སྒྲོལ་མ་གཅིག་དང་སྒྲོལ་མ་གཉིས།
དང་པོ།
ངའི་ལས་ཁུངས་ཀྱི་སྒྲོག་ཙེའི་ཟུར་དུ་ཡོད་པའི་ལག་འཁྱེར་ཁ་པར་གྱི་གློག་དེ་འབར་ཙམ་འབར་ཙམ་བྱེད་གིན་འདུག ཁ་ཕྱེས་ནས་བལྟ་དུས་སྒྲོལ་མས་བིས་ཞིན་སྒང་དུ་ང་ལ་འཕྲིན་ཐུང་ཞིག་བསྐུར་འདུག
"ཁྱོད་ཟི་ལིང་དུ་ཡོད་དམ། ང་ཟི་ལིང་མེ་འཁོར་འབབ་ཚུགས་སུ་ཡོད་། ཁྱོད་ཁོམ་ན་འདིར་ཤོག ང་ཁྱོད་ལ་ཅིག་ཐུག་ན་འདོད་། ང་དེ་རིང་ཕྱི་དྲོའི་དུས་ཚོད་གསུམ་དང་ཕྱེད་ཀའི་སྟེང་དུ་ལྷ་སར་འགྲོ་གི་ཡོད་།"
"ཡོད་། ང་ཟི་ལིང་དུ་ཡོད་། ལྷ་སར་དོན་དག་ཅི་ཞིག་གི་ཆེད་དུ་འགྲོའམ། ཨ་མ་དང་ཁྱེད་ཀྱི་རྒད་པོ་གཉིས་འཁྲིད་ནས་ཆོས་མཇལ་ལ་འགྲོ་གི་ཡོད་དམ།" ངས་ལན་ཞིག་བཏང་།
"མིན། ང་གཅིག་པོ་ཡིན། ང་གཅིག་པོ་ལྷ་སར་འགྲོ་གི་ཡོད་། གཅིག་བྱས་ན་དེ་ལས་ཀྱང་ཐག་རིང་ས་ཞིག་ལ་་་་"
ངས་མདུན་གྱི་གློག་ཀླད་དེ་གཟིམས་རྗེས་ལས་ཁུངས་ནས་ཕྱི་ལ་ཐོན། སྡེ་ཚན་གྱི་འགོ་བར་དགོངས་པ་ཡང་མ་ཞུས། མགྱོགས་པོར་གླ་འཁོར་ཞིག་ཏུ་བསྡད་ནས་མེ་འཁོར་འབབ་ཚུགས་ཀྱི་ཕྱོགས་སུ་སོང་། ངས་གླ་འཁོར་གྱི་སྒེའུ་ཁུང་ནས་སྲང་ལམ་གྱི་མི་ཚོགས་ལ་བལྟས། ངའི་སེམས་སུ་སློབ་ཆུང་སྐབས་ཀྱི་སྒྲོལ་མ། གཉེན་སྟོན་ཐོག་གི་སྒྲོལ་མ། གཉེན་སྒྲིག་ཚར་བའི་སྒྲོལ་མ། བིས་ཞིན་ཐོག་གི་སྒྲོལ་མ། རྡོར་ཚེའི་ཉལ་རོགས་སྒྲོལ་མ། མེ་འཁོར་འབབ་ཚུགས་ཀྱི་སྒྲོལ་མ་སོགས་སྒྲོལ་མ་སྣ་ཚོགས་ཤིག་རེ་རེ་བཞིན་འཁོར་ནས་ཡོང་།
སྒྲོལ་མའི་མིང་དངོས་ལ་ཚེ་རིང་སྒྲོལ་མ་ཟེར། སློབ་གྲོགས་རྣམས་ཀྱིས་སྒྲོལ་མ་ཟེར་ནས་འབོད་། ངས་ཀྱང་དེ་ལྟར་བོས། སྒྲོལ་མ་ངེད་གཉིས་སློབ་ཆུང་སྐབས་ཀྱི་སློབ་གྲོགས་ཡིན། ངེད་གཉིས་འགྲིམས་སའི་སློབ་གྲྭ་དེའི་མིང་ལ་དོན་ཉིན་སློབ་ཆུང་ཟེར། དོར་ཉིན་སློབ་ཆུང་ལ་ང་སྐྱེ་སའི་གྲོང་གསེབ་ནས་ཉུང་མཐར་ཡང་རྐང་ཐང་ལ་ཕྱིན་ན་སྐར་མ་ཉི་ཤུ་ཙམ་འགོར། དེ་ཡང་། ཐོག་མར་ལུང་བ་ཆུང་ཆུང་ཞིག་གི་མཐིལ་ལ་བབས། དེ་ནས་རི་ངོས་ཅུང་གཟར་པོ་ཞིག་ལ་ཡར་འཛེགས། རི་ངོས་ཀྱི་ཞིང་ཁ་འགའ་འཕྲེད་ཀྱིས་བཅད་ན་ད་གཟོད་དོར་ཉིན་སློབ་ཆུང་དུ་སླེབས་ཐུབ།
སྒྲོལ་མ་ངེད་གཉིས་འཛིན་གྲོགས་ཡིན་པ་མ་ཟད་འདུག་གྲོགས་ཀྱང་ཡིན། ཁོ་མོའི་བོད་ཡིག་གི་རྨང་གཞི་ཡག ངའི་རྩིས་རིག་གི་རྨང་གཞི་བཟང་། དེར་བརྟེན། ཁོང་གི་རྩིས་རིག་གི་ལས་བྱའི་རིགས་ལ་ངས་མཚམས་རེར་རོགས་རམ་བྱས་མྱོང་། ངའི་བོད་ཡིག་གི་ལས་བྱར་ཡང་ཁོ་མོས་རོགས་རམ་ཐེངས་མང་གནང་མྱོང་། ངེད་གཉིས་འཛིན་རིམ་བཞི་བ་ཡིན་པའི་སྐབས་སུ། ཐེངས་ཤིག་ཕྱི་དྲོའི་བོད་ཡིག་གི་འཛིན་གྲྭ་གྲོལ་རྗེས་ངས་ལས་བྱ་མ་ཚར་ནས་འཛིན་ཁང་དུ་ལྷག སློབ་གྲོགས་ཚང་མ་ནང་ལ་ལོག་ཚར། སྒྲོལ་མས་ལས་བྱ་སྔ་མོ་ནས་ཚར་ན་ཡང་ང་ལ་སྒུག་ནས་བསྡད་འདུག
"ཁྱོས་ང་ལ་སྒུག་མི་དགོས།" ང་ཅུང་ཙམ་འཚེར།
"ཁྱོས་ལས་བྱ་ཚར་ན་འུ་གཉིས་མཉམ་དུ་ལོག ངས་ཁྱོད་ལ་རོགས་རམ་བྱེད་" ཁོ་མོས་ང་ལ་སེམས་ཁུར་བསྟན།
"བཀའ་དྲིན་ཆེ་" ངས་ཀྱང་མགོ་བོ་ནང་ལ་སྒུར་ཙམ་བྱེད་བཞིན་ལན་བཏབ།
ཐོག་མར་ངས་མི་ཤེས་བ་རྣམས་སྒྲོལ་མར་སྐད་ཆ་དྲིས། སྒྲོལ་མས་རང་གི་ཤེས་ཚོད་ཀྱིས་འགྲེལ་བཤད་བརྒྱབ། ག་ལེར་ངས་ཐད་ཀར་སྒྲོལ་མའི་འབྲི་དེབ་ནས་བཤུས། སྒྲོལ་མས་ཀྱང་ཇི་མི་སྙམ་པར་ང་ལ་སྟོན་རྐྱང་བྱེད་། དཔེར་ན། སྒྲོལ་མའི་འབྲི་དེབ་ཀྱི་ངོས་སུ། "ཡོན་ཏན་" ཟེར་བའི་ཐ་སྙད་དེར་ "ང་ཚོའི་འཛིན་གྲྭའི་ནང་ནས་འབུམ་སྐྱབས་ཀྱི་ཡོན་ཏན་བཟང་" ཞེས་ཚིག་གྲུབ་བཟོས་ཡོད་ན། ངས་དེ་གཅིག་མཚུངས་སུ་མ་བཤུས་བར། "ངེད་ཚང་ནས་ངའི་ཨ་ཕའི་ཡོན་ཏན་བཟང་།" ཞེས་བྲིས། ངས་ལས་བྱ་བྲིས་ཚར། ངའི་སེམས་ལ་དགའ་བ་འཕེལ། སྒྲོལ་མའི་གདོང་ལ་ཡང་འཛུམ་ཞིག་འཁྱིལ་ནས་འདུག ངས་སེམས་ལ་ཁོ་མོའི་གདོང་གི་འཛུམ་དེ་ངས་ལས་བྱ་བྲིས་ཚར་བ་དེ་ལ་ཡིན་ནམ་སྙམ། འོན་ཀྱང་། ངས་ཁོ་མོར་ཐད་ཀར་འཛུམ་མདངས་དེ་ཅི་ཞིག་གི་ཆེད་དུ་ཡིན་མིན་སྐད་ཆ་འདྲི་མ་ཕོད་། དེ་དུས་ང་ལོ་ན་བཅུ་བཞི་ཡིན། སྒྲོལ་མ་ཕལ་ཆེར་ལོ་ན་བཅུ་གསུམ་རེད་། ངས་གསལ་བོ་ཞིག་མི་དྲན།
གལ་སྲིད་ང་སློབ་ཁྲིད་ལ་ཆད་པའམ་ཡང་ན་ནད་དགོངས་ཞུས་བ་ཡིན་ཚེ། སྒྲོལ་མས་རྒན་ལགས་ཀྱིས་གང་འཁྲིད་པ་དེ་ཟིན་བྲིས་སུ་བཏབ་ནས་ང་ལ་རྗེས་སུ་འགྲེལ་བཤད་བྱེད་པ་མ་ཟད་། ལས་བྱ་ཁག་ཀྱང་རེ་རེ་བཞིན་ང་ལ་སྟོན། སྒྲོལ་མ་ངེད་གཉིས་འདུག་རོགས་ཡིན་པ་ཙམ་མིན་པར་ཕན་ཚུན་སློབ་སྦྱོང་ཐད་ནས་རོགས་རམ་བྱེད་པ་དེས། ངེད་གཉིས་ཀྱི་མཛའ་སེམས་ཀྱང་ཇེ་ཟབ་ཏུ་ཕྱིན། ངེད་གཉིས་ཀྱིས་སློབ་སྦྱོང་ཐོག་ཕན་ཚུན་ལ་རོགས་རམ་བྱེད་བཞིན་པ་དེ་སློབ་གྲོགས་གཞན་དག་གིས་ཀྱང་རྒྱུན་དུ་མཐོང་གི་ཡོད་ཙང་། འཛིན་གྲོགས་འགའ་ཤས་ཀྱིས་ངེད་གཉིས་ལ་མིང་ཐོ་ཞིག་ཀྱང་བཏགས། མིང་ཐོ་དེ་ནི། "རྡོ་རྗེ་དང་སྒྲོལ་མ་ཡིན་ནི་རེད་།" ཟེར་བ་དེ་རེད་།
"རྡོ་རྗེ་དང་སྒྲོལ་མ་གཉིས་ཡིན་ནི་རེད་" ཟེར་བའི་སྐད་ཆ་དེ་བར་སྐབས་ཤིག་ལ་དོར་ཉིན་སློབ་ཆུང་གི་གསར་འགྱུར་འདྲ་ཞིག་ཆགས། གསར་འགྱུར་དེ་སློབ་གྲྭའི་རྭ་བ་ནས་བརྒལ་ཏེ་ང་ཚོའི་སྡེ་བའི་ནང་དུ་ཡང་སླེབས་འདུག ཉིན་ཞིག་ང་སློབ་གྲྭ་གྲོལ་ནས་ཁྱིམ་ལ་ལོག་པའི་ལམ་བར་དུ་ང་ཚོའི་སྡེ་བའི་ལུག་རྫི་པད་མ་ལ་ཐུག པད་མས་ང་མཐོང་བ་དང་ཁམས་འདྲི་སོགས་ཅི་ཡང་མེད་པར།
