འཇམ་དཔལ་རབ་ཏུ་བྱུང་བ།

  ནོར་ཁྱུ་དང་ཁ་གྱེས་མ་མྱོང་ཞིང་། སྦྲ་ནག་ལས་གཞིས་བྱེས་མ་མྱོང་བའི་བྱིས་པ་འདི་ནི་དེ་རིང་རྟག་ཏུ་ཁོས་བཤད་ཀྱིན་པའི་དགོན་སྡེ་དེ་རུ་རབ་ཏུ་བྱུང་བར་འགྲོ་དགོས་པས། མདང་དགོང་ཁོར་ཕལ་ཆེར་གཉིད་ཡོང་མེད་པ་འདྲ། ནང་མི་ཚོས་ཁོར་མདང་གཉིད་མ་ཡོང་བ་ཤེས་ཡོད་ཀྱང་། དེ་ནི་ཁོའི་དྭངས་གཙང་གི་བྱིས་བློས་བསྐྱེད་པའམ་ཁོར་ཆུང་དུས་ནས་གྲྭ་བ་བྱེད་པའི་འདུན་པ་ལྷག་མ་ཞིག་ཡོད་པ་དེ་ལས་ཅི་ཡང་རེད་མ་བསམ་ཞིང་། ད་དུང་ནམ་རྒྱུན་ལོ་སར་སོགས་ཀྱི་སྐབས་སུ་ཁོར་གཉིད་མི་ཡོང་བ་ནི་ཆེས་རྒྱུན་ལྡན་ཞིག་ཡིན། ཡིན་ན་ཡང་། མདང་དགོང་འཇལ་དཔལ་གྱིས་ཞག་གང་བོར་ཁོའི་བྱིས་དུས་ཀྱི་འཚོ་བ་ལ་ཕྱི་དྲན་དང་། འབྱུང་འགྱུར་རབ་ཏུ་བྱུང་བའི་སྐོར་ལ་མནོ་བསམ་གང་མང་བཏང་། ཁོས་ལོ་ན་བདུན་བརྒྱད་ཙམ་ནས་སྐ་རག་གང་སྦོོམ་དག་གཟན་གྱིས་ཚུལ་དུ་གྱོན་ཏེ། ཁོང་ཚང་ལ་རྒྱུན་པར་ཕེབས་པའི་ཨ་མཆོད་ཚོས་ཉམས་ཅི་འཁྱོངས་བྱས་པ་སོགས་ཀྱི་སྐོར་ནི། ཁོའི་མིག་ལམ་དུ་སྦྲ་ནག་གི་ཁ་ཚབ་ལས་མངོན་པའི་གཡའ་དག་པའི་ནམ་མཁའི་སྐོར་ཚོགས་ལས་ཀྱང་གསལ་གྱི་ལེར་འཆར་རྒྱུ་འདུག་ལ། དགོན་པར་གྲྭ་བ་བྱེད་པའི་བདེན་དཔང་དུ་རློོམ་པའི་མདུད་པ་ཞིག་ཡོད་པ་དེ་ཡང་ཁོས་རང་གི་ཆེས་འདང་ཆེ་བའི་དངོས་པོ་ཞིག་ལ་བརྩིས་ཏེ་བདག་དམ་ལེགས་པོ་བྱས་པས། རྒྱུན་པར་ཁོ་ཚང་ལ་ཡོང་བའི་མགྲོན་པོ་དང་གཉེན་ཉེ་སོགས་ཀྱིས་“མདུད་པ་དེ་བཙོང་རྒྱུ་ཨེ་ཡིན་དང་ཁོ་ཚོ་ལ་ཨེ་སྦྱིན་”སོགས་ཟེར་ནས་རྒྱུན་པར་ཁོ་ལ་ཀུ་རེ་རྩེད་པ་ཡང་ཡིད་ནས་བརྗེད་མི་འདུག འོན་ཀྱང་། ཁོས་གློ་བུར་དུ་འདང་ཞིག་བརྒྱབས་པ་ན། མདུད་པ་དེ་ན་ནིང་རུ་དགུན་སར་རུ་སྤོར་བ་ནས་གང་ལ་བཞག་ཇི་ལྟར་ཞིབ་འདང་བརྒྱབས་ཀྱང་དྲན་རྒྱུ་མི་འདུག་པས། ཡར་ལངས་ཏེ་བཙལ་དགོས་པའི་སྣང་བ་རེ་བྱུང་ཡང་། མཇུག་མཐར་ཁོས་དེ་ནི་སང་ཉིན་གྱི་ནམ་ལངས་ཉི་ཤར་གྱི་ལས་ཀ་དང་བོ་རུ་བསྐྱུར་བཞག