རྨ་ཆུའི་སྟོད་ཕྱོགས།
བློ་བཟང་གིས་ཕྱེད་ཀ་ཙམ་རིའི་ཕག་ཏུ་ནུབ་པའི་ཉི་མའི་ཕྱོགས་སུ་བལྟ་ཙམ་བྱས་རྗེས་ཀི་རིང་ཞིག་བཏབ་པ་ན་མདུན་རིའི་ངོས་ཀྱི་ལུག་ཁྱུ་དེ་ལྷས་ལ་ཤོག་ཅེས་པའི་མི་སྐད་གོ་བ་བཞིན་དལ་མོའི་ངང་མར་བབས་བྱུང་ལ་ཟླ་བ་ཚེ་རིང་གིས་ཀྱང་ནོར་དེད་ནས་གཡས་རིའི་སྐེད་ཙམ་དུ་བསླེབས་འདུག ཉི་ནུབ་ཀྱི་མཚམས་སུ་ནོར་ནག་གི་རྨིག་སྒྲ་དང་ལུ་གུའི་འབའ་སྒྲ། ནོར་འཛིན་དབང་མོའི་ཆུ་ཁུར་ནས་ཡོང་བའི་གོམ་སྒྲ་གསུམ་གྱིས་ནི་མཉམ་སྒྲོག་རོལ་མོ་ཞིག་དང་འདྲ་བར་རི་ལུང་འདིར་རྣམ་ཤེས་གསར་བ་ཞིག་བསྐྲུན་བྱུང་།
ཨ་ཕ། དེ་རིང་གི་སྐྱ་མི་དེ་ཚོ་ཅི་བྱེད་དུ་ཡོང་བ་རེད། ནུབ་ཚལ་འཐུང་བའི་སྐབས་སུ་ཟླ་བ་ཚེ་རིང་གིས་དེ་ལྟར་དྲིས།
ཞང་སྲིད་གཞུང་གི་ལས་བྱེད་འགའ་རེད། ངེད་ཚང་ནི་དཔེ་བཟང་ཁྱིམ་ཚང་རེད་ཟེར་ནས་བྱེ་ཁུག་མ་གང་དང་ཚྭ་ཤོག་ཁུག་གསུམ་བྱ་དགའ་རུ་ཁྱེར་ཡོང་།
དཔེ་བཟང་། ཟླ་བ་ཚེ་རིང་གིས་མིང་ཚིག་དེའི་ནང་དོན་མ་གོ་བར་དེ་ལྟར་དྲིས་པའི་ཚུལ་དུ་བཤད་མོད་བློ་བཟང་གིས་ཧ་གོ་བའི་ཚུལ་དུ་ཨོ་ཡ་ཟེར་ནས་ལན་བཏབ།
ཁོ་ཚོས་པར་ཆས་དེ་གདོང་ཐད་དུ་བསྐོར་ཡོང་དུས་ངོ་ཚ་ནས་མགོ་བོ་ཡང་འགྱོགས་མི་ཕོད་པ་ཞིག་རེད། ནོར་འཛིན་དབང་མོས་དེ་ལྟར་ཟེར་བ་ན་བློ་བཟང་གི་སེམས་སུ་ནོར་འཛིན་དབང་མོ་ད་རུང་ངོ་ཚ་བར་དེ་འདྲ་དགའ་བས་མོ་ལོ་བཅོ་ལྔ་བཅུ་དྲུག་ཅན་གྱི་ན་ཆུང་མ་ཞིག་དང་འདྲ་བོ་འདུག་སྙམ་མོད་དོན་དངོས་ཁོང་གཉིས་བཟའ་ཚང་བྱས་ནས་མི་ལོ་སུམ་ཅུ་ལོན་འདུག
དེ་ན་རྗེས་སུ་ཁོ་ཚོ་པར་རྒྱག་ཏུ་ཡོང་དུས་ངེད་བཟའ་ཚང་གང་བོ་ཐེངས་གཅིག་བླང་ན་རེད།