"ཨ་རོ་རྡོ་རྗེ། དེང་སང་ཁྱོད་དང་སྒྲོལ་མ་གཉིས་ཀ་ཡིན་ནི་རེད་ཟེར་གི དེ་བདེན་པ་ཡིན་ནམ།" ཞེས་དྲིས་སོང་།
ངས་ལན་ཇི་ལྟར་འདེབས་དགོས་མིན་ཡང་མ་ཤེས་བར་གདོང་ལ་འཛུམ་ཞིག་བསྐྱིལ་ཙམ་བྱས། དོན་དངོས་སུ། ངས་སྒྲོལ་མ་དང་ངེད་གཉིས་ཡིན་ཡང་ཟེར་མ་ཐུབ། མིན་ཡང་བརྗོད་མ་འདོད་།
"རྡོ་རྗེ་དང་སྒྲོལ་མ་གཉིས་ཡིན་ནི་རེད་" ཟེར་བའི་སྐད་ཆ་དེ་ངའི་རྣ་ལམ་དུ་ཡང་ཡང་གོ་བའི་རྒྱུ་མཚན་གྱིས་ཡིན་ནམ། གང་ལྟར། ངས་སྔོན་ཆད་སྒྲོལ་མ་ལ་འཛིན་པའི་འཛིན་གྲོགས་གི་མཛའ་བརྩེ་དེ་་ཡང་ག་ལེར་འགྱུར་ནས་ང་རིམ་བཞིན་སྒྲོལ་མ་ལ་དགའ་མཁན་ཞིག་ཆགས། འོན་ཀྱང་། མི་ཞིག་གིས་ཁྱོད་སྒྲོལ་མ་ལ་ཇི་ལྟར་དགའ་འམ་ཞེས་དྲིས་ཚེ། ང་ལ་ལན་ཞིབ་ཕྲ་ཞིག་སྤྲོད་རྒྱུ་མེད་།
དེ་ཡང་རྩིས་རིག་སློབ་འཁྲིད་ཞིག་གི་སྐབས་སུ། ངས་མིག་ཟུང་ནག་པང་ལ་མ་གཏད་པར་སྒྲོལ་མའི་ཕྱོགས་ལ་ཡང་ཡང་ཤོར། ངའི་མིག་ཟུང་སྒྲོལ་མའི་ཕྱོགས་སུ་ཤོར་བཞིན་པ་རྩིས་རིག་དགེ་རྒན་དཀར་མཚོ་སྐྱིད་ཀྱིས་དོ་སྣང་བྱུང་བ་འདྲ། ཁོང་གིས་ངའི་དོ་སྣང་ནག་པང་ཕྱོགས་སུ་འདྲེན་ཐབས་སུ་ངའི་སྟེང་ལ་ས་སྨྱུག་རྡོག་གཅིག་གཡུགས། སྟབས་མ་ལེགས་པར་ས་སྨྱུག་དེས་ངའི་ཐོད་པར་འཁེལ། དེ་ཉེ་འཁོར་གྱི་འཛིན་གྲོགས་རེ་འགས་མཐོང་ནས་ཁོང་ཚོ་དུས་གཅིག་ཏུ་གད་མོ་ཤོར། ང་ངོ་ཚ་སྟེ་གདོང་ན་མེ་འབར་གི་ཡོད་པའི་ཚོར་སྣང་སྐྱེས། ངས་དགེ་རྒན་གྱི་གདོང་ལ་བལྟ་མ་ཐུབ། སྒྲོལ་མའི་ཕྱོགས་སུ་ཡང་བལྟ་མ་ཐུབ། ང་མགོ་སྒུར་ནས་བསྡད་། འཛིན་གྲོགས་རྣམས་གད་མོ་ཤོར་ན་ཡང་སྒྲོལ་མ་ཁུ་སིམ་མེར་འདུག སྒྲོལ་མ་གད་མོ་མ་ཤོར་བ་དེ་ང་ལ་རྒྱབ་སྐྱོར་གྱི་ཚུལ་ཡིན་ནམ། ཡང་ན་སྒྲོལ་མ་ཡང་ངོ་ཚ་བ་ཡིན་ནམ། ངའི་སེམས་སུ་དྲི་བ་འདི་གཉིས་རེས་མོས་སུ་བརྡོལ།
ང་སྒྲོལ་མ་ལ་དགའ་འགོ་ཚུགས་ནས་བཟུང་། ངས་སྒྲོལ་མའི་ཕྱོགས་སུ་བསམ་བློ་གཏོང་རྒྱུ་ཡང་ཇེ་མང་ལ་སོང་། མཚམས་མཚམས་སུ་དགོང་ཁ་ས་མ་རུབ་སྔོན་དུ་། ང་ངེད་ཚང་གི་ལ་ཁར་བུད་ནས་སྒྲོལ་མའི་གྲོང་གསེབ་ཀྱི་ཕྱོགས་སུ་རྒྱང་ལྟ་ཡང་ཡང་བྱས། ངས་སེམས་སུ་སྒྲོལ་མས་ཀྱང་ཁོང་ཚོའི་སྡེ་བ་ནས་ཚུར་ང་ཚོའི་སྡེ་བའི་ཕྱོགས་ལ་རྒྱང་བལྟ་བྱེད་གི་ཡོད་པའི་རེ་བ་བཅངས།
"ཨ་རོ་ཞི་ལི། ཁྱོད་ལ་ཁར་ལངས་བསྡད་ནས་ཅི་བྱེད་གི་ཡོད་། ཐང་ལ་མར་བོབས་" ཐེངས་ཁ་ཤས་སུ་ངེད་ཀྱི་ཨ་མས་ངའི་སྤྱོད་པ་སྤྱིར་བཏང་མ་ཡིན་པ་དེ་མཐོང་ནས་དེ་སྐད་ཟེར་མྱོང་།
ངས་ཨ་མའི་སྐད་ཆར་ཡ་ལན་མ་སྤྲད་། ཨ་མ་ངའི་བྱ་སྤྱོད་དེར་ཡ་མཚན་གྱི་ཡོད་པ་འདྲ་། ནམ་རྒྱུན་ཡིན་ན། ས་རུབ་གྲབས་ཡོད་དུས་ང་ཁྱིམ་གྱི་ཐབ་ཀའི་འཁྲིས་སུ་བསྡད་ནས་སང་ཉིན་གྱི་ལས་བྱ་འབྲི་བའམ་ཡང་ན་དྲོད་ཐབ་སྟེང་གི་ཨ་ཡེ་དང་མཉམ་དུ་སྐད་ཆ་འདྲ་མིན་བཤད་ནས་འདུག་གི་ཡོད་། འོན་ཀྱང་། སྒྲོལ་མའི་སྐོར་ལ་བསམ་བློ་གཏོང་རྒྱུ་ཇེ་མང་ལ་སོང་བ་ནས་བཟུང་། ང་ས་རུབ་ཁར་ངེད་ཚང་གི་ལ་ཁར་འབུད་རྒྱུ་ཇེ་མང་དུ་སོང་།
སྒྲོལ་མ་ང་དང་བསྡུར་ན་གཟུགས་ཐུང་། ཁོ་མོའི་མ་ཁའི་གཡས་ཕྱོགས་སུ་སྨེ་བ་ཆུང་ཆུང་ཞིག་ཡོད་། ཁོ་མོའི་སྐྲ་ལོ་རིང་རྒྱུ་མེད་ལ་ཐུང་རྒྱུ་ཡང་མེད་། ཁོ་མོའི་སྐྲ་ལོ་ལན་བུ་གཉིས་སུ་སླས་ཡོད་ཅིང་ལན་བུའི་སྣེ་མོ་འགྱིག་གི་མེ་ཏོག་སེར་པོ་ཅན་གྱི་སྐྲ་འཛིན་ཞིག་གིས་རྒྱུན་དུ་བསྡམས་ནས་ཡོད་། ཁོ་མོས་རྒྱུན་ཐག་སྐུད་པ་ནག་པོ་བྱས་བའི་བྱུ་རིའི་སྣ་ལུང་གཉིས་བཏགས་ཡོད་ཅིང་། སྣ་ལུང་རེ་ལ་བྱུ་རི་ཆུང་ཆུང་རྡོག་གཉིས་རེ་ཡོད་། མཚམས་མཚམས་སུ་རྩལ་སྦྱོང་གི་འཛིན་གྲྭའི་སྐབས་སུ། ང་ཚོས་སློབ་གྲྭའི་ར་སྐོར་ཞོལ་མ་རུ་རྩེད་མོ་རྩེ་ནས་ཕར་རྒྱུག་ཚུར་རྒྱུར་བྱས་ཚེ། སྒྲོལ་མའི་རྣ་ལུང་གི་བྱུ་རུ་རྡོག་ཆུང་དེ་གཉིས་ཀྱང་འགུལ་ཙམ་འགུལ་ཙམ་བྱེད་།
ལྷག་པར་དུ་། སྒྲོལ་མས་ནམ་རྒྱུན་རྐང་སྣམ་དམར་པོ་དང་རས་ལྷམ་ཁྲ་ཁྲ་ཞིག་གྱོན་ལ། རས་ལྷམ་ཁྲ་ཁྲ་དེའི་ནང་དུ་རྐང་སུག་དམར་པོ་ཞིག་ཀྱང་གྱོན་ཡོད་། རྐང་སྣམ་དམར་པོ་དེའི་གཡས་ཕྱོགས་དང་གཡོན་ཕྱོགས་ཀྱི་འདབས་ངོས་སུ་སྒྲོག་གུ་ནག་པོ་གསུམ་རེ་གོང་སྒྲིགས་ནས་ཡོད་ཅིང་། དེའི་ཁྲོད་དུ་སྒྲོག་གུ་གཅིག་ཕྱེད་ཀ་མ་གཏོགས་མེད་། མཚམས་ལན་རེར་སློབ་ཁྲིད་ཀྱི་སྐབས་སུ་ང་སློབ་ཁྲིད་ལ་ཉོབ་ན། ངས་ཁུ་སིམ་མེར་མགོ་ནང་དུ་སྒུར་ཁུལ་གྱིས་ཟུར་མིག་གིས་སྒྲོལ་མའི་རས་ལྷམ་དང་རྐང་སུག རྐང་སྣམ་འདབས་ཀྱི་སྒྲོག་གུ་བཅས་ལ་བལྟ་གི་ཡོད་།
གཉིས་པ།
སྤྱི་ཟླ་དགུ་བའི་ཚེས་བརྒྱད་ཉིན་ང་ཚོའི་དབྱར་གནང་རྫོགས་ནས་སློབ་འགོ་ཚུགས། སློབ་འགོ་ཚུགས་ན་ང་འཛིན་རིམ་ལྔ་བ་ཡིན། སློབ་གྲྭ་འགོ་ཚུགས་པའི་ཞོགས་པར་ངའི་སེམས་ལ་དགའ་སྣང་ཁྱད་པར་བ་ཞིག་སྐྱེས། ང་ཞོགས་པ་སྔ་མོ་ནས་ཡར་ལངས་ཏེ་ཨ་མའི་ཞོགས་ཇ་ལ་སྒུག ཞོགས་ཇ་དེ་མགྱོགས་པོར་ཟོས་རྗེས་སློབ་གྲྭར་སོང་ན་བསམ། ཨ་མས་བླུགས་པའི་ཇ་དེའི་དཀར་ཡོོལ་ཕྱེད་ཙམ་འཐུང་རྗེས་ངས་དཔེ་ཁུག་བརྒྱབ་ལ་ཁུར་ཏེ་ཁྱིམ་ནས་ཕྱི་ལ་ཐོན། ཨ་མ་ངའི་འཚུབ་ཆ་དེ་ལ་ཡ་མཚར་གྱི་ཡོད་པ་འདྲ།
