འབྲོག་མོ་ཁ་པར་ཅན་ཞིག་དྲན་པ།
ལོ་བཅུའི་སྔོན་ལ་རྒད་པོ་ལྷ་སྲུང་གིས་རུ་སྡེ་འདིར་ཐེངས་དང་པོར་འཕྲུལ་རྟ་ཞོན་ཡོང་། དེ་དུས་སེར་ཆེན་ཐང་གི་སྡེ་མི་དག་ལྷ་སྲུང་ཚང་གི་སྒོ་ཁར་རུབ་སྟེ་མིང་ལ་ཅ་ལིན་“嘉陵”ཟེར་བའི་འཕྲུལ་རྟ་མགོ་ལྟིག་དེ་ལ་ཡ་མཚན་གྱི་མིག་ཟུང་ཅེར། ཁོ་ཚོས་རྫོང་ལ་འགྲོ་ཐེངས་རེར་རྒད་པོ་ལྷ་སྲུང་གི་འཕྲུལ་རྟའི་འཕོངས་ལ་འདུག་རྒྱུར་རེ་སྨོན་ཆེན་པོ་བྱེད་ཅིང་། ཁོ་ཚོ་འཕྲུལ་རྟའི་དུད་ཁུང་ལས་བརྡོལ་བའི་སྔོ་ལྷོག་ལྷོག་གི་དུད་སྨུག་ཁྲོད། རྫོང་ཐོག་ལ་འགྲོ་བའི་རྒྱབ་གཟུགས་མག་མོག་དག་ལ་མིག་སྐྱེལ་བྱེད་རྒྱུར་དགའ། དེའི་རྐྱེན་གྱིས། ཡུན་རིང་མ་འགོར་བར་སེར་ཆེན་ཐང་གི་ཁྱིམ་རེའི་སྒོ་ཁར་འཕྲུལ་རྟ་རེ་བཞག་ཡོད། དེ་དུས། ཁོ་ཚོས་འཕྲུལ་རྟའི་བཟང་ངན་གྱི་དབྱེ་བ་གླེང་མགོ་བརྩམས།
རྒད་པོ་ལྷ་སྲུང་ཚང་ནི་སེར་ཆེན་ཐང་གི་ཁྱིམ་ཚང་ཆེས་ཕྱུག་པོ་དེ་ཡིན། ཁོས་རང་གི་སྤྱི་གཙུག་གི་རལ་བ་རྒྱབ་གཞུང་ལ་འཕེན་ཞོར། ཁེངས་ཉམས་ལྡན་པའི་ངང་སྡེ་བ་འདིར་ཐེངས་དང་པོར་འཕྲུལ་རྟ་ཞོན་ཡོང་ཞིང་། ལོ་འགའི་རྗེས་ནས་སྡེ་གྲལ་འདི་ནས་ལག་འཁྱེར་ཁ་པར་ཐོག་མར་སྤྱོད་མཁན་དུའང་གྱུར་བས། མི་དག་རྒྱུན་པར་ཁོ་ཚང་ལ་འགྲོ་ཐེངས་རེར་བྱ་དངོས་གསར་བ་གང་ཞིག་མཐོང་ཅི་ཐུབ་བྱེད་པ་གོམས་གཤིས་སུ་གྲུབ་ཡོད།
རྒད་པོ་ལྷ་སྲུང་གིས་བྱ་དངོས་གསར་བར་སྣང་འཇོག་ཆེན་པོ་བྱེད་པས། ཁོ་སྡེ་གྲལ་ནས་རྫོང་ཐོག་ལ་འགྲོ་འོང་བྱེད་ཐེངས་ཆེས་མང་བ་དེ་ཡིན། རྫོང་ལ་འབྱོར་ཐེངས་རེར། ཁོས་ཚོང་ཁང་གཅིག་ཀྱང་མ་ལུས་པར་ཉུལ་ཏེ་ཚོང་ཟོག་གསར་བར་རྒྱུས་ལོན་ཆེན་པོ་བྱེད་ལ། ཐ་ན་སྒོར་ཟུར་གཅིག་ཅན་གྱི་ཟས་རིགས་ཤིག་ཡིན་ཡང་། དེའི་བྲོ་བ་མྱོང་རྒྱུ་ནི་ཐག་ཆོད་ཡིན། སྐབས་དེའི་ཚོང་ཁང་དག་གི་ཚོང་རྫས་ལ་བཟང་ངན་དང་དཀའ་སླ། རྣམ་གྲངས་སོགས་གང་ཅིའི་ཐད་ནས་བར་ཁྱད་ཆེན་པོ་མེད་མོད། ཁོ་ཚོང་ཁང་ཀ་བའི་ནང་ནས་མཐོང་མྱོང་བའི་དངོས་ཟོག་ལ་ཁ་བའི་ནང་ནས་ཡང་བསྐྱར་ཞིབ་ལྟ་བྱེད་རྒྱུར་དགའ།