ང་ལོ་རྒན་ལྔ་བཅུར་གོམ་པ་སྤོ་བའི་རྒན་པོ་ཞིག་ལ་ལེན་རིན་ཅི་ཞིག་ཡོད། ཁྱོད་ཚང་གི་ཨ་མའི་སྐྱེ་འབྲས་བརླག་འཇོག་གི་རེད། ཁོས་ཀུ་རེ་དང་བཅས་དེ་ལྟར་ཟེར་བ་ན་ཁོང་བཟའ་མི་གསུམ་པོ་མཉམ་གཅིག་ཏུ་བགད་བྱུང་། འཇམ་ཐིང་ཐིང་གི་མཚན་མོར། དགོད་སྒྲ་དེ་རི་ལུང་དུ་འཐིམས་བྱུང་། དགོད་སྒྲ་དེ་སྐར་མའི་གསེབ་ཏུ་འཐིམས་སོང་། དགོད་སྒྲ་དེ་མདུན་གྱི་ཤག་ཤག་ཏུ་བཞུར་བའི་རྨ་ཆུའི་ཕ་རོལ་དུ་འཐིམས་སོང་།
སྟོན་གྱི་གསེར་མདོག་གི་ཁྲོད་དུ་ནོར་ལུག་ནི་རྡོ་བ་བཞིན་རྩྭ་གསེབ་ཏུ་ཟུག མཚམས་དང་མཚམས་སུ་རླུང་བུ་དལ་མོ་རེ་ལྡང་བ་ན་འཇག་མའི་རྦ་རླབས་རི་ལུང་ནས་རི་ལུང་དུ་བཞུར།
བློ་བཟང་། མགྲོན་པོ་འགའ་ཡོང་གི་འདུག ནོར་འཛིན་དབང་མོས་དེ་ལྟར་ཟེར་བས་ཁོ་རང་དེ་མུར་སྦྲ་སྒོར་བུད་པ་ན་མདུན་གྱི་ཕ་བོང་ཆེན་པོ་ད་ེལས་ཅི་ཡང་མ་མཐོང་མོད་གློ་བུར་དུ་ཕ་བོང་དེའི་ཕག་ནས་སྐྱ་མི་གསུམ་མངོན། ཁོ་ཚོ་གམ་དུ་བཅར་བ་ན་བོའུ་ཁུར་ཏག་ཏག་ཡིན་ལ་གཅིག་གིས་འདི་ལྟར་ཟེར།
ཨ་རོ་རྒན་པོ། ཇ་འཐུང་རྒྱུ་ཨེ་ཡོད། ཁོས་ཡོད་ཅེས་ལན་འདེབས་པའི་བར་ཡང་གཅིག་གིས་ང་ཚོ་ཉེན་རྟོག་པ་ཡིན་ཟེར།
ཇ་འཐུང་རྒྱུ་ལོས་ཡོད། བོབས་བོབས་བོབས།
ཁོ་ཚོས་སྤྱང་ཀི་ཞིག་བསད་འདུག ནོར་འཛིན་དབང་མོས་ཁོ་ཚོར་ཇ་དཀར་ཡོལ་གང་རེ་བླུགས་པ་ན་ཁོ་ཚོས་ཇ་ཡི་སྐོར་བཤད་བྱུང་། ཡང་རྩམ་སྒམ་མདུན་དུ་བཞག་པ་ན་རྩམ་པའི་སྐོར་ཁ་བརྡ་བྱས་བྱུང། བློ་བཟང་གི་སེམས་སུ་མགྲོན་པོ་ཡོང་དུས་ཤ་ཞིག་ཀྱང་ཟ་རྒྱུ་མེད་པ་འདི་བསམ་བཞིན་སྐྱེངས་པ་དང་བཅས་ཁ་རོག་གེར་བསྡད་ལ་ཁོ་ཚོས་ཀྱང་ཁོ་ལ་ཁ་བརྡ་གཅིག་ཀྱང་མི་བྱེད།
ཨ་རོ་རྒན་པོ། ས་འདི་ན་ཤྭ་བ་དང་གླ་བ་མང་བ་རེད། འགྲོ་ཁར་ཁོ་ཚོའི་གཅིག་གིས་འདི་ལྟར་ཟེར།
ས་འདིའི་རི་དྭགས་ཚང་མ་ཨ་མྱེ་རྨ་ཆེན་གྱི་སྒོ་ཟོག་ཡིན་པས་དེ་གསོད་ཕོད་མཁན་སུ་ཡོད་དམ།