"ཞི་ལི། ཁྱོད་སློབ་འགོ་ཚུགས་པ་ལ་དེ་འདྲའི་རྔམ་ནས་ཅི་བྱེད་།" ཨ་མས་དེ་སྐད་དྲིས།
"ང་འགྲོ་གི་ཡིན།" ངས་དེ་ལས་ལྷག་པའི་ལན་ཅི་ཡང་མ་བཏབ།
ང་འཚུབ་ཆ་ལངས་དགོས་བའི་རྒྱུ་མཚན་ཨ་མར་མ་ལབ། དོན་དངོས་སུ་ང་སློབ་འགོ་ཚུགས་པར་རྔམ་པ་མ་རེད་། ང་སྒྲོལ་མ་ལ་ཐུག་རྒྱུར་རྔམ་པ་རེད་། བསྐྱར་དུ་སྒྲོལ་མ་དང་འཛིན་གྲྭ་གཅིག་བྱས་ནས་འདུག་རྒྱུ་དེ་ལ་རྔམ་པ་རེད་།
ཞོགས་པའི་ཚོགས་ཐེངས་དང་པོ་དེ་རྩིས་རིག་དགེ་རྒན་དཀར་མཚོ་སྐྱིད་ཀྱི་སློབ་འཁྲིད་རེད་འདུག ང་ཚོ་འཛིན་རིམ་ལྔ་བ་ཆགས་པ་མ་གཏོགས་ང་ཚོའི་འཛིན་ཁང་སྔར་གྱི་དེ་ཡིན། དགེ་རྒན་དཀར་མཚོ་སྐྱིད་འཛིན་ཁང་དུ་མ་སླེབས་སྔོན་ལ་སློབ་གྲོགས་ཚང་མ་སོ་སོའི་འདུག་སྟེགས་སུ་བསྡད་། ང་ཡང་སོ་སོའི་འདུག་སྟེགས་སུ་བསྡད་། འོན་ཀྱང་། སྒྲོལ་མ་སླེབས་མ་སོང་། ངས་སེམས་ན་ཁུ་སིམ་མེར་སྒྲོལ་མར་སྒུག་བཞིན་ཡོད་། ངས་སེམས་སུ་སྒྲོལ་མ་སྣོག་བཞིན་པའི་སྐབས་སུ་དགེ་རྒན་སླེབས་སོང་། དགེ་རྒན་གྱིས་ལོ་ལྔའི་ལམ་ལུགས་ཅན་གྱི་རྩིས་རིག་གི་ཀློག་དེབ་དང་འབྲི་དེབ་གཉིས་ཀ་སློབ་གྲོགས་ཚང་མར་བཀྲམས།
"ད་ཁྱེད་ཚོ་འཛིན་རིམ་ལྔ་བ་རེད་། ལོ་ན་ཡང་ཆུང་ཆུང་མ་རེད་། ལོ་གཉིས་ཀྱི་རྗེས་སུ་དམའ་འབྲིང་ལ་རྒྱུགས་སྤྲོད་དགོས་རེད་། དེར་བརྟེན། འཛིན་རིམ་ལྔ་བ་དང་དྲུག་པ་གཉིས་ཁྱེད་ཚོར་མཚོན་ན་ཧ་ཅང་གནད་འགག་རེད་།" དགེ་རྒན་དཀར་མཚོ་སྐྱིད་ཀྱིས་ནག་པང་མདུན་གྱི་སྟེགས་བུའི་སྟེང་ནས་ང་ཚོར་བལྟ་བཞིན་དེ་ལྟར་གསུངས།
ང་ཚོའི་མིག་ཟུང་དགེ་རྒན་གྱི་གདོང་ལ་གཏད་། དགེ་རྒན་གྱིས་མུ་མཐུད་དུ་ཅི་ཞིག་གསུངས་རྒྱུར་སྒུག དགེ་རྒན་གྱིས་ང་ཚོའི་འཛིན་ཁང་གི་ཕྱི་རོལ་ན་འུར་རྒྱག་བཞིན་པའི་སློབ་མ་དག་ལ་བལྟ་ཙམ་བྱས་རྗེས་མུ་མཐུད་དུ་།
"ཁྱེད་ཚོ་ཚང་མས་དམའ་འབྲིང་ལ་རྒྱུགས་འཕྲོད་ན་བསམ་པ་དེ་ངའི་རེ་བ་ཡིན། དེར་བརྟེན། འུ་ཚོ་ཚང་མས་མཉམ་དུ་ཧུར་ཐག་བྱེད་རྒྱུ་དེ་གལ་ཆེ།"
དགེ་རྒན་གྱིས་དེ་སྐད་ཟེར་བཞིན་བསྐྱར་དུ་གསུངས་མཚམས་བཞག
ངས་སེམས་སུ་དགེ་རྒན་གྱི་བཀའ་སློབ་དང་སྒྲོལ་མ་གཉིས་ཀ་སྣོག་བཞིན་ཡོད་། སྒྲོལ་མ་དེ་རིང་ན་བ་ཡིན་ནམ། ཡང་ན་སྒྲོལ་མ་ཚོགས་ཐུན་གྱི་རྗེས་སུ་ལུས་བ་ཡིན་ནམ། ངའི་ལུས་པོ་འཛིན་ཁང་དུ་ཡོད་ཀྱང་སེམས་པ་སྒྲོལ་མའི་ཕྱོགས་སུ་ཤོར། སློབ་ཚན་མ་གྲོལ་སྔོན་ལ་དགེ་རྒན་གྱིས་ང་ཚོའི་མིང་ཐོ་ཀློག་ནས་ཚང་རྩིས་བྱས། ཡ་མཚན་པ་ཞིག་ལ་སྒྲོལ་མའི་མིང་བཀླགས་མ་སོང་། ངས་ལག་པ་ཡར་བཀྱགས་ནས་སྒྲོལ་མ་ཞེས་དགེ་རྒན་ལ་དྲན་གསོ་ཞིག་སློང་འདོད་མོད་། འཛིན་གྲོགས་དག་གིས་འཕྱ་དམོལ་བྱེད་པར་དོགས་ནས་ལག་པ་ཡར་མ་བཀྱགས།
འཛིན་གྲྭའི་བར་གསེང་གི་སྐབས་སུ་ང་གཞུང་ལས་ཁང་དུ་སོང་། གཞུང་ལས་ཁང་གི་སྒོ་འགྲམ་དུ་འཛིན་རིམ་གསུམ་པའི་བོད་དགེ་རྒན་དཀའ་ཐུབ་འདུག ཁོང་གིས་ལག་གཡས་པའི་གོང་མཛུབ་དང་དཀྱུལ་མཛུབ་གཉིས་ཀྱི་བར་ལ་དུ་སྣེ་ཞིག་བཟུང་འདུག
"ཁྱོད་ལ་སུ་དགོས་སམ།" རྒན་དཀའ་ཐུབ་ཀྱིས་དུ་བ་དེ་རྔུབ་འཐེན་ཞིག་བྱས་སོང་།
"ང་་་་ ང་ཚོའི་རྩིས་རིག་དགེ་རྒན་དཀར་མཚོ་སྐྱིད།" ངས་འཚུབ་བེ་འཚུབ་བའི་ངང་ལན་བཏབ།
"ཁྱོད་ཅུང་ཙམ་སྒུག་ཨ།" རྒན་དཀའ་ཐུབ་ཀྱི་དུ་སྣེ་ས་ལ་གཡུགས་རྗེས་གཞུང་སྒྲུབ་ཁང་དུ་འཛུལ་སོང་།
ངས་ཁུ་སིམ་མེར་རྐང་པའི་རྟིང་ཀ་གཉིས་ཡར་བཀྱགས་ནས་གཞུང་སྒྲུབ་ཁང་གི་སྒེའུ་ཁུང་ལས་ནང་དུ་བལྟས། དགེ་རྒན་དཀར་མཚོ་སྐྱིད་ཀྱིས་འབྲི་དེབ་མང་པོ་བརྩིགས་པའི་སྒྲོག་ཙེ་ཞིག་གི་སྣེ་ན་དཔེ་ཆ་ཞིག་ལ་བལྟ་བཞིན་འདུག དོར་ཉིན་སློབ་ཆུང་ལ་གཞུང་སྒྲུབ་ཁང་གཅིག་མ་གཏོགས་མེད་ཅིང་དགེ་རྒན་ཚང་མས་དེ་རུ་ཕྱག་ལས་གནང་གི་ཡོད་། དགེ་རྒན་གཅིག་གམ་ཡང་ན་དགེ་རྒན་གཉིས་ཀྱི་དབར་ལ་སྒྲོག་ཙེ་ཆེན་པོ་རེ་ཡོད་ཅིང་དེ་ནི་ཁོང་ཚོའི་གཞུང་སྒྲུབ་བྱེད་ས་དང་ལས་བྱར་བལྟ་ས་ཡིན། ཅུང་ཙམ་ནས་དགེ་རྒན་དཀར་མཚོ་སྐྱིད་ཕྱི་ལ་ཐོན་སོང་། ཁོང་གི་ཕྱག་གཡས་པས་ད་གིན་བལྟ་བཞིན་པའི་དཔེ་ཆ་དེ་བཟུང་འདུག
"རྡོ་རྗེ། ཁྱོས་ང་བཙལ་ནས་དོན་དག་ཅི་ཡོད་།" དགེ་རྒན་དཀར་མཚོ་སྐྱིད་ཀྱིས་དེ་སྐད་དྲིས།
"ང་་་ སྒྲོལ་མ" ངས་སྐད་ཆ་མ་རྫོགས་སྔོན་ལ་ཁོང་གིས་བསྐྱར་དུ་།
"སྒྲོལ་མ་ཅི་རེད་།"
"ང་སྒྲོལ་མ་ཡི་རྩིས་རིག་དཔེ་ཆ་དང་འབྲི་དེབ་ལེན་གི་ཡོང་ཡིན།" ངས་བློ་ཁོག་ཆེན་པོས་ལན་བཏབ།
"སྒྲོལ་མ་སློབ་གྲྭ་ཡོང་གི་མ་རེད་། ཁོང་གི་ཨ་མ་ན་གི་འདུག་ཟེར། ཨ་མས་ཁྱིམ་ལ་ཉར་འདུག" རྒན་དཀར་མཚོ་སྐྱིད་ཀྱིས་གསུངས།
"དེས་ན། སློབ་སྐབས་རྗེས་མར་ཡོང་གི་རེད་དམ།" ངས་བསྐྱར་དུ་དྲིས།
"དེ་ངས་མི་ཤེས། ད་ཁྱོད་ཕྱིར་འཛིན་ཁང་དུ་ལོག" དགེ་རྒན་གྱིས་དེ་ལྟར་གསུངས་རྗེས་གཞུང་སྒྲུབ་ཁང་དུ་ཡར་འཛུལ་སོང་།
སྒྲོལ་མ་སློབ་གྲྭར་ཡོང་གི་མ་རེད་ཟེར་བའི་སྐད་ཆ་དེས་ངའི་སེམས་པ་དྲོན་མོའི་སྒང་ལ་ཆུ་འཁྱག་སྐྱོག་གང་བླུགས་པ་བཞིན། རེ་ཞིག་ངའི་སེམས་སུ་ཅི་བྱེད་འདི་བྱེད་མེད་པ་ལྟ་བུ་ཞིག་ཆགས། སློབ་འཁྲིད་རྗེས་མ་དག་ཇི་ལྟར་ཚོགས་པ་དང་གྲོལ་བ་ཡང་ངའི་སེམས་ན་གསལ་བོ་མི་འདུག དགོང་ཁ་ཁྱིམ་དུ་སླེབས་རྗེས་ངས་ཨ་མར་ང་སང་ཉིན་ནས་སློབ་གྲྭར་འགྲོ་གི་མིན་ལབ་པ་ཡིན།