ན་ནིང་ང་རང་སློབ་གསེང་གི་སྐབས་དང་བསྟུན་ཏེ་ཕ་ཡུལ་ལ་ལོག་ཐེངས་དེར་རྒད་པོ་ལྷ་སྲུང་ལ་ཐུག་བྱུང་། ཆུང་དུས་ཁོ་ངེད་ཚང་གི་ཁྱིམ་མཚེས་ཡིན། དེ་དུས། དོན་ཁོ་དང་ངེད་གཉིས་ཁོའི་འཕྲུལ་རྟའི་འཕོངས་ལ་ཞོན་རྒྱུར་ཧ་ཅང་དགའ། ངེད་གཉིས་རྫོང་ལ་མི་འགྲོ་ནའང་། ཁོ་རྫོང་ལ་འགྲོ་ཐེངས་རེར། ཁོའི་འཕྲུལ་རྟའི་འཕོངས་ལ་ཞོན་ནས་རང་ཁྱིམ་ནས་མདའ་རྒྱང་གཅིག་ཙམ་གྱིས་ཆོད་པའི་ཉག་ཁ་དེ་རུ་ཕྱིན་ཏེ་ཕྱིར་རྐང་ཐང་ངང་ལོག་པ་ཡིན། འཕྲུལ་རྟའི་གོང་ནས་ངོ་གདོང་རླུང་གིས་བྲབས་པའི་སྣང་བ་བརྗེད་དཀའ་བ་ཞིག་རེད། ཁོའི་རྒྱབ་གཟུགས་འཕྲུལ་རྟའི་ལྡུར་སྒྲའི་ཁྲོད་ནས་སྔོ་ལྷོག་ལྷོག་གི་དུ་བ་དང་ལྷན་དུ་རྒྱང་ལ་བཀྱེད་འགྲོ་བ་ད་དུང་ངའི་དྲན་ངོགས་ན་གསལ་ལྷང་ངེར་འདུག དོན་ཁོ་ནི་ཁོའི་བུ་ཆུང་བ་ཡིན། ངའི་ནར་སོན་གྱི་ལོ་ཟླའི་ཁྲོད་ཀྱི་ཟླ་བོ་གཅིག་པུ་ཡིན། རྒད་པོ་ལྷ་སྲུང་རྫོང་ལ་སོང་སྟེ་ཕྱིར་ལོག་དུས། ངེད་གཉིས་སྔར་བཞིན་སྔུན་གྱི་ཉག་ཁ་དེར་ཕྱིན་ཏེ་ཁོའི་ལོག་ཕེབས་ལ་སྒུག་པར་ལོབས་ཡོད། བྱིས་དུས་སུ་ངེད་གཉིས་ལ་ཁོའི་འཕྲུལ་རྟའི་འཕོངས་ལ་ཞོན་རྒྱུ་ལས་ལྷག་པའི་རྨི་ལམ་དང་ཕུགས་བསམ་གཞན་ཅི་ཡང་མེད། དོན་ཁོས་ལག་ཟུང་ཐལ་མོ་སྦྱར་ཏེ་"སང་ཉིན་ཨ་ཕ་རྫོང་ལ་འགྲོ་བར་སྨོན། བུད་སོང་ན་འུ་གཉིས་སྔ་དྲོ་ཉག་ཁ་བརྒལ་ཏེ་ཆུ་ཁར་སོང་ཆོག ཕྱི་དྲོ་ཕྱིར་ཉག་ཁར་ལོག་སྟེ་ཨ་ཕར་བསྒུག་ཆོག "ཅེས་སྨོན་ལམ་བརྒྱབ་མྱོང་། དེ་དུས་རྒད་པོ་ལྷ་སྲུང་གི་དམར་སྨུག་གི་བཞིན་མདངས་ལས་སྡེ་མི་དག་གིས་གཞན་དང་མི་འདྲ་བའི་དཔའ་སྤོབས་ཤིག་དང་གསོན་ཤུགས་ཤིག་མཐོང་འོང་། དེ་ནི་རུ་སྡེ་འདིར་འཕྲུལ་རྟ་ཞོན་མཁན་ཁོ་གཅིག་པུ་ལས་མེད་པས་ཡིན་སྲིད། ད་ནི་ཁོའི་གདོང་གི་གཉེར་རིས་ལ་བལྟས་ཚེ་རྒས་འདུག་པར་སྣང་མོད། པགས་རྩག་