འཁྱག
༡
དགུན་གྱི་ཉི་མ་ཤར་ཏེ་ཐག་ཚད་ཅིག་ལ་བསླེབས་འདུག་ཀྱང་། ཉི་འོད་ཀྱིས་གྲང་ངར་འཇོམས་མ་ནུས།
མདང་དགོང་བསོད་མཚོའི་ན་ཟུག་ཡང་བསྐྱར་འཕར་བྱུང་བས་མཚན་ཡོངས་ལ་གཉིད་མ་ཁུགས། ཐེངས་སྔོན་མར་སྨན་པ་འཇའ་བྷེས་ཁོ་མོར་ལུས་ཕུང་འཁྱག་མི་རུང་ཞེས་ནན་ཏན་གྱིས་བཤད་མོད། མདང་དགོང་ཁོ་མོ་གསང་སྤྱོད་ལ་ལན་ཞིག་སོང་བས་ལྷགས་རླུང་ཁྲོད་ནས་ལུས་པོ་འཁྱག་སོང་།
བསོད་མཚོར་ནད་ཀྱིས་བཟུང་ནས་ཡུན་རིང་འགོར་སོང་ལ་སྨན་ཁང་དུའང་ལན་མང་སོང་མྱོང་། ཡིན་ཡང་བསོད་མཚོའི་ལུས་ཕུང་ཉིན་རེ་བཞིན་མངོན་སུམ་གྱིས་ཇེ་ཞན་དང་སྐམ་རིད་དུ་འགྲོ་བཞིན་གདའ། འོན་ཏེ་རྡོ་སྐྱབས་རྒྱལ་བཟའ་ཟླ་གཉི་གས་སྨན་པར་བཅངས་བའི་རེ་བ་ད་དུང་ཡང་ཉམས་མི་འདུག
བསོད་མཚོའི་ནད་དེ་ལྕི་མོ་ཞིག་ཡིན་ཞེས་བཤད་དཀའ་ལ་མིན་ཞེས་དེ་བས་ཀྱང་བཤད་དཀའ་ཕྱིར། སྨན་པ་འཇའ་བྷེས་རྡོ་སྐྱབས་རྒྱལ་ལ་གལ་ཏེ་བསོད་མཚོའི་ནད་འདི་ག་དུས་འཕར་ཚེ་མྱུར་དུ་སྨན་ཁང་དུ་ཡོང་དགོས། འགོར་འགྱངས་གཏན་ནས་མ་བྱེད་ཅེས་བཤད་པ་མ་གཏོགས་ནད་ནི་སྔར་བཞིན་ངོས་མ་ཟིན། དེ་རིང་རྡོ་སྐྱབས་རྒྱལ་གྱིས་སྨན་པའི་གསུང་བཞིན་བསོད་མཚོ་ཡང་བསྐྱར་སྨན་ཁང་དུ་ཁྲིད།
ཞོགས་པའི་ལྷགས་རླུང་ཁྲོད་ན། རྡོ་སྐྱབས་རྒྱལ་འཕྲུལ་རྟ་རྙིང་ཧྲིལ་དེར་ཞོན་ཏེ་མདུན་ནས་མདུན་ལ་རྒྱུག་བཞིན་ཡོད་མོད། ཁོས་ལམ་རིང་བོར་སེམས་ཚེགས་བྱེད་ས་ཉག་གཅིག་ནི་སྔོན་མ་དང་འདྲ་བར་འཕྲུལ་རྟར་ཆག་སྐྱོན་བྱུང་ནས་ལམ་བར་དུ་རང་ཉིད་ལ་དཀའ་ལས་བསྟད་ལོས་འོང་བསམས་པ་དེ་རེད། གལ་སྲིད་མི་མེད་ས་སྟོང་ཞིག་ཏུ་ཆག་སྐྱོན་བྱུང་ཚེ་སྨན་ཁང་དུ་འགྲོ་བ་ཕར་ཞོག ཐ་ན་ཕྱིར་ཡུལ་ལའང་ཡོང་མི་ཐུབ་པའི་ཉེན་ཁ་ཡོད་པ་རེད།
བསོད་མཚོས་མགོ་བོ་མགོ་དཀྲིས་ཀྱིས་བཏུམས་ཏེ་མཚམས་རེར་མགོ་བོ་བཀྱགས་ནས་ཕྱོགས་བཞིར་ལྟ་ཙམ་བྱེད་པ་དང་། སྐབས་འགར་མགོ་བོ་ཁྱོ་གའི་རྒྱབ་ལ་བསྙེས་ཏེ་རྡོ་སྐྱབས་རྒྱལ་ལ་དམ་པོར་འཐམས་འདུག
ཉིན་འདི་དག་ལ། བསོད་མཚོས་རྡོ་སྐྱབས་རྒྱལ་ལ་སྐུ་འབུམ་བྱམས་པ་གླིང་དུ་ལན་གཅིག་འགྲོ་དགོས་ཞེས་ཡང་ཡང་ཞུ་བཞིན་ཡོད་མོད། འོན་ཀྱང་ཨུ་ཚུགས་ཆེ་བའི་རྡོ་སྐྱབས་རྒྱལ་ནི་སྨན་ཁང་ལས་དགོན་པར་འགྲོ་འདོད་གཏན་ནས་མེད།
༢
རྡོ་སྐྱབས་རྒྱལ་དང་བསོད་མཚོ་གཉིས་ཀ་འཇའ་བྷེའི་སྨན་ཁང་ལ་བསླེབས་སོང་། དེང་སྐབས་མི་ཡོད་ཚད་ནད་པ་ཡིན་པ་འདྲ། སྨན་ཁང་གི་ནང་རོལ་ན་ནད་པའི་ཁྱིམ་མི་ཚོས་འཚང་ཁ་ཤིག་ཤིག་བྱེད་ལ། གདོང་ལ་འཛུམ་མདངས་རྒྱས་འདུག་པ་མང་པོ་མཐོང་དཀའ། སྨན་པ་འཇའ་བྷེས་སྔར་བཞིན་ནད་པ་རེ་རེའི་མིག་རྩ་དང་ལག་རྩ། ལྕེ་ངོས་དང་ཚ་གྲང་སོགས་ལ་ཞིབ་ཀྱིས་རྟོག་གིན་ཡོད།