ཚིག་དེ་གོ་བ་དང་ཁོ་ཚོ་བགད་བྱུང་། དགོད་སྒྲ་དེ་མདུན་གྱི་ཕ་བོང་དུ་ཟུག་ལ་ཡུན་རིང་གི་རྗེས་སུ་བློ་བཟང་གི་སེམས་སུ་ཕ་བོང་དེ་ཁོ་ལ་བལྟས་ནས་ད་རུང་དགོད་ཀྱིན་པའི་སྣང་བ་ཞིག་སྐྱེས། ཕ་བོང་དེའི་རྒྱབ་ཕྱོགས་སུ་ཞང་སྲིད་གཞུང་གི་ཁང་དམར་དེ་ལས་དུ་བ་ཕྲ་མོ་ཞིག་བློ་བཟང་གི་དངན་པ་བཞིན་དགུང་དུ་འཐེན། མཚན་མོ་དེར་ཁོང་ཚང་ལ་སྲུང་གཡག་དམར་པོ་ཞིག་ཡོད་པ་གར་སོང་ཆ་མེད་དུ་གྱུར། བློ་བཟང་གིས་སྤྱང་གིས་བསད་སོང་བ་ཨེེ་ཡིན་སྙམ་ནས་ཉིན་གསུམ་ལ་བཙལ་མོད་ཅི་ཡང་མ་རྙེད། བློ་བཟང་གི་སྣང་བ་རུ་ཁོང་ཚང་གི་འབྲི་གཡག་རེ་རེའི་ར་ཁར་སྔོན་དང་འདྲ་བར་སྨུག་མདངས་མེད་པ་དང་འདྲ་ལ་རི་ལུང་གི་རྩྭ་ལྡུམ་ལ་ཡང་སྔོན་དང་འདྲ་བར་སྣུམ་བཅུད་མེད་པར་གྱུར།
ཉིན་ཁ་ཤས་ཀྱི་རྗེས་སུ་སླར་ཡང་ཞང་སྲིད་གཞུང་གི་ལས་བྱེད་འགས་ཡིག་ཆ་ཤོག་ལྷེ་འགའ་དང་ཀ་ར་རྒྱ་མ་འགའ་ཁྱེར་ཡོང་ནས་པར་མང་བོ་ཞིག་བརྒྱབ། ཁོས་དེ་ཚོར་སྲུང་གཡག་བོར་བའི་གནས་ཚུལ་དེ་བཤད་པ་ན་ཁོ་ཚོས་མགོ་བོ་ཐད་དུ་གཡུག་ཞོར་འདི་ལྟར་ཟེར།
དེང་སང་རྐུན་མ་ཡོད་པ་མ་རེད། དེང་སང་སྤྱང་ཀི་ཡོད་པ་མ་རེད། སང་ལོ་ནས་ད་རུང་ཁྱེད་ཚང་གི་ཐད་ནས་རྨ་ཆུར་ཟམ་པ་འཕེན་རྒྱུ་ཡིན་པས་འཚོ་བ་ཉིན་རེ་ནས་ཉིན་རེར་ཇེ་བཟང་དུ་འགྲོ་རྒྱུ་རེད། སྲིད་གཞུང་ནམ་ཡང་ཁྱོད་ཀྱི་རྒྱབ་ན་ཡོད་པ་རེད།
བློ་བཟང་གི་སེམས་སུ་ཉེན་རྟོག་པ་དེ་ཚོ་སོང་བ་ནས་ངོ་མ་སྤྱང་ཀི་ཚང་མ་ཁོ་ཚོའི་རྗེས་སུ་བུད་སོང་བ་དང་འདྲ་བར་མཐོང་རྒྱུ་མེད་པར་གྱུར་མོད་རྐུན་མ་མེད་པའི་ས་ཆ་ཞིག་ཨེ་ཡོད་དམ་སྙམ། རྩྭ་ལམ་ཀྱ་མ་ཀྱུ་དེ་བརྒྱུད་ནས་ཁོ་ཚོ་ལམ་ལ་ཆས། བློ་བཟང་ཁོ་ཚོའི་རྗེས་སུ་འགྲེང་ནས་ཁོ་ཚོ་མདུན་གྱི་ཕ་བོང་ཆེན་པོ་དེའི་ཕག་ཏུ་མི་སྣང་བར་གྱུར་བའི་བར་བསྡད། མཚན་མོ་དེ་ནས་ཟླ་བ་ཚེ་རིང་གིས་ཐུན་བྱེད་དགོས་པར་ཁ་གཡར་ནས་ལྷས་འདབས་སུ་ཉལ་དུ་སོང་བས་བློ་བཟང་གིས་ད་གཟོད་ཁོ་གསར་བུར་གྱུར་འདུག་པ་ཤེས། ཐབ་ཁུང་དུ་མེ་ལྕེ་ལམ་ལམ་དུ་འདྲེན། ཁ་ཚུབ་ཏུ་སྐར་མ་ཟ་ཟི་རུ་འཚེར།