"ཞི་ལི་འདིས་ཅི་ཟེར། ད་ནངས་སློབ་གྲྭ་འགྲོ་རྒྱུར་རྔམ་ནས་སོང་། ད་སློབ་གྲྭར་མི་འགྲོ་ཟེར་ན།" ཨ་མས་མཚར་སྣང་གི་སྤྱན་གྱིས་ང་ལ་གཟིགས་བཞིན་དེ་སྐད་གསུངས།
"ང་སང་ཉིན་ནས་སློབ་གྲྭར་མི་འགྲོ" ངས་གདོང་ལ་སྐྱོ་མདོག་ཞིག་བསྣམས་ནས་ལན་བཏབ།
"ཁྱོད་སློབ་གྲྭར་མི་འགྲོ་ཟེར་བ་ཨ་རྒྱས་གོ་ན་ཅི་བྱེད་གི་མ་རེད་།" ཨ་མས་ང་ལ་སྐྲག་སྣང་འདྲ་ཞིག་སློང་བཞིན་ཐབ་ཚང་དུ་འཛུལ་སོང་།
"ང་སློབ་གྲྭར་མི་འགྲོ་ཁོ་ཐག་ཡིན། གལ་སྲིད་འགྲོ་དགོས་ན་ཧི་ནན་ནས་འགྲོ་གི་ཡིན། དོར་ཉིན་ནས་མི་འགྲོ" ངས་བསྐྱར་དུ་ཨུ་ཚུགས་བྱས།
ཨ་མས་ལན་ཅི་ཡང་སྤྲད་མ་སོང་། གཅིག་བྱས་ན་ཨ་མས་མ་གོ་བ་འདྲ། གཅིག་བྱས་ན་ལན་སྤྲོད་རྒྱུར་ཉོབ་པ་འདྲ།
ངས་སེམས་སུ་སྒྲོལ་མ་མེད་ན་དོར་ཉིན་སློབ་ཆུང་དུ་སོང་ན་ཡང་ཆོ་མི་འདུག དེ་ལས་ཐག་རིང་ཞིག་ལ་སོང་ན་སྐྱིད་ཀྱི་རེད་བསམ། སྒྲོལ་མ་དང་ཐུག་འཕྲད་ཀྱི་གོ་སྐབས་མེད་ཙང་ཚོར་སྣང་འདི་འདྲ་ཞིག་གིས་ངའི་སེམས་ཡོངས་སུ་བསྡམས།
སྒྲོལ་མ་སློབ་གྲྭར་མ་ཡོང་བའི་རྗེས་ནས་བཟུང་ངས་ཀྱང་ཨ་མར་དོར་ཉིན་སློབ་གྲྭར་མི་འགྲོ་བའི་རྙོད་དྲ་མང་དུ་བཤད་། སློབ་འཁྲིད་ཀྱི་སྐབས་སུ་ཡང་དགེ་རྒན་གྱིས་ཇི་འཁྲིད་ལ་མི་ཉན་པར་བསམ་བློ་འདྲ་མིན་བཏང་ནས་བསྡད་། མཚམས་རེར་ནག་པང་ལ་ཡང་མ་བལྟར་པར་མདུན་གྱི་སྒྲོག་ཙེའི་སྟེང་གི་ཤུར་མོ་རྣམས་ལ་མིག་ཅེར་ནས་བསྡད་། དགེ་རྒན་ཚོས་ཀྱང་ངའི་བྱ་སྤྱོད་ལ་དོ་སྣང་བྱུང་བ་འདྲ། ངེད་ཀྱི་ཁྱིམ་དུ་ཡང་སློབ་གྲྭའི་ཞའོ་ཀྲང་གིས་རྡོ་རྗེས་དེང་སང་སློབ་སྦྱོང་བྱེད་གི་མི་འདུག་ཞེས་བརྡ་སྦྱོར་ཐེངས་གཉིས་སྤྲད་འདུག དེར་བརྟེན། ངའི་ཨ་མ་འུ་ཐུག་ནས་ཕ་རྒན་ལ་ཁ་པར་བཏང་ནས་ཞི་ལི་ཧི་ནན་སོག་རྫོང་ལ་འཁྲིད་མ་གཏོགས་དོར་ཉིན་དུ་སློབ་སྦྱོང་བྱེད་གི་མི་འདུག་གསུངས་འདུག
དེའི་རྗེས་སུ་རིང་པོ་མ་ཐོགས་པར་ང་དོར་ཉིན་སློབ་ཆུང་དང་ཁ་བྲལ་ནས་ཧི་ནན་སོག་རྫོང་གི་བྲག་དམར་སློབ་ཆུང་དུ་ཞུགས། ངའི་ཕ་རྒན་གྱིས་ཧི་ནན་རྫོང་ཐོག་ཏུ་བྱ་བ་སྒྲུབ་བཞིན་ཡོད་། ང་བྲག་དམར་སློབ་ཆུང་དུ་སྤོར་རྗེས་ཀྱང་ངས་སེམས་ནས་སྒྲོལ་མ་བརྗེད་མ་ཐུབ། ང་ཕ་ཡུལ་དུ་དབྱར་གནང་དང་དགུན་གནང་ལ་ཡོང་ཐེངས་རེར། ངས་སྒྲོལ་མ་ལ་ཐུག་ཐུབ་ན་བསམ། འོན་ཀྱང་། སྒྲོལ་མས་ཅི་ཞིག་བྱེད་ཀྱི་ཡོད་མེད་སྡེ་མི་གཞན་ལ་འདྲི་བའི་བློ་སྤོབས་ཀྱང་མ་སྐྱེས། སྒྲོལ་མར་ཐུག་གི་འགྲོ་བའི་བློ་ཁོག་གིས་ཀྱང་མ་འདང་། དོན་དངོས་སུ། ངས་སྒྲོལ་མའི་སྡེ་བ་ཤེས་བ་མ་གཏོགས་སྒྲོལ་མའི་ཁྱིམ་ཚང་གང་དུ་ཡོད་མེད་མི་ཤེས། སྒྲོལ་མའི་སྡེ་བའི་མིང་ལ་སྙིང་ལོ་ཟེར། སྙིང་ལོ་ལ་ཡང་སྙིང་གོང་མ་དང་ཞོལ་མ་ཟེར་ནས་གཉིས་ཡོད།
དེ་ཡང་དགུན་གནང་ཞིག་གི་སྐབས་སུ་ང་ཚོའི་སྡེ་བའི་གཉེན་སྟོན་ཞིག་གི་ཐོག་ལ། སྡེ་བ་གཞན་པའི་བུད་མེད་སྐོར་ཅིག་སླེབས་འདུག་པ་དེའི་ཁྲོད་དུ་སྒྲོལ་མ་ཡང་ཡོད་པ་ངས་ཐོས། ང་ལ་དེ་ལྟར་ལབ་མཁན་ངའི་གྲོགས་པོ་ནམ་མཁའ་བྱེའུ་བདའ་ཡིན། ཁོང་གིས་ང་སྒྲོལ་མར་ཅུང་ཙམ་དགའ་གི་ཡོད་པ་ཤེས། ངས་ཁོང་ལ་སྔོན་མར་དེའི་སྐོར་རབ་རིབ་ཞིག་གླེང་མྱོང་། སྒྲོལ་མ་སླེབས་འདུག་པ་གོ་ནས་ང་ཡང་སྟོན་ཐོག་དེ་ལ་སོང་། ངའི་སེམས་སུ་འཚེར་སྣང་དང་དགའ་སྣང་གཉིས་ཀ་སྣོལ་བཞིན་སོང་། གལ་སྲིད་སྒྲོལ་མས་ང་ལ་ཁམས་འདྲི་བྱས་ན་ངས་ལན་ཅི་ལྟར་སྤྲོད་དགོས་སམ། གལ་སྲིད་སྒྲོལ་མས་ང་ལ་ཁ་ཡ་མ་བྱས་ན་ངས་ཅི་བྱེད་དགོས་སམ། ངས་ཁྱིམ་ཚང་དེའི་སྒོ་ཁ་ན་སྒྲོལ་མ་དང་བུད་མེད་སྐོར་ཅིག་ཡོད་པ་ཅུང་ཐག་རིང་ནས་མཐོང་། སྒྲོལ་མས་མགོ་དཀྲིས་དམར་ཁྲ་ཞིག་གྱོན་འདུག ང་ཁོང་ཚོའི་མདུན་ལ་སླེབས་གྲབས་ཡོད་དུས་སྒྲོལ་མས་ང་མཐོང་སོང་། ངས་ཁ་མ་གྲགས་སྔོན་ལ།
སྒྲོལ་མས་ "ཁྱོད་བདེ་མོ།" ཞེས་ང་ལ་འཚམས་འདྲི་བྱས་སོང་།
"ཁྱོད་བདེ་མོ།།" ངས་ཀྱང་ཁ་ནས་དེ་སྐད་ཤོར།
"ཁྱོད་དགུན་གནང་ལ་ཡོང་ཡོད་དམ།" སྒྲོལ་མས་བསྐྱར་དུ་དེ་སྐད་དྲིས་སོང་།
"ཡིན་་་་ཡིན།" ཟེར་བ་མ་གཏོགས་ངས་ཅི་ཞིག་ལན་ཅི་ཞིག་སྤྲོད་དགོས་བའང་སེམས་ལ་མ་འཁོར། ང་ཅུང་ཙམ་འཚབ་པ་འདྲ།
སྒྲོལ་མས་ངས་ད་དུང་སྐད་ཆ་ཚིག་འགའ་བཤད་པར་སྒུག་ཡོད་པ་འདྲ། ངས་ཅིག་བཤད་དགོས་བསམ་ནས་ཡོད་སྐབས། སྒྲོལ་མའི་ཡོང་རོགས་དེ་ཚོའི་གྲས་ཀྱི་བུད་མེད་ཞིག་གིས་སྒྲོལ་མར་སྐད་བཏང་སོང་།
"ཡ་ཡ། དེས་ན་བདེ་མོ་བྱོས།" སྒྲོལ་མས་དེ་སྐད་ཟེར་བཞིན་བུད་སོང་།
ངས་བདེ་མོ་བྱོས་ཀྱང་ཟེར་མ་ཐུབ་པར་སྒྲོལ་མའི་རྒྱབ་གཟུགས་ལ་ཡུད་ཙམ་ཅེར་ནས་བསྡད། དེ་ནི་སློབ་ཆུང་ལོ་རིམ་བཞི་བའི་རྗེས་སུ་ངས་སྒྲོལ་མ་བསྐྱར་དུ་མཐོང་བ་ཐེངས་དང་པོ་དེ་ཡིན།
གསུམ་པ།
