བཀྲ་ཁོའི་མི་ཚེ།
༡
ཞོགས་པའི་ཕོ་ཉ་སླར་ཡང་རྐང་འཇབ་ལག་འཇབ་ཀྱི་ངང་ནས་རྩྭ་ཐང་དུ་སླེབས་ཤིང་། སྨག་རུམ་གྱི་ཡོལ་བའང་དལ་བ་དལ་བུར་ཕྱེ་ནས་དཀར་གསལ་ལེར་གྱུར་བ་ན་འབྲུ་མཛོ་མོའི་ངུར་སྒྲ་དང་ལུག་གཡང་དཀར་ཀྱི་འབའ་སྒྲ། ཁྱི་ཡི་ཟུག་སྒྲ་བཅས་གཞི་ གཅིག་ཏུ་འདྲེས་པའི་འུར་ཟིང་གིས་རྩྭ་ཐང་གི་ལྷིང་འཇགས་དང་ལྡན་པའི་རྨི་ལམ་དེ་ཡོངས་སུ་དཀྲོགས།ཨ་ནེ་ལྕགས་མཚོ་མལ་ལས་ལངས་ནས་ཁྱིམ་བདག་མ་གཞན་དང་འདྲ་བར་དྭངས་གཙང་གི་ཆུ་འགྲམ་དུ་སོང་ནས་ཆུ་འཁུར་ཡོང་བ་དང་བུད་མེད་ཁ་ཤས་ཀྱིས་ནངས་ཇ་བསྐོལ་བའི་ལས་ལ་བྲེལ་འདུག ཨ་ནེ་ལྕགས་མཚོའི་ཁོ་ཚང་གི་ཐབ་ཀའི་ནང་དུ་མེ་བུས་པ་དང་དྲེག་ནག་ཆགས་པའི་ཧ་ཡང་སླ་ང་ཕྱིས་ནས་ནངས་ཇའི་འོ་ཇ་ཞིམ་པོ་དྲི་ངད་དང་ལྡན་པ་དེ་དཀར་ཡོལ་གང་བླུགས་ནས་ཨ་ཁུ་ཉི་མར་བྱིན།
ཨ་ཁུ་ཉི་མའི་གཏམ་གློ་བུར་བ་ཞིག་དྲིས་བྱུང་།
ཨ་རོགས་རྒན་མོ། ད་ལོར་ངེད་ཚང་ལ་ལུག་ཅི་ཙམ་ཡོད་པ་ཁྱོད་ཀྱི་ཨེ་ཤེས་ཞེས་དྲིས་པ་ན།
ཨ་ཙི། རྒད་པོ་ཁྱོད་ལ་ཅི་མ་ཉན། ལུག་གི་གྲངས་ཀ་ངས་ག་ལ་ཤེས་སམ་ཞེས་མཚར་སྣང་བཅས་ཏེ་མིག་ཧྲིག་ཧྲིག་གི་རྒད་པོའི་ངོ་ལ་བལྟས་ནས་ལུག་མནའ་མ་བདེ་སྐྱིད་ཀྱི་འཚོ་བཞིན་པ་མིན་ནམ།
དེས་ན་ཁྱོད་ཀྱི་ཡིད་ཚོད་ཅིག་བྱས་ནས་ཤོད་དང་།
སུམ་བརྒྱ་ཙམ།
འོ།
དེ་རིང་ཞི་ལི་ཡོང་རྒྱུ་ཨེ་རེད། ཨ་ནེ་ལྕགས་མཚོའི་དྲིས།
མགོ་སྟོང་དེ། སྒོར་རྡོག་འགའ་ལག་ཏུ་ཡོད་ན་རང་ཡུལའང་བརྗེད་འདུག ལག་གི་སྒོར་མོ་ཚར་ན་དེ་མི་ཡོང་བར་གང་ལ་འགྲོའམ།
