བདེ་སྐྱིད་ལྷ་མོ།
མཐོ་སྒང་གི་བར་སྣང་ན།
ནམ་ཡང་། སྤྲིན་པས་སྟངས་སྟབས་བསྒྱུར་ལ་ཁ་བས་སྒེག་ཉམས་ངོམས།
གཅིག
འཁྱག་གྲང་གིས་གཟིར་བའི་ཁང་སྟོང་ཞིག་ན། བདེ་མཆོག་གིས་བདེ་སྐྱིད་ལྷ་མོའི་མཛངས་ཡོན་དང་བུ་ཆུང་སྟག་འབུམ་གྱི་འཛུག་རྐོང་སྒོམ་བཞིན་ཕངས་སེམས་ཀྱི་མཆི་མ་གཏོང་། ཁོའི་མགོ་བོ་སྨད་ཅིང་ཕྲག་པ་གློད་པས་གསོན་ཉམས་ཡང་ཤོར་འདུག
དགུན་གཞུང་རིང་མོར་ཁེར་རྐྱང་དུ་ལུས་པའི་བདེ་མཆོག་ལ་ཟླ་ཚེས་མི་གསལ་བའི་འཕྲིན་ཡིག་ཅིག་འབྱོར།
བདེ་མཆོག་ལགས།
བདེའམ།
ཁྱོད་དང་མཉམ་དུ་ང་ལ་མི་ཁ་དང་མིག་ཆུ། ཞེ་སྡང་དང་དངངས་སྐྲག་ལས་ཅི་ཡོད། འཚོ་བ་དང་བཟའ་ཚང་ཟེར་བ་འདི་འདྲ་ཞིག་ཡིན་ནམ། ང་དངོས་གནས་སྐྲག་བྱུང༌། ངེད་གཉིས་སུ་ཡང་སུའི་ཆེད་དུ་འཚོ་བ་གཏན་ནས་མ་ཡིན། སྐྱེས་ཕོ་རབ་རེ་ལ་ཕོ་སེམས་རེ། མདའ་ཉག་ཕྲན་རེ་ལ་གཏོང་ཚན་རེ། ང་ནི་ང་རང་དང་ལས་དོན། མི་རིགས་ཀྱི་ཆེད་དུ་འཚོ་འདོད། འོན་ཀྱང་ལོ་ཟླ་མང་པོར། ལས་ངན་མ་ངས་ཞེ་སྡང་དང་ཁོང་ཁྲོའི་མེ་ལྕེའི་ཁྲོད་དུ། གསེར་ལས་དཀོན་པའི་ཚེ་སྲོག་གི་ཆུ་ཚོད་མང་པོ་ཆུད་ཟོས་སུ་བཏང༌ཞིང་། ནམ་ཡང་སྡུག་ཡུས་ཀྱི་མཆི་མས་བྲང་ཁོག་དོག་མོ་འཁྱག་ཤར་ཤར་དུ་བསྒྱུར། གྲང་ཤར་གྱི་འཇིག་རྟེན་ན། ང་ནི་ལོང་བ་དང་ཞ་བོ་ཇི་བཞིན་སྡུག་གི་ཁུར་པོ་ཁུར་ཏེ་སྒྱིད་པའི་ཉྭ་ཡང་འདེགས་དཀའ་རུང་ལག་རྙོབ་བྱེད་བཞིན་ཐབས་རྡུགས་ངང་འཚོ་ཐབས་བྱེད་དགོས་བྱུང་། རྒྱུ་འབྲས་གོ་ལྡོག་ཅིང་དཀར་ནག་གི་དབྱེ་བ་སྣོག་པའི་མི་ཡུལ་ན། ངས་ནི་ལས་དབང་ཁོ་ནར་སྐྱབས་བཅོལ་ནས་ང་འདི་ལྟར་རྨོངས་ཚོད་ཀྱིས་གསོན་ཐབས་བྱེད་དགོས་བྱུང༌།
དྲན་ནམ། ཁྱོད་ཀྱི་སྙིང་གཏམ།
“ཁྱོད་དང་འདྲ་བའི་གཟུགས་སྐྱེས་འབྲས་དང་གཤིས་རྒྱུད་བཟང་བའི་ཡོན་ཏན་པ་ཞིག་བདག་གི་ཆུང་མ་བྱས་ཚེ་ངའི་མི་ཚེ་གང་བོའི་དུས་ཚོད་ཚང་མ་ཁྱོད་ཀྱི་ཆེད་དུ་བློས་གཏོང་ཕོད། ཁྱོད་ནི་ངའི་ཚེ་སྲོག་དང་ཡོད་ཚད་ཡིན་་་་་་” བདེ་མཆོག་ཡ་བདེ་མཆོག