ང་ཧི་ནན་སོག་རྫོང་དུ་སྤོར་བ་ནས་བཟུང་། ཕ་ཡུལ་དུ་འགྲོ་རྒྱུ་ཇེ་ཉུང་དུ་སོང་བ་ཙམ་ཟད་སྒྲོལ་མའི་སྐོར་ལ་གནས་ཚུལ་གོ་རྒྱུ་ཡང་ཇེ་ཉུང་ལ་སོང་། ངས་སློབ་འབྲིང་ཧི་ནན་སོག་རྫོང་དུ་བཏོན། སློབ་འབྲིང་གི་ཡིག་རྒྱུགས་ཀྱང་རྩེ་ཕུད་བྱུང་བས་ཕྱི་ལོ་༢༠༠༣ལོར་ང་ལན་ཀྲིག་ན་ཡོད་པའི་ནུབ་བྱང་མི་རིགས་སློབ་ཆེན་དུ་འགྲོ་རྒྱུའི་གོ་སྐབས་ཐོབ། ནུབ་བྱང་མི་རིགས་སློབ་ཆེན་དུ་ངས་གཙོ་བོ་རྩོམ་རིག་སྦྱངས། ལན་ཀྲིག་ཏུ་སྡོད་པའི་རིང་ལ་ངས་རྒྱ་བོད་གཉིས་ཀྱི་དགའ་རོགས་ཅི་ཙམ་སྒྲིག་པ་ཡང་ད་ལྟ་སེམས་ལ་གསལ་བོ་ཞིག་མི་དྲན། ངས་དགའ་རོགས་འདྲ་མིན་སྒྲིག་ན་ཡང་སེམས་ནས་སྒྲོལ་གཏན་བརྗེད་མ་ཐུབ། དེར་བརྟེན། སློབ་གྲྭའི་ "སྙན་ངག་ཚགས་པར་" ཟེར་བ་དེའི་སྟེང་དུ་ངས་ "སྒྲོལ་མ་" ཟེར་བའི་སྙན་ངག་ཞིག་ཀྱང་སྤེལ་མྱོང་། འོན་ཀྱང་། སྙན་ངག་དེ་སྒྲོལ་མས་དངོས་སུ་མཐོང་མྱོང་བ་ཕར་ཞོག་གལ་སྲིད་ངས་སྙན་ངག་དེ་འདྲ་ཞིག་བྲིས་ཡོད་ཞེས་སྒྲོལ་མར་ལབ་ན་ཡང་ཁོ་མོ་ཡིད་ཆེས་མིན་སུས་བཤད་ཐུབ། རྒྱུ་མཚན། ང་སྒྲོལ་མ་དང་དངོས་སུ་མ་ཐུག་པར་ལོ་ངོ་ཧྲིལ་བོ་བདུན་བརྒྱད་ཙམ་ཕྱིན་འདུག
ང་ནུབ་བྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན་རྗེས། སྟབས་ལེགས་ནས་ཟི་ལིང་དུ་ཡོད་པའི་མཚོ་སྔོན་བརྙན་འཕྲིན་ཁང་དུ་ལས་བྱེད་གླས་མའི་ངོ་བོར་ལས་ཀ་བྱེད་རྒྱུ་བྱུང་། དེ་ཡང་གཙོ་བོ་ངའི་ཨ་ཁུའི་བཀའ་དྲིན་ཡིན། ངའི་ཨ་ཁུ་ལས་ཁུངས་དེའི་བོད་ཡིག་སྡེ་ཁག་གི་འགན་འཛིན་ཡིན། ངས་རང་གི་སྦྱངས་བྱ་རྩོམ་རིག་དང་བརྙན་འཕྲིན་གྱི་ལས་ཀ་གཉིས་ཀྱི་དབར་ན་ཆ་མཚུངས་ཀྱི་འབྲེལ་བ་ཅི་ཞིག་ཡོད་མེད་བརྗོད་དཀའ་མོད་། ལས་བྱེད་གླས་མ་ཞིག་བྱེད་རྒྱུ་བྱུང་བ་དེས་ཀྱང་ང་ལ་སྤོབས་པ་ཞིག་བསྩལ། ད་དུང་ཨ་ཁུས་ང་ལ་ཅུང་ཙམ་དཀའ་ལས་རྒྱོབས་དང་ལོ་ངོ་གསུམ་བཞིའི་རྗེས་སུ་ལས་བྱེད་པ་དངོས་མ་ཆགས་ཐུབ་ནི་རེད་ཟེར། དེར་བརྟེན། ང་ཡང་ཐོག་མར་ཨ་ཁུའི་རྩར་བསྡད་། ཨ་ཁུ་ལ་བུ་མོ་གཉིས་དང་བུ་གཅིག་བཅས་བུ་ཕྲུག་གསུམ་ཡོད་པས་ང་ཡང་རྒྱུན་རིང་ལ་མ་བསྡད་། གྲོགས་པོ་ཞིག་དང་མཉམ་དུ་རྒྱ་སྡེ་ "ཡང་ཅ་ཀྲེ་: ཟེར་བ་དེར་སྤོས། དེ་ང་ཚོའི་ལས་ཁུངས་ཀྱི་ཉེ་འགྲམ་དུ་ཡོད་། དེ་རུ་ཁང་པ་གླ་མཁན་བོད་རིགས་ལས་བྱེད་གསར་བ་མང་། ཁང་གླ་ཡང་མི་མཐོ། ང་དང་ངས་གྲོགས་པོས་ཀྱང་ཐོག་མའི་ཆ་ལ་ཟླ་རེར་མི་གཅིག་གིས་ཁང་གླ་སྒོར་སུམ་བརྒྱ་རེ་བྱིན་ནས་བསྡད་། ད་དུང་། ས་ཆ་དེ་ལ་ "གཡང་ལུང་སྡེའམ་གཡང་སྡེ་" ཟེར་བའི་བོད་མིང་ཞིག་ཀྱང་ཟི་ལིང་གི་བོད་མིའི་ཁྲོད་དུ་རྒྱུན་འབྱམས་སུ་ཕྱིན་ཡོད་།
དེ་ཡང་དབྱར་ཟླ་བརྒྱད་པའི་ཉིན་ཞིག་ཡིན་པ་ཡོད་། ངས་ཟླ་ཚེས་གསལ་བོ་ཞིག་མི་དྲན། གང་ལྟར། ང་ཕ་ཡུལ་དུ་སོང་། ང་རྨ་ལྷོ་ཁུལ་ཐོག་ཏུ་འབྱོར་རྗེས་ཕ་ཡུལ་དུ་རྐང་ཐང་ལ་འགྲོ་འདོད་སྐྱེས། སྔོན་ཆད་དང་བསྡུར་ན་ང་ཚོའི་གྲོང་གསེབ་ཏུ་རྐང་ཐང་ལ་འགྲོ་མཁན་ཧ་ཅང་ཉུང་། རྒྱུ་མཚན། གཞུང་ལམ་བཟོས་བ་ནས་བཟུང་འཕྲུལ་རྟ་བསྐོར་མཁན་དང་རླངས་འཁོར་སྐོར་མཁན་ཇེ་མང་དུ་སོང་། དབྱར་རྩ་དགུན་འབུའི་རིན་གོང་ཇེ་མཐོར་སོང་བ་ནས་བཟུང་འཕྲུལ་རྟ་དང་རླངས་འཁོར་ཉོ་མཁན་ཡང་ཇེ་མང་དུ་སོང་། དཔེར་ན། ཟི་ལིང་དུ་ལས་ཀ་བྱེད་མཁན་ངའི་གྲོགས་པོ་ཞིག་གིས་གསུངས་ན། ཁོང་གིས་རྟག་པར་རྨ་ལྷོ་ཁུལ་ཐོག་ཏུ་སླེབས་རྗེས་ཁྱིམ་མི་དག་ལ་ཁ་པར་བཏང་ནས་ཁོང་ལེན་དུ་ཤོག་ཟེར་གི་ཡོད་ཟེར། གང་ལྟར། ལས་བྱེད་པ་རྐང་ཐང་ལ་འགྲོ་མཁན་མཐོང་རྒྱུ་དཀོན།
ཡིན་ན་ཡང་། ཉིན་དེར་ང་རྐང་ཐང་དུ་འགྲོ་འདོད་སྐྱེས། རྨ་ལྷོ་ཁུལ་ཐོག་ནས་དོར་ཉིན་དབར་དུ་རྐང་ཐང་ལ་སོང་ན་ཆུ་ཚོད་གཅིག་ལྷག་ལས་མི་འགོར། དེ་ཡང་ཐོག་མར་ས་དཀྱིལ་སྡེ་བའི་ཁྱིམ་ཚང་འགའི་མདུན་སྒོ་བརྒྱུད་ནས་ "བྲ་མ་ཁིས་" ཟེར་བའི་ཉག་ཁ་དེར་འཛེགས། ཉག་ཁ་དེའི་རྒྱབ་ལ་བུད་རྗེས་སྐེད་ལམ་ཅུང་རིང་མོ་ཞིག་དེད་ན་ལུང་མཐིལ་ཞིག་ལ་སླེབས། ལུང་མཐིལ་དེ་བརྒྱུད་ནས་ཅུང་ཙམ་ཡར་ཕྱིན་ན་ "ཀླུ་སྡོང་ནང་" ཟེར་བ་ཞིག་ལ་ཐུག སྔོན་ཆད་དེ་རུ་ཆུ་འགོ་ཞིག་ཀྱང་ཡོད་། སྐུ་སྡོང་ནང་གི་གཡས་ཕྱོགས་སུ་ཨ་གྲོང་ཟེར་བའི་སྡེ་བ་ཞིག་ཡོད་། ལུང་པ་དེ་ཕུ་དེད་ནས་ཡར་ཕྱིན་ན་ "སྒྲོལ་མའི་སྐུ་" ཟེར་བ་ཞིག་ལ་འཕྲད་། དེ་ནི་སྔོན་ཆད་སྤང་ངོས་ཅུང་གཟར་མོ་ཞིག་ན་རྡོ་ཕ་བོང་ཞིག་གི་སྟེང་དུ་སྒྲོལ་མ་རང་བྱོན་གྱི་སྐུ་བརྙན་ཞིག་ཡོད་པ་དེ་ཡིན། ཕ་ཡུལ་གྱི་མི་ཕལ་ཆེ་བས་སྒྲོལ་མ་དེ་རང་བྱོན་ཡིན་ཟེར། འོན་ཀྱང་། དེ་ལ་ཚན་རིག་དང་མཐུན་པའི་འགྲེལ་བཤད་ངས་མ་རྙེད་། གཞུང་ལམ་བཟོས་རྗེས་སྒྲོལ་མའི་སྐུ་དེ་ཡང་མཐོང་རྒྱུ་མེད་པ་ཆགས། དེ་ནས་ཡར་ཕྱིན་ན་ "རྒྱལ་མོ་གཤོང་" ཟེར་བའི་ཉིས་མདོ་ཞིག་ལ་སླེབས། ཉིས་མདོ་དེས་ལུང་ཤུར་རིང་མོ་དེ་ཕྱོགས་གཉིས་སུ་བགོས་ཡོད་། གཡས་ཕྱོགས་སུ་ཉིན་སྡེ་བ་དང་ཨ་རོལ་ཟེར་བ་གཉིས་ཡོད་། གཡོན་ཕྱོགས་སུ་སྙིང་ལོ་དང་སེ་བཟའ། རྒྱ་མོ་སྡེ་བ་གསུམ་ཡོད་། རྒྱ་མོ་ཞོང་དུ་ནམ་རྒྱུན་ཡར་འགྲོ་མར་འོང་བྱེད་མཁན་ཚོས་ངལ་གསོ་བྱེད་། ངས་ཀྱང་དེ་རུ་ངལ་གསོས། སྐོམ་ཆུ་ཞིག་གི་ཁ་ཕྱེས་ནས་ཧུབ་འགའ་འཐུང་། གཞི་གཏད་མེད་པའི་བསམ་གཞིགས་འདྲ་ཞིག་བྱས་ནས་ཡོད་པའི་སྐབས་སུ་མདུན་ཕྱོགས་ནས་བུད་མེད་ཞིག་གི་གཟུགས་མངོན་བྱུང་། བུད་མེད་དེས་ཕྲག་གཡས་པར་རྒྱབ་ཁུག་སྔོ་ལྡང་ཞིག་ཁུར། ལག་གཡོན་པས་འགྱིག་ཤོག་ཞིག་བཟུང་འདུག བུད་མེད་དེ་ངའི་ཐག་ཉེར་སླེབས་པ་དང་ངས་གཞི་ནས་བུད་མེད་དེ་ངོ་འཕྲོད་སོང་། བུད་མེད་དེ་སྒྲོལ་མ་རེད་འདུག