དེ་ལྟར་ཁོ་མཚན་མོ་དེར་ཁེར་རྐྱང་གི་བསམ་གཞིགས་གང་མང་གིས་འཁྲིད་དེ་ཡུན་གྱིས་རྨི་ལམ་རིང་མོ་ཞིག་གི་ཁུགས་པར་ལྷུང་།
  གནམ་སའི་འདྲེས་མཚམས་ནས་སྐྱ་རེངས་ཀྱི་ཡོལ་བ་ཡུན་གྱིས་བཀྱག་པ་དང་བསྟུན་ཨ་མ་ཡར་ལངས་ནས་ཐབ་ཚང་དུ་མེ་ཁ་གསོས་ཏེ། སྙིང་གི་གཅེས་ཕྲུག་གཅིག་པུ་དེ་དགོན་པར་འགྲོ་བའི་གྲྭ་སྒྲིག་དང་ཉིན་རྒྱུན་གྱི་ཁྱིམ་ལས་ཙག་ཙིག་དེ་ཚོའི་འགོ་བརྩམས། འཇམ་དཔལ་མལ་ལས་ཡར་ལངས་གྲབ་ཀྱིས་“ཨ་མ་ནམ་ལངས་ཀི་ཨེ་ཡོད་ཀི་”ཟེར་བཞིན་སྔར་བྱུང་མ་མྱོང་བའི་རྣམ་རིག་རྒོད་པོས་ཡར་བལྟ་མར་བལྟ་ཐེངས་ཁ་ཤས་ལ་བྱས། “ད་རུང་ལངས་མེད་ཀི་གཉིད་ཏ་སྡོད་”ཅེས་མ་རྒན་སྒོར་ཟོག་མཁོང་ལ་བུད་སོང་། འཇམ་དཔལ་ཡང་སྐྱར་མདང་དགོང་གི་རྨི་ལམའམ་བསམ་གཞིགས་གང་ཡིན་སྐྱ་མི་ཁོར་བའི་རྣམ་རྟོག་དེས་ཁྲིད་སོང་། ཁོས་རང་གི་མ་འོངས་པའི་གྲྭ་བའི་འཚོ་བ་ལ་སྔོན་དཔག་ཅུང་ཙམ་རེ་བྱས་པ་དང་དེ་མུལ་ཁོའི་ཕྱུགས་རྫིའི་འཚོ་བ་དག་ཡིད་ལ་ཝ་ལེར་ཤར་ཡོང་། རྫི་རོགས་བྱིས་པ་ཚོ་དང་ལྷན་དུ་སྤང་ཐང་དུ་རྟ་རྒྱུག་བྱས་ཤིང་། ལྷས་ར་ནས་རྩེད་རྡོ་བསྒྲིགས་པའི་རྣམ་པ་དང་། ད་དུང་རྩྭ་ཐང་གི་ལྷིང་འཇགས་ཀྱི་མཚན་མོ་རེ་རེར་ཨ་མ་ཆོས་སྒྲོན་དང་ཁྱིམས་མཚེས་ཨ་ནེ་ཚོས་ཉན་དུ་རེ་བའི་བྱིས་སྒྲུང་གང་མང་བཤད་པ། མདོར་ན་ཆེས་ལྷིང་འཇགས་དང་ལྷན་མེད་ཡིན་པའི་འབྲོག་པའི་འཚོ་བ་དེ་དང་ལ་ཁའི་རྫི་རོགས་དང་ལྷས་མཐའི་རྩེད་གྲོགས་དེ་ཚོའི་མ་བཅོས་བརྩེ་བ་དག་གིས་ད་ལོ་ཞིག་ནས་ཁོ་གྲྭ་བ་བྱེད་པར་ཡང་རང་བློ་ཁེལ་བ་ཞིག་བྱུང་མེད་མོད། ཁོས་རང་གི་གཉུག་གཤིས་ཀྱི་ཕ་མ་དང་ཡུལ་མི་ཚོར་བཞག་པའི་སྣང་བརྙན་དེ་བརླག་མ་འདོད་པའམ་ཆེས་ལྐོག་གྱུར་གྱི་ཚོར་ཤེས་རྣོན་པོ་ཞིག་སྟེ། ཁོ་རང་ཉིད་ཀྱིས་ཀྱང་འགྲེལ་བཤད་མི་ཤེས་པའི་བསམ་བློ་ཞིག་གིས་ཁོ་སྐབས་དང་སྐབས་སུ་རབ་ཏུ་བྱུང་བར་སྐུལ་གྱིན་འདུག་པས། ཁོས་སུ་ལའང་དེ་ལུགས་ཀྱི་སྐད་ཆ་གཅིག་ཀྱང་བཤད་མ་མྱོང་། སྐབས་དེ་ཤེད་ཅིག་ནས་ཁོ་ལ་འདྲི་རྟགས་ཤིག་དང་གདམ་གསེས་ཤིག་ཏུ་ཆགས་པའི་ལས་དོན་དེ། ཁས་ཉིན་ཨ་ཕ་དགོན་ནང་ལ་སོང་ནས་ཕྱིར་སླེབས་དུས་གཞི་ནས་གཏན་ཁེལ་འདུག་ལ། ཁོས་ཀྱང་ཧ་ཅང་དགའ་མདོག་གིས་རྣམ་འགྱུར་དང་སྐད་ཆ་གང་མང་བཤད་པས་ད་ནི་ཕྱིར་ནུར་མེད་པའི་མཚམས་ལ་ཐོན་འདུག ཡིན་ཡང་ཁེར་རྐྱང་དུ་བསམ་གཞིགས་དང་བློས་བསླངས་སྣ་ཚོགས་བྱེད་རྒྱུ་ནི། ཁོ་ལ་མཚོན་ན་རི་མགོར་ཟོག་རྫི་ལ་སོང་བའི་གོ་རིམ་ཁྲོད་ཆགས་པའི་རང་གཤིས་བསྒྱུར་དུ་མེད་པ་ཞིག་གམ་ཁེར་རྐྱང་གི་འཇིག་རྟེན་ཕུན་སུམ་ཚོགས་པ་ཞིག་ཀྱང་རེད་འདུག་པས། ཁོས་ཁེར་རྐྱང་དུ་རང་གི་མདུན་དུ་ལྷགས་པའི་ལས་དོན་ཁག་ལ་བསམ་གཞིགས་གཏོང་བར་མ་ཟད། གཏན་དུ་མི་ནུས་པའི་སྒྱུ་འཕྲུལ་ལམ་མིའི་འཇོན་ནུས་ལས་ལྷག་པའི་འཇིག་རྟེན་སྣ་ཚོགས་ཁེར་ལབ་བྱེད་རྒྱུར་གོམས་འདུག དེ་རིང་ཡང་གོམས་གཤིས་དེས་རྐྱེན་པས་སམ་ཁྱིམ་མཚེས་རུ་སྐོར་ཚོས་བཞག་པའི་བག་ཆགས་གང་ཡིན་མི་ཤེས་མོད། ཁོས་རང་ཉིད་རབ་བྱུང་ནས་རྗེས་མར་ཕྱིར་རུ་ནང་དུ་ཡོང་ནས་ཁྱིམ་ཚང་རེ་རེ་བཞིན་གྲོང་ཆོག་ལ་སོང་སྟེ། ཁོ་ཚོའི་དད་སེམས་དང་བརྩི་བཀུར་ཆེན་པོས་བསྟོད་ངག་བྱེད་བཞིན་པའི་རྣམ་པ་ཡིད་ལ་སྒོམ་པར་བྱེད་བཞིན་པའི་སྐབས་སུ་ཨ་ཕས་གློ་བུར་དུ་བོས་ནས་“ཁྱོད་ལངས་ཀི་མེད་ནས་”ཞེས་པས། འཇམ་དཔལ་ཁེར་རྐྱང་གི་བསམ་གཞིགས་སྣ་ཚོགས་ཀྱི་བར་གླགས་ནས་གློ་བུར་སད་པ་ཇི་བཞིན་སྙིང་ལོག་ཅིག་ཀྱང་བྱས་ཏེ་དེ་མུར་“ལངས་ཀི་ཡོད་”ཅེས་པ་དེ་ཡང་ཅི་ཡིན་ཆ་མ་འཚལ་བར་ངག་ནས་