བསོད་མཚོ་རྐུབ་སྟེགས་ཤིག་གི་སྟེང་དུ་ལྗིད་ཏིག་གེར་བསྡད་དེ་ཉེ་འཁོར་གྱི་ནད་པ་དག་ལ་རེ་རེ་བཞིན་ལྟ་ཞིང་། མཚམས་རེར་གྲལ་བསྒྲིགས་ཏེ་ཐོ་ཡིག་ལ་སྒུག་བཞིན་པའི་རང་གི་ཁྱོ་ག་རྡོ་སྐྱབས་རྒྱལ་ལའང་ལྟ་ཙམ་བྱེད།
བསོད་མཚོར་ནད་དེ་བྱུང་བ་ནས་བཟུང་། ཁོ་མོར་དུས་རྒྱུན་སྨན་བཅོས་བྱེད་མཁན་ནི་སྨན་པ་འཇའ་བྷེ་ཡིན་ལ། ཁོ་མོའི་དད་པ་བྱེད་ས་ཉག་གཅིག་ཀྱང་སྨན་པ་འཇའ་བྷེ་ཡིན་པས་གལ་ཏེ་རྡོ་སྐྱབས་རྒྱལ་གྱིས་སྨན་ཁང་གཞན་པར་འགྲོ་ཟེར་དུས་བསོད་མཚོར་འགྲོ་འདོད་ཡེ་ནས་མེད། དེ་བས་བཟའ་ཟླ་གཉིས་ཀར་འཇའ་བྷེའི་སྨན་ཁང་གི་འགྲོ་ལུགས་ལ་ཆ་རྒྱུས་ཞིབ་མོ་ཡོད་པར་མ་ཟད་སྨན་པ་འཇའ་བྷེས་སྨན་གང་ཞིག་སྟེར་མིན་ཡང་ཕལ་ཆེར་གསལ་པོར་ཤེས།
སྐབས་ཤིག་ལ། འབྲོག་མོ་བགྲེས་མོ་ཞིག་གིས་བུ་མོ་ཆུང་ཆུང་ཞིག་ཁྲིད་ནས་སྨན་ཁང་དུ་བསླེབས་པ་ན། བསོད་མཚོས་སྐད་ཅིག་ཉིད་ལ་རང་གི་བུ་མོ་དྲན་བྱུང་། ང་རང་ཡུལ་ན་མེད་པའི་དུས་སུ་ཁོ་མོའི་ཟས་ཞིམ་པོ་ཞིག་བཟའ་ཐུབ་བམ། ཁྱིམ་མཚེས་ཀྱི་བྱིས་པ་ཚོས་ཁོ་མོར་བརྙས་བཅོས་བྱ་སྲིད་དམ། རྡོ་སྐྱབས་རྒྱལ་དང་ངེད་གཉིས་ཀ་དུས་ལྟར་ཁྱིམ་ལ་ལོག་ཐུབ་བམ།
“ཨ་ཁུ་སྨན་པ། ཐེངས་སྔོན་མར་ཁྱེད་ཀྱིས་གནངས་པའི་སྨན་དེ་འཐུངས་རྗེས། མཚན་གུང་གི་ཟུག་གཟེར་ཇེ་ཉུང་ལ་མང་པོ་སོང་འདུག ཁྱོད་ངོ་མ་ངེད་ཚང་གི་དྲིན་ཆེན་ཡིན། ད་ཐེངས་ཀྱང་ཁྱེད་ཀྱིས་སྨན་ཞིག་སྦྱིན་རོགས་གནོངས།”བཟའ་ཟླ་གཉི་ག་སྨན་པའི་ཁ་གཏད་དུ་ཙོག་རྗེས། རྡོ་སྐྱབས་རྒྱལ་གྱིས་གུས་གུས་ཞུམ་ཞུམ་གྱིས་དེ་ལྟར་བཤད།
སྨན་པ་འཇའ་བྷེ་ཁ་རོག་གེར་འབོལ་ཁྲིའི་སྟེང་དུ་བསྡད་དེ་བསོད་མཚོའི་ངོ་མདངས་ལ་རྟོག་གིན་གདའ།
“ཁྱོད་ཀྱི་ངོ་མདངས་དེ་འདྲའི་བཟང་རྒྱུ་མི་འདུག ལག་པ་སྲིངས་དང་།”
སྨན་པས་བསོད་མཚོའི་ལག་རྩ་མཛུབ་མོས་མནན་ཏེ་ནད་ལ་བརྟག་འགོ་བརྩམས།
འཇའ་བྷེའི་སྨན་ཁང་ནི་རྫོང་མི་དམངས་སྨན་ཁང་གི་གཡོན་ཕྱོགས་སུ་ཡོད། སྨན་པ་འཇའ་བྷེ་ནི་གསོ་རིག་ལ་ཧ་ཅང་མཁས་པར་བཤད་པ་ན་སྡེ་བ་ཕྱི་ནང་ཀུན་ན་སྙན་གྲགས་ཆེན་པོ་ཡོད་དེ། ན་ནིང་དབྱར་ཁར་ཨ་ལགས་གསེར་རྒྱ་ཚང་གི་རིག་མ་ཆོས་མཚོ་ལ་གློ་བུར་དུ་ནད་དྲག་ཅན་ཞིག་ཕོག་སྟེ་འཆི་ལ་ཉེ་བའི་སྐབས་སུ། སྨན་པ་འཇའ་བྷེ་སྐུ་དངོས་སུ་ཁོ་ཚང་ལ་ཕེབས་ནས་ཆོས་མཚོ་ལ་སྨན་བཅོས་བྱས་ཏེ་ནད་པ་སྲོག་ཉེན་ལས་ཐར་བར་བྱས་པ་ནས་བཟུང་། སྨན་པ་འཇའ་བྷེ་ལ་ཡིད་ཆེས་དང་དད་པ་བྱེད་མཁན་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་བས། ཡུལ་གྲུ་འདི་ན་སྨན་པ་འཇའ་བྷེ་དང་འཇའ་བྷེའི་སྨན་ཁང་། ད་དུང་ཨ་ལགས་གསེར་རྒྱ་ཚང་མི་ཤེས་མཁན་གཅིག་ཀྱང་མེད།