ཚིག་འདི་ནང་ཡང་ངའི་རྣ་རྒྱབ་ན་ལྷང་ལྷང་རེད། ལྷག་པར་དུ་དོན་སྙིང་མེད་པའི་དོན་ཆུང་གི་ཆེད་མི་བསད་ཀྱི་ཤ་འཁོན་ཡོད་པ་ལྟར་ཁ་རྩོད་དང་རྒྱག་རེས་བྱེད་ཐེངས་རེར་ཁྱོད་ཀྱི་དང་ཐོག་གི་སྙིང་གཏམ་རྫུན་མ་དེ་དག་ངའི་རྣ་ལམ་ན་བྲག་ཅ་ཇི་བཞིན་ཇེ་གསལ་དང་ཇེ་གྲག་རེད། ངའི་ཁོང་ཁྲོའི་མེ་ལྕེ་ཡང་ཇེ་འབར་དང་ཇེ་དྲག་རེད། རེད་ཡ། སྐྱག་རྫུན་གྱི་གཏམ་དག་ནི་དུག་རླུང་དང་བསྡེབས་པའི་འབར་ཤེད་ཆེ་བའི་རྡོ་སྣུམ་འབའ་ཞིག་ཡིན་པས་ང་ལ་ཡང་བཟོད་པ་ཁོ་ན་ལས་མེད་པ་ག་ལ་ཡིན། དུས་ད་ལྟ། ཁྱོད་ཀྱིས་བརྩེ་དུང་ངོ་མ་ཞིག་རྙེད་ཡོད་པ་བདེན་སྲིད་ཀྱང་ངེད་མ་བུ་གཉིས་ཀྱི་ལས་དབང་ལ་རྡོག་རྫི་བྱེད་པའི་དབང་ཆ་ཞིག་སུས་ཀྱང་ཁྱོད་ལ་སྤྲད་མེད་ཡ། ཁྲེལ་མེད་ཀྱི་མི་ལགས། རེད་ཡ། ཞིམ་མངར་གྱི་འོ་སྦྱར་མེད་ལ་ཞེ་མཐུན་པའི་སྙིང་གཏམ་ཞིག་ག་ལ་ཡོད་དེ། རྒྱུན་ལྡན་གྱི་ངོ་གདོང་གསལ་བོ་ཞིག་ཀྱང་མཐོང་བར་དཀོན་པའི་ཉིན་མོ་རེ་རེ་ནི། ང་ལ་མཚོན་ན་མནར་གཅོད་ཅིག་ཡིན་ཞིང་ཁྱོད་ལ་མཚོན་ན་ཡང་བདེ་སྐྱིད་ཅིག་ག་ལ་ཡིན། ཐོབ་ཆོག་པ་ཐམས་ཅད་ཤོར་བའི་ཁྱིམ་འདི་ན། ང་ནི་རྩ་བ་བརླན་དང་བྲལ་བའི་འཇག་མ་ཇི་བཞིན། དགུན་གྱི་འཁྱག་རླུང་དང་ཁ་འཚུབ་ཀྱིས་རྡུལ་དུ་བརླག ཐལ་བར་བཏང༌།
ད་དུང་། ཁྱོད་ཀྱི་རྣམ་འགྱུར་སྣ་ཚོགས་དང་ཆང་རག་གི་ཤོག་སྒམ་མང་པོས་ཀྱང་བདག་ལ་སྐྲག་སྣང་ཚད་མེད་བཟོས། དོན་ངོ་མ་འུ་གཉིས་ཀྱི་སྡུག་བསྔལ་གྱི་འཚོ་བ་མཚམས་འདི་ནས་རྫོགས་ཚིག་ཅིག་ཏུ་གྱུར་འདུག རང་དབང་དང་རིན་ཐང་ཤོར་བའི་ཁྱིམ་གཞི་ན་བདེ་སྐྱིད་དང་བརྩེ་དུང་གནས་ཐབས་བྲལ་བས་ང་རང་རྒྱང་དུ་བཞུད་འདོད། རྒྱང་བཞུད་མའི་སྙིང་གཏམ་འདི་ཁྱོད་ཀྱི་ལག་ཏུ་འབྱོར་པ་ནས་བཟུང་ཁྱོད་ནི་རང་དབང་གི་བདེ་མཆོག་ཡིན་ལ་ང་ཡང་བདེ་སྐྱིད་ཀྱི་ལྷ་མོ་ཡིན།
བདེ་མོ་བྱོས། བདེ་མཆོག
བདེ་སྐྱིད་ལྷ་མོ་ནས།
དཀར་བོང་བོང་གི་འཇིག་རྟེན་གྲང་འདར་རྒྱག དམ་བེ་སྟོང་བ་མང་པོས་བདེ་མཆོག་གི་མཐའ་ནས་བསྐོར། ཕྱི་རོལ་ན་ཁ་བ་ད་དུང་འབབ་མཚམས་བཞག་མེད།
དོན་ངོ་མ། བདེ་མཆོག་དང་བདེ་སྐྱིད་ལྷ་མོ་གཉིས་ཀྱི་བར་དུ་དོན་དག་ཅི་ཞིག་བྱུང་སོང་ངམ། ང་ཚོས་མི་སྣ་འདི་གཉིས་ཀྱི་འདས་ཟིན་པའི་ཁ་སང་གི་ལོ་རྒྱུས་ལ་ཕྱིར་ལྟ་ཞིག་བྱེད་དང་།
གཉིས།
