་གཟིགས་ཤིང་།  སྔར་ཧ་ལོ་བདེ་སྐྱིད་ཀྱིས་མང་ཚོགས་ལ་ཁེངས་དྲེགས་དང་རློམ་སེམས་ཀྱིས་སྒོ་ནས་མཐོང་ཆུང་དང་ཁྱད་གསོད་བྱས་པ་ནི་བདེན་མོད།  མ་ཟད་ཁྱོད་ཧ་ལོའི་སྤྱོད་ཚུལ་ལ་མྱོང་ཚོར་ཟབ་མོ་ཞིག་འདུག་པས་གསུང་བར་ཞུ་ཞེས་ཨ་མ་གཡུ་སྒྲོན་གྱིས་ཁྱད་གསོད་ཀྱི་གདངས་དང་ལྡན་པའི་ངང་ནས་སྨྲས་པས་ན། ཐག་འཁྱུད་རིག་རྡོ་བགས་ཁུམ་པ་དང་སྤོབས་པ་ཞུམ། ཐག་འཁྱུད་རིག་རྡོ་ནི་ཉི་མ་ཚེ་རིང་ལ་འཁྱིལ་ནས་བསྡད་ཡོད་པས་དམའ་འབེབ་ཇི་ལྟར་བྱས་ཀྱང་ངོ་མི་ཚ་བ་དང་།  ཨ་མ་གཡུ་སྒྲོན་གྱིས་གསུངས་པ་ནི་བདེན་ནོ་ཞེས་སྨྲས་པ་ནི་རང་གི་སྤྱོད་པའི་རྐྱེན་གྱིས་མང་ཚོགས་རྣམས་བཞད་གད་བྱེད་པའི་ཡུལ་ལ་སོང་ཞིང་།དེ་ནས་ཁོང་ཅི་བྱ་གཏོལ་མེད་གནས་སུ་གྱར་ནས་ཨ་མ་གཡུ་སྒྲོན་ལ་ལྟ་ཙམ་ཡང་བྱེད་མ་ཕོད་པར་འདྲེན་བྱེད་ཟུང་རང་གི་རྐང་བར་ལྟ་བའི་ཚུལ་གྱིས་མགོ་བོ་སྒུར་ནས་ཅང་མི་སྨྲ་བར་ཡུལ་ཡུལ་བོར་གནས་སོ།།
           ཨ་མ་གཡུ་སྒྲོན་གྱིས་མང་ཚོགས་ལ་བསླབ་བྱ་བཀྱོན་པ།
   ཨ་མ་གཡུ་སྒྲོན་གྱིས།  བཅུ་དྲུག་ལང་ཚོ་ཡི་ཆ་རྫོགས་པའི་ཟླ་བ་དེ་ལ་མི་དགོས་པ་གཟའ་ཡིས་འཚེ་བ་བྱེད་པ་བཞིན་དུ། གཤིས་ཀ་བཟང་ལ་དྲང་ཚུགས་ལྡན་པའི་ཉམ་ཆུང་བའི་འུ་ཚོ་བྲག་དཀར་སྡེ་པའི་མང་ཚོགས་རྣམས་ལའམ་མི་ངན་འགའ་གནོད་འཚེ་བྱས་ཀྱང་།  ང་ཚོ་ཀླན་ཀ་བྱེད་པ་ལ་དགོས་པ་གང་ཡང་མེད་ཅིང་འོན་ཀྱང་ད་ལན་འཁྲུག་རྩོད་ཀྱི་མེ་ལོང་ལས་རང་མདོག་རང་གིས་མཐོང་པ་མ་ཟད་སྐྱོན་དང་ཡོན་ཏན་གང་ཡིན་རྣམ་དབྱེ་གསལ་པོ་འབྱེད་པ་དང་།  བླང་དོར་སྤང་འཇུག་གི་བྱ་བ་ལ་ནན་གྱིས་འཇུག་པ་དང་།  