ཨ་ནེ་ལྕགས་མཚོས། དེ་ལམ་ལོག་ཏུ་ཞུགས་འགྲོ་སྙམ་ནས་སེམས་མི་བདེ་ཅེས་བཤད།
མ་གཞིར་བཀྲ་ཁོ་ཉིན་གཉིས་གསུམ་གྱི་སྔོན་ལ་སྒོར་འགའ་ཁྱེར་ནས་རྫོང་ཐོག་ཏུ་ཉུལ་དུ་བྱིན།ཁོའི་སྒོར་མོ་རྣམས་ཕངས་མེད་དུ་བཀོལ་ནས་སྒོར་བཅུ་ལ་གཏུགས་པས་ད་ནི་སྒོར་མོ་ཞིག་འཚོལ་དགོས་བསམ་ནས་རྫོང་ཐོག་གི་གྲོགས་པོ་རྣམས་ཀྱི་སར་བསྐྱི་རུ་སོང་།
ཁོའི་གྲོགས་པོ་རྣམས་ཀྱིས་ཁ་གཡོར་ས་བཙལ་ནས་གཅིག་གིས་ཀྱང་ཁོ་ལ་སྒོར་མོ་མ་བསྐྱིས། ཁ་དཔེ་ལ་ཡང་[མི་ངན་པར་གྲོགས་པོ་མང་།།ས་རུབ་ན་འགྲོ་ས་མེད།།]ཅེས་བཤད་པ་ལྟར་ཁོ་སྡུག་ལ་ཐུག་ནས་ལུག་ཉོ་བའི་ཚོང་བ་ཞིག་བཙལ་དུ་སོང་། ཁོ་ཁ་ཆེ་ཚོང་བ་ཞིག་དང་འཕྲད་ནས་ལུག་གོང་གཏམ་རེ་བྱས།
ཁ་ཆེ་ཚོང་བས། སྒོར་བརྒྱ་དང་ལྔ་བཅུ་སྟེར།
ཉིས་བརྒྱ་དགོས། ཉིས་བརྒྱ་སྟེར་ན་བཙོང་ཆོག མི་སྟེར་ན་ངས་མི་གཞན་ཞིག་བཙལ་རྒྱུ་ཡིན།
ཚོང་བས། ཁྱོད་ཀྱི་གཞན་བཙལ་མ་བཙལ་མེད། ད་ལྟ་རིན་གོང་འདི་ལས་མཐོན་པོ་ཞིག་སྟེར་མཁན་མེད་ཁོ་ཐག་ཡིན། ཅེས་བཤད།
རིན་གོང་དེ་ཙམ་གྱིས་བཀྲ་ཁོ་ཡིད་མ་ཚིམ་པས་གཞན་ལ་འགྲོ་གྲབས་བྱེད་སྐབས་ཚོང་བ་དེས་མྱུར་དུ་ཁོའི་ལག་པར་འཇུས་ནས། ཡ་ད་ཆ་སྙོམས་ཀྱི་བརྒྱ་དང་བརྒྱད་བཅུ་སྟེར་བཙོང་མི་བཙོང་ཁྱོད་ཀྱི་ལྟོས་ཟེར་བས།
བཀྲ་ཁོས་ཀྱང་འདང་ཞིག་བརྒྱབ་སྟེ། ཨིན། ཆོག་གི སྒོར་སྟོང་གཉིས་སྔོན་ལ་སྟེར་དགོས་ཞེས་བཤད་པས།
ཚོང་བས། དེས་ན་གན་རྒྱ་ཡི་གེ་ཞིག་འབྲི་དགོས། ཐོབ་ཐང་ལག་ཁྱེར་ཡང་གཏའ་མར་འཇོག་དགོས་ཟེར་བས། བཀྲ་ཁོ་ཡང་འཐད་པ་བྱུང་།