ཁ་བའི་མེ་ཏོག་གིས།ཀུན་གསལ་གྱི་བང་རིམ་ཡངས་བོ་རུ་ལང་ཚོའི་སྒེག་ཉམས་ངོམ་བཞིན་མི་ཡུལ་ལ་དཀར་མདོག་གིས་སེང་རས་བཟོ་བར་རྩོམ། སྟོན་མཇུག་གི་ལོ་མ་སེར་པོས་དྲི་བཞོན་གྱི་རམ་འདེགས་ལ་འཁྱུད་དེ། ཡིད་འོང་གི་སྒེག་ཉམས་ངོམས་པའི་གསེར་མདོག་གི་དུས་ལ་བཞི་ཤད་བཀོད་ལོང་མེད་པར་སྒང་པ་ཚང་གི་ཁྱིམ་ལ་དགུན་གྱི་ཆོམ་རྐུན་ཇི་ལྟར་འཇབ་པ་ཡང་མ་ཚོར།
གཟའ་སྤེན་པའི་ཉིན་ལའང་སློབ་ཕྲུག་ཚོར་གསབ་ཁྲིད་བྱེད་དགོས་པས་བདེ་སྐྱིད་ལྷ་མོ་ཡང་དུས་ལྟར་སློབ་གྲྭར་ཐོན། རྒྱ་ཆུང་བའི་གཞུང་དོན་ཁང་དུ་ཅོག་ཙེ་སྤུས་ལེགས་འགའ་དང་ཁང་བའི་དཀྱིལ་དུ་གློག་ཐབ་ཆུང་ཆུང་ཞིག་དམར་ལམ་ལམ་དང་ཚ་ལམ་ལམ་བྱེད། སྒེའུ་ཁུང་ཕྱི་རོལ་གྱི་མཁའ་དབུགས་སྔར་བཞིན་འཁྱག་སིབ་སིབ་ཏུ་སྣང་ཡང་བར་སྣང་ཡངས་བོར་སེང་རས་དཀར་པོས་གཡོགས་པ་ལྟར་ཧ་ཅང་མཛེས།
སློབ་གྲྭ་གྲོལ་རྗེས། ཡོད་ཚད་སྟོང་ཤིག་སེ། ཁ་བ་གཞི་ནས་འབབ་མཚམས་བཞག མེ་ཏོག་ལྡུམ་རའི་ནང་དུ་ཡོད་ཚད་སྣུམ་ཤིག་གེ སྨུག་སེང་ངེ། ལང་ཚོའི་བཀྲག་མདངས་ཡལ་བའི་མེ་ཏོག་གི་སྡོང་བོ་སེར་པོ་དག་ཆག་ལ་ཁད་དང་ཨག་ལ་ཁད་རེད། ཁེར་རྐྱང་གི་འབུ་སྡོམ་ཞིག་རྩྭ་ལྡུམ་སྐམ་པོའི་གསེབ་ཏུ་ཧ་ཅང་ཉམ་ཆུང་ངང་རྒྱུ་བ་དང་མེ་ཏོག་གི་གཞུང་རྟ་སྦོམ་པོ་ཞིག་ལ་འཕྲད་མ་ཐག་དེ་འཕྲད་ཁ་ཕྱིར་འཁོར། ཕྱོགས་བསླད་མགྲོན་པོའི་རྗེས་སུ་སོང་བའི་འབུ་སྡོམ་དེར་བདེ་སྐྱིད་ལྷ་མོ་ངུ་དགོད་ཤོར།
ཉི་འོད་དྲོད་འཇམ་འཇམ། ནམ་མཁའ་སྔོ་བསང་བསང༌།
ཉི་འོད་ནི་མི་ཚེ་ལ་སྟོབས་ཤུགས་སྩོལ་མཁན་དང་བར་སྣང་ནི་རང་དབང་གིས་མཚོན་བྱ་ཉག་ཅིག་ཏུ་སེམས་ཏེ་བདེ་སྐྱིད་ལྷ་མོའི་གདོང་ལ་འཛུམ་མདངས་ཕྱུང༌། པྲ་ཚགས་ཆེ་བའི་སློབ་བུ་རེ་གཉིས་ཀྱིས་རྩལ་སྦྱོང་ར་བའི་ནང་དུ་རྐང་རྩེད་སྤོ་ལོ་རྩེད་ཀྱིན་ན་གཞོན་གྱི་བདེ་རྩལ་ངོམས་བཞིན་འདུག
ཉིན་དེར་བུ་ཆུང་སྟག་འབུམ་དང་མཉམ་དུ་བུ་ཆུང་གི་ཕ་ལོ་བདེ་མཆོག་ཡང་ངལ་གསོ་ཡིན་པས་བདེ་སྐྱིད་ལྷ་མོས་སེམས་ཁུར་དེ་ཙམ་བྱེད་མི་དགོས། ཡང་གཅིག་བཤད་ན། བདེ་མཆོག་ལ་མཚོན་ན་དེ་རིང་ནི་ཁོང་གིས་བུ་ཆུང་སྟག་འབུམ་ལ་ཉིན་ཕྱེད་རིང་ལྟ་སྐྱོང་བྱས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་ཐོག་མ་ཡིན། དེ་བས། བདེ་སྐྱིད་ལྷ་མོ་དལ་ལྷོད་ལྷོད་ཀྱིས་རང་ཁྱིམ་ལ་ལོག