ཕུད་དེ་ནུབ་ལྭ་གྱོན་ཞིང་རླངས་འཁོར་ནང་ལ་ཙོག་ཡོད་པ་དང་། སྔོན་གྱི་ཕྱག་མདུད་དཀར་དམར་འདོགས་སའི་མགྲིན་པ་ནག་པོར་དཀར་མདངས་རྒྱས་ཤིང་མགུལ་ཆིངས་སྔོན་པོ་བཏགས་ཡོད་པ། སྤྱི་གཙུག་གི་རལ་བ་ཙོར་ཙོར་བཞར་ཏེ་སྐྲ་རྩེ་སྙོམས་པའི་ཕིན་ཐུག་“平头”བཞག་ཡོད་པ་སོགས་ཁོའི་ཆ་ལུགས་ཀུན་ལ་བལྟས་ཚེ་ཇེ་གཞོན་དུ་གྱུར་བའི་སྣང་བའང་སྦྱིན་འོང་།
རྒྱུན་པར་སློབ་གྲྭ་ནས་ཕྱིར་ཕ་ཡུལ་ལ་ལོག་ཐེངས་རེར་སྡེ་མི་དག་གིས་"ཁྱོད་ཀྱི་སྐད་ཆར་རོང་སྐད་ཀྱི་ཞད་འདྲེས་འདུག ད་ནི་རོང་མོ་ཞིག་འཁྲིད་ཡོང་རྩིས་ཡིན་ནམ "ཟེར་ལ། ད་དུང་ནོར་ལུག་གི་རྫི་བོར་གྱུར་བའི་ན་ཟླ་དག་གིས་ཀྱང་"ཤ་མདངས་ཇེ་དཀར་དུ་སོང་འདུག ད་ནི་རྒྱ་མི་ཞིག་དང་འདྲ་བོ་འདུག རྒྱ་མོ་ཞིག་འཁྲིད་ཡོང་རྩིས་ཡིན་ནམ"ཞེས་ཀུ་རེའི་ཟོལ་གྱིས་ཟུར་ཟ་བྱས་འོང་དུས་ངས་རང་ཉིད་ཀྱི་འགྱུར་ལྡོག་ཅི་རིགས་ལ་ཕྱིར་རྟོག་མི་བྱེད་ཐུ་མེད་བྱུང་།
ཉིན་མོ་དེར། རྒད་པོ་ལྷ་སྲུང་གིས་ཀྱང་ང་ལ་འཚམས་འདྲིའི་ཚུལ་དུ་"ད་ཁྱོད་གསར་རྒོད་ཅིག་ཏུ་གྱུར་འདུག རྒྱ་ནང་ནས་རྒྱ་མོ་ཞིག་ཁྲིད་མ་ཡོང་ངམ" ཟེར།
ཁོ་བོ་གྲོང་ཁྱེར་གྱི་འདུ་འཛི་དང་འུར་ཟིང་བརྒལ་ཏེ་མཐོང་ཡངས་པའི་ལྷིང་འཇགས་ཀྱི་ཕ་ཡུལ་ལ་ལོག་ཐེངས་དེར། མེ་ཏོག་གི་དྲི་བསུང་དང་བསིལ་རླུང་གི་འཇམ་ཤའི་ཁྲོད་ནས་དཔག་མེད་ཀྱི་བདེ་སྣང་ཞིག་ཚོར་ཡང་། རྒད་པོ་ལྷ་སྲུང་གི་སྐད་ཆ་འདི་ཐོས་དུས། དྲན་གདུང་གི་མུན་པ་འཐིབས་པའི་ཁང་མིག་ལས་ཕྱིར་བུད་པའི་སྐད་ཅིག་མར། ཉི་ཟེར་འཇམ་པོ་མིག་ལ་འཚེར་བ་དང་འདྲ་བའི་སྣང་བ་དྭངས་མོ་དེ་གློ་བུར་དུ་འཁྱག་སིབ་སིབ་ཏུ་བསྒྱུར་སོང་།
ངས་ཁོ་ལ་སྒྲོལ་མའི་ཁ་པར་ཨང་གྲངས་དྲིས་པ་ཡིན།
ཁོས་"ཁྱོད་ཚོ་སློབ་གྲྭ་བ་དག་གིས་ཀྱང་རུ་ནང་གི་འབྲོག་མོ་ཞིག་ལ་ཁ་པར་གཏོང་འདོད་དམ "ཟེར།