"ཁྱོད་བདེ་མོ་ཡིན་ན། ཡུན་རིང་ཞིག་ལ་ཐུག་མ་སོང་།" ངས་ཁ་ནས་འཚམས་འདྲི་ཞིག་ཤོར།
"གྲོང་ཁྱེར་གི་མི་ལ་ཐུག་དཀའ་ནོ་མ་གཏོགས། གྲོང་གསེབ་དུ་སྡོད་མཁན་ཚོ་ད་ནམ་ཐུག་ཐུག་ཡིན་ནི་རེད་།" སྒྲོལ་མས་འཚམས་འདྲི་ཞིག་ཀྱང་མེད་པར་གདོང་ལ་འཛུམ་ཞིག་གཉེར་བཞིན་ཟུར་ཟའི་ཚུལ་གྱིས་དེ་ལྟར་བརྗོད་སོང་།
"ཧ་ཧ།" ང་གད་མོ་ཤོར་ཁུལ་བྱས། མོ་ཡང་གད་མོ་བགད་སོང་།
"ཨ་ལ། ཀུ་རེ་ཡིན།" སྒྲོལ་མ་ས་ལ་བསྡད་སོང་།
"ཁྱོད་རོང་བོ་ལ་སོང་བ་ཡིན་ནམ།" ངས་སྐད་ཆ་ཇི་ལྟར་འགོ་འཛུགས་དགོས་ཀྱང་མ་ཤེས་པར་འཚབ་བེ་འཚུབ་བེའི་ངང་ཞེས་བསྐྱར་དུ་གཏམ་འགོ་བསླངས།
"ཡིན། ངའི་རྒད་པོར་ན་ནས་ཉིན་འགའ་ཕྱིན་སོང་། ང་སྨན་འགའ་མྱོ་རུ་ཕྱིན་པ་ཡིན། ཁྱིམ་ན་རྒད་པོ་དང་ཨ་མ་གཉིས་མ་གཏོགས་མེད་། ཨ་མ་ལོ་ལོན་རེད་། དེར་བརྟེན། ཉིན་འདི་གར་ཁྱིམ་གྱི་གཙོ་བོ་ང་ཡིན་ནི་རེད་།" ཁོ་མོས་ང་ལ་བལྟ་བཞིན་ཡ་རབས་ཀྱི་ཚུལ་གྱིས་དེ་ལྟར་ལབ།
"ཨོ། ངས་ཁྱོད་གཉེན་སྒྲིག་པ་ཡང་མ་ཤེས། དགོངས་དག ཁྱོད་ལ་རྟེན་འབྲེལ་ཞུ།" ངས་ཀྱང་མོ་ལ་བལྟ་བཞིན་དེ་ལྟར་ལབ།
"རེད་། གཉེན་འདྲ་ཞིག་སྒྲིག་ཁ་ཡེས་བཏང་ནི་རེད་། ངའི་ཕུ་བོས་མནའ་མ་བླངས་ནས་ཁེར་འདུག་བྱས་རྗེས་ང་ལ་མག་པ་བླངས་ནས་ཨ་མའི་རྩར་ཉར་བ་རེད་། ངེད་གཉིས་ཁྱིམ་ཚང་གིས་སྒྲིག་པ་རེད་།" ཁོ་མོས་བསྐྱར་དུ་གླེང་མོ་ཇེ་ཟབ་ལ་བཏང་།
"རེད་རེད་། གཙོ་བོ་ཕན་ཚུན་ལ་དགའ། ཕན་ཚུན་འགྲིག་མཐུན་ཡོད་ན་འགྲིག་གི ཁྱིམ་ཚང་གིས་སྒྲིག་པ་དེ་འུ་ཚོའི་སྲོལ་རྒྱུན་ལྟ་བུ་ཞིག་རེད་།" ངས་ཅུང་བསམ་ཤེས་དང་ཤེས་ཡོན་ཡོད་པའི་བཟོ་ཞིག་བསྟན།
སྒྲོལ་མས་ང་ལ་ལན་སྤྲད་མ་སོང་། ཁོ་མོས་ལག་གཡས་པའི་མཐེ་བོང་དང་གོང་མཛུབ་གཉིས་ཀྱིས་ཤིང་ཐུར་ཆུང་ཆུང་ཞིག་བསྡམས་ནས་སྤང་ཐོག་ལ་མར་བསྣུན་ཙམ་བསྣུན་ཙམ་བྱེད་ཀྱི་འདུག ངས་མུ་མཐུད་དུ་ཅི་ཞིག་བརྗོད་དགོས་ཀྱང་མ་ཤེས་པར་ལག་ཁུག་ནས་སྐོམ་ཆུ་གསར་བ་ཞིག་བླངས་ནས་ཁོ་མོར་སྤྲད་།
"མིན། ངས་ཆུ་འཁྱེར་ཡོད་།" ཁོ་མོས་ད་གིན་གྱི་འགྱུག་ཤོག་དེ་ནས་འགྱིག་ཆུ་ཞིག་ཕྱི་ལ་བཏོན་སོང་།
"དེས་ན། ཁྱོད་གཉེན་སྒྲིག་ཡོད་དམ།" ཁོ་མོས་ང་ལ་དྲི་བ་བཏང་།
"མེད་། ང་ཟི་ལིང་དུ་སྤོར་ནས་ཡུན་རིང་སོང་མེད་། གཉེན་སྒྲིག་བསམ་པ་ད་རུང་སེམས་ན་ཅང་མེད་། ཁྱིམ་གྱིས་ཀྱང་གཉེན་སྒྲིག་ཟེར་ནས་ཅང་ལབ་མ་སོང་། གཉེན་སྒྲིག་བསམ་ན་ཡང་ཞི་མོ་ཡག་མ་ཞིག་ལག་ལ་ཡོང་རྒྱུ་ཡང་དཀའ་གི" ངས་ཀུ་རེ་དང་སྦྲགས་ནས་དེ་སྐད་ལབ།
"ཧ་ཧ།" ངེད་གཉིས་ཀ་མཉམ་དུ་གད་མོ་ཤོར།
"ཁྱོད་འདྲ་འདྲའི་ཤེས་ཡོན་ཅན་གྱི་ལས་བྱེད་པ་ཞིག་ལ་ཞི་མོ་མི་རག་གི་ཟེར་ན་ང་ཡིད་མི་ཆེས་གི" ཁོ་མོས་བསྐྱར་དུ་བཤད་།
ངས་ལན་ཞིག་སྤྲོད་དགོས་བསམ་ནས་ཅིག་བཤད་རྩིས་ཡོད་དུས།
"དེ་ཟེར་ན། ང་ཡང་ཟི་ལིང་ལ་ཐེངས་འགར་འགྲོ་མྱོང་། ན་ནིང་ཨ་མ་ན་ནས་ངེད་ཚང་གིས་ཟི་ལིང་ལ་སྨན་པ་བསྟན་དུ་འཁྲིད་སོང་བ་ཡིན། ངས་ཀ་ངོ་ཡིག་ངོ་ཅུང་ཙམ་ཆོད་པ་དེས་ཕན་ཐོགས་ཆེན་པོ་བྱུང་། ངའི་རྒད་པོས་ལུག་འཚོ་རྒྱུ་མ་གཏོགས་ཡི་གེ་ཤེས་ནི་མ་རེད་།" ཁོ་མོས་བསྐྱར་དུ་གླེང་མོལ་སྣར།
ངས་སེམས་སུ་ཁོང་གི་ཨ་མའི་སྐོར་དང་མོ་ཅིའི་ཕྱིར་འཛིན་རིམ་བཞི་པའི་རྗེས་སུ་སློབ་གྲྭར་མ་ཡོང་བའི་སྐོར་སོགས་དྲི་བ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་གཏོང་དགོས་བསམ་མོད་། བློ་ཁོག་གིས་མ་འདང་།
"ཨོ། རྗེས་མ་ཟི་ལིང་ལ་ཡོང་ན་ང་ལ་འབྲེལ་བ་བྱོས། ངས་རོགས་རམ་འདྲ་བྱེད་ཐུབ་ན་ཐང་། ཁྱོད་ལ་ཁ་པར་ཡོད་དམ།" ངས་བསྐྱར་དུ་ཡ་རབས་ཀྱི་བཟོ་ཞིག་བསྟན།
"ཡ་ཡ། ཡོད་། ང་ལ་ཁ་པར་ཡོད་།" ཁོ་མོས་དེ་སྐད་ཟེར་བཞིན་རུམ་ནས་ཀུ་ཤུ་རྟགས་ཅན་ལྔ་བ་ཞིག་བཏོན་སོང་། ངའི་སེམས་སུ་དབྱར་རྩ་དགུན་འབུའི་དྲིན་གྱིས་དེང་སང་མང་ཚོགས་ཚོའི་ལག་ན་ཡང་ཀུ་ཤུ་རྟགས་ཅན་མེད་མཁན་ཞིག་མི་འདུག་བསམ། ངས་ཁོ་མོའི་ཁ་པར་ཨང་གྲངས་བླངས་རྗེས་ཁོ་མོར་ཁ་པར་ཞིག་བཏང་།
"སྡེ་ཆེན་གྲོང་ནས་ཁྱོད་ལ་མིག་གིས་ཟུར་མདའ་འཕངས།" སྒྲོལ་མའི་ཁ་པར་ལས་གླུ་བ་ཚེ་རིང་བསམ་འགྲུབ་ཀྱི་གཞས་ཞིག་གྲགསའགོ་ཚུགས།
"དེ་ངའི་ཁ་པར་ཨང་གྲངས་ཡིན།" ངས་དེ་སྐད་ལབ། ཡུད་ཙམ་ལ་ངེད་གཉིས་ཁུ་སིམ་མེར་གྱུར། ངེད་གཉིས་ཀྱིས་ལག་འཁྱེར་ཁ་པར་གྱི་ཨང་གྲངས་བརྗེ་ལེན་བྱས་རྗེས་བསྐྱར་དུ་གཏམ་འགོ་གང་ནས་འཛུགས་དགོས་ཀྱང་མ་ཤེས། ཕལ་ཆེར་ཁོ་མོས་ངས་གཏམ་འགོ་འཛུགས་རྒྱུར་སྒུག་ཡོད་པ་འདྲ། མདུན་ཕྱོགས་ན་གྲྭ་བ་ཞིག་དང་རྒད་པོ་ཞིག་ཡར་ང་ཚོའི་ཕྱོགས་སུ་ཡོང་གི་འདུག
"ད་འགྲོ་པ།" ངས་དེ་སྐད་ལབ།
"རེད་། ད་འགྲོ། རྗེས་མ་ཁ་པར་སྒང་ནས་འབྲེལ་བ་བྱེད་།" ཁོ་མོས་དེ་སྐད་ཟེར་བཞིན་ཡར་ལངས་སོང་།
ངེད་གཉིས་ཕན་ཚུན་ཁ་བྲལ། ང་རྒྱལ་མོ་གཤོང་གི་གཡས་ཕྱོགས་ཀྱི་ལུང་ཁུག་དེའི་ནང་ལ་འཛུལ། སྒྲོལ་མ་གཡོན་ཕྱོགས་སུ་ཕྱིན། ངའི་སེམས་སུ་ད་གིན་སྒྲོལ་མས་བརྗོད་པའི་སྐད་ཆ་དུམ་བུ་ཞིག་སྣོག་བཞིན་སོང་། "ངའི་རྒད་པོས་ལུག་འཚོ་རྒྱུ་མ་གཏོགས་ཡི་གེ་ཤེས་ནི་མ་རེད་།"