“ཨ་ཁུ་སྨན་པ། ཁོ་མོའི་ནད་ཀྱི་གནས་ཚུལ་ག་འདྲ་ཡིན་ནམ།”རྡོ་སྐྱབས་རྒྱལ་གྱིས་བྲེལ་སྔངས་དང་བཅས་དེ་ལྟར་དྲིས་བྱུང་།
“ཁོ་མོའི་ནད་དེ་སྔོན་མ་དང་བསྡུར་ན་ཅུང་ཇེ་སྡུག་ལ་སོང་འདུག གཙོ་བོ་འཁྱགས་སོང་བས་རེད།”སྨན་པ་འཇའ་བྷེས་རྡོ་སྐྱབས་རྒྱལ་ལ་བལྟས་ནས་གདའ།
“དེས་ན་སྲོག་ལ་ཉེན་ཁ་འདུག་གམ།”རྡོ་སྐྱབས་རྒྱལ་གྱིས་དེ་ལྟར་དྲིས་པ་ན་བསོད་མཚོའི་གདོང་མདོག་དམར་ནག་ཏུ་གྱུར་ཏེ། མིག་ཟུང་ལས་བྲེལ་སྔངས་ཀྱི་མདངས་ཤིག་མངོན་ཡོང་།
སྐབས་དེར་བསོད་མཚོས་སྨན་པས་ཅི་གསུངས་ལ་མཉན་ནས་འདུག་ཅིང་། བྲེལ་སྔངས་ཀྱི་སེམས་པ་ནི་གློ་བུར་དུ་བྲུག་པའི་ཤྭ་འོད་དང་མཚུངས།
“རྡོ་སྐྱབས་རྒྱལ། ཁྱོད་འཚབ་མི་དགོས། བསོད་མཚོ། ཟ་མའི་ཡི་ག་ཅི་འདྲ་རེད་དམ། ཞེན་པ་ལོག་གམ། ”
“ཨ་ཁུ་སྨན་པ། ཁ་སང་དེ་རིང་ལ་མཚན་མོ་གཉིད་ཁུགས་དཀའ་བ་དང་། མཚམས་རེར་དབུགས་འཚངས་ནས་སྐྲག་སྔངས་སྐྱེས་འོང་།……”བསོད་མཚོས་སྐད་གདངས་འདར་བཞིན་དེ་ལྟར་བཤད་རྗེས་ཚིག་རྔའི་མདུད་པ་ཡུད་ཙམ་ལ་འགྲོལ་མ་ཐུབ་པ་དང་། ཅུང་མ་འགོར་བར“ཟ་མའི་ཡི་ག་ཡང་མི་འདུག”ཅེས་བཤད།
སྨན་པ་འཇའ་བྷེས་ཅི་ཞིག་ལ་བསམ་བློ་བཏང་ནས་བསྡད།
ཏག་ཏག་སྐབས་དེར། མི་ཚོགས་ཀྱི་དབུས་ནས་འབྲོག་མོ་བགྲེས་མོས་ཁྲིད་པའི་བུ་མོ་ཆུང་ཆུང་དེ་གློ་བུར་དུ་ངུས་བྱུང་། ཧ་ཅང་རྒྱུས་ཡོད་ཀྱི་བྱིས་པའི་ངུ་སྐད་དེ་དང་འགྲོགས་ནས་བསོད་མཚོའི་ངང་སྒུག་གི་མིག་ཟུང་དེ་ཡང་སྨན་པ་འཇའ་བྷེ་དང་བྲལ་ཏེ་སླར་ཡང་འབྲོག་མོ་བགྲེས་མོས་ཁྲིད་འདུག་པའི་བུ་མོ་ཆུང་ཆུང་དེའི་ཕྱོགས་སུ་མི་ལྟ་དབང་མེད་དུ་གྱུར། དེ་དུས་ཁོ་མོའི་སེམས་སུ་སླར་ཡང་རང་གི་བུ་མོ་འཕོས་བྱུང་བས་མྱུར་དུ་ཡར་ལངས་ཏེ་དེའི་མུར་ཕ་ཡུལ་ལ་ལོག་འགྲོ་བའི་འདུན་མ་ཞིག་འགོག་མེད་དུ་སྐྱེས། སྨན་པ་འཇའ་བྷེས་ཧ་ཅང་བྱང་ཆ་ཡོད་པའི་སྒོ་ནས་སྨན་ཐོ་བྲིས་ཏེ་སྨན་ཕྲུག་ལ་སྤྲད་པ་ན། སྨན་ཕྲུག་གིས་ཀྱང་བྱང་ཆ་ཡོད་པའི་སྒོ་ནས་སྨན་རྣམས་རེ་རེ་བཞིན་གཅུད་ཀྱིན་སྨན་པ་འཇའ་བྷེར་སྤྲད་བྱུང་ལ། སྨན་པ་འཇའ་བྷེས་ནན་ཏན་གྱིས་རྡོ་སྐྱབས་རྒྱལ་ལ་སྨན་བསྟེན་ལུགས་ཞིབ་ཏུ་འཆད་ཞོར་“རྡོ་སྐྱབས་རྒྱལ། འདི་ན་ཉིན་གཉིས་ཀྱི་སྨན་ལས་མི་འདུག ཉིན་གཉིས་ཀྱི་རྗེས་སུ་ད་དུང་ཟུག་གཟེར་ལྡང་ཚེ་ཁྱོད་ཀྱིས་ཨ་ལགས་ཚང་ལ་ལུང་བསྟན་ཞུས་རྗེས་ཟི་ལིང་གི་སྨན་ཁང་ཞིག་ཏུ་འགྲོ་དགོས་བར་སྙམ། ནད་འདི་དྲོས་འཁྱག་རྐྱང་རྐྱང་ཙམ་མིན་ཚེ་ངོས་ཟིན་དཀའ།”ཅེས་བཤད་མ་ཐག“འོན་ཀྱང་ཁྱོད་གཉིས་ཀྱིས་སེམས་ཁུར་བྱེད་མི་དགོས། སྲོག་ལ་ཉེན་ཁ་མི་འདུག མཉམ་གཞག་དགོས་པ་ནི་ལུས་ཕུང་གཏན་ནས་འཁྱག་མི་རུང་བ་དེ་རེད ”ཅེས་ཁ་གསབ་ཀྱི་ཚུལ་དུ་བཤད།