ཅི་བཤད་ཡིད་ལ་མ་ཤར་པས། ང་ཅི་མི་སྙམ་པར་ཁ་རོག་གེར་བསྡད་པ་ཡིན། ཁོའི་སྣང་བ་ཡངས་མོ་དོགས་པར་ཚུད་པས་ཀྱད་ཚིག་གི་སྣེ་མོ་ཁོག་ལ་བསྡུས་ཏེ་སྒྲོལ་མའི་ཁ་པར་ཨང་གྲངས་བཤད་བྱུང་།
སྒྲོལ་མའི་ཁ་པར་ཨང་གྲངས་༡༣༦༣༩༧༣༩༠༩༣རེད།
ཁོ་མོའི་ཨང་གྲངས་ལ་༨༨༨༨དང་༩༩༩༩ལྟ་བུའི་གྲལ་འགྲིག་པའི་ཟིལ་ཤུགས་ཅི་ཡང་མེད་ནའང་། འདིའི་ཕག་ལ་གཟུགས་མེད་ཀྱི་འགུག་ཤུགས་གཞན་དང་མི་མཚུངས་པ་ཞིག་བསྐུངས་ཡོད་པས།སེར་ཆེན་ཐང་གི་གསར་བུ་དག་གི་གྲས་ན་ཨང་གྲངས་འདི་བློ་ལ་ངེས་མེད་པ་ཧ་ཅང་དཀོན། བརྒྱ་ལ་གཅིག་ཡོད་ན་ནི་ཨང་ཀི་མི་ཤེས་པའི་ལུག་རྫི་དབང་ཆེན་ཁེར་མོ་ཡིན། ད་ནི་ཁོས་ཀྱང་ཨང་ཀི་གཅིག་ནས་བཅུ་བར་བསླབས་ཏེ་སྒྲོལ་མའི་ཨང་གྲངས་བློར་བཟུང་ཞིང་། མི་འགྱངས་པར་མར་ཆུར་བཙོངས་ཏེ་ཁ་པར་ཞིག་ཉོ་རྩིས་བྱེད་ཀྱིན་འདུག་ཟེར།
སྒྲོལ་མ་ནི་ང་ཚོ་སྡེ་བའི་ནང་གི་བུད་མེད་མཛེས་མ་གཅིག་པུ་དེ་ཡིན། སྒྲོལ་མའི་ནག་ཅིང་སྒོར་བའི་མིག་ཟུང་ལ་མི་སེམས་ཀྱི་མཛེས་པ་འདྲེན་པའི་དྭངས་ཆ་ཞིག་ཡོད། ཁོ་མོའི་སྲབ་མཐུག་རན་པའི་མཆུ་སྒྲོས་ཀྱི་བར་ནས་དུང་སོ་སུམ་ཅུ་ལྷུག་ལྷུག་བཞད་དུས། ལུས་ཀྱི་ལྡེམ་འགུག་དང་མིག་གི་འཁོར་ཕྱོགས་ཙམ་གྱིས་ཀྱང་གསར་བུ་མང་པོའི་སེམས་པ་བརྩེ་དུངས་ཀྱི་རྙི་ལ་བཅུག་འགྲོ ཁོ་མོས་ཐོད་ཁའི་ལན་བུ་རླུང་ལ་བསྐྱོན་ཏེ་གོམ་ཆུང་ཕྲ་མོའི་འདེགས་འཇོག་རྫི་གླུ་ལ་བསྟུན་དུས། སེམས་པ་མི་ཤོར་བའི་རྫི་བོ་གཅིག་ཀྱང་མེད། ངས་ཀྱང་སྒྲོལ་མའི་མིག་མདངས་ཀྱི་ཁྲོད་ནས་སྨྲ་མི་ཤེས་པའི་བདེ་སྣང་ཞིག་ཚོར་འོང་བས། སླར་ཡང་ཁ་རོག་གེར་ཁོ་མོའི་མཛེས་སྡུག་ལ་རྒྱང་ལྟ་མཛད་འདོད། ང་ནི་ཁོ་མོའི་མིག་ཟུང་གི་མཚེའུའི་ཁ་རུ་བབས་པའི་ངང་ཆུང་ཞིག་ལྟར། ཁུ་སིམ་མེར་ཕ་ཡུལ་ལ་འབྱོར་དུས། ཁོ་མོས་སྔར་བཞིན་རྩྭ་ཐང་གོམ་ཞེང་གིས་འཇལ་ཏེ་བརྩེ་བ་སྐར་འོད་ལ་བཅོལ་འདུག བརྒྱ་ཚོགས་སྟོང་འདུས་ཀྱི་སྐར་ཚོགས་དབུས་ནས་ཁོ་མོའི་བརྩེ་བའི་སྐར་ཆེན་སུ་ཞིག་གི་མཚན་ངོགས་ལ་ལྷང་ངེར་འཚེར་ཡོད་པ་སུ་ཡིས་ཤེས།
ངས་མི་གཞན་ལ་ཕ་ཡུལ་དུ་ལོག་དུས་ཕ་མ་མ་དྲན་སྔོན་དུ་སྒྲོལ་མ་ཡིད་ལ་དྲན་འོང་ཞེས་གླེང་ཚེ། གྲོགས་པོ་དག་གིས་ང་མི་ཁྲེལ་མེད་ཅིག་རེད་ཟེར། གང་ལྟར། ང་ལ་མཚོན་ན་ཕ་ཡུལ་ན་སྒྲོལ་མ་ལས་ལྷག་པའི་སེམས་པ་ཤོར་སའི་བུ་མོ་གཅིག་ཀྱང་མེད།
ནམ་རྒྱུན། བརླ་ཤ་ཕྱི་ལ་བསྟན་པའི་གྲོང་ཁྱེར་གྱི་བུད་མེད་དག འཁྲིག་སྤྱོད་ལ་རྔམ་པའི་རི་དྭགས་ཁྱུ་ཞིག་དང་འདྲ་བར་སྲང་ལམ་གྱི་མདོ་ཁ་དག་བརྒལ་དུས། ཁོ་བོས་ཁོད་ཡངས་པའི་རྩྭ་ཐང་ན་བབ་ཆགས་ངང་འཚོ་བའི་འབྲོག་མོའི་གཤིས་ཀ་དྲན་འོང་། རྒྱང་རིང་གི་མཚམས་སྤྲིན་འོག་གི་ཕ་ཡུལ་གྱི་སྒྲོལ་མ་དྲན་འོང་།
ཆུང་དུས་སུ་རྩེད་ར་གཅིག་ལས་ནར་སོན་ཡང་། ང་རང་སློབ་གྲྭར་འགྲིམས་པ་ནས་བཟུང་། སྒྲོལ་མ་དང་ངེད་གཉིས་གཙང་བོ་གཅིག་ལས་ཆུ་ལག་གཉིས་སུ་གྱེས་པ་ལྟར་སོ་སོའི་ལམ་ཁར་སྙེག་དགོས་བྱུང་།
ན་ནིང་ནས་བཟུང་ང་ལ་སྒྲོལ་མ་དངོས་སུ་མཐོང་བའི་སྐལ་བ་མ་བྱུང་ཡང་། ཁོ་མོའི་ཐད་ཀྱི་གནས་ཚུལ་མཐའ་དག་གསལ་གསལ་དག་དག་ངང་ཤེས་ཡོད།
ངས་ཁ་པར་གྱི་སྐུད་སྣེ་ནས་ཁོ་མོའི་ངག་གི་ཉམས་དང་སྐད་ཆའི་གདངས་ལ་ཐེངས་མང་ལ་ཉན་མྱོང་།
སྒྲོལ་མས་ཁ་པར་སྤྱད་པ་ནས་བཟུང་། ངས་ཁོ་མོར་འབྲེལ་གཏུག་བྱས་པ་ཡིན། ཡིན་ཡང་། ད་བར་དུ་ངེད་གཉིས་བར་ལ་འབྲེལ་བ་ཅི་ཡང་བྱུང་མྱོང་མེད། ཐ་ན་ཁོ་མོས་ང་རང་སུ་ཡིན་པའང་ཤེས་མེད།
ལོ་ངོ་ལྔའི་སྔོན་ལ། སྒྲོལ་མས་རྫོང་ཐོག་ནས་རྒྱ་མི་ཞིག་གིས་སྲང་མདོ་ན་ཁ་པར་གཏོང་གིན་པ་མཐོང་མྱོང་། དེ་ནི་ཁོ་མོས་ཐེངས་དང་པོར་མཐོང་བ་ཡིན། ཁོ་མོས་མི་དེས་ཁེར་བཤད་བྱེད་ཀྱིན་པར་འདོད་ཅིང་། རྒྱ་སྐད་ཀྱི་ནང་དོན་ཏིལ་འབྲུ་ཙམ་མི་གོ་ནའང་། རྒྱ་མི་དེའི་ཉམས་འགྱུར་ལ་བལྟས་ཏེ་ཧབ་ཆ་བརྒྱབ་མྱོང་། ད་ནི་སྒྲོལ་མས་མི་གཞན་ལ་ཁ་པར་གྱི་སྐོར་གླེང་ཐེངས་རེར་འདས་དོན་དེ་གླེང་བར་སྤྲོ། ཁོ་མོས་སྐབས་དེའི་སྣང་ཚུལ་སླར་ཡང་ཡིད་ལ་དྲན་ཏེ་ཧབ་ཆ་དི་རི་རི་བརྒྱབ་འོང་།
སྒྲོལ་མའི་ཨ་ཕའི་མིང་ལ་བཀྲ་ཁོ་ཟེར། ཁོ་ནི་རུ་སྡེ་འདིའི་ནང་གི་ཨུ་ཚུགས་ཆེས་ཆེ་བའི་རྒད་པོ་དེ་ཡིན།
ཁོས་ད་ལྟའང་རྫོང་ལ་འགྲོ་དུས་རྟ་ལ་ཞོན་ཏེ་འགྲོ་བཞིན་ཡོད། མི་དག་གིས་འཕྲུལ་རྟ་ཞོན་ཏེ་རྫོང་ལ་བསྲིངས་པའི་ས་ལམ་ཤུར་མོ་དེད་ནས་རྡུལ་འཚུབ་བེར་འགྲོ་དུས། ཁོའི་བང་རྩལ་གྱི་ཤ་རྩ་རྒྱས་པའི་ཞོན་རྟ་རྐྱང་རྐྱང་དེ་རྔོག་མ་གཟེང་ངེར་འདྲོགས་འགྲོ་ནའང་། སྲབ་ཁ་དམ་དུ་བསྡམས་པའི་མཐུར་འོག་ནས་འདྲོགས་ས་བརྒྱ་ཡོད་རུང་འབྲོ་ས་གཅིག་ཀྱང་མེད་པས། ད་ནི་རྟ་ཕོ་ལའང་འཕྲུལ་ཆས་ཀྱི་ལྡིར་སྒྲ་གོམ་ལོབས་སུ་གྱུར་ཡོད།
སེར་ཆེན་ཐང་ན་ཁོ་ཚང་མ་གཏོགས་འཕྲུལ་རྟ་མེད་པའི་ཁྱིམ་ཚང་གཅིག་ཀྱང་མེད། རྒད་པོ་ལྷ་སྲུང་གིས་རུ་སྡེ་འདིར་ཐོག་མར་འཕྲུལ་རྟ་ཞོན་ནས་ཐོན་དུས། ཁོས་ཡ་མཚན་གྱི་རྣམ་འགྱུར་ཅི་ཡང་མ་བསྟན་པར་དངན་པ་ཞིག་འཐེན་ཞོར་སྦྲ་ནང་ལ་འཛུལ་སོང་། ཚུལ་འདི་མཐོང་དུས་མི་དག་གིས་ཁོ་རྒས་འདུག་ཅེས་བཤད་པ་ལས་སྣང་འཇོག་ཅི་ཡང་མ་བྱས།
ལྷས་ར་ནོར་ལུག་གིས་ཁེངས་ཡོད་ཀྱང་རྒད་པོ་བཀྲ་ལོས་"དུས་ངན་སྙུགས་མའི་གདོན་རྫས་འདི་དག་"ཅེས་འཕྲུལ་རྟ་དང་ཁ་པར་གཅིག་ཀྱང་ཉོས་མྱོང་མེད།
ད་ལྟ་ཁོ་ལོ་ན་བདུན་བཅུར་སོན་ཡོད། རྒས་པའི་ཁུར་གྱིས་གནོན་ཐེངས་རེར། ཁོས་རང་གི་ཨུ་ཚུགས་ལ་རྒྱབ་འགལ་བྱས་ཏེ་རྫོང་ལ་འགྲོ་དུས་འཕྲུལ་རྟའི་འཕོངས་ལ་ཞོན་གྱིན་འདུག ཁོས་འདི་ནི་ལས་ཀྱིས་བསྐོས་པའི་གདམ་གསེས་ཤིག་ལ་སྣང་ཡོད།
ད་ནི་ཁོ་རང་དངོས་གནས་རྒས་འདུག
སྒྲོལ་མ་ནི་རྒད་པོ་བཀྲ་ལོའི་ཆེས་ཆུང་བའི་བུ་མོ་འདང་ཆེན་ཁེར་མོ་ཡིན།
མོ་ནི་ཁོའི་ཕ་དང་འདྲ་བའི་གཤིས་གྱོང་ཞིག་གཏན་ནས་མིན། ཁོ་མོ་ང་དང་འདྲ་བར་ཕྱི་རོལ་ནས་ཁྱེར་འོང་བའི་བྱ་དངོས་གསར་བར་མཚར་སྣང་དང་དང་དོད་འཛིན་རྒྱུར་ཧ་ཅང་དགའ།