བཀྲ་ཁོ་ད་ནི་སྒོར་མོ་ཡོད་པས་སྔོན་ལ་མགྲོན་ཁང་ཞིག་ཏུ་ཐོ་འགོད་བྱས་པ་དང་དེ་ནས་ཟ་ཁང་ཞིག་ལ་སོང་ནས་ཟ་མ་རྒྱག་ཆད་པ་ཞིག་ཟོས་ནས་སྲང་ལ་འཁོར་དུ་སོང་། ཁོ་མྱུལ་མྱུལ་ནས་ཤེས་མེད་ཚོར་མེད་ཀྱི་ངང་ནས་ཐེ་ཆིག་སྤོ་ལོ་རྩེད་སའི་ཁང་བའི་སྒོ་ཁར་ཐོན། ཁོ་ནང་དུ་འཛུལ་ནས་ཡིད་ཚིམ་པ་ཞིག་རྩེ་ནས་ཅི་ཙམ་འགོར་བ་ཡང་མ་ཚོར་བར་སྒོར་བུད་པ་ན་མུན་ཡང་རུབ་ལ་ཉེ་ཞིང་གྲོད་པ་ཡང་ལྟོགས་སྣང་ཞིག་སྐྱེས་ནས་ཟ་ཁང་དུ་སོང་ནས་དེ་རིང་ནི་སེམས་ཁམས་ཧ་ཅང་སྐྱིད་པས་རིན་གོང་ཅུང་མཐོ་བའི་ཚོད་མ་སྡེར་མ་འགའ་དང་ཝུ་ཆང་དམ་བུ་གསུམ་བཤད། ཟ་མ་ཟོས་ཚར་ནས་ལག་མགོའི་དུས་ཚོད་ལ་བལྟས་པ་ན་དུས་ཚོད་ད་རུང་སྔ་བས་གཅིག་པུར་ཉལ་ན་གཉིད་ག་ལ་ཁུགས་བསམ་ནས་ཉལ་རོགས་ཤིག་བཙལ་ན་འགྲིག་སྙམ། བཀྲ་ཁོ་རྫོང་འདིའི་ཆང་ཁང་ནང་དུ་འཛུལ། ཁ་སང་དེ་རིང་སྨད་འཚོང་བུ་མོ་དག་གི་རིན་གོང་ཡང་དུས་ཚིགས་ཀྱི་ཚོང་རྫས་ལྟར་གོང་དུ་འཕར་འདུག་མོད་བཀྲ་ཁོས་བློར་བབས་པའི་བུ་མོ་ཞིག་ཁྲིད་ནས་མགྲོན་ཁང་དུ་ཕྱིན།
ཕྱི་ཉིན་ཉིན་གུང་ལ་ཉེ་བ་ན་ཁོ་ད་བཟོད་མལ་ལས་ལངས་པ་དང་སྒོར་ཁུག་ནང་ལ་བལྟས་པའི་ལྷག་མ་སྒོར་བདུན་བརྒྱ་ཙམ་འདུག་པས་ད་ནི་ཡུལ་ལ་འགྲོ་དགོས་བསམ་ནས་མགྲོན་ཁང་གི་སྒོར་བུད་པ་དང་། དེ་ནས་ཁ་སང་གི་ཁ་ཆེ་ཚོང་བ་དེ་བཙལ་དུ་སོང་། ཁོས་ཚོང་བ་དེ་ལ་སང་ཉིན་ཁོ་ཚང་གི་ཡུལ་ལ་ལུག་རྣམས་ལེན་དུ་ཤོག ང་དེ་རིང་ཡུལ་ན་བྱ་བ་ཞིག་ཡོད་པས་འགྲོ་དགོས་ཟེར་ནས་སོང་བ་དང་ལམ་སྐབས་སུ་འདང་བརྒྱབ་ནས་ལག་སྟོང་དུ་ཡུལ་ལ་འགྲོ་མི་ཉན་བསམ་ནས་བཀྲ་ཁོས་སྒོར་བདུན་བརྒྱ་ཁྱེར་ནས་ཚོང་ཁང་ཞིག་ལས་མ་ཎི་ལག་འཁོར་ཞིག་དང་སྒྲ་སྡུད་འཕྲུལ་ཆས་གཉིས་ཉོས་པ་དང་འཕྲུལ་རྟར་ཞོན་ནས་ཕྱིར་ཡུལ་འབྲོག་ཁུལ་ལ་སོང་། འཕྲུལ་རྟ་བྱ་འཕུར་བ་ལྟར་ཁོ་ཚང་གི་སྦྲ་འདབས་ལ་ཐོན་པ་ན་ཨ་ནེ་ལྕགས་མཚོའི་འགྲུལ་བ་ཐོན་ཐལ་སྙམ་ནས་སྒོར་བུད་པ་ན་ཞི་ལི་བཀྲ་ཁོ་ཡིན་པ་མཐོང་།
བཀྲ་ཁོས་མ་ཎི་ལག་འཁོར་དང་སྒྲ་སྡུད་འཕྲུལ་ཆས་གཉིས་ལག་ཏུ་བཟུང་ནས་ཨ་མ་དང་མཉམ་དུ་སྦྲ་ནང་དུ་འཛུལ་ནས་མ་ཎི་ཨ་མར་བྱིན་པ་དང་སྒྲ་སྡུད་འཕྲུལ་ཆས་ཨ་ཁུ་ཉི་མར་བྱིན་པས་ཁོ་གཉིས་དགའ་ནས་བཞིན་ལ་འཛུམ་གྱི་ཁེངས།
དྲོས་ཇ་འཐུང་སྐབས་བཀྲ་ཁོའི་ཕ་རྒན་གྱི་སེམས་ལ་དོགས་པ་ཞིག་ལངས་ནས་དངོས་པོ་འདི་དག་ཉོ་སྤྱད་ཀྱི་སྒོར་མོ་གང་ནས་ཁྱེར་ཡོང་ངམ་སྙམ་སྟེ།
བཀྲ་ཁོ། ཁྱོད་ལ་དངོས་པོ་འདི་དག་ཉོ་སྤྱད་ཀྱི་སྒོར་མོ་ཞིག་གང་ནས་འབྱོར་རམ། ཞེས་དྲིས།
བཀྲ་ཁོས། ངས་རྫོང་ཐོག་ནས་ཁ་ཆེ་ཚོང་བ་ཞིག་ལ་ལུག་བརྒྱ་བཙོང་རྒྱུ་བྱས་ཡོད་པས་་་་ ་་་།
ཨ། ཁྱོད་ཀྱི་ལུག་དེ་འདྲ་ཞིག་གང་ནས་ཁྱེར་ཡོང་རྒྱུ།
འུ་ཚང་གི་ལུག་ཁྱུ་ནང་ནས།
ཧིན། ང་མ་ཤི་བར་དུ་ལུག་གི་བ་སྤུ་ཙམ་ཡང་བསྒུལ་མི་ཆོག
དེས་ན་ལོ་རྗེས་མའི་དཔྱིད་ཀར་ཁངས་ཆག་འབབ་པར་སྒུག་ཡ། བཀྲ་ཁོའི་ཁྲོས་གཏམ་གྱིས་བཤད།
ཨ། འགོང་ཕྲུག ཁྱོད་ཀྱིས་ཅི་ཟེར་ཞེས་ཁོང་ཁྲོ་དྲག་ཏུ་ལངས་ནས་སྐད་ཤུགས་ཆེན་པོ་བརྒྱབ་པ་ན། ངང་རྒྱུན་འཇམ་པའི་མ་རྒན་ལྕགས་མཚོ་འཚབ་འཚུབ་ཀྱི་ངང་ནས་སྐད་ཆ་ཡོད་ན་དལ་མོར་ཤོད་འདི་ལྟར་ཁ་རྩོད་བྱས་ནས་ཅི་བྱེད་ཞེས་ངོ་ནས་སྡུག་མདོག་ཅིག་བསྟན་ནས་བཤད།