དབང་མེད་དུ་ཐལ། ཕ་རྒན་གྱིས་ཟི་ཚར་གཡང་ཤམ་བྱས་ཏེ་གྱོན་ནས་སྒོ་ཁར་བུད་ནས་གཅིན་པ་ཞིག་གཏོང་ཞོར་དུ་ཟོག་མཁོང་ན་ལྕི་ལས་བྱེད་བཞིན་པའི་ཆོས་སྒྲོན་ཁྱིམ་ལ་བོས། ཕྱིར་སྦྲ་ནང་དུ་འཛུལ་དུས་འཇམ་དཔལ་གྱིས་གོ་ལྷམ་འཚག་འཚག་བྱས་འདུག་པས་ཕ་རྒན་གྱིས་ཁུངས་འཛུམ་ཞིག་དང་ལྷན་དེ་རིང་ངའི་ཞི་ལུ་འདི་དགའ་ནས་ཡོད་ཀི་ཏ་རྗེས་ནས་དོན་གྲུབ་ཚང་གི་དགེ་ཕྲུག་ལྟར་ཡུལ་ལ་བྲོས་མ་ཡོང་ན་དྲག་གི་བསམ་བཞིན་སྔས་མགོ་ན་སྦྲུལ་འཁྱིལ་གྱིས་ཡོད་པའི་སྐ་རགས་གློ་དམར་དེ་བླངས་ནས་ལམ་ལ་འབུད་གྲབ་བྱས། གོ་ཐོས་ལྟར་ན་དོན་གྲུབ་ཚང་གི་དགེ་ཕྲུག་ཆོས་འཕེལ་ནི་དགོན་པ་ནས་ཆོས་སློབ་ཏུ་འགྲོ་མ་ནུས་པར་དགེ་རྒན་གྱི་གཅར་རྡུང་དྲག་པོ་རེག་པ་དང་དགེ་བསྐོས་ཀྱིས་ཀྱང་ཐེངས་ཁ་ཤས་ལ་འཚོགས་གཏམ་བྱས་མཐར་དགོན་པ་ནས་སྡོད་མ་ཚུགས་པར་ཡུལ་ལ་བྲོས་ཡོང་བར་བཤད། འཇམ་དཔལ་གྱི་ཕ་མ་དང་གཉེན་ཉེ་ཚོས་སེམས་ཁུར་བྱེད་ས་ནི། འཇམ་དཔལ་ཡང་དེ་འདྲ་རེ་བྱས་ནས་དགོན་པ་ནས་མཐར་ཨེ་འཁྱོངས་བསམ་པ་དེ་ཡིན་ཡང་། འཇམ་དཔལ་ལ་མཚོན་ན་དེ་ནི་ཁོར་སེམས་ཤུགས་འཕེལ་བྱེད་ཀྱི་རྒྱུ་རྐྱེན་ཞིག་ལས་སེམས་ཁུར་བྱེད་པའི་དོན་ཞིག་ཏུ་ཆགས་མེད་པར་མ་ཟད། ཆོས་འཕེལ་གྱི་དོན་དེས་ནང་མི་ཚོས་ཁོར་རྒྱུན་པར་རབ་ཏུ་བྱུང་བར་འགོག་རྐྱེན་བྱས་ཀྱང་། དེ་ལས་ལྡོག་སྟེ་དོན་དེ་ནི་ཁོར་མཚོན་ན་གྲྭ་བ་བྱེད་པའི་སྐུལ་ལྕགས་ཤིག་ཏུ་གྱུར་སོང་། དེ་ལྟར་འཇམ་དཔལ་ཕ་བུ་གཉིས་ཀྱིས་ཁ་ལག་གཙང་བཀྲུ་དང་ལམ་ཆས་གྲ་སྒྲིག་བྱས་ནས་འགྲོ་གྲབ་བྱེད་སྒང་ལ། ཁོ་ཚང་གི་སྒོ་ཟོག་སྡེ་བས་རྩྭ་བཀག་བྱས་པའི་ལུང་བ་དེའི་ཕྱོགས་སུ་བཞུར་སོང་བས། ཨ་མས་“འཇམ་དཔལ་ཟོག་ཕར་ཀི་སར་བཞུར་ཐལ་”ཞེས་ལོབས་ཕྱོགས་ལྟར་བོས་པས། འཇམ་དཔལ་ཡང་འཚབ་འཚུབ་ངང་འུར་རྡོ་ཐོགས་ནས་ཟོག་ཁ་ལེན་