ཆུང་དུས་སུ། རྒད་པོ་བཀྲ་ལོའི་ཨུ་ཚུགས་ཀྱིས་ཁོ་མོའི་མཚར་སྣང་ལ་བཀག་འགོག་བྱས་མྱོང་བས། ཁོ་མོས་རྒད་པོ་ལྷ་སྲུང་གིས་ཐེངས་དང་པོར་སྡེ་བའི་ནང་དུ་འཕྲུལ་རྟ་ཞོན་ཡོང་བ་ཐག་རིང་ནས་མ་གཏོགས་གམ་ལ་བཅར་ཏེ་མཐོང་མྱོང་མེད། དེ་དུས། ངེད་གཉིས་ཀྱིས་ནོར་ལུག་རི་སྐེད་ནས་མཉམ་དུ་འཚོ་ཞོར་རྒད་པོ་ལྷ་སྲུང་གི་འཕྲུལ་རྟའི་སྐོར་ནས་ཁ་བརྡ་བྱས་པ་ཡིན་ལ། ད་དུང་། དྭངས་གཙང་གི་སེམས་པ་ཟུང་གིས་རི་བོའི་ཕ་རོལ་ལ་བློས་བསླངས་བྱས་པ་ཡིན།
སྒྲོལ་མ་རིམ་བཞིན་ནར་སོན་པ་དང་བསྟུན་ནས་རྫོང་ལ་འགྲོ་དུས་ཨ་ཕར་ཤེས་སུ་མ་བཅུག་པར་གཞན་གྱི་འཕྲུལ་རྟའི་འཕོངས་ལ་ཞོན་ཏེ་སོང་མྱོང་།
ང་རང་ལོ་འགའི་སྔོན་གྱི་དབྱར་གནང་གི་སྐབས་ཤིག་ལ་རྫོང་ལ་འགྲོ་དུས། ཁོ་མོ་ལམ་འགྲམ་ན་རྐང་ཐང་དུ་འགྲོ་བ་མཐོང་སྟེ་འཕྲུལ་རྟའི་འཕོངས་ལ་བཟུང་སྟེ་རྫོང་ལ་སོང་བ་ཡིན།
ང་སློབ་གྲྭར་སོང་བ་དང་སྒྲོལ་མ་ཡུལ་ནས་ལུས་པ་ནས་བཟུང་། ནམ་རྒྱུན་ཁོ་མོར་ཐུག་ཐེངས་རེར། ངའི་མགྲིན་པའི་སྒོ་མོ་འཚུབ་སྣང་གིས་བསྒྲོགས་ཏེ་ཅི་ཡང་མི་ཁྲོལ་བས་ཁ་རོག་གེར་གླགས་དང་བསྟུན་ཏེ་ཁོ་མོའི་མཛེས་སྡུག་གི་བཞིན་རས་ལ་ལྟ་ཙམ་བྱེད་རྒྱུ་ལས་ཅི་ཞིག་ནུས། ལྷོད་ལ་བབས་ཏེ་ཞིབ་ཏུ་བསམ་ན་རང་ཉིད་ནི་ཅི་འདྲའི་གསར་བུ་སྙིང་ཆུང་ཞིག་རེད་ཨང་འདོད་འོང་། སྒྲོལ་མ་གཅིག་པུའི་སྔུན་ནས་མ་གཏོགས་དོན་དངོས་ཐོག་ང་ནི་དེ་འདྲའི་སྙིང་ཆུང་ཞིག་ག་ལ་ཡིན། ཡིན་མི་སྲིད།
སྐབས་དེ་ལའང་། ངས་འཕྲུལ་རྟའི་གོང་ནས་མེ་ལོང་གི་གྲུ་ཟུར་ལ་ཅེར་ཏེ། ཁྱོད་ཀྱི་རླུང་གིས་འབྲབ་པའི་ངོ་གདོང་ལ་ཡང་ཡང་ལྟ་རྒྱུ་ལས་ཅི་ཡང་མ་ནུས། སྒྲོལ་མ།
ལན་བུ་ཕྲ་མོ་དག་རླུང་གིས་བྲབས་ཤིང་ལམ་འགྲམ་གྱི་ཡུལ་ལྗོངས་རྒྱབ་ལ་བསྐྱུར་དུས། ཁྱོད་ཀྱིས་མཛོ་རྒྱབ་དང་རྟ་རྒྱབ་ནས་མ་རྙེད་པའི་བདེ་ལྕག་འཁྱུག་པོའི་ཚོར་བ་ཞིག་རྙེད་ཡོད་སྲིད། དེ་ནི་མཚར་སྣང་གི་འདོད་བློ་ཚིམས་པའི་བདེ་སྐྱིད་ཅིག་ཅི་ལ་མིན།
