སྡེ་མི་དང་ཟམ་པ།
ཕྱིར་དྲན།
གཟུགས་མེད་ཀྱི་ཟམ་ཆེན་དེ་མ་བཟོས་སྔོན་གྱི་དགུན་ཁའི་ཕྱི་དྲོ་ཞིག་ལ། ཉི་མ་ནུབ་རིའི་ཕག་ཏུ་ཡིབ་པར་ད་དུང་ཐག་ཚད་གཉིས་ཙམ་འདུག ཕུ་བོ་རྡོར་ལོ་གཙོར་བྱས་པའི་རྐྱལ་སྟོང་བཅུ་ཕྲག་ལྷག་གིས་སྡེ་བའི་བྱམས་ཁང་གི་སྒོ་ཆེན་མདུན་ན་ཉི་མར་ལྡེ་ཞོར་ལ་གཏམ་ལུང་གཏམ་གང་བཤད་ཀྱིན་འདུག
"གལ་ཏེ་སྟག་ཅིག་གསོད་ཐུབ་ན་དགེ་བ་ཆེན་པོ་ཡོད་ཀྱི་རེད།"
སློབ་ཆུང་ལོ་རིམ་དང་པོའང་ལོ་བདུན་ལ་བཏོན་པའི་ཕུ་བོ་དགྲ་འདུལ་གྱིས་ཁོ་ལ།
"ངོ་དམར་ལོ་ལོ། ཁྱོད་ཀྱིས་དེ་འདྲ་ཉོག་གཏམ་མ་བཤད། གལ་ཏེ་དེ་འདྲ་ཡིན་ན། མི་ཁ་ཤས་བསད་ཚེ་ཕལ་ཆེར་སངས་རྒྱས་རྒྱུ་རེད། མི་ཞིག་གིས་ཚེ་གཅིག་ལ་ཟོག་ལུག་ག་ཚོད་ཟ་བ་ཨེ་ཤེས།" ཞེས་ལྡོག་འདྲི་བྱས་པས་ཚང་མ་ཧབ་ཆ་དིར་རེ།
"དེ་བཤད་ཐལ། བཤད་ཐལ། ད་ལན་ཐོབས་ཡ།"ཟེར། ངོ་དམར་གྱི་གདོང་དམར་གྱི་ལེར་སྣ་དགོད་འབའ་ཞིག་ལས་ལན་ཅི་ཡང་མ་བཏབ། འདི་ནི་ཕལ་ཆེར་ལོ་བཅུ་ལྷག་སྔོན་གྱི་དགུན་ཁའི་ཕྱི་དྲོ་ཞིག་རེད།
སྣང་བ།
ཡུལ་ལུང་གི་གསར་བུ་ཚོར་མཚོན་ན་དེང་རབས་ཅན་བཞིས་བསྐྲུན་པའི་ཨར་འདམ་གྱི་ལམ་དེ་ནི་འཇིག་རྟེན་གསར་རྙིང་གཉིས་ཀྱི་ཆུ་ཆེན་བརྒལ་བའི་ཟམ་ཆེན་ཞིག་དང་འདྲ་བར་རྙིང་བ་དག་ཕྱི་ལ་གཡུགས་ཞོར་གསར་བ་དག་ནང་དུ་འདྲེན་པའི་ལག་ཆ་སྟབས་བདེ་ཞིག་སྟེ། ཤ་ཟ་བྱེད་ཀྱི་གྲི་ཐུང་ལྟ་བུའི་ལག་ཆ་བཀོལ་ཆོད་ཅིག་ཏུ་ངེས་བཟུང་ན་ཏག་ཏག་འགྲིག་མོད། འོན་ཀྱང་དེ་ཡིས་ཡིད་འོང་གི་འབྲས་བུ་མང་པོ་ནང་འདྲེན་བྱེད་པ་ལས་ནད་ཡམས་ལྟ་བུའི་སྡུག་བསྔལ་གྱི་ས་བོན་འབའ་ཞིག་ཁྱིམ་ལ་དྲངས་ཞེས་བརྗོད་ན་ལྷག་ཏུ་འཚམ་སྟེ། དེ་དག་ནི་ཐོག་མའི་རྒྱན་པོ་འགྱེད