རང་ཁྱིམ་གྱི་སྒོ་རྩར་འབྱོར་པ་ན། རྒྱ་སྒོར་ཟྭ་རྒན་ཞིག་བརྒྱབ་འདུག བདེ་མཆོག་ཕ་བུ་གཉིས་གང་དུ་སོང་ངམ། ཕྱི་རོལ་དུ་ཟ་མ་ཟ་རུ་སོང་བ་ཡིན་ནམ་ཞེས་བདེ་སྐྱིད་ལྷ་མོས་རང་སེམས་དོག་མོར་དྲི་བ་འཕེན་ཞོར་སྒོའི་ཟྭ་ཕྱེས་ཏེ་ཁྱིམ་ལ་འཛུལ། བསམ་ཡུལ་ལས་འདས་པ་ཞིག་ལ་བུ་ཆུང་སྟག་འབུམ་ཁྱིམ་དུ་བསྐྱུར་འདུག བུ་ཆུང་གི་ངོ་གདོང་ཡོངས་སུ་མཆི་མས་བརླན་པ་དང་གྱོན་རྒྱུའང་གོན་ཡག་བྱས་མེད་པར་འདར་སིག་སིག་བྱེད་ཀྱིན་འདུག དྭ་ཕྲུག་དང་འདྲ་བའི་བུ་ཆུང་གི་ཚུལ་འདིས་བདེ་སྐྱིད་ལྷ་མོར་ཁོང་ཁྲོ་དང་སྙིང་རྗེ་དུས་གཅིག་ཏུ་བསླངས་པས་མོས་ཕྲག་གི་ཀོ་ཁུག་འདང་ཆེན་དེ་འདུག་སྟེགས་སྟེང་ངེས་མེད་དུ་གཡུགས་པ་དང་བུ་ཆུང་པང༌དུ་བླངས།
“ཁྱོད་ཀྱི་ཨ་ཕ་གང་དུ་བུད་ཐལ། ཟ་མ་ཨེ་ཟོས།”
“ད་ཅི་ཨ་ཅེ་ཞིག་གིས་ཁ་པར་ཐོན་པས་ཨ་ཕ་བྲེལ་བ་ལངས་ནས་སྒོར་རྒྱུག་ཐལ། ཨ་མ། ང་ལྟོགས་ཀི”
བུ་ཆང་གི་ཁང་ཆུང་ནང་ཉལ་ཐུལ་དང་གྱོན་ཆས་དག་གང་སར་གཡུགས་ཡོད་པ་དང་ཟས་རིགས་མང་པོ་ཡང་གཏོར་འདུག བདེ་སྐྱིད་ལྷ་མོས་ཞེ་སྡང་འགོག་མ་ཐུབ་པར་བུ་ཆུང་གི་ཨོང་ཤའི་མགོར་ཐལ་ལྕག་གཉིས་གཞུས། བུ་ཆུང་སྟག་འབུམ་གྱི་ཁ་ཡང་སྐྱ་བོར་གྱུར་བ་དང་མིག་ཟུང་ལས་མཆི་མ་ཁྲོམ་ཁྲོམ་དུ་བཞུར། བདེ་སྐྱིད་ལྷ་མོས་ཟས་རིགས་སྣ་ཚོགས་དེ་བུ་ཆུང་གི་མདུན་དུ་སྤུངས་པ་དང་སྐད་གསང་དྲག་པོས
“རྒྱུད་བཙོག འདི་དག་ཟ་རྒྱུ་མིན་ན་ཅི་རེད། ཁྱོད་ཀྱིས་ཤོད་ཤོད་་་་་་”ཅེས་སྡིགས་ཞོར་བུ་ཆུང་གི་ཕྲག་པ་ནས་ཤུགས་ཀྱིས་བསྒུལ།
“ང་ཚོའི་དགེ་རྒན་གྱིས་བཤད་ན་ཟ་མ་འདིའི་རིགས་ཀྱིས་ལུས་པོར་ཕན་པ་ལས་གནོད་པ་ཆེ་ཟེར། ད་རུང་་་་་་་ད་རུང་་་་་འོ་མ་འཐུང་བ་དང་རྩམ་པ་ཟས་ན་གཟུགས་སྐྱེས་པ་དང་རིག་པ་ཇེ་གསལ་དུ་འགྲོ་ཟེར།”ཞེས་བཤད་བཞིན་ངུ་མཚམས་བཞག ཡིད་དུ་འོང་བའི་མཆི་མ་དོག་པོ་གཉིས་ད་དུང་བུ་ཆུང་གི་མཁུར་ཚོས་དམར་རིལ་སྟེང་ལྷག་འདུག བདེ་སྐྱིད་ལྷ་མོས་ཅི་ཡང་མི་སྨྲ་བར་བུ་ཆུང་བྲང་ལ་སྦྱར། བུ་ཆུང་གི་འཁྱག་སིབ་སིབ་ཀྱི་ལུས་ལ་དྲོད་ཁོལ་སྦྱིན་བཞིན་ཁོ་མོའི་མིག་མཐའ་ཡང་མཆི་མས་བརླན་སོང་།
