འཚོ་བའི་གསེང་དུ་བབས་པའི་ཁ་བ།
༡
སྒེའུ་ཁུང་གི་ཕྱི་རོལ་ལྷིང་འཇགས་སུ་གྱུར་ནས་ཡུན་རིང་འགོར་སོང་།
༢
ཁོས་ད་དུང་ཡང་མུན་ནག་གི་ཁྲོད་དུ་ཅེར་འདུག སྟོང་སིང་སིང་གི་སྣང་བ་དེ་མུན་པའི་ཁྲོད་དུ་གཡུགས་རྗེས་སླར་ཡང་མུན་པའི་ཁྲོད་དུ་ཅེར་ནས་ བསྡད། ཁང་མིག་ནང་རོལ་གྱི་གློག་འོད་དེ་སྒེའུ་ཁུང་གི་ཤེལ་ལེབ་བརྒྱུད་ནས་མུན་པའི་ཁྲོད་དུ་བསྲིངས་ འདུག དེ་ནི་མུན་ནག་གི་ཁྲོད་ནས་ཅི་ཞིག་་རྙེད་པར་རེ་བའི་ཁོའི་མིག་ཟུང་གི་འོད་མོག་དེ་དང་འདྲ། ཕྱི་རོལ་གྱི་མུན་པའི་གསེང་དུ་མི་ཞིག་གིས་ཁོ་གཟས་ནས་ཡོང་བཞིན་འདུག མགྱོགས་པོར་ཚུར་ཡོང་བཞིན་འདུག ད་དུང་ལོ་ངོ་དུ་མའི་སྔོན་གྱི་ཆང་རྫ་ཞིག་ཀྱང་འཁྱེར་ནས་འོང་གིན་འདུག
ཁོས་རིག་པ་ཡོད་ཚད་བསྒྲིམས་ནས་བལྟས། མུན་པ་རེད་དམ་མི་ཞིག་རེད། ཡང་ན་མུན་པ་གྱོན་པའི་མི་ཞིག་རེད། མུན་པས་ཁོའི་མིག་ཟུང་བསྒྲིབས་ནས་ལོ་མང་འགོར་ཡོད། ལོ་མ་ལེབ་མོ་ཞིག་ས་ངོས་སུ་ཟགས་ནས་ཡུན་རིང་འགོར་སོང་། སྒེའུ་ཁུང་གི་ཕྱི་རོལ་སྔར་བཞིན་ལྷིང་འཇགས་སུ་གནས།
༣
མུན་ནག་གི་ཁྲོད་དུ། རླུང་བུ་ཞིག་ལྡང་བྱུང་། ཁོ་གཟས་ནས་འོང་གིན་པའི་མུན་ཁྲོད་ཀྱི་མི་དེ་ཁུར་ནས་བུད་སོང་། ནམ་ཞིག་རང་ཉིད་ཀྱང་དེ་ལྟར་རླུང་གིས་ཁུར་ནས་མུན་ཁྲོད་ཅིག་ཏུ་བརྫངས་འགྲོ་བར་དོགས། ཁོས་མུ་མཐུད་དུ་མུན་ཁྲོད་ལ་ཅེར་མ་ཕོད། མུན་ཁྲོད་ལ་བསམ་གཞིག་ཀྱང་བྱེད་མ་ཕོད། དེ་བས། ཁོས་སྒེའུ་ཁུང་ལས་མཐོང་བའི་མཐིང་ནག་གི་བར་སྣང་ལ་ཅེར།སྐར་ཚོགས་གཡོགས་པའི་སྤྲིན་ ནག་ཅིག་ཁོའི་མགོ་རུ་ལྷུང་འོང་གིན་པ་འདྲ། སྤྲིན་ནག་གི་གསེང་ནས་ལོ་ངོ་དུ་མའི་སྔོན་གྱི་ཆར་ཐིགས་མང་པོ་ཞིག་ཟགས་བྱུང་། ཁོའི་མིག་མདུན་གྱི་སྒེའུ་ཁུང་ངོས་སུ་ཟགས་བྱུང་། སྒེའུ་ཁུང་གི་ཤེལ་ངོས་ཆར་རླངས་ཀྱིས་བཏུམས་པས་ཕྱི་རོལ་གྱི་མུན་པའང་མཐོང་མ་སོང་།
༤