“ལགས་སོ། ངས་ཡིད་ལ་བཟུང་ཡོད། ཨ་ཁུ་སྨན་པ། ངེད་ཚང་ལ་ཁྱེད་ལྟ་བུའི་དྲིན་ཆེན་ཞིག་མེད།”རྡོ་སྐྱབས་རྒྱལ་གྱིས་ལུས་སྒུར་སྒུར་དང་གཉའ་ཞུམ་ཞུམ་གྱིས་སྨན་པར་སྒོར་མོ་སྤྲད་རྗེས་སྨན་ཁང་གི་སྒོར་བུད།
༣
མུན་རུབ་འདུག གནམ་གཤིས་ཀྱང་ཧ་ཅང་འཁྱག
རྔམས་མཐུག་གི་སྤྲིན་ནག་ལེབ་མོ་དེས་ཨ་སྔོན་ཡོངས་ཡུག་གཅིག་ཏུ་གཡོགས་པའི་ཚུལ་ལ་བལྟས་ན་ཕལ་ཆེར་ཁ་བ་དབབ་རྒྱུ་ཡིན་ལས་ཆེ།
རྡོ་སྐྱབས་རྒྱལ་འཕྲུལ་རྟ་རྙིང་ཧྲིལ་དེར་ཞོན་ཏེ་མདུན་ནས་མདུན་ལ་རྒྱུག་བཞིན་ཡོད་ལ། ཁོ་རང་གི་རྒྱབ་རོལ་ན་ཆུང་མ་བསོད་མཚོ་གྲང་ལྷགས་ཀྱིས་འཁུམས་ཏེ་ཁྱོ་གར་དམ་པོར་འཐམས་འདུག
ལམ་བར་དུ་རྡོ་སྐྱབས་རྒྱལ་གྱིས་སྔར་བཞིན་འཕྲུལ་རྟར་སྐྱོན་ཅི་འབྱུང་ལ་སེམས་ཚེགས་བྱེད་ཀྱིན་ཡོད་མོད། བསོད་མཚོས་གཞི་ནས་རང་གི་ནད་ལ་བཅངས་པའི་ཡིད་ཆེས་ད་ནི་རླུང་ནང་གི་མར་མེ་ཇི་བཞིན་བར་མེད་དུ་གཡོ་ཞིང་། ལུས་ལ་ཟུག་གཟེར་ལྡང་ཐེངས་རེར་ཁོ་མོའི་ཡིད་ལ་ལོ་ངོ་བདུན་གྱི་ཡར་སྔོན་གྱི་དགུན་ཁའི་མཚན་ལྗོངས་དེ་ཝ་ལེར་དྲན་ཞིང་། དེ་མ་ཐག་ཁོ་མོས་རང་ཉིད་དང་རང་ཉིད་ཀྱི་ལས་དབང་ལ་འཁང་ར་བྱེད་ཅིང་བཟོད་སྒོམ་ཡང་བྱེད།
ཁོ་གཉིས་ཁྱིམ་ལ་བསླེབས་དུས། ཁྱིམ་གྱི་ལྕགས་ཐབ་དམར་ཧང་ཧང་བྱེད་པ་དང་། ཁང་མིག་ཆུང་ཆུང་དེའི་ནང་དུ་དྲོད་ཁོལ་ཅིག་འཁྱིལ་འདུག བསོད་མཚོས་ཚུལ་དེ་མཐོང་བ་ན་དགའ་སྤྲོ་ཆེན་པོ་སྐྱེས་ཏེ། གནས་སྐབས་ཤིག་ལ་སེམས་ཀྱི་སྡུག་བསྔལ་དང་ལུས་ཀྱི་ན་ཟུག་ཀྱང་བོར་སོང་།
“རྡོ་སྐྱབས་རྒྱལ། ཁྱོད་ཀྱིས་ལྟོས་དང་། ངའི་གཅེས་ཕྲུག་མ་འདིས་ལྕགས་ཐབ་ཏུ་མེ་བུས་ཏེ་ཇ་ཡང་སྐོལ་ཐུབ། ལག་ཆགས་ཀྱིན་ཆགས་ཀྱིན་ཆུང་དུས་ཀྱི་ང་དང་ཨ་ན་མ་ན་རེད་འདུག”
“ད་ལོར་ལོ་བདུན་རེད། སྒྲོལ་མ་ནར་སོན་ཏེ་བསམ་ཡང་ཤེས་འདུག རྗེས་མར་ངས་བུ་མོ་གནས་ལ་སྟེར་མི་སྲིད།”རྡོ་སྐྱབས་རྒྱལ་གྱིས་དེ་ལྟར་བཤད་རྗེས་ནམ་རྒྱུན་ལྟར་སློག་ཧྲིལ་གཡང་ཤམ་བྱས་ནས་ཚ་ཐབ་ཏུ་ཙོག་སྟེ་མ་ཎི་འདོན་འགོ་བརྩམས། སྒྲོལ་མ་སྔར་བཞིན་བརྙན་འཕྲིན་ངོས་ལ་ཅེར་ཏེ་བོད་སྐད་ཀྱི་འགུལ་རིས་བརྙན་འཕྲིན་ཞིག་ལ་ལྟ་བཞིན་མིག་ལྕིབས་ནི་ལྷེམ་ལྷེམ་དུ་གཡོ།
བསོད་མཚོས་རྡོ་སྐྱབས་རྒྱལ་གྱི་ཚིག་དེ་ཐོས་མ་ཐག་རེ་ཞིག་སེམས་པ་དགའ་སྤྲོས་ཁེངས་ཏེ། སེམས་སུ་སྒྲོལ་མ་གནས་ལ་མ་བྱིན་ཚེ་བདེ་སྐྱིད་ཀྱི་འཚོ་བ་ཡག་པོ་ཞིག་རོལ་ཐུབ་པར་ཡིད་ཆེས་དང་རེ་བ་དཔག་མེད་བཅངས་ཡོད་མོད། ཏག་ཏག་སྐབས་དེར། ཁོ་མོའི་ཡིད་ལ་ཆུང་དུས་རང་ཉིད་ཀྱང་ཕ་མས་གནས་ལ་མི་སྟེར་ཞེས་ཡུན་རིང་ལ་སྐྱིད་པའི་དོ་ར་ནས་དགའ་བའི་དམངས་གླུ་བླངས་ཏེ་བསྡད་མོད། མཇུག་མཐར་སྙིང་རྗེ་དང་ཐེ་ཚོམ་ཅི་ཡང་མེད་པར་གནས་ལ་བྱིན་པ་དང་། ལྷག་པར་དུ་བསམ་པའི་རྩིག་སྡེབས་ངོས་སུ་རྡོ་ལ་རི་མོ་བརྐོས་པ་ལྟར། ནམ་ཡང་བརྗེད་མི་སྲིད་པའི་ལོ་ངོ་བདུན་ཀྱི་ཡར་སྔོན་གྱི་དོན་དག་དེ་དག་ཝ་ལེར་དྲན་པ་ན། ད་སྔའི་སྤྲོ་བ་དག་ཀྱང་སྡོང་མགོའི་བྱིའུ་དཀྲོགས་པ་བཞིན་གར་སོང་ཆ་མེད་དུ་གྱུར་ཅིང་སེམས་པ་ཡང་བསྐྱར་སྐྱོ་བས་ཁེངས།
༤
ལོ་དེར། བསོད་མཚོ་རྡོ་སྐྱབས་རྒྱལ་ཚང་དུ་འོངས་པ་ནས་བཟུང་། ཁོ་མོའི་ལས་དབང་ལ་གནམ་ས་བླ་འོག་བརྗེ་འདྲའི་འགྱུར་ལྡོག་བྱུང་། སྔོན་དུས་གཡེར་བག་དང་པྲ་ཆལ་བྱས་ཆོག་པའི་ཡོད་ཚད་ད་ནི་གཞི་ནས་མཇུག་རྫོགས་ཤིང་། ན་ཚོད་ཀྱིས་མི་ཐེག་པའི་ལྗིད་ཤུགས་གང་མང་ཞིག་ཁོ་མོའི་ཉམ་ཆུང་གི་ཕྲག་སྟེང་ལ་བབས་པས། ཁ་དཔེར་སྤོ་ཐོ་དང་བུ་མོ་རྦབ་ཏུ་བསྒྲིལ་ན་ཇེ་ཆུང་ཞེས་པ་ལྟར་ཁོ་མོ་འཇིག་རྟེན་འདི་ན་ཡོད་པ་ཙམ་ལས་ཀུན་གྱི་གྲས་སུ་མི་ཐེ་བར་ཚིག་ལན་རེ་རྣ་བའི་གོང་དང་ཚིག་ལན་རེ་རྣ་བའི་འོག་བྱས་ནས་འདུག་དགོས་བྱུང་།
རྡོ་སྐྱབས་རྒྱལ་གྱིས་བསོད་མཚོས་རང་ཉིད་ལ་བུ་སྟག་ཕྲུག་འདྲ་ཞིག་བཙའ་བར་ཉིན་མཚན་དབྱེར་མེད་དུ་སྨོན་པ་བྱེད་ཅིང་། མོ་རྩིས་ལུང་སྟོན་དང་བཅའ་བ་རིམ་གྲོ་བསྒྲུབས་ནས་བར་ཆད་གང་ཡོད་བཟློག་ཅི་ནུས་བྱེད་བཞིན་གདའ།
དགུན་ཁའི་མཚན་ལྗོངས་ཤིག་ལ། བསོད་མཚོ་གློ་བུར་དུ་གཟེར་ཅིང་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར་འོང་བས། རྡོ་སྐྱབས་རྒྱལ་དགའ་སྤྲོ་དང་བྲེལ་འཚུབ་མཉམ་དུ་འཕེལ་ནས་མྱུར་དུ་ཁྱིམ་མཚེས་ཚང་གི་ལག་སྐྱོར་འཕྲུལ་འཁོར་གཡར་ཏེ་བསོད་མཚོ་རྫོང་མི་དམངས་སྨན་ཁང་དུ་ཁྱེར།
དགུན་ཁའི་འཁྱག་རླུང་ནི་དངོས་གནས་སྤུ་གྲི་ཇི་བཞིན་ཤ་གསེང་བརྟོལ་ཏེ་རུས་གསེང་ལ་ཟུག་ཅིང་། རུས་གསེང་བརྟོལ་ནས་གློ་སྙིང་ལ་དཔུང་འཇུག་བྱས་འོང་། བསོད་མཚོས་ཟུག་གཟེར་ལ་ཨམ་གཙུགས་བསྡམས་ནའང་། འཁྱག་རླུང་གིས་ཁོ་མོའི་སྡུག་བསྔལ་དང་ཞུ་འབོད་ལ་གུ་ཡངས་སྤུ་ཙམ་ཡང་མི་སྟེར་བར་ཐད་ཀར་ལྡང་འོང་བ་ནི། བསོད་མཚོའི་མངལ་གྱི་དལ་བརྒྱད་འབྱོར་བཅུའི་ཕུང་བོ་གསོན་པོ་དེ་ཕྱི་རུ་དབྱུང་རྩིས་བྱེད་པ་དང་ཀུན་ནས་མཚུངས། བསོད་མཚོས་འཕྲུལ་འཁོར་གྱི་ཁ་ལོ་སྒྱུར་བཞིན་པའི་རྡོ་སྐྱབས་རྒྱལ་ལ་“ཁྱོད་སྡོད་དང་། ངས་ལུས་པོའི་མི་ལྕོགས་པར་འདུག”ཅེས་ཐེངས་འགར་བཤད་མཐར་རྡོ་སྐྱབས་རྒྱལ་གྱིས་ད་གཟོད་བསོད་མཚོའི་སྐད་ཆ་ཐོས་ནས་ལག་སྐྱོར་འཕྲུལ་འཁོར་གྱི་ཁ་ལམ་འགྲམ་དུ་བསྒྱུར་ཅིང་བཀན་གྱི་ལེར་བསྡད།