་དང་ཨེ་ཙིའི་ནད། རྗེས་ཀྱི་རྫུན་དང་ཕྲ་མ་གཡོ་འཕྲོག་སོགས་སྣུམ་གྱིས་རས་ཟས་པ་བཞིན་ཁོ་ཚོའི་ལུས་ཁམས་སུ་འཛུལ་ཞིང་རིམ་བཞིན་ཤམྦྷལའི་བསྡུས་གཟུགས་སུ་གྱུར་བའི་ཕ་ཡུལ་གྱི་གངས་རི་དག་ཞུས་མགོ་ཚུགས་ལ་ཆུ་བོ་རྣམས་དུག་གིས་སྦགས། ནགས་ཚལ་དང་རྩྭ་ཐང་གི་རང་བྱུང་ཁྱིམ་རྒྱུད་ཀྱང་རྒྱུན་ཐག་ཁེ་གྲིས་གཏུབས་པའི་ཕྲེང་རྡོག་བཞིན་ག་ས་གང་དུ་ཐོར་བར་བྱས་ཤིང་ཡལ་བར་གྱུར་ནས་ཡ་མ་གཟུགས་ཀྱི་ཚད་དུ་བསྐྱལ།
"འོན་ཀྱང་འདི་ལ་སུ་ཡིས་ཁ་ཡ་བྱེད། ད་ནི་གཉིད་ལས་མ་སད་ཚེ། བླ་སྲོག་ཀྱང་རུལ་ཉེན་ཆེའོ།།" ཞེས་འཇིགས་མེད་ཀྱིས་གངས་རིལ་ཆུང་ཆུང་ཞིག་ཁ་ནང་དུ་འཕེན་ཞོར་ཁེར་ལབ་བྱས།
"ཁ་རྩང་དགོང་མོར་ངོ་དམར་གྱིས་ཆུང་མ་ཁྲིད་ནས་ཐག་རིང་ཞིག་ཏུ་བྲོས་སོང་། ད་ནངས་དོམ་པ་ཚོ་ཐོན་དུས་ཁྱིམ་ན་སུ་གཅིག་ཀྱང་མི་འདུག་ཟེར། སྒོར་ས་ཡ་གཅིག་གང་ཞིག་ནས་ཁྱེར་ཡོང་ཐུབ།" སྡེ་དཔོན་ཧེབ་རྐྱལ་གྱིས་སྐད་གདངས་མཐོན་པོས་ལྡབ་ལྡིབ་ཅིག་བརྗོད་ཞོར་ར་ཙེ་བཞིབས་ནས་སྣ་ནང་ནས་དུ་བ་སྔོ་ལྷོག་ལྷོག་ཏུ་ཕྱིར་ཕྱུང་།
མཐོང་ཐོས།
ཉི་མ་ནུབ་རིར་ཡིབ་པར་ད་དུང་ཐག་ཚད་གཉིས་ཙམ་འདུག འོན་ཀྱང་དེ་སྔོན་གྱི་བྱམས་ཁང་སྒོ་ཁའི་རྐྱལ་སྟོང་ཚོ་ཉི་འོད་ལ་མི་དགའ་བའི་ཚུལ་གྱིས་སྡེ་འདབས་ཀྱི་ཤོ་ཁང་དུ་འཛུལ་ནས་རྡོ་སོལ་མེ་ལ་སྒྲོན་ཞོར་ཡར་མར་དྲུག་གསུམ་བཅོ་བརྒྱད་ལབ་བཞིན་འདུག
"སའི་གོ་ལར་ཆམ་པ་ཕོག་འདུག་ཟེར།"
"ཀྲིག་ཡུང་ཁང་ལ་ཁང་རྒན་བརྒྱ་ཕྲག་ཅིག་འདུག་ལ། ཁང་ཁྱིམ་ག་གེ་མོའི་ནང་ནས་གསེར་ཐུམ་སྟོང་ཕྲག་འགའ་རྙེད་ཅིང་། ལྔ་བཞི་རྟགས་ཅན་གྱི་དཀྲུམ་མདའ་བཅུ་གཅིག་དང་རྒོད་པོ་རྟགས་ཅན་གྱི་མདའ་རིང་དྲུག གཞན་ད་རུང་འབར་རྡེའུ་ཡང་ཁུག་མ་མང་བོ་རྙེད་བྱུང་ཟེར།" སྟབས་བདེའི་ཐུག་པ་འཐུང་བཞིན་པའི་ཚེ་བཀྲས་སྒོ་ང་ཞིག་གི་ཤུན་ལྤགས་བཤུ་ཞོར།