ཁོས་མིག་མདུན་གྱི་མུན་པ་དང་མུན་པའི་ཁྲོད་ཀྱི་མི་དེའང་མཐོང་བ་མ་བྱུང་བས། སླར་ཡང་ཕྱི་རོལ་གྱི་ལྷིང་འཇགས་ལ་ཉན་ནས་བསྡད། ལྷིང་འཇགས་ནི་ཁོས་ཆེས་གསན་མི་འདོད་པའི་རོལ་མོ་ཞིག་རེད། དེ་ལ་འགྱུར་ཁུགས་ཅི་ཡང་མེད་པས་ཡིད་སུན་སྤྱད་ཅིག་རེད། ཡིན་ཡང་། ཁོས་བར་སྐབས་འདིར་ནང་སེམས་ཀྱི་ལྷིང་འཇགས་ལ་ཉན་གྱིན་འདུག དེ་ནི་ཕྱི་རོལ་གྱི་ལྷིང་འཇགས་ལས་ཀྱང་འགྱུར་ཁུགས་ཀྱི་སྲོག་དང་བྲལ་བའི་རོལ་མོ་ཞིག་རེད་ བསམ་གྱིན་ཡོད། མི་ལོ་དུ་མའི་ཡར་སྔོན་དེར། ཁོས་ཆང་རྫ་བཟུང་བའི་བུ་མོ་ཞིག་ངོ་ཤེས་སོང་།དེ་དུས་ཁོ་ཐོག་དང་པོར་གྲོང་ཁྱེར་དུ་སླེབས་པ་ ཡིན། ཁོས་གྲོང་ཁྱེར་གྱི་འདུ་འཛིར་ལྷུང་བའི་ཆང་ཁང་ཞིག་ནས་མོ་ངོ་ཤེས་པ་རེད། བསྟུད་མར་ཕམ་ཁ་མང་པོ་ཞིག་བྱུང་བས་ཁོ་དངོས་གནས་འགྱུར་ཐག་ཆོད་སོང་། མོ་རང་ངོ་ཤེས་སའི་ཆང་ཁང་དེ་ནས་ཁོས་རང་གི་སྡུག་གི་རླངས་པ་ཡོད་ཚད་ཆང་ཕོར་དུ་ བསྐྱུགས། དེ་དུས་ཆང་ཁང་དེ་ཁོ་ན་ནི་རང་གི་མགོན་སྐྱབས་ཡིན་པར་བསམ་ཡོད། སྐབས་མང་པོ་ཞིག་ལ་ཁོས་སྡུག་གི་གཉེན་པོ་ནི་ཆང་ཡིན་པར་བསམ།ཆང་གིས་སྡུག་གིས་བརྩིགས་པའི་གྱང་རི་མཐོན་པོ་དེ་བཤིག་ནུས་པར་འདོད། ཉིན་མཚན་ཆང་གི་མུན་པའི་ཁྲོད་དུ་བསྐྱལ་ནས་ཡུན་རིང་འགོར་སོང་། རྨི་ལམ་ཟ་ཟི་ཞིག་གི་གྲིབ་གཟུགས་སུ་ལུས་པའི་ཁོས། རང་གིས་ནམ་ཡང་ཆང་ལ་ལེ་བདའ་ག་ཚོད་བྱེད་དགོས་པ་མི་ཤེས་ལ་བཀའ་དྲིན་ཅི་ཙམ་ཞུ་ དགོས་པ་དེ་བས་ཀྱང་མི་ཤེས།
ཁོ་གྲོང་ཁྱེར་དུ་ཡོང་དོན་ནི་རང་གི་དམིགས་ཡུལ་དུར་འཇུག་བྱེད་དུ་ཡོང་བ་རེད།དམིགས་ཡུལ་གྱི་རྣམ་ཤེས་དམྱལ་ཁམས་སུ་མ་འཁྱམས་སྔོན། ཁོས་སྙུག་གུ་ཆག་ཐོ་དེ་ཉིན་རྒྱུན་ལག་ལ་བཙིར་གྱི་ཡོད།ཐོག་དང་པོར་ཁོས་རང་གི་སྙུག་ཁ་ལས་དམིགས་ཡུལ་གྱི་གཏམ་རྒྱུད་འཕྱོ་རུ་བཅུག ཡུན་རིང་གི་རྗེས་སུ།སྙུག་གུའི་མཆུ་ནས་འཕྱོ་བ་དེ་ཆང་དང་སྐྱོ་གདུང་གི་མིག་ཆུ་ཡིན་སོང་།
༥