ཨ་ཁུ་ཉི་མའི་དཔྲལ་བར་ཁྲོ་མདུད་ཅིག་བརྒྱབ་ནས་ང་ཚོ་འབྲོག་པ་དཔྱིད་བརྒལ་བར་ག་ལ་སྐྲག ངས་ཚེ་གང་བོར་རྫི་བོ་བྱས་ནས་དཔྱིད་གང་མང་ཞིག་བསྐྱལ་མྱོང་བ་ཁྱོད་ཀྱིས་ཨེ་ཤེས།
བཀྲ་ཁོ་ནི་སྤྱིར་སྐྱིད་སྡུག་གང་ཡིན་ནའང་ཕ་མ་ལ་ལན་སློག་མི་བྱེད་པ་ཞིག་ཡིན་ཡང་།ད་ཐེངས་ཀྱི་དོན་འདི་ཁོའི་འདོད་ཐོག་ཏུ་མ་ཡོང་པས་ཕ་རྒན་གྱི་བསམ་ཡུལ་ལས་འདས་པའི་གཏམ་ལན་འདི་བྱིན།
ཕ་རྒན་གྱི་སྐད་ཆ་དེས་ཁོའི་སེམས་ནང་དུ་ཆུ་འཁྱག་ཟོ་བ་གང་བླུགས་པ་ལྟར་ལུས་ཧྲིལ་བོ་འཁྱག་སིབ་སིབ་ཏུ་གྱུར་ཅིང་། རེ་ཐག་ཆད་པའི་ཚུལ་གྱིས་མིག་གིས་སྦྲའི་ཕྱི་རོལ་དུ་ལྟ་ཙམ་བྱས་ནས་བསྡད།
༢
དེ་ནས་བཀྲ་ཁོ་ཨ་ཁུ་ཉི་མའི་ཕུ་བོ་དོན་འགྲུབ་ཀྱི་ཁྱིམ་དུ་སོང་ནས་དོན་དག་གི་བརྒྱུད་རིམ་རྣམས་གསལ་བོར་བཤད་ནས་ཕྱིར་ཁོ་གཉིས་ཨ་ཁུ་ཉི་མ་ཚང་ལ་ཐོན།
ཨ་ཁུ་ཉི་མས་རང་དབང་མེད་པར་སྔམ་པ་ཞིག་འཐེན་ནས་ཕུ་བོ་ཁྱོད་ཀྱིས་ལྟོས་དང་ངེད་ཚང་གི་བཀྲ་ཁོས་གཞན་ལ་ལུག་བཙོང་རྒྱུའི་གན་རྒྱ་བཞག་འདུག དེ་འགྲིག་གམ་ཞེས་དྲིས།
ཕུ་བོ་དོན་འགྲུབ་ཀྱི་གདོང་ལ་འཛུམ་ཞིག་ལངས་ནས། ཨ་རོགས་ཉི་མ། ངས་བལྟས་ན་ལུག་བཙོང་བ་འདི་འགྲིག་འདུག
ཨ་ཁུ་ཉི་མས་གཏམ་དེ་ཐོས་པ་ན་མིག་རྩ་དམར་པོར་གྱུར་ནས་ཁྱོད་ཀྱང་ཁོའི་རྒྱབ་རྩར་ལངས་ནས་སྐད་ཆ་དེ་བཤད་དོན་ཅི་ཡིན།ང་ཚོ་འབྲོག་པས་ལུག་བཙོང་ན་རྗེས་ཕྱོགས་འཚོ་བ་ཇི་ལྟར་རོལ་རྒྱུ་ཞེས་ཁོང་ཁྲོའི་ངང་བཤད།