ཁོས་ཆུང་མ་ཞིག་བླང་ན་རེད། རེ་ཞིག་གི་རྗེས་སུ་ནོར་འཛིན་དབང་མོས་དེ་ལྟར་སྨྲས།
ཨོ་ལེ། རི་འདིའི་ཕ་རོལ་ནས་བླངས་ན་ལེགས་སམ་ཆུ་འདིའི་ཕ་རོལ་ནས་བླངས་ན་ལེགས། ཁོས་གང་བསམ་དུ་དེ་ལྟར་སྨྲས་པ་མ་ཟད་ཆུ་འདིའི་ཕ་རོལ་ཏུ་མ་ཟེར་རི་འདིའི་ཕ་རོལ་དུ་ཡང་ཕྱིན་མ་མྱོང་བས་དོན་དངོས་ཕྲ་ཚོམ་བཏབ་འདྲའི་རུ་སྡེ་ཆེན་པོ་ཞིག་ཡིན་ནམ་མི་མེད་ལུང་ཐང་སྐམ་པོ་ཞིག་ཡིན་གསལ་ཆ་བྲལ།
ལས་དབང་རེད། ནོར་འཛིན་དབང་མོས་དེ་ལྟར་ཟེར།
དུས་ཚོད་ནི་ངོ་མ་ཆུ་བོ་ཞིག་རེད། སྐད་ཅིག་ཉིད་དུ་ལོ་ངོ་ག་ཙམ་ཕྱིན་པ་མི་དྲན་མོད་ཞང་གི་ལས་བྱེད་དེ་ཚོས་བྱེ་དང་ཀ་ར། གཡིས་སོགས་ལེགས་སྐྱེས་གྲངས་མང་ཞིག་ཁྱེར་ཡོང་མྱོང་ལ་དེ་ལས་ཀྱང་གྲངས་ཀ་མང་བའི་སང་ལོ་རྨ་ཆུར་ཟམ་པ་འཕེན་རྒྱུ་རེད་ཟེར་བའི་སྐད་ཆའི་ཁྲོད་ཟླ་བ་ཚེ་རིང་གཟུགས་སྟོབས་ཆེ་བའི་གསར་བུ་ཞིག་ཏུ་གྱུར་ལ་ཟོག་ལུག་གཉིས་ཀ་འཚོ་སྐྱོང་བྱེད་པའི་འགན་ཁོ་གཅིག་པུས་ལྕོགས་པར་བྱས་འདུག འོན་ཀྱང་། ལས་དབང་དང་གནམ་གཤིས་གཉིས་ལ་སུ་ཞིག་ལ་ཐབས་བཀོད་ཡོད། ད་ལོར་ཉིན་འགར་བསྟུད་མར་ཁ་བ་བབས་པས་ཉིན་རེ་བཞིན་དུ་ཟོག་ལུག་ལྷས་ར་ལས་གོམ་གང་ཡང་འགྲོ་མི་ཐུབ་པར་གྱུར་བ་མ་ཟད་བློ་བཟང་བཟའ་མི་གཉིས་ཀ་ཡང་སྦྲ་སྒོ་རུ་འབུད་མི་ཐུབ་པར་གྱུར་བས་མཐར་ཟླ་བ་ཚེ་རིང་ཞང་སྲིད་གཞུང་གི་ནང་དུ་ཐེངས་གཅིག་འགྲོ་རྒྱུའི་གྲོས་ཐག་བཅད། ཁ་བའི་ཁྲོད་དུ་ཕ་བོང་དེ་སྔར་ལས་ཆེ་བ་དང་འདྲ་ལ་རྩྭ་ལམ་ཀྱ་ཀྱུ་དེ་ཡོད་སའི་དབྱིབས་ཙམ་ཡང་མི་ཤེར་