ནུབ་ཚ་འཐུང་རྗེས་བཟའ་མི་གཞན་དག་གཉིད་ཉལ་དུ་འགྲོ་སོང་། ང་དང་ཨ་ཅེ་གཉིས་ཤུལ་དུ་ལྷག ཨ་ཅེས་སང་ཉིན་གྱི་ཞོགས་ཇའི་སླད་དུ་ཕྱེ་སྐྱུང་ཞིག་སྦྱོང་བཞིན་འདུག ཨ་ཅེ་དང་ངེད་གཉིས་ཀྱིས་སྤྱིར་བཏང་གི་ཁ་བརྡ་རེ་བྱས། ཅུང་ཙམ་ནས་ང་ཡང་ཉལ་དུ་ཕྱིན། ང་ཉལ་སའི་ནང་དུ་འཛུལ་ན་ཡང་སེམས་ལ་སྒྲོལ་མའི་སྐད་ཆ་དག་འཁོར་ནས་ཡོང་། སྒྲོལ་མའི་སྐད་ཆ་དག་ལ་བསམ་བློ་གཏོང་བཞིན་པའི་སྐབས་སུ་ངའི་ལག་འཁྱེར་ཁ་པར་གྱི་མདུན་ངོས་ཀྱི་གློག་དེ་སྤར་ཙམ་སྤར་ཙམ་བྱེད་བཞིན་འདུག སུ་ཡིན་ནམ་སྙམ་བཞིན་ཁ་པར་ལ་གཅིག་བལྟ་དུས། སྒྲོལ་མའི་ཁ་པར་ཨང་གྲངས་རེད་འདུག
"ཨེ། ཁྱོད་ལ་ "བེས་ཞིན་" ཡོད་དམ།"
"ཡོད་། ངས་ཁ་པར་ཨང་གྲངས་ཞོག་དང་ང་རྙེད་ཐུབ། ངའི་མིང་གཡག་རྒོད་ཡིན།"
"ངའི་མིང་ལུག་རྫི་བུ་མོ་ཡིན།"
ངས་ཁ་པར་སྒང་གི་བེས་ཞིན་གྱི་སྒོ་ཕྱེས། ཏག་ཏག་ལུག་རྫི་བུ་མོ་མིང་ཅན་ཞིག་གིས་ང་ལ་གྲོགས་སྒྲིག་བསྐུར་འདུག ངས་ཀྱང་མགྱོགས་པོར་དང་ལེན་བྱས།
"ཁྱོས་ཅི་བྱེད་གི་ཡོད་དམ།" སྒྲོལ་མས་དྲིས།
"ངས་པུས་མོ་གཉིས་རུམ་ནས་བསྡད་ཡོད་།" ངས་ལག་སྡོད་མ་ཚུགས།
"སྙིང་མ་རྗེ། ལས་བྱེད་པ་ཞིག་གིས་པུས་མོ་རུམ་ནས་འདུག་དགོས་ན་སྐྱོ་གི" ཁོ་མོས་ལན་བཏབ།
"ང་ལ་སྙིང་རྗེ་ན། ཁྱོད་ངའི་རུམ་ལ་ཤོག་ཡ" ངས་བསྐྱར་དུ་བཙོག་བཤད་ཅིག་བྱས།
"ཅི་རེད་། ཁྱོད་ལ་རླུག་འཐེན་རྒྱག་དགོས་ནི་མིན་ན།" མོས་ཀྱང་ངའི་བཙོག་བཤད་དེ་ལ་ཁ་སྣོན་བྱས།
"ད་ཁྱོས་མང་པོ་མ་བཤད་མ་གཏོགས། ངའི་འབུ་ལངས་ནས་འདུག་ཐུབ་ས་མ་རེད་།" ངས་བཙོག་བཤད་དེ་གཏིང་ཇེ་ཟབ་ལ་བཏང་།
"ཁྱོའི་འབུ་ལངས་ན་འདིར་ཤོག་དང་ངས་བརླ་སྒོ་ཕྱེས་ནས་ཁྱོད་ལ་སྒུག་ཡོད་།" མོས་མུ་མཐུད་དུ་བཙོག་བཤད་བྱས།
"ངས་ཀུ་རེ་རྩེས་བ་ཡིན། ད་འུ་གཉིས་ཀྱིས་མང་པོ་མི་བཤད་མ་གཏོགས། ཁྱོའི་རྒད་པོས་ཤེས་ན་ང་སང་ཉིན་གསོད་ན་ཐང་།" ངས་བཙོག་བཤད་དེ་འགོག་ཐབས་བྱས། དོན་དངོས་སུ། ངའི་སེམས་ལ་སྐྲག་སྣང་ཞིག་ཀྱང་སླེབས།
"རྒད་པོ་ད་གིན་ནས་ཉལ་ཚར་སོང་། ང་ཐབ་ཚང་དུ་ཡོད་།" སྒྲོས་མས་མུ་མཐུད་དུ་་གླེང་མོལ་སྣར་འདོད་བྱས།
"རྒད་པོ་ཉལ་ཚར་རུང་། སང་ཉིན་ཁྱོའི་ཁ་པར་རྒད་པོའི་ལག་ལ་ཤོར་ན།" ངས་མོ་ལ་སྐྲག་སྣང་ཞིག་བསྐུར།
"ང་མ་སྐྲག་ན་ཁྱོད་སྐྲག་ནས་ཅི་བྱེད་ག བརླ་སྒོ་ཕྱེས་ན་ཡང་ཡོང་མི་ཐུབ་མཁན་ཁྱོད་། ཧ་ཧ།" ཁོ་མོས་བསྐྱར་དུ་བྲིས།
"ཁྱོད་ཁོམ་ན། འུ་གཉིས་སང་ཉིན་གནངས་ཉིན་ཞིག་ལ་ལྷོད་ལྷོད་བྱས་ནས་ཐུག་ཡ། ང་ཉིན་འགར་ཕ་ཡུལ་དུ་འདུག་རྩིས་ཡོད་། ད་ཁྱོད་ཀྱང་གཉིད་། གཟིམས་ས་བདེ་།"
ངས་མགྱོགས་པོར་བདེ་མོ་བཞག བིན་ཞིན་སྒང་ནས་མུ་མཐུད་དུ་བཙོག་བཤད་བྱེད་རྒྱུར་ཅུང་ཙམ་དོགས་སྣང་ཞིག་ཀྱང་སླེབས།
ངས་སྒྲོལ་མས་ལན་ཅི་ཞིག་སྤྲད་ཡོང་ངམ་བསམ་ནས་སྒུག ལན་སླེབས་མ་སོང་། ང་ཁ་པར་ལ་ཅེར་ནས་བསྡད་། སྐར་མ་གཅིག་ཕྱིན། སྐར་མ་གཉིས་ཕྱིན། སྐར་མ་བཅུའི་རྗེས་སུ་གཞི་ནས་ལན་སླེབས་སོང་།
"གཟིམས་ས་བདེ་།" དེ་མ་གཏོགས་ཅི་ཡང་བྲིས་མི་འདུག
ངས་ཀྱང་བསྐྱར་དུ་མ་བྲིས། འབྲི་ཡང་མ་སྤོབས། ངའི་སེམས་སུ་དགའ་སྣང་དང་དོགས་སྣང་གཉིས་ཀ་འཁོར། སྒྲོལ་མས་ད་དུང་ཡང་ང་བརྗེད་མེད་པ་མ་ཟད་ང་ལ་བཙོག་བཤད་ཀྱང་བྱེད་ཐུབ་པ་དེ་མཐོང་བས་བསམ་ནས་དགའ། འདི་གཞན་གྱིས་ཤེས་ན་དཔེ་བསགས་ནི་རེད་བསམ་ནས་དོགས་ཀྱང་དོགས།
ངས་ཁ་པར་གཟིམས་རྗེས་བསྐྱར་དུ་སྒྲོལ་མའི་སྐོར་ལ་བསམ་བློ་འདྲ་མིན་བཏང་། སྒྲོལ་མ་གཉེན་སྒྲིག་པ་མ་གཏོགས་རྒད་པོ་ལ་དགའ་གི་མེད་པ་ཡིན་ནམ། "ངའི་རྒད་པོས་ལུག་འཚོ་རྒྱུ་མ་གཏོགས་ཡིག་ངོ་ཆོད་ནི་མ་རེད་།" འདི་སོ་སོའི་རྒད་པོ་ལ་མཐོང་ཆུང་གི་སྐད་ཆ་མ་རེད་དམ། རྒད་པོ་ལ་དགའ་ན་ངའི་མདུན་ནས་རྒད་པོའི་སྐོར་ལ་འདི་འདྲ་ཨེ་ལབ་ཡོང་ངམ། གྲོང་གསེབ་དུ་གཉེན་སྒྲིག་ཟིན་དུས་རྒད་པོ་ལ་དགའ་མི་དགའ་ཁྱད་པར་ཡོད་དམ། གལ་སྲིད་ངས་བིས་ཞིན་སྒང་དུ་སྒྲོལ་མ་དང་བཙོག་བཤད་བྱེད་ཀྱི་ཡོད་པ་གཞན་གྱིས་ཤེས་ན་གོད་ཆག་གསར་བ་ཞིག་གི་སྒོ་ཕྱེས་གི་མ་རེད་དམ། དེ་ལས་ང་ཁ་རོག་གེར་བསྡད་ན་མི་ཡག་གམ། ངས་སེམས་སུ་བསམ་བློ་དྲུག་གསུམ་བཅོ་བརྒྱད་འཁོར།
"ཁྱོད་ད་རུང་ཕ་ཡུལ་དུ་ཡོད་དམ། ཁྱོས་ང་ལ་སྐད་ཅིག་ཀྱང་མི་འཇོག་ནོ་ཅི་རེད་།" ཉིན་གཉིས་ཀྱི་རྗེས་སུ་སྒྲོལ་མས་ང་ལ་བསྐྱར་དུ་བིས་ཞིན་སྒང་དུ་འཕྲིན་ཐུང་ཞིག་བཏང་འདུག
"དགོངས་དག ང་ཕ་ཡུལ་དུ་མེད་ཡ། ལས་ཁུངས་སུ་བྱ་བ་ཞིག་བྱུང་ནས་ང་ཕྱིར་ཟི་ལིང་ལ་ལོག་ཚར། ད་ལྟ་ལས་ཁུངས་སུ་ཡོད་།" ངས་རྫུན་ཞིག་བཤད་།
"ཁྱོས་རྫུན་མ་བཤད་།" སྒྲོལ་མས་ང་ལ་ཕུ་འདེད་བྱས།
"རོང་བོ་དགོན་པ། ངས་རྫུན་བཤད་ནས་ཡོང་རྒྱུ་མེད་ག" ངས་བསྐྱར་དུ་རྫུན་འགོ་མནན།
"དེས་ན། ངས་ཁྱོའི་བྱ་བར་བར་ཆད་མི་གཏོང་། བདེ་མོ།" སྒྲོལ་མས་བདེ་མོ་བཞག
"བདེ་མོ་བྱོས།" ངས་ཀྱང་ལན་ཞིག་བཏབ།
དོན་དངོས་སུ། ང་ཟི་ལིང་ལ་སོང་མེད་མོད་། སྒྲོལ་མར་བསྐྱར་དུ་ཐུག་རྒྱུ་དེར་ངས་ཅུང་ཙམ་དོགས་སྣང་བྱས། ངས་གཟབ་གཟབ་མ་བྱས་པར་སྒྲོལ་མ་དང་མཉམ་དུ་འདྲ་མི་འདྲ་བྱས་ན། དེས་ངེད་གཉིས་ཀྱི་མི་ཚེར་གོད་ཆག་གི་སྣ་དྲངས་མི་ཡོང་ངམ་སྙམ་ནས་ངས་ཨམ་ཚུགས་བསྡམས།