ཕུ་བོ་དོན་འགྲུབ་ཡ་མཚར་ནས་ཁྱོད་ཀྱི་ཅི་ཟེར་རམ། ན་ནིང་ང་ཚོའི་རུ་སྐོར་གྱིས་ཕྱུགས་ཟོག་མང་པོ་ཞིག་བཙོང་བ་མ་ཡིན་ནམ། ད་ལོར་ལུག་གོང་བཟང་བས་མི་གཞན་དག་གིས་ཀྱང་བཙོང་བཞིན་པ་ཁྱོད་ཀྱི་མ་ཐོས་སམ།
ཨ་ཁུ་ཉི་མས་གང་ལྟར་ཀྱང་ང་མི་འཐད་ཁོ་ཐག་ཡིན། ཞེས་བཤད།
དེ་ནས་ཁོའི་ཕུ་བོ་དོན་འགྲུབ་ཡང་འུ་ཐུག་ཐབས་ཟད་ཀྱི་ངང་ནས་ཕྱིར་རང་ཡུལ་ལ་སོང་བས། ཁྱིམ་ཚང་འདི་ཡང་ཁུ་སིམ་མར་གྱུར།
དགོང་མོར་བཀྲ་ཁོ་གཉིད་མ་ཁུགས་པར་ཉལ་སའི་ནང་དུ་ཡར་འཕག་མར་འཕག་བྱས་ནས་ཕྱི་ཉིན་གྱི་ཚོང་རྒྱག་པར་བསམ་བློ་གཏོང་བཞིན་པའི་སྐབས་ཁོའི་ཆུང་མས་ཁྱོད་ལ་ཅི་ཞིག་བྱུང་སོང་ཞེས་དྲིས་ནའང་ཁོ་མོ་ལ་ཁ་ཡ་མ་བྱས་བར་འདང་བརྒྱབ་ནས་བསྡད།
ཕྱི་ཉིན་སྔ་མོ་ལུག་རྫི་ལ་བདེ་སྐྱིད་འགྲོ་རུ་མ་བཅུག་པར་བཀྲ་ཁོ་རང་ཉིད་སོང་། ཁོས་ལུག་རྣམས་གཞུང་ལམ་དང་ཐག་ཉེ་བའི་རྩྭ་སར་དེད་ནས་འཚོས་པ་དང་ཁ་སང་གི་ཚོང་བ་རྣམས་ལ་སྒུག ཉིན་གུང་ལ་སླེབས་སྐབས་རླངས་འཁོར་ཆེ་བ་གཉིས་སྔ་གཞུག་བྱས་ནས་ཡོང་བཞིན་པ་མཐོང་ནས་བཀྲ་ཁོ་མྱུར་དུ་ལམ་འགྲམ་དུ་སོང་ནས་མདུན་བཀག ཁོའི་ཁ་སང་གི་དོན་དག་རྣམས་ཚོང་བ་དག་ལ་བཤད་པ་དང་དེ་ནས་ཁོ་ཚོས་ལུག་གཅིག་རེ་གཅིག་རེ་བྱས་ནས་རླངས་འཁོར་ནང་དུ་བཞག བཀྲ་ཁོས་བརྒྱབ་པའི་ད་ཐེངས་ཀྱི་ལུག་ཚོང་དེ་ནི་ཕ་རྒན་གྱི་བསམ་ཡུལ་ལས་འདས་པ་ཞིག་རེད། བཀྲ་ཁོ་ཡི་སྒོར་མོ་རྣམས་ཁྱེར་ནས་ས་གཞན་ཞིག་ཏུ་བྲོས་ནས་ཚོང་ཙག་ཙིག་བརྒྱབ་པ་དང་ལོ་འགའ་འགོར་བ་ན་ལག་ཡོང་ཡང་བཟང་བར་གྱུར་ནས་དགའ་རོགས་རྒྱ་མོ་ཞིག་ཀྱང་བཙལ། རྒྱ་མོ་དེ་བཀྲ་ཁོ་ལ་དགའ་ནས་འགྲོགས་པ་མ་ཡིན་པར་ཁོའི་རྒྱུ་ནོར་ལ་དགའ་ནས་འགྲོགས་པ་ཡིན་མོད་བཀྲ་ཁོ་ནི་ཁོ་མོ་ལ་ཧ་ཅང་དགའ། ཁོའི་ཐེངས་འགའ་ལ་ཁོ་མོའང་རོགས་སུ་འཁྲིད་ནས་ཚོང་རྒྱག་ཏུ་སོང་བ་དང་ཡིན་ཡང་ཐེངས་འདིར་མ་འཁྲིད་པས་བཀྲ་ཁོ་ཡི་བློ་ཡུལ་ལས་འདས་པའི་དོན་ཞིག་བྱུང་བ་ནི་ཁོ་མོས་བཀྲ་ཁོ་ཡི་རྒྱུ་ནོར་རྣམས་ཁྱེར་ནས་ཁོ་མོ་དགའ་སའི་མི་གཞན་ཞིག་གི་རྗེས་སུ་འབྲངས་ནས་བྲོས་སོང་བ་དེ་རེད། ཁོའི་མྱུར་དུ་ཉེན་རྟོག་ཁང་ལ་ཞུ་གཏུགས་བྱས་ཡང་ཉེན་རྟོག་པས་དོན་དག་ཤེས་དུས་ཁྱོད་ལ་བརྡ་གཏོང་ཟེར་ནས་བཞག ཁོས་ཟླ་འགའ་ལ་སྒུག་ནའང་བརྡ་མ་ཐོན་པས་ཁོས་ཅི་ཞིག་བྱེད་དགོས་པའང་མ་ཤེས། དེ་ནས་ལག་གི་སྒོར་མོ་ཡང་ཚར་ལ་ཉེ་བས་ཕྱིར་རང་ཁུལ་ཏུ་ཡོང་ནས་རྐུ་བྱེད་པའི་ལས་ལ་ཞུགས། ཐོག་མར་ཁོའི་འཕྲུལ་རྟ་དང་གཞན་གྱི་ཁྱིམ་ལ་འཛུལ་ནས་སྒོར་མོ་སོགས་བརྐུས་པས་མི་གཞན་གྱིས་མ་ཤེས་ལ་ཁོར་ཡང་སྦྱོང་བརྡར་ཐོབ་པས་རྗེས་ནས་རླངས་འཁོར་དང་ཐ་ན་འཕྲོག་བཅོམ་ཀྱང་བྱས། ཁོས་དེ་ལྟར་སྡེ་བ་གོང་ཞོལ་བར་གསུམ་དུ་བརྐུས་བྱས་བས་སྡེ་བ་ཚང་མས་དོགས་ཟོན་བྱས་ཡོད་ལ་ད་ནི་གང་ལ་རྐུ་བྱེད་དུ་འགྲོ་སྙམ་ནས་བསམ་བློ་བཏང་མཐར་སྡེ་བའི་མདུན་གྱི་དགོན་པ་དེ་ཡིད་ལ་འཁོར། དགོན་པའི་ནང་ན་ཨ་ཁུ་རྒྱུ་ཅན་ཞིག་ཡོད་པ་དེའི་གྲྭ་ཤག་ནང་དུ་ལྡིང་ནས་ཆ་སྒམ་གྱི་འཐེན་སྒམ་ནང་གི་སྒོར་མོ་དང་མཆོད་ཁང་ནང་གི་ཨ་ཁུ་གྲོང་ཆོག་ལ་འགྲོ་དུས་ཁྱེར་བའི་དྲིལ་བུ་དང་ད་དུང་ཐང་ཀ་རྙིང་བ་ཞིག་བཅས་བརྐུས་ནས་ཕྱིར་གྱང་འགྲམ་ནས་ཕྱི་ན་གྲགས་འགུལ་མེད་པ་ཤེས་རྗེས་གྱང་ཁ་ནས་གླ་བོ་ལྡིང་ལྡིང་བྱས་ཏེ་སྐད་ཅིག་དེ་ཉིད་ལ་དགོན་པ་ནས་ཡལ་བར་བྱས། ཕྱི་ཉིན་ཨ་ཁུ་ཕྱུག་པོ་དེའི་ནང་དུ་རྐུན་མ་འཛུལ་བའི་དོན་དེ་དགོན་པའི་ནང་ཡོངས་ལ་ཁྱབ་པ་དང་ཕྱག་བསྐོར་ལ་འགྲོ་བའི་རྒན་རྒོན་འགས་ཀྱང་དོན་དེ་གླེང་བཞིན་འདུག
རྒན་མོ་ལོ་ལོན་ཞིག་གིས། རྐུན་མ་དེ་ཚོ་དགོན་པའི་ནང་དུའང་ལག་བསྲིངས་ཕོད་དམ། ཨོཾ་མ་ཎི་པདྨེ་ཧྰུཾ།་་་་་་
ཨོ་ལེ། ན་ནིང་དོ་ཚིག་གི་རྐུན་མ་འདི་ཚོ། རྒན་པོ་ཞིག་གིས་དེ་ལྟར་བཤད།
ཐེངས་ཤིག་ཁོས་དགོན་པའི་འདུ་ཁང་ནང་དུ་རྐུས་བྱེད་སྐབས་སྟབས་མ་ལེགས་པར་དཀོར་གཉེར་གྱི་བཟུང་བ་དང་ཁོ་རང་དགོན་པའི་དོ་དམ་ཁང་ལ་སྤྲད། དོ་དམ་མི་སྣས་ཅི་ལྟར་འདྲི་གཅོད་བྱས་ན་ཡང་ཁོས་གཞན་ཅི་ཡང་ཁས་མ་བླངས་པས་ཁོ་ཚོའི་ཉེན་རྟོག་ཁང་ལ་སྤྲད། ཉེན་རྟོག་པས་ཁོར་གཅེར་བརྡུང་བྱས་པའི་རྐྱེན་གྱིས་རླངས་འཁོར་བརྐུས་པ་སོགས་ཀྱང་ཁས་བླངས། མཇུག་མཐར་ཁོ་ལོ་གསུམ་དུ་བཙོན་འཇུག་བྱས་པས་ཁོ་བློ་ཕམ་ནས་བཙོན་ཁང་དུ་འདུག་སྐབས་བློ་ཡིད་ལས་འདས་པ་ཞིག་ལ་ཁོའི་ཆུང་མ་བདེ་སྐྱིད་ཁོ་ལ་བལྟ་རུ་ཐོན་བྱུང་། སྐབས་འདིར་བཀྲ་ཁོ་ལ་མཚོན་ན་འདི་ལས་ལྷག་པའི་བདེ་སྐྱིད་ཞིག་གང་ན་ཡོད། སྤྱིར་ལོ་ཟླ་ནི་སྐད་ཅིག་རེ་རེ་ལ་འདས་མོད་བཀྲ་ཁོ་ལ་མཚོན་ན་བཙོན་ཁང་གི་ཉིན་གཅིག་ནི་ལོ་དང་ཟླ་བའི་སྣང་བ་སྟེར། བཀྲ་ཁོ་དེ་ལྟར་རེ་སྒུག་དང་འགྱོད་སེམས་ཚད་མེད་ཀྱི་ངང་ཉིན་མཚན་རེ་རེ་བཞིན་བཙན་གྱིས་བསྐྱལ་ནས་མི་ཚེ་ཟད་པར་བྱས་སོ། །
༢༠༡༣/༢/༣ ཉིན།
རྩོམ་ཁུངས། ངེད་དྲ་བ།