མི་ཞིག་ལ་མཚོན་ན། ཁྱིམ་ཚང་ནི་བདེ་སྐྱིད་ཀྱི་གཞི་མ་ཡིན་པ་དང་བརྒྱ་ལ་སྡུག་བསྔལ་གྱི་ཁུར་པོ་རུ་ཡང་འགྱུར་ངེས། དྲོད་ཁོལ་དང་ཁ་དོག་ཤོར་བའི་ཡུལ་ན་རེ་བའི་གོ་ས་ཡང་ཤོར་འདུག་པས། བདེ་སྐྱིད་ལྷ་མོས་བུ་ཆུང་སྟག་འབུམ་ཉེ་འབྲེལ་ཞིག་ལ་བཅོལ་བ་དང་ཁོ་མོའི་སློབ་གྲོགས་རབ་བརྟན་དང་ལྷན་དུ་ལུ་གུའི་རྩེད་འཇོ་གླིང་དུ་སེམས་གཡེང་བྱེད་དུ་སོང༌།
གླུ་གར་སྟེགས་བུའི་ཐོག་ཏུ་བདེ་སྐྱིད་ལྷ་མོའི་སློབ་མ་སེང་གེ་ཟེར་བ་དེས་སྐུད་མེད་སྐད་སྦུག་ལས་གླུ་དབྱངས་སྙན་མོ་ལེན་བཞིན་འཚོ་བར་བདེ་བ་རེ་སྐྲུན་གྱིན་འདུག བདེ་སྐྱིད་ལྷ་མོས་སེང་གེ་ལ་ལག་བརྡ་ཞིག་བསྟན་པ་དང་ཡིད་ལ་དགའ་བ་ཞིག་སྐྱེས་ནས་གྲོགས་པོ་རབ་བརྟན་ལ“ལྟོས་དང༌། ཁོ་ནི་ངས་ཁྱོད་ལ་གླེང་མྱོང་བའི་སློབ་མ་སེང་གེ་རེད། ཁྱིམ་གྱི་འཚོ་བ་ཧ་ཅང་ཞན་པས་གཟའ་སྤེན་པ་དང་གཟའ་ཉི་མའི་དགོང་མོར་གླུ་གར་ཁང་འདི་རུ་གླུ་ལེན་གར་རྩེད་བྱས་ཏེ་སློབ་ཡོན་བཙལ་གྱིན་ཡོད། སློབ་བུ་མདུན་ལམ་ཅན་ཞིག་ཡིན”ཞེས་ཡིད་ཚིམ་པའི་ངང་བཤད། སྙན་འཇེབས་འགྱུར་ཁུག་སྟོང་གིས་ཕྱུག་པའི་གླུ་བ་གླུ་མ་ཚོའི་གླུ་སྐད་དང་དེའི་གྲོགས་སུ་འཁྱུད་པའི་རོལ་མོའི་ཞགས་སྒྱུས་བསྒྱུར་བའི་འཇིག་རྟེན་ན། སྐུ་མགྲོན་རྣམ་པའི་སེམས་ཁུང་ལས་བརྡོལ་བའི་དགོད་སྒྲ་དང་ཐལ་མོ་རྡེབ་སྒྲའི་བྲོ་བ་མངར་མོ་ཞིག་ཀྱང་འཁྱིལ་འདུག ཡིན་ཏེ། མི་སུ་ཞིག་ཡིན་རུང༌། ལམ་རེར་ལྷིང་འཇགས་ལ་མོས་ཤིང་སྐབས་རེར་འདུ་འཛི་ལ་དགའ། ལམ་རེར་ཁེར་སྡོད་ལ་དུང་ཞིང་ཐེངས་རེར་འདུ་འཛོམ་ལའང་ཞེན། དེ་རིང་། སྣ་འཛོམས་ཟང་ཟིང་གི་གྲུ་ཟུར་གྱི་དཔལ་གྱིས་ཀྱང་བདེ་སྐྱིད་ལྷ་མོ་ལ་བདེ་བ་དཔག་མེད་ཅིག་སྦྱིན། ཁོ་མོས་ཀྱང་ཁམས་བསྟུན་གྱིས་མངར་བཅུད་ཆེ་བའི་ཆང་དམར་བཞེས་བཞིན་ཆེ་ལ་སྒོར་བའི་མིག་ཟུང་ལས་བདེ་སྐྱིད་ཀྱི་གཟི་མདངས་འཕྲོ། འོན་ཏེ། བདེ་སྐྱིད་ནི་སྐད་ཅིག་མའི་གློག་འགྱུ་དང་མཚུངས་ཏེ། རབ་རབ་ཀྱི་གཏམ་ངན་ཞིག་མ་བསམ་ས་ནས་བདེ་སྐྱིད་ལྷ་མོའི་རྣ་བར་འཛུལ། རབ་བརྟན་གྱིས་ཀྱང་ལོས་གོ།