བཞི་པ།
ང་ཟི་ལིང་དུ་འབྱོར་རྗེས་བསྐྱར་དུ་ལས་བྲེལ་གྱི་གསེང་ལ་ཟགས། བདུན་ཕྲག་གཉིས་ཙམ་ལ་ངོ་ཤེས་གྲོགས་པོ་དང་གྲོགས་མོ་ཚོར་ཐུག་རྒྱུའི་གོ་སྐབས་ཀྱང་མ་བྱུང་། དེར་བརྟེན། གཟའ་སྤེན་པའི་ཕྱི་དྲོའི་ལས་ཀ་གྲོལ་རྗེས། གྲོགས་པོ་རྡོར་ཚེས་ཁ་པར་ཡོང་ནས་ཟི་ལིང་གི་སྨིན་དྲུག་ཟ་ཁང་ཞིག་ཏུ་འཛོམས་ནས་ནུབ་ཚ་མཉམ་དུ་འཐུང་ཟེར། ངས་ཀྱང་འགྲིག་གི་རེད་ལབ། སྨིན་དྲུག་ཟ་ཁང་དུ་འགྲོ་རྒྱུ་ང་ཡང་དགའ། སྨིན་དྲུག་ཟ་ཁང་ལ་བོད་ཀྱི་ཁྱད་ཆོས་ཀྱང་གང་འཚམས་ཡོད་། རྡོར་ཚེ་ངེད་གཉིས་སློབ་ཆེན་དུ་སློབ་གྲོགས་ཡིན། ཁོང་གི་སྐྱེས་ཡུལ་ཆབ་ཆ་ཡིན། ཁོང་གིས་ཟི་ལིང་ན་"གངས་སྒྲ་སྙན་ཁང་" ཟེར་བ་ཞིག་ཏུ་ཕྱག་ལས་གནང་གི་ཡོད་། ལས་ཁུངས་གྲོལ་རྗེས་ང་ཐད་ཀར་སྨིན་དྲུག་ཟ་ཁང་དུ་ཕྱིན། ཁོང་གིས་ང་ལ་སྒུག་ནས་སྐར་མ་བཅོ་ལྔ་ཙམ་ཕྱིན་སོང་ཟེར། ཁོང་གི་གདོང་ན་འཛུམ་ཞིག་བསྐྱིལ་ནས་འདུག
"དེ་རིང་ཁྱོད་ཞེ་གི་དགའ་ཡོད་ག" ང་རྐུབ་སྟེགས་སུ་འདུག་ཞོར་ཁོང་ལ་དྲིས།
"དང་པོར་ནུབ་ཚ་མངགས། དེ་ནས་ད་ངས་ཁྱོད་ལ་གསར་འགྱུར་ཞིག་བཤད་ཡ།" ཁོང་གིས་འཛུམ་བཞིན་དུ་དེ་སྐད་ཟེར།
"གསར་འགྱུར་ཅི་ཞིག་ཡིན། ཁྱོད་ལ་གསར་འགྱུར་ཅི་ཞིག་ཡོད་དམ། ཁྱོད་ཀྱང་ང་བཞིན་གསར་འགོད་པ་བྱེད་འདོད་དམ" ངས་གད་མོ་ཤོར་བཞིན་དྲིས།
"གསར་འགྱུར་མེད་མཁན་སུ་ཡོད་དམ།" ཁོང་གིས་དེ་སྐད་ཟེར་བཞིན་ལག་གི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་དེ་སྣོག་ཙམ་སྣོག་ཙམ་བྱེད་།
"ཨ་ལ་ཀུ་རེ་ཡིན། དོ་དགོང་ང་ཞི་མོ་ཞིག་ལ་ཐུག་གི་འགྲོ་གི་ཡོད་། ཞི་མོ་དེ་རེབ་གོང་ནས་རེད་།" ཁོང་གིས་བསྐྱར་དུ་ལག་གི་ཁ་པར་དེ་སྣོག་ཙམ་སྣོག་ཙམ་བྱེད་།
"རེབ་གོང་གང་གི་རེད་།" ངས་བུ་མོ་དེ་ཤེས་འདོད་ཅིག་སྐྱེས།
"གང་གི་ཡིན་མི་ཤེས། མིང་ལ་སྒྲོལ་མ་ཟེར་གི ངེད་གཉིས་བིས་ཞིན་སྒང་ནས་ཐུག་སོང་། ཐུག་ནས་ཟླ་དྲུག་མ་གཏོགས་ཕྱིན་མེད་།" ཁོང་གིས་དེ་སྐད་ཟེར།
ཞི་མོ་དེའི་མིང་ལ་སྒྲོལ་མ་ཟེར་གི་ཟེར་བའི་གྲོགས་པོའི་སྐད་ཆ་དེས་ངའི་སེམས་ལ་འཚུབ་ཤ་ཞིག་བསླངས།
"ཞི་མོ་དེའི་འདྲ་པར་ཡོད་དམ།" ངས་སྒྲོལ་མ་དེ་སུ་ཡིན་མིན་ཤེས་འདོད་ནས་བསྐྱར་དུ་དྲིས།
"འདྲ་པར་གཅིག་མ་གཏོགས་མེད་།" ཁོང་གིས་དེ་སྐད་ཟེར་བཞིན་ཁ་པར་ལས་འདྲ་པར་བཙལ་སོང་།
"འདི་རེད་། ཞི་མོ་འདི་རེད་། ཡག་མ་ཞིག་ཨེ་ཡོད་གི" ཁོང་གིས་འདྲ་པར་ང་ལ་བསྟན།
ང་ཅུང་ཙམ་ལ་ཧད་ནས་བསྡད་། ངའི་ཁ་ནས་ཚིག་མ་ཐོན། རྒྱུ་མཚན། འདྲ་པར་དེ་དོར་ཉིན་གྱི་སྒྲོལ་མ་རེད་འདུག སྒྲོལ་མས་ངས་སྔོན་ཆད་མཐོང་མྱོང་བའི་མགོ་དཀྲིས་དམར་ཁྲ་དེ་དཀྲིས་འདུག ང་རང་གི་མིག་གཉིས་ལ་ཡང་ཡིད་མི་ཆེས་བ་ལྟ་བུར་གྱུར།
"ཁྱོད་ཧད་བསྡད་ནས་ཅི་རེད་། ཁྱོད་མོ་ལ་དགའ་ནི་མིན་ན།" རྡོར་ཚེ་ང་ཧད་ནས་ཡོད་པར་དོ་སྣང་བྱུང་བ་འདྲ།
"ཧ་ཧ། ཞི་མོ་ཡག་མ་ཞིག་ཡོད་ག" ངས་རང་ཉིད་ཧད་དོན་ངོ་མ་དེ་སྦས་ནས་བསྟོད་པ་རྫུན་མ་ཞིག་བྱས།
"མོ་ནན་ཧྲིན་ལུའུ་སྒང་གི་བོད་སྨན་ཁང་ན་ཡོད་གི དེར་སླེབས་ནས་ཉིན་འགའ་ཕྱིན་སོང་ཟེར། དོ་དགོང་ངས་མོ་ "ཇོ་མོ་གླང་མ་མགྲོན་ཁང་" དུ་སྐད་བཏང་ཡོད་། རྡོར་ཚེས་གདོང་ལ་ད་གིན་གྱི་འཛུམ་དེ་བསྐྱར་དུ་ལངས་འདུག
"རེད་རེད་།" ངས་དེ་སྐད་ཟེར་བ་མ་གཏོགས་གཞན་ཅི་ཞིག་བཤད་དགོས་བ་ཡང་སེམས་ལ་མ་ཤར། ངས་ཁོང་ལ་སྒྲོལ་མའི་སྐོར་ཚིག་གཅིག་ཀྱང་མ་བཤད་། ངས་སྒྲོལ་མ་མི་ཤེས་བའི་ཚུལ་བཟུང་། རྡོར་ཚེས་ཀྱང་ང་ལ་སྒྲོལ་མ་ངོ་ཤེས་མི་ཤེས་ཀྱི་སྐོར་དྲིས་མ་བྱུང་།
རྡོ་ཚེ་ངེད་གཉིས་ཀྱིས་ཟ་མ་ཟོས་རྗེས་རང་རང་སར་ཁ་བྲལ། རྡོར་ཚེས་གླ་འཁོར་ཞིག་བླངས་ནས་ཇོ་མོ་གླང་མའི་ཕྱོགས་སུ་ཕྱིན་སོང་། ང་རྐང་ཐང་ལ་རང་གི་སྡོད་ཁྱིམ་གྱི་ཕྱོགས་སུ་ཡོང་། ངའི་སེམས་སུ་དྲི་བ་སྣ་ཚོགས་དབྱར་གྱི་ཆུ་ལོག་བརྡོལ་བ་བཞིན་ཡོང་། སྒྲོལ་མ་ཟི་ལིང་དུ་ཡོང་ཡོད་ན་ཡང་ང་ལ་ཅིའི་ཕྱིར་མ་ལབ་པ་ཡིན་ནམ། སྒྲོལ་མས་བིས་ཞིན་བརྒྱུད་ནས་རྡོར་ཚེ་དང་འདྲ་བ་ག་ཚོད་ཀྱི་མཉམ་དུ་དགའ་རོགས་སྒྲིག་གི་ཡོད་དམ། སྒྲོལ་མ་ཟི་ལིང་བོད་སྨན་ཁང་དུ་ཅིའི་ཕྱིའི་ཡོང་བ་ཡིན་ནམ། སྒྲོལ་མས་བིས་ཞིན་བརྒྱུད་ནས་གསར་བུ་འདྲ་མིན་གྱི་མཉམ་དུ་དགའ་རོགས་སྒྲིག་བཞིན་པ་འདི་སྒྲོལ་མའི་རྒད་པོས་ཤེས་གི་ཡོད་དམ། སྒྲོལ་མའི་སྐོར་ལ་བསམ་བློ་བཏང་ན་ངའི་སེམས་མི་སྐྱིད་པ་མ་ཟད་མགོ་ནང་ལ་ཡང་གཟེར་ཞིག་རྒྱུག་གི་ཡོད་པའི་ཚོར་སྣང་བྱུང་།
"མེ་འཁོར་འབབ་ཚུགས་སུ་སླེབས་སོང་།" གླ་གཏོང་ཁ་ལོ་བའི་ངའི་ཕྱིར་དྲན་རབ་རིབ་དེ་དཀྲོགས།
"སྒོར་མོ་ག་ཚོད་རེད་དམ།"
"སྒོར་མོ་བཅོ་བརྒྱད་རེད་།"
ངས་གླ་གཏོང་ཁ་ལོ་བར་སྒོར་མོ་སྤྲད་རྗེས་མེ་འཁོར་འབབ་ཚུགས་ཀྱི་མི་ཚོགས་གསེང་ལ་འཛུལ།
མཆན།
བིས་ཞིན། བོད་སྐད་དུ་སྐད་འཕྲིན་ཟེར་ནས་འབོད་།
ལ་ཁ། ཨ་མདོའི་སྐད་དུ་ཁང་ཐོག་གི་དོན།
ནན་ཧྲིན་ལུའུ། ཟི་ལིང་གི་སྲང་ལམ་ཞིག་གི་མིང་། བོད་སྐད་དུ་ལྷོ་རི་ལམ་ཡང་ཟེར།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།