ཆང་ཁང་དུ་འགྲོ་རྒྱུ་ནི་ཁོའི་གོམས་སྲོལ་ཞིག་གཏན་ནས་མིན། དེ་ནི་ཁོའི་སྣང་ངོར་སླེབས་པའི་སྲ་མཁྲེགས་ཀྱི་གནས་ལུགས་ཤིག་ཡིན། ལོ་དུ་མའི་ཡར་སྔོན་དེར། ཁོས་ཕམ་ཁ་ཞིག་ཁུར་ནས་ལམ་དུ་ཆས། ཡིན་ཡང་ཁོས་ཕམ་ཁ་དེ་སུ་ལའང་བཤད་མ་མྱོང་། སུས་ཀྱང་མི་མངོན་པའི་སེམས་ཀྱི་གཏིང་རིམ་དུ་ཉར་ནས་ཡོད་པ་སུས་ཤེས་སམ། ལོ་དེར། ཁོའི་ཨ་ཕ་ཚེ་ལས་འདས་སོང་། རང་ལ་ལས་དབང་གིས་བསྐྱུར་བའི་གཉེན་ཉེ་གཅིག་པོ་ཡང་བཞུད་ཟིན་པའི་སྟོན་ཀ་དེར། ཁོ་ད་དུང་ཡང་སློབ་གྲྭ་རུ་ཡོད།སུས་ཀྱང་མི་ཤེས་པ་མ་གཏོགས། ཉིན་འགའི་སྔོན་ལ་བྱུང་བའི་དོན་དེས་ཁོ་རང་ད་དུང་ཡང་ན་ཟུག་གི་ཚེར་མའི་ཁྲོད་དུ་བསྙལ་ཡོད། ཡིན་ཡང་ཁོ་རང་ཨུ་ཚུགས་ཀྱིས་ཡར་ལངས་ནས་སོང་བ་ནི་འཇིག་རྟེན་ལ་འགྲན་བསྡུར་ཐེངས་ ཤིག་བྱེད་འདོད་པས་རེད།འོན་ཀྱང་། འཇིག་རྟེན་ནི་བསམ་པ་ཟླུམ་པོ་དེའི་ནང་དུ་ཤོང་ཐབས་བྲལ་བའི་གནས་ལུགས་ཟུར་གསུམ་ཞིག་རེད་པས་ཁོ་ལངས་སྲིད་ན་འགྲེད་ཀྱང་སྲིད་ངེས། ཁོའི་མ་ཡུམ་ཞིང་ལ་ཕེབས་དུས་ནི། ཁོ་སྐུ་ལོར་ངོས་བཟུང་ཟིན་པའི་དགུན་ཁ་དེའི་མཚན་མོ་ཞིག་རེད། དགུན་གཞུང་གི་གྲང་ངར་ཆེ་བའི་མཚན་མོ་དེའི་ཡར་སྔོན་ཞིག་ཏུ། ཁོས་རང་གི་སེམས་པའི་གཞུང་ལ་ཆགས་པའི་ལང་ཚོ་གསོན་པོ་ཞིག་གི་འོ་སྤྲི་དཀྲུགས་སོང་།ཁོས་དཀྲུགས་མྱོང་བའི་ལང་ཚོའི་འོ་སྤྲི་དེ་ལོ་ཟླའི་དྲོད་ཁོལ་གྱིས་རུམ་ཏེ་ཡུན་རིང་འགོར་སོང་།ལང་ ཚོའི་འོ་སྤྲི་དེ་དེ་ལྟར་ཡུན་རིང་འགོར་ཐུབ་སོང་བ་ནི་ཁོའི་མ་ཡུམ་ཞིང་ལ་ཕེབས་པའི་མཚན་མོ་ དེར།ཁོའི་ཕ་ཡུར་གྱིས་རྨིས་པའི་རྨི་ལམ་དེར་མུན་སེལ་མཁན་པོ་ཚང་ནས་མཐོང་ཆེན་གནང་བའི་རྐྱེན་རེད།བརྟགས་པའི་རྨི་ལམ་ལས་ལང་ཚོའི་འོ་སྤྲིའི་བདག་ཉིད་ཅན་གྱི་གཡང་མོ་སྐྱིད་ཁོའི་རིག་མ་ཡིན་པར་ངོས་འཛིན་གནང་སོང་།
༦
ལོ་ཟླ་ནི་རླབས་རིས་བརྩེགས་པའི་ཆུ་རྒྱུན་དང་འདྲ་ལ།ངལ་དུབ་དང་སྐྱོ་གདུང་། ཕམ་ཁ་དང་ཆགས་སྡང་གི་ས་རྡུལ་ཡོད་དོ་ཅོག་ཤེད་ཀྱིས་ཁུར་ནས་རྒྱང་ལ་བུད་སོང་། ཁོའི་མ་ཡུམ་ཞིང་ལ་ཕེབས་པའི་དགུན་ཁ་དེར།ཁོ་སློབ་འབྲིང་སློབ་མ་ཞིག་ཡིན། ཁོས་རང་གི་ཨ་ཕ་ངོ་མ་སུ་ཡིན་མིན་གཏན་ནས་མི་ཤེས། ཁོས་ཤེས་པ་ནི་རང་གི་ཨ་མའི་མིང་ལ་ཁེར་འདུག་དང་། མ་བུ་གཉིས་ལ་ཨ་ཡེ་རྒན་ཚང་ཚང་ཟེར་བ་དེ་ཡིན།འོན་ཀྱང་ཁོ་ལ་ཕ་ཡུར་ཞིག་ཡོད་པའི་མིང་ ནས་མི་འབོད་པའི་རྒྱུ་མཚན་ཁོས་ཀྱང་མི་ཤེས།ཁོས་སྐུ་ལོའི་མིང་བྱང་དེ་དང་ལེན་བྱས་པས། གཡང་མོ་སྐྱིད་ཀྱང་ཁོའི་མ་འོངས་པའི་རིག་མར་གྱུར་ཡོད། ཁོ་རང་སྐུ་ལོར་ངོས་འཛིན་གནང་བའི་དགུན་ཁ་དེར། མུན་སེལ་དགོན་གྱི་མཁན་པོས་ཁོ་རང་གྲྭ་སར་མ་སླེབས་ཀྱང་སློབ་གྲྭ་ནས་རིག་པའི་གནས་ཀུན་ལ་སྦྱང་ཏེ་མཐར་ཕྱིན་ཕྱིན་ཚེ་ད་གཟོད་ཕྱིར་ཁྲི་སར་ཕེབས་ཆོག་པའི་ཆོག་མཆན་བཀོད།
༧
སློབ་འབྲིང་སློབ་མའི་ཁྲོད་དུ། སྤྱི་ཚོགས་སྟེང་གི་ལས་བྱེད་པ་ཞིག་དང་འདྲ་བར་གོ་ས་ཡོད་པའི་ཁོ རིག་མའམ་ཆུང་མའང་ཡོད་པའི་ཁོ མ་ཡུམ་ཞིང་ལ་ཕེབས་པའི་དགུན་ཁ་དེ་ནས་བཟུང་། ཕ་ཡུར་དང་གཡང་མོ་སྐྱིད་གཉིས་ཀྱི་ཞབས་ཞུའི་འོག་ཁོ་རང་རིམ་གྱིས་འཚར་ཏེ་གྲོང་ཁྱེར་དུ་ འགྲོ་བར་བརྩམས་སོང་། ནམ་རྒྱུན་ཁོ་ནི་སྐུ་ལོ་ཡིན་པས་ཕལ་བའི་སོ་སྐྱེས་དང་བསྡུར་ཐབས་མེད། ཁོ་ལ་སྐྱེ་བ་སྔ་རོལ་གྱི་ཆོས་འབྲེལ་ཟབ་པའི་སྟོབས་ཀྱིས་ཚེ་འདིའི་བྱ་བ་ཀུན་ལ་བག་ཆགས་ཟབ།
རྒྱུན་པར་ཁོ་ལ་དེ་ལྟར་གདེང་འཇོག་བྱེད་མཁན་ཚོ་ནི་རི་གྲོང་གི་སྡེ་མི་དེ་དག་ཡིན།
གཡང་མོ་སྐྱིད་ཀྱང་སྔོན་ལས་བཟང་བའི་མཐུ་ལས་ད་ལྟའི་དུས་ཀྱི་བསོད་ནམས་ཀྱི་ཉི་མ་འདི་ ཡོད་ཐུབ་སོང་། ཡུན་རིང་ཞིག་ལ། སྡེ་མི་དག་གི་ངག་ནས་སྐུ་ལོ་དང་སྐུ་ལོའི་རིག་མ་གཉིས་ལ་བསྟོད་བསྔགས་ཀྱི་སྦྲང་ཆར་ཕབ་ནས་འདས། འདས་སོང་གི་ལོ་ཟླ་དག་གི་གསེང་དུ། ཁོ་དང་གཡང་མོ་སྐྱིད་གཉིས་སྐུ་ལོ་དང་རིག་མར་གྱུར་ཀྱང་ཆོག་ལ རྩེད་ར་གཅིག་ནས་ནར་སོན་པའི་རྩེད་གྲོགས་སུ་གྱུར་ཀྱང་ཆོག གང་ལྟར་ཁོ་གཉིས་ཀྱི་སེམས་ངོགས་སུ་དུས་ཚོད་ཀྱིས་བསུབ་ཏུ་མེད་པའི་བརྩེ་འདང་གི་ཞབས་རྗེས་གསལ་བོ་ཞིག་དཔར་ཡོད་པ་ནི་འདས་སོང་གི་བརྒྱུད་རིམ་དེ་དག་གིས་བདེན་དཔང་བྱ་ཐུབ།