“ཧ་ཧ་ཧ་ཧེ་ཧེ་ཧེ་”དྲི་མེད་རིག་མཚོ་ཡི་བསླུ་བྲིད་ཀྱི་གཡོ་སྐད་རེད།
“ཁྱོད་མ་དགོད་དང་། ངས་ཁྱོད་ལ་དྲང་མོར་བཤད་ནི་་་་་་་་”བདེ་མཆོག་གི་སྐད་རེད།
“ངའི་རྣ་བར་མི་འགྲོ ཁྱོད་ཀྱི་བདེ་སྐྱིད་ལྷ་མོའི་མིག་འོག་ནས་སྒོར་དེ་འདྲ་མང་པོ་ཞིག་ཇི་ལྟར་ལོན་ཐབས་བྱས་པ་ཡིན། ཁྱོད་ཀྱིས་ང་ལ་ཀུ་རེ་མ་རྩེ”དྲི་མེད་རིག་མཚོའི་སྤྲོ་སྐད་རེད།
“སྔོན་ཆད་ང་མིག་ཞར་སོང་བ་རེད། འདྲེ་མོ་བདེ་སྐྱིད་ལྷ་མོ་ལ་ལྟ་ས་ཅི་ཞིག་ཡོད། གླེན་མ་དེའི་ཀླད་པའི་ནང་དུ་སློབ་མ་པྲ་ཚགས་ཚོ་དང་བུ་ཆུང་སྟག་འབུམ་མ་གཏོགས་ང་བདེ་མཆོག་གི་མིང་ཙམ་ཡང་གཏན་ནས་མེད། མོ་ནི་སེམས་གཙོ་རིང་ལུགས་སུ་ཕྱོགས་པས་སྒོར་མོའི་ཕྱོགས་ལ་ཁ་ཡ་མི་བྱེད་པས་མགོ་བསྐོར་ན་སླ་སླ་རེད། ཡང་གཅིག་བཤད་ན། ཁྱོད་ཀྱིས་ཀྱང་རབ་བརྟན་གྱི་མིག་འོག་ནས་ང་ལ་་་་་ཧ་ཧ་ཧ། ཁོང་ཁྲོ་མ་ལངས། འདིའི་ནང་སྒོར་ཁྲི་ལྔ་ཡོད། སྒོར་ཁྲི་ལྔ་འདི་ཐོག་མར་ཁྱོད་ཀྱིས་ཉར་ཚགས་བྱོས། རྗེས་ནས་ངས་ད་དུང་སྒོར་འགའ་ལོན་ཐབས་བྱེད། འདྲེ་མོ་དེར་ཟླ་ཕོགས་མཐོ་བས་ཁོ་མོར་སྒོར་དེ་འདྲ་མང་པོ་དགོས་དོན་མེད”བདེ་མཆོག་གི་སྐད་རེད།
“་་་་་་ངོ་མ་བཤད་ན། ང་སྐྲག་ནི་ཞིག་རེད། ང་རབ་བརྟན་དང་འཐོར་དགོས་ན་རྒྱུ་མཚན་ཞིག་བཤད་རྒྱུ་དགོས། འོན་ཀྱང་ཁོས་ང་ལ་ཧ་ཅང་གཅེས་་་་་་ངས་རྒྱུ་འབྲས་བསྣོགས་པས་མི་ཚད་་་”སྐད་སྒྲ་འདི་ཧ་ཆང་གསལ་ལ་མི་གསལ་དུ་སྣང་མོད། གང་ལྟར་རབ་བརྟན་དང་བདེ་སྐྱིད་ལྷ་མོ གཉིས་ཀྱི་ཐོས་འཛིན་གྱི་བུ་གར་བཙན་གྱིས་འཛུལ་བྱུང༌།
སྐབས་འདིར། རབ་བརྟན་གྱི་ཁུ་ཚུར་ལྕགས་ལོག་བཞིན་སྲ་བར་གྱུར་བ་དང་། བདེ་སྐྱིད་ལྷ་མོའི་ཡ་ཆུང་ཡང་སྨུག་ལོང་བཞིན་འཁྲིགས་པར་གྱུར།
སྐྱུག་བྲོ་བའི་གཏམ་མཇུག་ད་དུང་རྫོགས་མེད།
“གང་ལྟར་བུ་ཆུང་མ་སྐྱེས་གོང་སྤྲང་རྒན་རབ་བརྟན་གཡུག་ཐབས་བྱོས།བདེ་སྐྱིད་ལྷ་མོ་དང་ངེད་གཉིས་བར་ལ་བཟའ་ཚང་གི་མིང་ཙམ་མ་གཏོགས་་་་་་” སྐད་གདངས་ཧ་ཅང་དམའ་བ་དང་གཉོམ་དྲགས་པས་གཏམ་མཇུག་ཐོས་དཀའ། བདེ་སྐྱིད་ལྷ་མོས་བཙན་གྱིས་རབ་བརྟན་ཁྲིད་དེ་དྲི་ངན་གྱིས་སྦགས་པའི་རོལ་རྩེད་ཁང་ངམ་ཆང་ཁང་དེ་དང་རིང་དུ་བྲལ་སོང༌། ཟླ་བས་ཞལ་རས་འཛུམ་པ་དང་སྐར་མས་རང་འོད་ཕྲ་མོ་འབྱེད། ཟླ་བ་ནི་གཏན་དུ་འདི་འདྲ་རེད། སྐར་ཚོགས་ཀྱིས་ནམ་ཡང་འདི་ལྟར་མཚན་ལྗོངས་ལ་མཛེས་སྡུག་སྐྲུན། འཚོ་བ་ཡང་དེ་འདྲ་རེད། མཚན་མོའི་མཁའ་དབྱིངས་ནི་སྔོ་ཞིང་བསངས་ལ་དྭངས་ཤིང་གཙང་། འཇམ་ཐང་ཐིང་གི་བར་སྣང་ན་བདེ་བ་ལས་སྡུག་བསྔལ་ཞིག་ཡོད་ཚོད་མི་འདུག
དོན་དམ། རྟག་བརྟན་འགྱུར་མེད་ཀྱིས་གཞན་ལ་ཕན་བདེ་ཁོ་ན་བསྐྲུན་དང་སྐྲུན་བཞིན་པ་ནི་བར་སྣང་སྟོང་བ་འདི་ལས་ཡོད་ཚོད་མི་འདུག མཚན་མོའི་བར་སྣང་ཡངས་བོ་འདི་ཡང་དེ་ལྟར་རེད།
གསུམ།
སློབ་མ་སེང་གེ་རྒྱ་གར་དུ་བུད་སོང༌། འགྲོ་ཁར་བདེ་སྐྱིད་ལྷ་མོར་སེམས་གཏམ་ཞིག་བསྐྱུར། འདི་ལྟར་རེད།
གྱེས་ཁའི་གཏམ།
དགེ་རྒན་ལགས།
ཁྱེད་དང་ང་རང་ངོ་ཤེས་ནས་དུས་ཡུན་རིང་པོ་ཞིག་འགོར་མེད། འོན་ཀྱང་། ངའི་ཡིད་ཀྱི་མཚོ་མོ་རུ་བརྩེ་དུང་གི་རྦ་རླབས་དྲག་དུ་འཕྱུར། འཇིག་རྟེན་གྱི་ཆོས་ཉིད་དང་མཐུན་ཡང་རུང་ལྡོག་ཀྱང་རུང་། ང་ལ་རང་དབང་ནི་གཏན་ནས་མི་འདུག ང་རང་ལྷད་མེད་བརྩེ་དུང་གི་སླད་དུ་གསོན་ཆོག་ལ་ཁྱེད་ཉིད་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་འཆི་ཡང་ཕོད།
ཞིབ་མོ་བློ་ཡིས་དཔྱད་ན། ཡུལ་འདི་རུ། ང་ལ་རང་དབང་གི་གདམ་ཀ་ཞིག་དང་ཕུགས་བརྟན་པའི་ལམ་བུ་ཞིག་གཏན་ནས་མི་འདུག དེ་རིང༌། ང་རང་ལས་དབང་བཙན་པོའི་གཤོག་ཟུང་བསྣམས་ཏེ། རི་བོའི་ཕ་རོལ་ཏུ་མཚར་སྡུག་གི་འཇིག་རྟེན་ལ་ལྟད་མོར་བཞུད་དགོས་བྱུང༌། ལས་ཀྱི་དབང་གིས་ང་རང་ཁྱེད་དང་བྲལ་དགོས་སོང༌།
དགེ་རྒན་ལགས། འབྲས་བུ་མེད་པའི་སྐད་ཆ་མང་པོ་ངའི་སེམས་ལ་ཉར་ཡོད། གང་ལྟར། ང་རང་ལ་དགེ་རྒན་གང་མང་ཞིག་ཡོད་མྱོང་ཡང་། ཁྱོད་དང་འདྲ་བའི་ཤེས་བྱའི་ཁོ་ལག་ཡངས་ཤིང་། སློབ་བུ་ཀུན་ལ་བརྩེ་བའི་མིག་ལྟར་སྐྱོང་མཁས་པའི་བཤེས་གཉེན་མཆོག་ནི་ཅིས་ཀྱང་རྙེད་དཀའ་བ་ཞིག་རེད། ཕྱིས་སུ་ཡང༌། ངས་ཕྱིར་འདང་རེ་རྒྱག་ངེས། གང་ལྟར་ལས་དབང་ཞིག་ལ་ཁ་གཡར་ནས་ང་འདི་ལྟར་ཁྱེད་དང་རིང་དུ་བྲལ་འདོད།