དུ་ལམ་ལ་བུད། ཕ་རྒན་གྱིས་“མྱུར་མོར་ཟོག་ཁ་ལོང་ཤོག་འུ་ཉིས་སྔ་མོ་ནས་ལམ་འབུད་དགོས། ཨ་ཁུ་སངས་རྒྱས་ཀྱིས་སྔ་དྲོ་ཐོན་གི་ཆུག་ཟེར་གི་ཡོད་ཐལ་”ཞེས་བཤད། འཇམ་དཔལ་རྐང་ཐང་ལ་སོང་ན་ཧ་ཅང་མགྱོགས་པར་སྡེ་བ་ཡོངས་ཀྱིས་བསྟོད་བསྔགས་བྱེད་ཀྱིན་ཡོད་ལ། ཁོས་ཀྱང་གནམ་གཤིས་བཟང་ན་“ཞོན་པ་ལས་རང་ཉིད་རྐང་ཐང་ལ་སོང་བས་བཟང་”ཞེས་རྒྱུན་དུ་བཤད་ཅིང་། དེ་རིང་ཨ་མས་མོ་རང་ཟོག་ལ་འགྲོ་དགོས་པས་རྟོའུ་རྒན་ངང་ར་རྫི་རྟར་བཏགས་ཡོད་ཀྱང་ཁོ་དེ་མུར་རྐང་ཐང་ལ་ཟོག་ཁ་ལེན་དུ་བུད་སོང་། སྡེ་བས་རྩྭ་བཀག་བྱས་ཡོད་པའི་ལུང་བ་དེ་དང་ཁོ་ཚང་གི་བར་གྱི་ན་གཞུང་རིང་མོ་དེ་སྐར་མ་བཅུ་ཁ་ཞིག་མ་འགོར་བར་བརྒལ་ནས་ཟོག་སྔུན་ལོན་སོང་ཡང་། གནག་ཕྱུགས་འཚོ་སྐྱོང་གི་ལས་ལ་རང་ལོ་བརྒྱད་ནས་ད་བར་དུ་ཞུགས་པའི་ཁོ་རང་ཕྱུགས་ཟོག་འཚོ་བ་ལ་སྡེ་བ་འདིའི་བྱིས་པ་ཚོ་ལས་ཡན་མིན་ན་མན་མིན་པས། ཁོས་རྒྱུན་ལྡན་གྱི་ལོབས་ཕྱོགས་ལྟར་ཕྱུགས་ཟོག་ཡུན་གྱིས་ཁ་སྲིབ་ཕྱོགས་སུ་འཁོར་བའི་ལུང་བ་རིང་མོ་དེའི་གཞུང་གྱེད་ལ་སྐོར་བས་ཕྱུགས་ཟོག་རྣམས་ཀྱིས་ཀྱང་རྩྭ་ཟ་ཞོར་དང་ཆུ་འཐུང་ཞོར་དུ་ལུང་གཞུང་དེད་ནས་ཡུན་གྱིས་ལུང་བའི་ཕུ་ལ་འཁོར། འཇམ་དཔལ་གྱིས་མང་རྒྱུ་མེད་ལ་ཉུང་རྒྱུ་ཡང་མེད་པའི་ཁོ་ཚང་གི་ཕྱུགས་ཟོག་ལ་ཕྱིར་བལྟས་རེ་བྱེད་ཞོར་དུ་ཡུལ་ལ་ཡོང་བ་ནི། ཏག་ཏག་བརྩེ་དུང་གི་སྦྲེལ་བའི་གཞོན་ནུ་གཉིས་རི་མགོ་ནས་ཁ་གྱེས་ཏེ་སོ་སོའི་ཁྱིམ་ལ་ལོག་པའི་རྣམ་པ་དང་ཨ་ན་མ་ན་རེད། འཇམ་དཔལ་ཟོག་ཁ་ལེན་དུ་སོང་ནས་ཕྱིར་ཁྱིམ་ལ་ཐོན་པ་དང་ཨ་མས་ཡང་སྔར་བཞིན་འཇམ་དཔལ་ལ་ཨ་ཁུ་བྱས་ནས་དགོན་པར་ཡག་པོ་འདུག་དགོས་ཚུལ་དང་ཁྱོད་ཨ་ཁུ་བྱས་ནས་བསྡད་ན་ཁོང་རྒན་རྒོན་གཉིས་ལ་དེ་ལས་ལྷག་པའི་བདེ་སྐྱིད་ཅིག་ཚེ་འདི་ཕྱི་གཉིས་ལ་མེད་ཚུལ་དང་། ད་དུང་ཁོང་གཉིས་ལ་སེམས་ཁུར་བྱེད་མི་དགོས་ཚུལ། ཁྱོད་ཀྱིས་རང་ལོ་བཅོ་ལྔ་བར་དུ་ངེད་གཉིས་ལ་གཡོག་བྱས་པའི་ཁོ་གཉིས་ཧ་ཅང་ཡིད་ཚིམས་ཡོད་ཚུལ་སོགས་སྐད་ཆ་མང་བོ་ཞིག་མིག་ཆུ་དང་བརླན་ནས་བཤད་བྱུང་བས། འཇམ་དཔལ་གྱི་ཤིན་ཏུ་སྒོར་བའི་མིག་ཟུང་གཉིས་ཀྱང་སྨུག་སྤྲིན་གྱིས་ཁེངས་པའི་ནམ་མཁའ་བཞིན་མཆི་མས་བརླན་འགོ་བརྩམས་ཀྱང་། དེ་འཕྲལ་ཨ་ཕ་དཀོན་རབ་ཀྱིས་ཨ་མར་གཤེ་ཞོར་དང་སྡང་མིག་བལྟ་ཞོར་གྱིས་“ཁྱོད་ནམ་ཡིན་ན་འདི་འདྲ་ཞིག་ཡིན་ནི་རེད། ཁོམ་གི་མེད་དུས་ཤིག་ལ་བཤད་རྒྱུ་མང་བོ་མང་བོ་ཞིག་ཡོད། ངེད་གཉིས་ཁོམ་གི་མེད་ཀི་མྱུར་མོ་འགྲོ་དགོས་”ཞེས་པའི་ཨ་ཕའི་སྐད་ཆ་དེ་སྤྲིན་གསེབ་ལས་འཕྲོས་པའི་ཉི་ཟེར་ཇི་བཞིན་འཇམ་དཔལ་མ་བུ་གཉིས་ཀྱི་མིག་མཐའི་མཆི་མ་ཡུན་གྱིས་སྲད་པར་བྱས་པ་དང་བསྟུན། ཨ་མས་ཨམ་གཙིགས་ཆེན་པོས་“མ་ལོ་ཁྱོད་ཨ་ཁུ་ཡག་པོ་ཞིག་ཡོང་ནི་རེད། ཁ་སང་ཨ་ཕས་ཨ་ལགས་ཚང་ལ་ཞུས་པས་ཨ་ལགས་ཚང་གི་གྲྭ་བ་ཡག་པོ་ཞིག་ཏུ་ཆགས་ཀྱི་རེད་ཅེས་གསུང་གི་ཟེར་”ཞེས་པ་དང་གློ་བུར་“ཨ་རོ་ཨ་ལགས་ཚང་གིས་གནང་བའི་མདུད་པ་དེ་མ་ཕུད་ཀོ། ད་རུང་ཨ་ལགས་ཚང་གིས་ཐོན་གསུང་བའི་ཁ་ཏོན་དམིགས་བརྩེ་མ་སོགས་ཆད་ཀི་མ་འཇུག་ཏ་ཨ་ཁུ་མཁས་པ་ཤིག་ཏུ་ཆགས་ངེས་རེད། དོན་གྲུབ་ཚང་གི་ཆོས་འཕེལ་འདྲ་ཞིག་ཡུམ་རེད་ན་”ཟེར་བཞིན་རང་གི་བུ་ལ་བྱམས་བརྩེ་ཆེན་པོས་བསྐྱེལ་མ་བྱས། ཨ་མའི་སྐད་ཆ་དེ་དག་གིས་འཇམ་དཔལ་ལའང་ཅི་ཡིན་སྨྲ་མི་ཤེས་པའི་སེམས་ཤུགས་ལྷག་མ་ཞིག་བྱིན། དེ་ནས་འཇམ་དཔལ་དང་ཁོའི་ཨ་ཕ་གཉིས་འཕྲུལ་རྟ་ལ་ཉིས་འཕོང་བྱས་ནས་དགོན་ནང་དུ་ལམ་ལ་བུད། ཁོ་ཚང་ནས་ལེ་དབར་ཉི་ཤུ་ལས་ཙམ་ལས་མེད་པའི་ཆུ་ཁ་མའི་དགོན་པ་དེ་ནི། གནམ་འོག་གི་རྨ་ཁུག་དང་བོ་རུ་འབོད་པའི་རྨ་ཆུའི་ཁུག་པ་ཞིག་གི་ཉེ་འགྲམ་དུ་ཆགས་ཡོད་ཅིང་། རྒྱབ་རི་དང་མདུན་རི་ཚང་མ་ཡིད་དུ་འོང་བའི་སྤང་རི་ཤ་སྟག་ཏུ་ངེས་ཤིང་། རི་བོ་སོ་སོའི་ངོས་སུ་ངོ་མཚར་བའི་བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲས་སྣ་བདུན་སོགས་ཀྱི་རི་མོ་ཁ་ཤས་འབུར་དོད་དུ་ཡོད་ལ། མདུན་དུ་དལ་འབབ་ཀྱི་ཆུ་ཕྲན་ཆུང་ཆུང་ཞིག་ཀྱང་ལྷོ་ཕྱོགས་ནས་བྱང་ཕྱོགས་ཀྱི་རྨ་ཆུ་འཐེན་ནས་བཞུར་བཞིན་པའི་རྣམ་པ་ནི། ཏག་ཏག་ལྗང་མདོག་གི་སྤང་ཐང་ཡོངས་པོ་རུ་ལྷ་རྫས་ཀྱི་ཁ་བཏགས་རིང་བོ་ཞིག་འཐེན་པ་དང་གཉིས་སུ་མ་མཆིས། ཁོང་གཉིས་ཀྱི་འཕྲུལ་རྟའི་སྒྲ་སྙུང་མ་བཟང་བས་རྐྱེན་ནམ་ཨ་ཕ་བྲེལ་ཚབས་ཀྱིས་སྣུམ་སྒོ་གནོན་ཆེ་སོང་བ་གང་རུང་གིས་རྐྱེན་པས་འཕྲུལ་རྟའི་སྒྲ་ཧ་ཅང་མཐོ་བས་རྐྱེན་གྱིས་ལམ་བར་དུ་ཕ་བུ་གཉིས་ལ་ཁ་བརྡ་ཅི་མ་ཡོད་ཅིང་། དགོན་པའི་མདུན་ཕྱོགས་ཀྱི་ཉག་ག་དེར་སླེབས་པ་དང་ཨ་ཕས་“བླ་མ་བྲག་དགོན་པ་ཐུགས་རྗེ་ཅན་ཚང་དང་། བཀྲ་ཤིས་ཆོས་གླིང་དགོན་བྱིན་རླབས་ཅན་”སོགས་གསལ་ལ་མི་གསལ་བའི་གསོལ་འདེབས་ཁ་ཤས་བྱས་པ་དང་ལྷན་མགོ་ནས་ཞྭ་ཕུད་དེ་རུམ་ལ་བཅུག ཨ་ཁུ་སངས་རྒྱས་ཀྱིས་ཀྱང་དགོན་པའི་མདུན་འོག་ནས་ཉག་ག་དེར་དར་སྐུད་ལྟར་འཐེན་པའི་ལམ་བུ་དེར་མིག་ཟུང་ཅེར་ནས་འཇམ་དཔལ་དང་ཁོའི་ཨ་ཕ་ཡོང་བར་རེ་སྒུག་གིས་གཟིགས་འདུག་ཀྱང་འགྲུལ་བཞུད་མང་བའི་ལམ་ཁ་དེར་དགོན་པའི་གླིང་ནས་ཁོའི་སྒུག་བཞིན་པའི་འཕྲུལ་རྟ་དེ་ཨེ་རིག་ལྟ་བ་ནི་ངོ་མ་རྒྱ་མཚོའི་ནང་དུ་ཁབ་ལ་བལྟ་བ་དང་གཉིས་སུ་མ་མཆིས་པས། དེ་ནི་ཁོང་ཉིད་བློང་བློང་བོར་གྱུར་བའི་རྒྱུ་རྐྱེན་ཉིད་ལས་མ་འདས།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཇམ་དཔལ་རབ་ཏུ་བྱུང་བ།

2014-12-28 རུ་འཇམ་དཔལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།