ལོ་ཟླ་འདས་པའི་འགྲོས་དང་བསྟུན་ནས་ཁོ་གཉིས་ཀྱི་བརྩེ་བའི་རྒས་གཉེར་དག་ཀྱང་རིམ་གྱིས་ཇེ་གསལ་དུ་ཐོན་བྱུང་། བརྩེ་བར་མངོན་པའི་རྒས་གཉེར་དེ་དག་ཀྱང་འཇིག་རྟེན་གྱི་གནས་ལུགས་ཟུར་གསུམ་ཞིག་མིན་པའི་ངེས་པ་མེད།
༨
སྐུ་ལོ་བཞུགས་ས་ནི་སྒར་ཡིན་པ་ལས་གྲོང་བའི་གནས་ཚང་ག་ལ་ཡིན། གྲོང་བ་ཁྱིམ་པ་ནི་གྲོང་གི་འདམ་ལས་འཚོ་དགོས་ཀྱང་། ཁོ་སྐུ་ལོ་ཞིག་ཡིན་པས་དེ་ལྟར་བྱེད་ག་ལ་རུང་། གྲོང་ཁྱེར་དུ་ཁོང་ལ་མཆོད་པ་བཤམས་མཁན་མང་བོ་སྲིད་ཅིང་།དེ་དག་གི་ཁྲོད་དུ། དད་པ་མི་གཙང་བའི་མཆོད་པ་བཤམས་མཁན་ཡང་མང་དུ་སྲིད་པས་་་་་་་ལྷག་ཏུ་སྐུ་ལོ་འགའ་ ཤས་ཤིག་གིས་བསྟན་པ་གྲོང་ཁྱེར་དུ་སྤེལ་དུས་རང་གི་གཟན་ཤམ་ལ་བདག་པོ་ནུས་ཀྱི་མེད།
སྐུ་ལོ་མཐོ་འབྲིང་ནས་མཐར་ཕྱིན་ནས་གྲོང་ཁྱེར་དུ་མ་སོང་སྔོན་ཏག་ཏག་ལ་གཡང་མོ་སྐྱིད་ཀྱི་ ་ཆུ་ལེན་གྲོགས་མོ་ཚོས་མོ་ལ་དེ་ལྟར་བཤད།
སྐུ་ལོ་གྲོང་ཁྱེར་དུ་སླེབས་ནས་ཟླ་འགའ་འགོར་བའི་སྟོན་མཇུག་དེར།སྐུ་ལོའི་བྱིན་རླབས་ཀྱི་ རླུང་བུ་ལྟ་བུའི་གཏམ་རྒྱུད་དམ་སྡེ་མི་ཚོའི་དད་པ་མ་དག་པའི་ཁ་ན་མ་ཐོ་བའི་སྐད་ཆ་གང་མང་སྐུ་ལོའི་ཕ་ཡུལ་དུ་ལྡིང་ཞིང་།དེ་ལས་ཀྱང་གཡང་མོ་སྐྱིད་ཀྱི་རྣ་ཁར་འུར་འུར་དུ་ལྡིང་བྱུང།སྐུ་ལོས་ གྲོང་ཁྱེར་དུ་ཚོང་ལས་སྤེལ་གྱི་འདུག བོད་རྒྱ་སོག་གསུམ་གྱི་ཚོང་བ་ཕོ་མོ་ཀུན་གྱིས་ཁོང་གི་ཁྱད་མཚར་བའི་ཚོང་ལས་གཉེར་བའི་ ཐབས་རྩལ་ལ་བཀུར་བསྟི་བྱེད་ཀྱི་ཡོད་པར་མ་ཟད།ཁོང་ལ་དད་ཅིང་མོས་པ་ཆེན་པོས་ཞབས་ཞུ་བསྒྲུབས་ཀྱི་འདུག ད་ནི་སྐུ་ལོ་ལོ་མང་པོ་ཞིག་ལ་རང་ཡུལ་དུ་ ཕེབས་རྒྱུ་མིན་པ་འདྲ།དེ་ལྟ་དེ་ལྟའི་སྐད་ཆའི་འཇིག་ རྟེན་གྱི་གནས་ལུགས་ཟུར་གསུམ་ཞིག་ཟླུམ་པོར་གྱུར་བའི་སྡེ་མི་དག་གི་བསམ་པར་ཤོང་ཐབས་མ་བྱུང། གཡང་མོ་སྐྱིད་ཀྱི་བསམ་པར་དེ་བས་ཀྱང་ཤོང་ཐབས་མ་བྱུང་།
༩
སྐུ་ལོས་དཔེ་ཀློག་གི་བར་སྟོང་ཞིག་ལ་གནས་ལུགས་ཀྱི་ས་བོན་གཏོར་གྱི་ཡོད་པའི་སྟོན་མཇུག་ དེར།ཁོ་ལ་སེམས་ཀྱིས་གཅེས་མཁན་གྱི་ཕ་ཡུར་དེའང་ཞིང་ལ་ཕེབས་སོང་། སྡེ་མི་ཚོས་དེ་ནི་སྐུ་ལོའི་ཕ་ཡུར་གྱིས་སྐུ་ལོས་དེ་ལྟར་ཕ་ཡུལ་དང་ཡུལ་མིའི་བླ་སྒུལ་བར་བཟོད་ སྒོམ་བྱེད་མ་ཐུབ་པར་རང་ཤི་བརྒྱབས་པ་རེད་ཟེར།སྐུ་ལོའི་ཕ་ཡུར་གྱིས་རང་ཤི་བརྒྱབས་པ་ཐོས་ཚེ།གཡང་མོ་སྐྱིད་ཀྱིས་ཡོད་ཚད་བདེན་པའི་མཆུ་རུ་རློམ་ནས་ཡོད་ཅིང་། དེ་མ་ཉིད་དུ་རང་ཉིད་ཀྱང་སྐུ་ལོའི་ཕ་ཡུར་གྱི་རྗེས་སུ་འདུར་རྩིས་བྱས།
སྟོན་ཁའི་ཞོགས་པ་ཞིག་ལ། གཡང་མོ་སྐྱིད་ཀྱིས་གྲོང་ཁྱེར་དུ་འགྲོ་བའི་ཡུལ་མི་དེར་འཕྲིན་ཡིག་ཅིག་བསྐུར། དེ་ནས་བཟུང་།གཡང་མོ་སྐྱིད་ཀྱང་མཐོང་རྒྱུ་མ་བྱུང་།
སྐུ་ལོའི་ཕྱག་ཏུ་འབྱོར་བའི་གཡང་མོ་སྐྱིད་ཀྱི་འཕྲིན་ཡིག་དེས། སྐུ་ལོ་ཨ་རག་ཆང་ལ་དུངས་པའི་སྐུ་ལོ་ཞིག་ཏུ་བསྒྱུར། ཆང་ནི་ཁོས་རང་གི་མགོན་སྐྱབས་ཉག་ཅིག་ཡིན་པར་འདོད། ཆང་གིས་སྡུག་གིས་མཐོན་པོར་བརྩིགས་པའི་གྱང་རི་དེ་བཤིག་ནུས་པར་འདོད། ཆང་ཁང་ནི་མཐའ་མཇུག་གི་གནས་མལ་ཁོ་ན་ཞིག་ཡིན་པར་བསམ།
གཡང་མོ་སྐྱིད་སྐུ་ལོ་དང་མ་མཇལ་བར་ལོ་མང་པོ་འགོར་སོང་།
༡༠
སྐུ་ལོས་རང་གི་ཕ་ཡར་ཞིང་དུ་ཕེབས་པ་དང་། གཡང་མོ་སྐྱིད་ཀྱང་ཡུལ་གཞན་དུ་འཁྱམས་པའི་ན་ཟུག་དེ་མ་ཐེག་པས། ཆང་གི་བཟི་ཁ་ནི་སྡུག་གི་གཉེན་པོ་ཞིག་ཡིན་པར་བསམ།རྒྱུན་པར་ཆང་ཁང་ཞིག་ལ་འཁྱམས་ ནས་ཡུན་རིང་འགོར། ཁོས་སྐྱོ་གདུང་གི་མཁའ་དབུགས་མོག་པོ་རེ་དྲུད་ནས་ རྒྱུན་པར་ཆང་ཁང་ཞིག་ཏུ་སོང་། ངེས་པར་དུ་ཁྲི་སར་མ་བཞུགས་ཚེ་སྐུ་ལོའི་རྟགས་དང་མཚན་མ། མཐུ་དང་བྱིན་རླབས་གང་ཡང་མཐོང་མི་ནུས་པའི་ཆང་ཁང་གི་མི་རྣམས་ཀྱིས་ཁོ་ལ་དད་པ་བྱེད་ མིན་མི་ཤེས་ནའང་།ཁོ་དང་མཉམ་དུ་གནས་ལུགས་དང་མཐོ་དམན་གྱི་བར་ཐག་ཅི་ཡང་བཟུང་མ་བྱུང་བར་སྐྱོ་གདུང་གི་དངན་པ་འབྱིན་རོགས་བྱས།ཐོག་དང་པོར་ཆང་རྫ་བཟུང་བའི་བུ་མོ་ཞིག་གིས་ཁོང་ལ་ཆང་དྲངས་པ་ནི་ཁོང་གིས་གཏན་དུ་ཐུགས་སུ་དམ་པོར་བཟུང་འདུག ད་དུང་། ཆང་རྫ་བཏེགས་པའི་བུ་མོ་དེར་ཁོང་གིས་སྐུ་ཤ་གླན་ནས་ཆོས་འཁོར་བསྐོར་ཏེ་ ་བདེ་བ་སྦྱིན་པའི་མཛད་འཕྲིན་དག་ཀྱང་ཚེ་རབས་གཏན་དུ་ཐུགས་ནས་དོར་ཐབས་མ་བྱུང་། སྐུ་ལོ་འཁྲུངས་ཡུལ་དུ་མ་ཕེབས་པར་ལོ་མང་འགོར་སོང་།