དགེ་རྒན་ལགས། ཁྱོད་ཀྱི་གཙང་ཆབ་བཞིན་དྭངས་པའི་སློབ་ཁྲིད་རེ་རེ། ངའི་བྱང་ཁོག་གི་ནེའུ་གསིང་དུ་གསལ་ལྷིང་ངེར་འཆར་དུས། རང་དབང་མེད་པར་ངའི་མཁུར་ཚོས་མིག་ཆུས་བརླན་བྱུང་། དུས་འདིར། ངས་ཀྱང་བཟོད་བསྲན་བྱེད་ཐུབ་བམ།ངོ་མ་བསམ་ཡུལ་ལས་འདས་པ་ཞིག་རེད།
དགེ་རྒན་ལགས། ཐོལ་བྱུང་གི་འགྱུར་ལྡོག་སྐྱེན་པའི་གྱེས་བྲལ་འདི། ངའི་སྤོབས་པ་ཡིན་པས། ང་ལ་ཤེས་ཡོན་ཇི་རྙེད་ཅིག་དང་མདུན་ལམ་ལ་མཐོ་འཛེགས་ཀྱི་ཐེམ་སྐས་སྩོལ་མཁན་དམ་པ་མཆོག ང་སྔར་བཞིན་ཁྱོད་ལ་དགའ་ཞིང་ཁྱོད་ལ་དུངས། ངས་ནམ་ཡང་ཁྱེད་ལ་གུས་ཤིང་ཁྱེད་ལ་བཀུར།
བདེ་བར་བཞུགས། བདག་གི་དགེ་རྒན།
༩པའི་ཚེས་༢༨ཉིན། སློབ་བུ་སེང་གེ་ནས་གུས་ཕུལ།
སེང་གེ་རྒྱ་གར་དུ་སོང་ནས་ཏག་ཏག་ཟླ་གཅིག་འགོར་རྗེས། བདེ་སྐྱིད་ལྷ་མོ་དང་རབ་བརྟན། སྟག་འབུམ་གསུམ་ཡང་གར་སོང་ཆ་མེད་དུ་གྱུར།
བདེ་མཆོག་དང་དྲི་མེད་རིག་མཚོ་གཉིས་གྲོང་བརྡལ་གྱི་གྲུ་ག་རེ་རེ་ན་ཡར་རྒྱུག་མར་རྒྱུག་བྱེད།
བཞི།
ཁ་བ་དང་བུ་ཡུག་རྒོད་པའི་མཚན་མོ་ཞིག་ལ། དྲི་མེད་རིག་མཚོར་བུ་ཆུང་ཞིག་སྐྱེས། བུ་ཆུང་གི་ངོ་གདོང་གོར་གོར་དེ་རབ་བརྟན་དང་ཨ་ན་མ་ན་རེད། བདེ་མཆོག་ཡིད་ཐང་རབ་ཏུ་ཆད་དེ་དྲི་མེད་རིག་མཚོར་ཞེན་ལོག་སྐྱེས་ཤིང་མི་མེད་ས་སྟོང་ཞིག་ཏུ་སོང་། ཁོའི་ངོ་གདོང་འཁྱག་པ་གནམ་ལ་གཏད་དེ་ཡུན་རིང་ཡུན་རིང་དབུགས་ཀྱང་མ་བླངས་བར་བསྡད།
མཚན་གཞུང་དེར། བདེ་མཆོག་གློ་བུར་དུ་གཉིད་ལས་སད་པ་ལྟར་གྱུར་ནས “སྒྲོལ་མ་་་་་་སྟག་འབུམ་་་་་”ཞེས་སྨྱོ་འབོད་བྱེད་བཞིན་ཁ་བའི་འཇིག་རྟེན་ན་སྨྱོ་རྒྱུག་བྱེད། རེ་ཞིག་ན། བདེ་མཆོག་འཁྱག་སིབ་སིབ་ཀྱི་ཁ་བའི་ནང་བཙོག་པར་བསྡད་དེ་ཁུ་ཚུར་ལྕགས་ལོག་འདྲ་བ་དེས་རང་ཉིད་ཀྱི་མགོ་ལ་ཤུགས་ཀྱིས་གྲངས་མེད་བརྡུངས།
ཁ་བ། སྙིང་རྗེ་མེད་པར་བདེ་མཆོག་གི་གདོང་ལ་འབབ།
བུ་ཡུག ཚིམ་པ་མེད་པར་བདེ་མཆོག་གི་ལུས་ལ་འཁྱུད།
ལྔ།
མི་ཡུལ་གྱི་མཐོ་སྒང་ན། འཁྱག་རླུང་ལྡང་སླ་ལ་སྤྲིན་པ་ཡང་འཁྲིགས་སྐྱེན།
རྩོམ་ཁུངས། ངེད་དྲ་བ།