ཅུང་མ་འགོར་བར། མཚན་སྨག་གི་གས་སྲུབས་ཤིག་ནས་ཕྲ་ཞིང་གཉོམ་པའི་ཚེ་སྲོག་གི་འབོད་སྐད་ཅིག་གིས་རང་ཉིད་འཇིག་རྟེན་འདིར་བསླེབས་བྱུང་བའི་གསལ་བརྡ་བཏང་ཙ་ན། གདུག་རྩུབ་ཆེ་བའི་འཁྱག་རླུང་གི་ཁྲོད་ན་འདར་ལྕིག་ལྕིག་ཏུ་ལུས་པའི་མ་ཡུམ་ཞིག་གི་ངང་སྒུག་གི་སྟོང་ཆ་བདེ་བླག་ངང་བསྐངས་སོང་བས། བསོད་མཚོས་རེ་ཞིག་ངལ་དུབ་དང་སྡུག་བསྔལ་ལོགས་སུ་བཞག་ནས་ད་སོ་མར་བསླེབས་པའི་ཚེ་སྲོག་ཆུང་ངུ་དེ་མཆིན་པར་གླན་ནས་དྲོད་ཁོལ་སྦྱིན། རྡོ་སྐྱབས་རྒྱལ་གྱིས་ཚུལ་དེ་མཐོང་བས་དགའ་བ་འབུམ་གྱིས་བརྟས་ཏེ་སེམས་སུ་བྱིས་པའི་ངུ་སྐད་ལ་བརྟག་ནའང་སྟག་ཤ་ར་ཞིག་ཡིན་པའི་ཕུ་ཐག་བཅད་ནས་བསོད་མཚོ་ལ་བུ་བུ་མོ་གང་ཡིན་ཡང་མ་དྲིས་པར་དེའི་མུར་ལག་སྐྱོར་འཕྲུལ་འཁོར་གྱི་ཁ་ལོ་རང་ཡུལ་དུ་བསྐྱོགས་ནས་ལམ་ལ་ཆས།
བསོད་མཚོས་རྡོ་སྐྱབས་རྒྱལ་ལ་སྨན་ཁང་དུ་མི་འགྲོ་བའི་རྒྱུ་མཚན་འདྲི་འདོད་མོད། ཞིབ་འདང་ཞིག་བརྒྱབ་པ་ན་ད་ནི་སྨན་ཁང་དུ་འགྲོ་བ་ལས་ཕ་ཡུལ་དུ་ལོག་ན་ཡག་པོ་ཡོད་སྙམ། གལ་ཏེ་གནས་ཚུལ་འདི་འདྲའི་སྐབས་སུ་ལམ་ཐག་རིང་བོ་བརྒྱུད་དེ་སྨན་ཁང་དུ་སོང་བ་ཡིན་ན་གཅིག་ན་རང་གི་ལུས་པོ་ལྡབ་འགྱུར་གྱིས་འཁྱགས་འགྲོ་བ་དང་། གཉིས་སུ་རང་ཉིད་འཁྱགས་ཚེ་བྱིས་པའང་འཁྱགས་འགྲོ་བའི་ཉེན་ཁར་དོགས་པས་ཁོ་མོས་ཅི་ཡང་དྲིས་མ་བྱུང་།
ཁྱིམ་ལ་བསླེབས་དུས། བསོད་མཚོས་ལམ་རིང་བོར་མེ་ཕུང་ཞིག་གི་དྲོད་ཁོལ་ལ་རེ་སྒུག་བྱས་ནས་ཡོད་མོད། འོན་ཀྱང་ཁྱིམ་གྱི་ལྕགས་ཐབ་གྲང་ཤུར་ཤུར་བྱེད་ཅིང་། ཁང་མིག་ཆུང་ཆུང་དེའང་འཁྱག་སིབ་སིབ་བྱེད་པས། ཁོ་མོའི་རེ་བའི་མར་མེ་དེ་དུས་མཐའི་རླུང་གིས་སྐད་ཅིག་ཉིད་ལ་བཅོམ་སོང་། རྡོ་སྐྱབས་རྒྱལ་གྱིས་ཀྱང་ཡུན་རིང་ལ་བུ་ཆུང་ཞིག་གིས་རྗེས་འཛིན་ལ་ཞེ་ཐག་ནས་ངང་སྒུག་དང་བསོད་སྨོན་འདེབས་ཀྱིན་ཡོད་ཅིང་། ལམ་རིང་བོར་བུ་ཆུང་ཞིག་ཡིན་པའི་ཡིད་ཆེས་བརྟན་པོས་སེམས་པ་དགའ་སྤྲོ་འབུམ་གྱིས་ཕྱུག་ནས་ཡོད་མོད། འོན་ཏེ་ཆེས་མཐའ་མར་ཁོའི་རེ་བ་ལས་ལྡོག་སྟེ་བུ་མོ་ཞིག་ཡིན་པས་ཡིད་ཀྱི་ཡོལ་བའི་ངོས་སུ་ད་སྔ་མངོན་པར་གསལ་བའི་སྤྲོ་རིས་ཀྱི་མཛེས་སྡུག་ད་ནི་མདེའུས་དཀྲོགས་པའི་ནགས་གསེབ་ཀྱི་རི་དྭགས་ཇི་བཞིན་གར་སོང་ཆ་མ་འཚལ་ལ། དེའི་མུར་ཁོང་ཁྲོས་འཁྲུགས་པའི་གློར་བྱུང་གི་ཞེ་འགྱོད་དང་སྡང་སེམས་ཀྱིས་ཡོངས་སུ་ཁེངས་པས་རེ་ཞིག་སྙིང་རླུང་སྟོད་ལ་འཚངས།