༡༡
དད་ལྡན་གྱི་མང་ཚོགས་དག་གིས་ཡུན་རིང་དྲན་པའི་སྐུ་ལོ་དང་སྐུ་ལོའི་རིག་མ་གཡང་མོ་སྐྱིད་ གཉིས་ལོ་ཟླ་མང་པོ་ཞིག་ལ་མཐོང་རྒྱུ་མ་བྱུང་།
སྐུ་ལོས་ཆང་ཁང་གང་ཞིག་ནས་རྙེད་པའི་ཆང་རྫ་བཏེགས་པའི་བུ་མོ་དེ་དང་མཉམ་དུ་འཚོ་བ་ རོལ་ནས་ཡུན་རིང་འགོར། ཆང་རྫ་བཏེགས་པའི་བུ་མོ་དེས་འདས་ཟིན་པའི་སྐུ་ལོའི་ཕ་ཡར་གྱི་མིང་ལ་ཅི་ཟེར་ཤེས་དུས། འཇིག་རྟེན་ནི་མིའི་བསམ་པ་ཟླུམ་པོར་ཤོང་ཐབས་བྲལ་བའི་གནས་ལུགས་ཟུར་གསུམ་ཞིག་ཡིན་པ་དངོས་གནས་ཧ་གོ་སོང་།
འདས་ཟིན་པའི་སྐུ་ལོའི་ཕ་ཡར་ནི་ལོ་མང་པོ་ཞིག་གི་ཡར་སྔོན་དུ། ཆུང་མ་དང་བུས་ཕྲུག་མ་སོས་པར་གནས་ལུགས་དོར་ནས་བྲོས་སོང་བའི་མོའི་ཨ་ཕ་རེད། མོའི་མིང་ལ་་སྒྲོལ་མ་འཚོ་ཟེར། མོས་ཨ་མའི་ངག་ནས་གོ་བ་ནོར་མེད་ཚེ། མོའི་ཨ་ཕས་མོ་མ་སྨད་གཉིས་བསྐྱུར་ནས་འགྲོ་དུས་ད་དུང་ཁོའི་ཕུ་བོ་གྲྭ་བ་དེ་ཡང་ཁྲིད་ནས་བུད་སོང་ལ། གོ་ཐོས་ལྟར་ན་ཐག་རིང་གི་དགོན་པ་ཆུང་ཆུང་ཞིག་གི་མཁན་པོར་བསྐོས་འདུག་སྐད། སྐུ་ལོས་སྒྲོལ་མ་འཚོའི་ངག་ནས་རང་གི་ཕ་ཡར་སུ་ཡིན་ཤེས་ཤིང་། མུན་སེལ་དགོན་པའི་མཁན་པོ་ཡང་དོན་དམ་དུ་སུ་ཡིན་པ་ཤེས་སོང་། དེ་དང་བསྟུན་ནས་རང་ཉིད་ཀྱང་དོན་ངོ་མ་སུ་ཡིན་པ་ཤེས་སོང་།ཅིའི་ཕྱིར། ཁོས་རང་ལ་དྲི་བ་མང་པོ་ཞིག་དྲིས།མ་གཞི་མུན་སེལ་མཁན་པོས་ཉེ་རིང་ཆགས་སྡང་ལ་ངོ་དགའ་བྱས་པ་ཡིན་ནམ། སྐུ་ལོས་སྔར་བཞིན་སྒེའུ་ཁུང་ཕྱི་རོལ་གྱི་ལྷིང་འཇགས་ལ་ཉན་ནས་བསྡད།