གཞན་ཡང་མཚར་སྡུག་ཡིད་དུ་འོང་བའི་སྤྱི་ཚོགས་འདི་ལ་གྱོད་དང་ཀླན་ཀ་སོགས་ནི་སྤྱི་ཚོགས་འདིའི་ཁྱད་ཆོས་རྣམས་ཉམས་པར་བྱེད་པའི་རྒྱུ་ཡིན་པས་དེ་དག་གི་ཉེས་སྐྱོན་རྣམས་བསལ་ནས།ཕན་ཚུན་བརྩེ་བ་བྱེད་པ་དང་ཡུན་རིང་འགྲོགས་པ་དང་གཅེན་གཅུང་ལྟ་བུའི་འདུ་ཤེས་འཛིན་པ་དང་།  ཕན་ཚུན་རིགས་རུས་དང་ལ་རྒྱ་འཛིན་ནས་སྤྱི་ཚོགས་སྒེག་ཉམས་ཕྱི་རོལ་དུ་སྟོན་ཅིང་།  ཞེས་དང་།  ད་དུང་མི་རིགས་འདིའི་སྤྱོད་བཟང་ཀྱི་དྲི་བསུང་དེ་ཡང་ཕྱོགས་གང་ས་ནས་སྤེལ་ནས་སྤྱི་ཚོགས་ཀྱི་གཤིས་ཀ་བཟང་རེ་གཏོང་དགོས་ཞེས་བརྗོད་དོ།།
          ཧ་ལོ་དང་ཐག་འཁྱུད་གཉིས་ཀྱིས་ནག་ཉེས་ངོས་བཟུང་ནས་འགྱོད་སེམས་དྲག་པོ་སྐྱེས་པ།
  སྐབས་དེར་ཧ་ལོ་བདེ་སྐྱིད་དང་ཐག་འཁྱུད་རིག་རྡོ་གཉིས་སྔར་ཚུལ་མིན་གྱིས་བྱ་བར་ཞུགས་པས་འགྱོད་སེམས་དྲག་པོ་སྐྱེས།  ཡང་ཨ་མ་གཡུ་སྒྲོན་གྱིས་སྐྱོན་དང་ཡོན་ཏན་གང་ལྡན་ཡང་ཕྱོགས་རེ་མེད་པར་ཇི་མ་ཇི་བཞིན་སྨྲས་པ་དང་དཀྱེལ་ཆེ་ཁོངས་ཡངས་ཀྱི་བློ་སྒོས་འགྱོད་གདུངས་འདུམ་ལ་འོས་མིན་གྱིས་དམའ་འབེབ་མི་བྱེད་པ་དང་ཉེས་གཅོད་སོགས་གང་ཡང་མི་བྱེད་པ་མ་ཟད་ད་དུང་སྤྱི་ཚོགས་ཡོངས་ལ་མཐུན་བསྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་ལྷན་གཅིག་ཏུ་འགྲོགས་དགོས་པའི་སྐུལ་མ་བཏང་བ་སོགས་ལ་བལྟ ས་ན་དགའ་སྐྱོ་གཉིས་ལྡན་གྱི་ཚོར་བ་དྲག་པོ་བྱུང་།
        དམངས་ཀྱིས་ཧ་ལོ་དང་ཐག་འཁྱུད་ཀྱི་ནག་ཉེས་གུ་ཡངས་དང་བྱམས་བརྩེའི་འཛུམ་མདངས་ཀྱིས་བསྐྱངས་པ།
   ད་ནི་རང་ཉིད་ལ་སྨད་པའི་མང་ཚོགས་དེ་དག་གི་རང་ཉིད་ལ་མིག་གིས་ཡང་མི་ལྟ་སྙམ་ནས་མགོ་བོ་ཡར་བཏེགས་ཏེ་བལྟས་པས་ན་མང་ཚོགས་ཀྱི་ཁོང་གཉིས་ལ་ལྟ་བཞིན་ཡོད་པ་མ་ཟད།  ད་དུང་བྱམས་བརྩེའི་དྲོད་ཀྱིས་ཁེངས་པའི་མང་ཚོགས་རེ་རེའི་མདུན་དུ་བསྐྱོད་ནས་ཟུར་བལྟས་བྱེད་ཀྱང་ཐམས་ཅད་ཀྱི་ངོ་གདོང་ལ་དགོད་འཛུམ་གྱི་འདབ་མ་རབ་ཏུ་འཁྲོལ་བར་གྱུར་ཏོ།།  ངང་ཚུལ་འདི་ཡིས་བྲག་དཀར་སྡེ་པའི་མང་ཚོགས་ཀྱིས་བློ་སེམས་ལྷག་པར་གཡོས་ནས་མི་འཇིགས་པའི་སྤོབས་སེམས་དང་ཞུམ་པར་མེད་པའི་སྙིང་སྟོབས་དང་ལྡན་པར་མ་ཟད་མང་ཚོགས་རྣམས་དགའ་སྣང་གིས་སྨྱོས་ཏེ་དབང་མེད་དུ་བླངས་པའི་སྙན་ཞིང་འཇེབས་པའི་གླུ་དབྱངས་ཀྱིས་ལྡུམ་རའི་ར་བ་འགེངས་པར་བྱས་པ་དང་།  ཐོས་འཛིན་དབང་པོའི་བདུད་རྩིར་གྱུར་པའི་བུང་བའི་མགུར་གྱིས་བསྐུལ་ཏེ་ཡིད་དུ་འོང་བའི་མང་ཚོགས་དེ་དག་གིས་ཀྱང་ལང་ཚོའི་མཆོར་སྒེག་གི་འགྱིང་ཉམས་དང་ལྡན་པའི་གར་ལ་རོལ་ནས།  མང་ཚོགས་དེ་དག་ལ་དགའ་སྐྱིད་ཕུན་སུམ་ཚོགས་པའི་རྣམ་པར་རབ་ཏུ་ཁེངས་།  དེའི་ཚེ་ན་ཨ་མ་གཡུ་སྒྲོན་གྱིས་ལྷག་རླུང་ཆར་གསུམ་བང་ལ་བཟེད་ནས་ཡུན་རིང་དཀའ་སྤྱོད་སྐྱེད་སྲིང་བྱས་པའི་འབྲས་བུ་ལས་བྱུང་བའི་སྤྱི་ཚོགས་འདི་ལ་སྤྲོ་སྣང་དང་ལྡན་པའི་རྣམ་པ་གསལ་ཞིང་སླར་ཡང་འཕྱུར་བས་བློ་བདེ་བག་ཕེབས་ཀྱིས་འཛུམ་བག་དང་ལྡན་པའི་སྒོ་ནས་གཡོས་ཁང་དུ་ཁྱིམ་འཛིན་མའི་བྱ་བ་ལ་འཇུག་པར་ཆས་སོ།།  དྲང་བདེན་གྱི་ལམ་བུར་བསྐྱོད་དེ་རང་སྐྱོན་ཡོ་སྲང་བྱས་ན་ཅིས་ཀྱང་སྤྱི་ཚོགས་སམ་སྒེར་སུ་ཡིན་རུང་ནག་ཉེས་ཀྱི་འདམ་རྫབ་ནས་སླར་ཡང་ལངས་ཏེ་འོད་སྟོང་འབར་བའི་མ་འོངས་ཀྱི་ལམ་ཆེན་དུ་སྐྱོད་ཐུབ་ངེས།
 
                   ༢༠༡༣/༣/༢༩ ཉིན་སྤེལ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྲག་དཀར་སྡེ་པའི་རྩོད་རྙོག

2013-05-02 རྒྱ་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།