བསོད་མཚོས་རང་ལུས་ཀྱི་ན་ཟུག་དང་འདར་ལྕིག་ལ་བཟོད་སྒོམ་བྱས་ཏེ་རྡོ་སྐྱབས་རྒྱལ་ལ“བུ་མོ་སྙིང་རྗེ་པོ་འདུག་གམ།”ཞེས་དྲིས་མོད། རྡོ་སྐྱབས་རྒྱལ་གྱིས་ཅི་ཡང་མ་བཤད་པར་བུ་མོ་པང་དུ་བཟུང་སྟེ་མལ་ཐུལ་གྱིས་བཏུམས་ཙམ་བྱས་པ་མ་གཏོགས་མཆིན་པར་གླན་ཏེ་དྲོད་ཁོལ་ཉག་ཙམ་ཡང་སྦྱིན་གནང་མ་བྱུང་པར་པང་གི་བུ་མོ་ཕྱིར་བསོད་མཚོ་ལ་བྱིན་ཏེ་“བུ་མོ་འཁྱག་ཏུ་མ་འཇུག”ཅེས་བཤད་པ་དེས་ཀྱང་བསོད་མཚོའི་སེམས་ལ་དགའ་བ་ཆེན་པོ་བསྐྱེད་ཅིང་། ཁོ་མོས་རེ་ཞིག་རང་ཉིད་གཞི་ནས་འཁྱག་འདུག་པའང་བརྗེད་སོང་།
མཚན་མོ་དེ་བསོད་མཚོས་ནམ་ཡང་བརྗེད་མི་སྲིད། རྡོ་སྐྱབས་རྒྱལ་གྱིས་ཀྱང་བརྗེད་མི་སྲིད།
མཚན་མོ་དེར་བསོད་མཚོ་གྲང་ཤུར་ཤུར་གྱི་ལུང་འཁྱག་དེ་ནས་ཤེས་ཚོར་མེད་པར་འཁྱགས་སོང་། དངོས་འབྲེལ་འཁྱགས་སོང་།
༥
ནུབ་འཚལ་གྱི་རྗེས་སུ། ཁྱིམ་ལས་ཅི་ཡང་མེད་པས། བཟའ་མི་རྣམས་ཀྱིས་གོམས་སྲོལ་དང་བསྟུན་ནས་ངལ་གསོ་བྱས། བསོད་མཚོས་ནམ་རྒྱུན་དང་འདྲ་བར་སྒྲོལ་མ་མལ་ཐུལ་གྱིས་དྲོན་པོར་བཏུམས་རྗེས་ད་གཟོད་རང་གི་མལ་སར་ཕྱིན།
ནམ་གུང་ཡོལ་སོང་མོད། བསོད་མཚོས་སྔར་བཞིན་གཉིད་མ་ཁུགས། འོན་ཀྱང་དོ་དགོང་ནི་ནམ་རྒྱུན་དང་གཏན་ནས་མི་འདྲ་སྟེ། རྡོ་སྐྱབས་རྒྱལ་གྱིས་ཀྱང་གཉིད་གཏན་ནས་མ་ཁུགས་པས་བསོད་མཚོའི་སེམས་པ་ཐེ་ཚོམ་གྱི་རྒྱ་རུ་ཚུད།
“ཁྱོད་ཀྱིས་དུ་བ་དེ་འདྲའི་མང་པོ་འཐེན་ནས་ཅི་བྱ། སེམས་མི་སྐྱིད་དམ།”བསོད་མཚོས་རྡོ་སྐྱབས་རྒྱལ་ལ་ཡང་སྙིང་ཅི་ཞིག་བྱུང་སོང་བ་མ་ཤེས་པས་དེ་ལྟར་དྲིས།
རྡོ་སྐྱབས་རྒྱལ་གྱིས་སླར་ཡང་དུ་བ་རྐང་གཅིག་ལ་མེ་བསྒྲོན་རྗེས་སྐད་ཆ་ཅི་ཡང་མ་བཤད་པར་མུ་མཐུད་དུ་འདང་བརྒྱབ་ནས་འདུག
“ཁྱོད་ཀྱི་སེམས་ན་དོན་དག་འདྲ་ཡོད་ན་མྱུར་དུ་ཤོད་དང་། སྟབས་མ་ལེགས་ན་ངས་སང་ཉིན་གྱི་ཉི་མ་མཐོང་མི་ཐུབ་ནའང་ཐང་། ”
“ཁྱོད་ལ་ཡང་ཟུག་གཟེར་ལྡང་ངམ།”རྡོ་སྐྱབས་རྒྱལ་གྱིས་དུ་བ་འཐེན་མཚམས་བཞག་སྟེ་བྲེལ་འཚུབ་གྱིས་དེ་ལྟར་དྲིས།
“སྨན་པས་འཁྱག་མི་རུང་ཞེས་ཐེངས་བརྒྱར་བཤད་སོང་། འོན་ཀྱང་དེ་རིང་སྨན་ཁང་ནས་ཕྱིར་ལོག་པའི་ལམ་བར་དུ་ང་རང་ཡང་བསྐྱར་འཁྱགས་སོང་བས་ད་ལྟ་ན་ཟུག་ཇེ་ཆེར་འགྲོ་བཞིན་འདུག ”བསོད་མཚོས་དེ་ལྟར་བཤད་རྗེས་རང་ཉིད་མལ་ཐུལ་གྱིས་བཏུམས་ཙམ་བྱས།
སྐབས་དེར། རྡོ་སྐྱབས་རྒྱལ་གྱི་སེམས་སུ་སྨན་པ་འཇའ་བྷེས་བཤད་པའི་སྐད་ཆ་དེ་དག་ཁྲིགས་སེ་ཤར་བ་ན་སེམས་པ་ཆུ་ཁོལ་གདུས་པ་ལྟར་ལྷོག་ལྷོག་ཏུ་འཕྱུར་བཞིན་འདུག་ཅིང་། ཡུད་ཙམ་གྱི་རྗེས་སུ་སང་ཉིན་ཨ་ལགས་ཚང་ལ་ལུང་བསྟན་ཞུས་རྗེས་ཟི་ལིང་གི་སྨན་ཁང་ལ་འགྲོ་རྒྱུའི་བློ་ཐག་བཅད།
བསོད་མཚོས་དུས་དང་རྣམ་པ་ཀུན་དུ་སྐུ་འབུམ་ལ་ལན་གཅིག་འགྲོ་ཐུབ་ན་རང་ཉིད་ག་དུས་ལྔ་ལམ་དུ་ཆས་ཀྱང་འགྱོད་པ་མེད་ལ། བར་དོའི་འཕྲང་ལམ་ཇི་འདྲ་དོག་ཀྱང་ཤུགས་ཀྱིས་བགྲོད་པར་དམ་བཅོས་ནས་ཡོད། ཁོ་མོའི་ད་ནི་སྨན་པ་སུ་ལའང་རེ་བ་བཅངས་མེད།