གཡང་མོ་སྐྱིད་རང་གི་ཕ་ཡར་དེའི་བུ་མོ་ཡིན་པ་བདེན་ནམ། མཁན་པོ་རང་གི་ཕ་ཡར་གྱི་་ཕུ་བོ་ཡིན་པ་བདེན་ནམ། ཁོས་དེ་ལྟར་བསམ་བཞིན་སྒེའུ་ཁུང་གི་ཕྱི་རོལ་ཏུ་ཅེར་ནས་བསྡད།ལོ་འདི་འདྲའི་མང་པོ་ཞིག་ འགོར་རུང་ཁྱོས་ད་དུང་གཡང་མོ་སྐྱིད་ཟེར་བ་བརྗེད་དཀའ་ན། ངས་ཀྱང་ཁྱོད་དང་མཉམ་དུ་སྡུག་མྱང་དགོས་དོན་མི་འདུག ང་མུན་སེལ་དགོན་དུ་མཁན་པོ་འཚོལ་དུ་བུད་འགྲོ ངས་ལྐོག་ནས་གོ་བ་བདེན་སྲིད་ན། ཁྱོད་ཀྱི་སེམས་སུ་ཚེར་མ་ལྟར་ཟུག་ནས་འབལ་ཐབས་མེད་པའི་གཡང་མོ་སྐྱིད་ཀྱིས་མོ་རང་སྐུ་ལོ་ཞིག་གི་རིག་མ་ཡིན་མོད།སྐུ་ལོ་དེ་གྲོང་ཁྱེར་དུ་སོང་ནས་ཕྱིར་ཡོང་མེད་སོང་ཟེར་ཞོར་སྐུ་ལོ་གཞན་ཞིག་གི་རིག་མར་གྱུར་འདུག་ཟེར།སྒྲོལ་མ་འཚོས་སྐུ་ལོར་དེ་ལྟར་བཤད་པ་ནི་སྐུ་ལོས་སྒྲོལ་མ་ འཚོའི་སྐད་ཆ་བཤད་སྐབས་ཀྱི་གདོང་གི་རྣམ་འགྱུར་མཐོང་ཐེངས་ཆེས་རྗེས་མ་དེ་ཡིན་ངེས།
༡༢
སྒེའུ་ཁུང་གི་ཕྱི་ནང་གཉིས་ཀ་ལྷིང་འཇགས་སུ་གྱུར་ནས་ཡུན་རིང་འགོར་སོང་།ད་གཟོད་ཁོས་རང་གི་མིང་ལ་དོན་གྲུབ་ཟེར་བ་དྲན་བྱུང་། ཁེར་རྐྱང་གི་ཀློང་དུ་འཚོ་བའི་མི་རྐྱང་དབུལ་བོ་ཞིག་ཡིན་པ་ལས་ཁྲི་སར་འཁོད་དེ་གཞན་དོན་ སྐྱོང་བའི་སྐུ་ལོ་ཞིག་མིན་པ་ཤེས་སོང་།རང་གི་ཕ་ཡར་གྱིས་རང་གི་རུས་པའི་གསེང་ལས་ཆད་པའི་བུ་མོ་གཡང་མོ་སྐྱིད་ཀྱི་མ་འོངས་བསམ་ཏེ་སྐུ་ལོའི་མིང་བྱང་རང་ལ་སྩོལ་ཏུ་བཅུག་པའང་རྟོག་ སོང་།ཁོས་སྒེའུ་ཁུང་གི་འགྲམ་ནས་རང་ལ་ཅི་ཡང་མེད་པ་རྟོག་པ་ནི་དགའ་འོས་པ་ཞིག་ཡིན་པར་བསམ། མ་མཐའ་ཡང་རང་གིས་ཕྱི་མ་མཁྱེན་མི་ནུས་པའི་འགག་སྒོ་དེར་སྐྲག་མི་དགོས་པར་སྙམ། འོན་ཀྱང་།རང་གིས་བོར་ཟིན་པ་ནི་གཡང་མོ་སྐྱིད་ལ་བཅངས་པའི་ལྷད་མེད་དང་རང་དབང་གི་ བརྩེ་དུང་དང་། སློབ་སྦྱོང་གི་དམིགས་ཡུལ་ཟབ་མོ་དེ་གནས་ལུགས་ཤིག་ཏུ་མ་མཐོང་བ་དེ་ཡིན་པར་འདོད་ཅིང་། གསེར་གྱི་བཞུགས་ཁྲིར་ཕེབས་ཏེ་འགྲོ་བ་ཀུན་ལ་དམ་པའི་ཆོས་གསུངས་ནས་ཐར་བའི་ལམ་དུ་ དགོད་དགོས་པའི་བཞུད་ཟིན་པའི་དྲིན་ཆེན་མ་ལོའི་རེ་བ་དེ་བསྐངས་མ་ཐུབ་པ་དེ་ཡིན་པར་སྙམ།
ཡོད་ཚད་ལྷིང་འཇགས་སུ་གྱུར་ནས་ཡུན་རིང་འགོར་སོང་། ཡུན་རིང་འགོར་སོང་།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།