བར་གྱུར་འདུག་མོད་ཁོས་གོམ་པ་རེ་རེ་ཡིད་ཚོད་ཀྱིས་མདུན་དུ་བླངས། ཉིན་གུང་ལ་བསླེབས་པའི་མཚམས་སུ་ཁོ་རང་ཞང་སྲིད་གཞུང་གི་ཁང་དམར་དེའི་སྒོ་རུ་བསླེབས་ནའང་ཡིད་ཕམ་པ་ཞིག་ལ་དེ་ནི་མི་གཅིག་ཀྱང་མེད་པར་ནང་དུ་ཤོག་ལྷེ་མང་བོ་བརྩེགས་པའི་ཁང་སྟོང་ཞིག་རེད། ཁོས་ཕྱི་བལྟས་ཤིག་བྱས་པ་ན་ཕ་བོང་ཆེན་པོ་དེ་སྔར་ལས་ཆེ་ཞིང་དེ་ཡི་གམ་དུ་ཁོང་ཚང་གི་སྦྲ་ནག་གྲུ་བཞི་དེ་ཇེ་ཆུང་ནས་ཇེ་ཆུང་དུ་འགྱུར་བཞིན་འདུག
ཞང་སྲིད་གཞུང་ནི་ཁང་སྟོང་ཞིག་རེད།
བློ་བཟང་གིས་ཐོག་མར་སྐད་ཆ་དེ་རློམ་ཐབས་མེད་པར་གྱུར་ནའང་དེ་བཤད་མཁན་རང་གི་བུ་ཡིན་པ་དྲན་དུས་མི་རློམ་ཀ་མེད་དུ་གྱུར་ལ་ཡི་མི་ཆད་ཀ་མེད་དུ་གྱུར། ཁོས་སྦྲའི་སྲུབས་ཀ་ལས་ནག་ཐིག་ཙམ་ལས་ལུས་མེད་པའི་ལྷས་ར་རུ་ཐེངས་རེར་བལྟས་ལ་ཟམ་པ་འཕེན་རྒྱུ་རེད་ཟེེར་སའི་རྨ་ཆུའི་ཕྱོགས་སུ་ཐེངས་རེ་བལྟས་ནས་ལུས། མི་རིང་བར་ཟོག་ལུག་ཚང་མ་ཁ་བའི་འོག་ཏུ་ནུབ་ཚར་རྒྱུ་ཡིན་པ་མ་ཟད་ཁོང་བཟའ་མི་གསུམ་པོ་ཡང་མནན་འགྲོ་ཤས་ཆེ་བས་སྐབས་འདིར་ཟླ་བ་ཚེ་རིང་གིས་འདི་ལྟར་ཟེར།
སང་ཉིན་ནས་ང་ཚོ་གནས་གཞན་ཞིག་ཏུ་སོང་ན་རེད། དེ་ནི་ཁོ་རང་ཕོ་ལོ་ཉི་ཤུར་འབུད་རག་པར་ཕ་རྒན་ལ་བཏོན་པའི་བསམ་ཚུལ་དང་བོ་ཡིན་ལ་ཆེས་མཇུག་མ་ཡང་ཡིན་སྲིད། ནོར་འཛིན་དབང་མོས་ཚིག་གཅིག་ཀྱང་མི་སྨྲ། མོས་སྔར་བཞིན་ཡོད་ཚད་ལས་དབང་རེད་སྙམ་ཡོད། ཁོ་ཚོ་གནས་གང་ཞིག་ཏུ་འགྲོ་སུ་ལའང་ཡིད་ཚོད་མེད་པས་རེ་ཞིག་ཁུ་སིམ་མེར་གྱུར།
ཕྱི་ཉིན་ཁོ་ཚོ་བཟའ་མི་གསུམ་པོ་ལམ་ལ་ཆས། རྒྱབ་ཕྱོགས་ཀྱི་རི་བོ་དེ་ལས་ཀྱང་ཆེ་བ་དང་འདྲ་བའི་ཕ་བོང་དེའི་གམ་གྱི་རྩྭ་ལམ་ཀྱ་མ་ཀྱུ་དེའི་ཕྱོགས་བརྒྱུད་དེ་ལམ་ལ་ཆས། ལམ་བུ་འདིའི་ཕྱོགས་གཞན་ཞིག་ཏུ་དྲོ་སྐྱིད་ལྡན་པའི་གནས་ཤིག་ཡོད་པའི་ངེས་པ་སུ་ལའང་མེད་མོད་ལམ་ལ་ཆས་པ་ནས་ལམ་འདིའི་སྣེ་གཞན་ཞིག་འཆི་བདག་གི་གམ་དུ་འཐེན་ཡོད་རུང་བློ་བཟང་གིས་བུ་ཆུང་ལ་ལེ་བདའ་བྱེད་གཏན་ནས་མི་སྲིད། ནོར་འཛིན་དབང་མོའི་བསམ་ཚུལ་ལྟར་ན་འདི་ནི་ལས་དབང་རེད་ལ་བློ་བཟང་གི་བསམ་ཚུལ་ལྟར་ན་འདི་ནི་བུ་ཆུང་ཟླ་བ་ཚེ་རིང་གིས་ཚེ་འདིར་བཏོན་པའི་བསམ་ཚུལ་གཅིག་པུ་རེད། དྲང་མོར་བཤད་ན་ད་ལྟ་ནོར་ལུག་ཚང་མ་ཁ་བའི་འོག་ཏུ་མནན་ཚར་བ་མ་ཟད་སྦྲ་ནག་དེ་ཡང་ནག་ཐིག་ཙམ་ལས་ལུས་མེད་པས་ལམ་ལ་ཆས་རྒྱུ་ནི་གདམས་གསེས་གཅིག་པུ་རེད། ཟླ་བ་ཚེ་རིང་གིས་རྡོག་ཁྲེས་ཡོད་ཚད་ཁུར་ནས་ས་གཤགས་འཕྲུལ་འཁོར་ཞིག་དང་འདྲ་བར་མདུན་གྱི་ཁངས་ཆེན་རིམ་པར་གཤགས་ནས་ཕྱིན་པས་དེ་ཡི་རྗེས་སུ་བློ་བཟང་ཁྱོ་ཤུག་གཉིས་ཀ་འགྲོ་ཁ་བདེ་མོ་བདེ་མོ་བྱུང་། ཁོས་དཀའ་སྣང་སྤུ་ཙམ་མེད་པའི་ངང་མཚམས་རེར་ཨ་ཕ་བསྐྱོར་ནས་མདུན་དུ་བསྐྱོད་ལ་མཚམས་རེར་ཨ་མ་ཁུར་ནས་མདུན་དུ་བསྐྱོད་པས་པས་ཉིན་ཞག་དུ་མ་གང་ལྟར་སོང་ཡང་ཧ་མ་གོ མཚམས་ཤིག་ལ་ཁོ་ཚོ་ཁ་བ་མེད་པའི་ལམ་གྱི་སུམ་མདོ་ཞིག་ཏུ་སླེབས། དེ་རུ་ལྕགས་ལེབ་ཆེན་པོ་ཞིག་གི་ངོས་སུ་རི་ལུང་ནོར་ལུག་གིས་གང་ཞིང་སྦྲ་ནག་གྲུ་བཞི་ཞིག་གི་འདབས་སུ་འབྲོག་ཁྱི་དམར་པོ་ཞིག་དགུང་དུ་མཆོངས་པའི་པར་རིས་ཆེན་པོ་ཞིག་བཀལ་འདུག་ལ་ཞོལ་དུ་ཁོང་ཚང་གི་སྦྲ་མདུན་གྱི་ཕ་བོང་དང་འདྲ་བའི་ཡི་གེ་ཆེན་པོ་འགའ་བྲིས་འདུག
འབྱོར་ཕྱུག་ལྡན་པའི་ས་མཐོའི་འབྲོག་པ།
ཁོ་ཚོ་པར་རིས་དེར་ཧད་ནས་ཡུན་རིང་ལུས་ཤིང་མཐའ་མར་ཟླ་བ་ཚེ་རིང་གིས་ཤུགས་རིང་ཞིག་འཐེན་ནས་རང་གིས་རང་ལ་འདི་ལྟར་དྲིས།
ལྷ་སར་འགྲོ་བའི་ལམ་གང་ཡིན་ནམ།
༢༠༡༢ལོའི་ཟླ༡༡ཚེས༤ལ་རྨུར་བྱེ་ཡུལ་ཚོ་རུ་བྲིས།
རྩོམ་ཁུངས། ངེད་དྲ་བ།