"ད་ཁོ་ཁཱ་གྲ་ཧྥས་དང་ཨ་ན་མ་ན་རེད། ཉེ་སྔོན་ཁོའི་ཨ་མས་རང་སྲོག་བཅད་འདུག་ཟེར།"
གཞན་དག་གིས་ཀྱང་འཐད་པའི་ཚུལ་གྱིས་མགོ་ལྕོག་ལྡེམ་ལྡེམ་བྱས། སྐབས་དེར་དཀའ་ཐུབ་སྨྱོན་པ་གློ་བུར་དུ་གང་ཞིག་ནས་ཤོ་ཁང་དུ་འཛུལ་ཡོང་སྟེ། "ཨ་རོགས་ཚོ། པིན་ལ་ཏིན་དང་ཧིས་ཐི་ལི་སོགས་ནི་དེང་རབས་ཀྱི་རྒྱལ་གཉེར་ནག་ཚོགས་དང་མི་འདྲ་བར། མིའི་རིགས་ཀྱི་དགྲ་བོ་མ་རེད་ཟེར། མིའི་རིགས་ཀྱི་དགྲ་བོ་དངོས་ནི་རང་རྒྱུད་ཀྱི་དུག་གསུམ་ཡིན་པ་ལས། ཁོ་ཚོ་ནི་བདེན་དོན་གྱི་དཔའ་བོ་སྟེ། དྲང་བདེན་གྱི་འཇིགས་སྐུལ་བ་རེད་ཟེར། ད་དུང་་་" ཁོས་མུ་མཐུད་དུ་ཅི་ཞིག་བརྗོད་རྩིས་བྱེད་སྐབས་གསར་དུ་བདམས་པའི་སྡེ་དཔོན་ཏེ་ཁོའི་ཕུ་བོ་མིང་བཏགས་ཚིག་པ་ཟས་ནས།
"ད་ཁྱོའི་ཁྱི་ཁ་ཚུམས་མ་ཁ་རོག་སྡོད།" ཅེས་ཁྲོ་གཏམ་ཞིག་བཤད་པས་དཀའ་ཐུབ་སྨྱོན་པའང་ཁ་རོག་གེར་རིངས་པོར་སྒོ་ཕྱིར་སོང་ཞིང་ཁོའི་ཤུལ་དུ་ཆང་དྲི་བཙན་པོ་ཞིག་ལས་ཅི་ཡང་ལྷག་མི་འདུག
མཇུག་གི་གཏམ།
ཨ་ཁུ་ཁ་ཡག་གིས "སློབ་ཆེན་འདོན་མ་ཐུབ་ཀྱང་སློབ་འབྲིང་ཞིག་བཏོན་ནའང་ཅུང་ཙམ་འདྲ་ཡི་མི་འདུག" ཟེར།
གཞན་ཚོས་ཝུ་ཆང་འཐུང་ཞོར་སྔར་བཞིན་མཱ་ཅང་རྒྱབ། ཤོ་ཁང་ཕྱི་རོལ་ན་ཨ་མ་རྒན་མོ་ཞིག་གིས་སུ་ཞིག་གི་མིང་འབོད་ཀྱིན་འདུག འོན་ཀྱང་དེ་ནི་ཆང་དྲི་དང་སྒོང་དྲི། རྐང་རུལ་དང་སྒྱིད་ལུག་ལ་བསྡེབས་པའི་ཤོ་ཁང་གི་རམ་འདེགས་རོལ་དབྱངས་འབའ་ཞིག་གོ།
༢༠༡༥ ༠༡ ༡༨
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།