“བསོད་མཚོ། སང་ཉིན་ཉི་མ་ཡག་པོ་འདུག ངེད་གཉིས་ཀྱིས་ཨ་ལགས་ཚང་ལ་ལུང་བསྟན་ཞུས་རྗེས་ཟི་ལིང་གི་སྨན་ཁང་དུ་འགྲོ”རྡོ་སྐྱབས་རྒྱལ་གྱིས་ཅུང་གཟབ་ནན་གྱིས་དེ་ལྟར་བཤད།
“སྨན་ཁང་དུ་མ་སོང་ན་ཆོག་གམ། སང་ཉིན་ཉི་མ་ཡག་པོ་འདུག་ན་ངེད་གཉིས་སྐུ་འབུམ་ལ་སོང་ན་ཅི་འདྲ་རེད།”
“སྐུ་འབུམ་ལ་ཅི་བྱེད་དུ་འགྲོ། མིག་སྔར་ཆེས་གཙོ་བོ་ནི་ཁྱོད་ཀྱི་ནད་དྲག་རྒྱུ་དེ་རེད།”
“ངའི་ནད་ལ་ཁྱོད་ཀྱིས་རེ་བ་ཆེན་པོ་མ་འཆང་ཨང་། མི་ཚེ་ནད་འོག་ནས་འཛད་དགོས་བ་ནི་ངའི་ལས་དབང་ཡིན་པ་འདྲ། ལས་དབང་སུས་ཀྱང་བཟློག་མི་ནུས། དེ་ལས་འཆི་ཁར་སྐུ་འབུམ་གསེར་སྡོང་ལ་དངོས་སུ་ཐོད་པ་ལན་ཞིག་གཏུགས་ཐུབ་ན་དེ་ནི་ཆེས་ཆེ་བའི་བསོད་ནམས་རེད་ཨང་།”བསོད་མཚོས་འདི་ལྟར་སྡུག་ཡུས་དང་འབྲེལ་བའི་ཞུ་བའི་ངག་གིས་ལབ།
“ཁྱོད་ཀྱིས་ཨུ་ཚུགས་མ་བྱེད། བྱ་བ་གང་ལའང་སྔ་འདང་ཕྱི་འདང་རྒྱག་དགོས། བྱ་བ་གོ་རིམ་ཡོད་པའི་སྒོ་ནས་བསྒྲུབས་ན་མ་མཐའ་ཡང་རྗེས་སུ་འགྱོད་པའི་གནས་སུ་མི་ལྷུང་ཁོ་ཐག་ཡིན་ངེས།”
“འོན་ཀྱང་ངས་ཅི་ལྟར་འདང་བརྒྱབ་ཀྱང་ཐོག་མར་སྐུ་འབུམ་ལ་སོང་ན་ལེགས་པོ་འདུག་སྙམ།”བསོད་མཚོ་སྔར་བཞིན་རང་གི་རེ་འདོད་ཀྱི་ཐག་སྣེ་ལ་དམ་པོར་འཇུས་ནས་འདུག
“དོ་དགོང་ཕལ་ཆེར་ཁ་བ་དབབ་རྒྱུ་ཡིན་ལོས་ཆེ། ཁ་བ་བབས་ཚེ་སང་ཉིན་གང་ལའང་འགྲོ་ཐུབ་མི་འདུག ད་ནི་ཁྱོད་ཀྱིས་ཡར་མར་བཅོ་བརྒྱད་ལ་འདང་མ་རྒྱག སང་ཉིན་གྱི་བྱ་བ་སང་ཉིན་བགྲོ། ད་སྔ་མོར་གཉིད་དང་། ”རྡོ་སྐྱབས་རྒྱལ་གྱིས་དེ་ལྟར་བཤད་རྗེས་མགོ་བོ་མལ་ཐུལ་གྱིས་བཏུམས་ཏེ་མནལ་ལམ་ལ་ཆས་སོང་།
བསོད་མཚོས་སྨག་རིམ་གྱི་ཁྲོད་ནས་ཁ་གཏད་ཀྱི་རྡོ་སྐྱབས་རྒྱལ་ལ་ཡུན་རིང་དུ་བལྟས་ནས་འདུག་ཅིང་། སང་ཉིན་དངོས་འབྲེལ་ཁ་བ་དབབ་རྒྱུ་ཡིན་པའི་སེམས་ཚོར་ཞིག་ངང་ཤུགས་ཀྱིས་སྐྱེས་འོངས།
བར་སྐབས་ཤིག་ལ། ག་ནས་ཡོང་བ་མི་ཤེས་བའི་འཁྱག་རླུང་ལྡོམ་པོ་ཞིག་གིས་ཁྱིམ་ཡོངས་སུ་ཁེངས་པ་ན་བསོད་མཚོས་ཡང་བསྐྱར་གྲང་འདར་ཞིག་བརྒྱབ་ཅིང་། ཁོ་མོས་ཕྱི་རོལ་དུ་ཁ་བ་འབབ་ཀྱིན་ཡོད་པར་སྙམ་ནས་སྟོབས་ཤུགས་ཡོད་དགུ་བཏོན་ཏེ་དྲ་ཡོལ་ཕྱེས་ནས་ཕྱི་རོལ་ལ་ཞིབ་ལྟ་ཞིག་བྱེད་འདོད་མོད། ལུས་སྟོབས་ཀྱིས་ལུས་པོ་མ་ཐེག་ཅིང་། དབུགས་རྒྱུན་གྱིས་སྐད་ངག་མ་འཁྲོལ་པས། ཁོ་མོ་རེ་ཐག་ཆད་ནས་མུན་པའི་ཞིང་ཁམས་ཤིག་ལ་འཁྱག་རླུང་ལྡོམ་པོ་དེ་དང་བསྡོངས་ནས་དལ་ཅག་གེར་འགྲོ་དགོས་བྱུང་།
གནམ་གཤིས་ཧ་ཅང་འཁྱག ས་གཞི་འཁྱག་པས་བསྡམས་འདུག
ཕྱི་རོལ་དུ་ཁ་བ་ལྷབ་ལྷུབ་འབབ་ཀྱིན་འདུག་ལ། འདི་ནི་ད་ལོའི་དགུན་སྟོད་ཀྱི་ཁ་བ་ཐོག་མ་རེད།
རྩོམ་ཁུངས། ངེད་དྲ་བ།