ཡིན་ནའང་། ཁྱོད་ཀྱིས་འཕྲུལ་རྟའི་ར་མགོ་ན་ཡོད་པའི་མེ་ལོང་གྲུ་བཞི་ལ་ལྟ་ཙམ་ཡང་མི་བྱེད་པ་ནི། ངས་ཁྱོད་ལ་ཁ་པར་གཏོང་དུས། ཁྱོད་ཀྱིས་གོམས་ལོབས་ངང་ཚོད་བགམ་ཇི་འདྲ་བྱས་ཀྱང་མ་ཁེད་པ་དང་འདྲ་བར། ངའི་ནང་སེམས་ཀྱི་བརྩེ་བ་ཞི་འཇགས་ངང་འདུག་བཟོད་བྲལ་ཨང་།
གལ་སྲིད། ཁྱོད་ཀྱིས་འཕྲུལ་རྟའི་འཕོངས་ནས་མེ་ལོང་དུ་ཐེངས་གཅིག་ལ་བལྟས་ཡོད་ཚེ། འུ་གཉིས་ཀྱི་མིག་ཞགས་ཀྱི་སྦྲེལ་མཚམས་ནས་ཁྱོད་ཀྱིས་ངའི་བརྩེ་སེམས་ཀྱི་ཟུར་ཞིག་རྟོགས་ཡོད་ཀྱང་སྲིད།
ངས་ད་ལྟའང་ད་དུང་འདི་ལྟར་བསམ་གྱིན་ཁོ་མོར་ཁ་པར་བཏང་ནའང་། ཁོ་མོས་གཞན་ལས་ལྷག་པའི་སྣང་འཇོག་ཅི་ཡང་མ་བྱེད་པ་སྐྱོ་ཨང་།
ངོ་མས་བཤད་ན་ཁོ་མོས་སྣང་འཇོག་མ་བྱས་པ་ག་ལ་ཡིན། ཁོ་མོས་ལག་འཁྱེར་ཁ་པར་བཟུང་བ་ནས་བརྩམས་ཏེ་ཁ་པར་ཨང་གྲངས་དང་འབྲེལ་བའི་བདག་པོ་ཀུན་ལ་སྣང་འཇོག་ཆེན་པོ་བྱས་ཡོད། དེ་ནི་ངས་ཁོ་མོར་ཐེངས་དང་པོར་ཁ་པར་གཏོང་དུས། མོའི་སྙན་འཇེབས་ཀྱི་སྐད་སྒྲས་ངའི་བཤད་འདོད་ཀྱི་མགྲིན་པ་འགག་ཏུ་བཅུག་སྟེ། ཚིག་གཅིག་ཀྱང་མ་བཤད་པར་ཁ་པར་གྱི་སྒོ་བརྒྱབ་ཀྱང་། མོས་ང་ལ་ཡང་དང་ཡང་དུ་ཁ་པར་བཏང་ཡོང་སྟེ་"ཁྱོད་སུ་ཡིན་"ཞེས་ཨ་ལན་སློག་ཚུལ་གྱིས་ཀྱང་ར་སྤྲོད་བྱས་ཡོད་པ་མིན་ནམ།
ངས་ནམ་རྒྱུན་སྒྲོལ་མར་ཁ་པར་གཏོང་ཐེངས་རེར་རྒད་པོ་ལྷ་སྲུང་དྲན་འོང་། ཁོ་མོས་ཀྱང་ཁ་པར་གྱི་རྐྱེན་གྱིས་རྒད་པོ་ལྷ་སྲུང་དང་མཚན་མོ་དེའི་དངངས་སྐྲག་ཡིད་ལ་འཁོར་གྱིན་ཡོད་སྲིད།
མཚན་མོ་དེར། ཀུ་རེ་དང་རྩེད་འཇོ་ལ་དགའ་བའི་རྒད་པོ་ལྷ་སྲུང་གིས་སྒྲོལ་མར་ཕོ་མོའི་ལུས་འབྲེལ་དང་ཁ་པར་གྱི་ངོ་མཚར་རྟོག་ཏུ་བཅུག
སྒྲོལ་མའི་རྟོག་བཏགས་ཀྱིས་ཟིན་པའི་དྲན་སྣང་གི་ཁྲོད་ལ་རང་གི་ལང་ཚོའི་མེ་ཏོག་ལ་བདག་པོ་རྒྱག་མཁན་རྒད་པོ་ལྷ་སྲུང་ཡིན་པ་ཡེ་ནས་འཆར་མྱོང་མེད།
མཚན་མོ་དེར། སྒྲོལ་མས་ཐེངས་དང་པོར་ཁ་པར་དངོས་སུ་མཐོང་བ་ཡིན། རྒད་པོ་ལྷ་སྲུང་སྒྲོལ་མའི་སྔས་འགྲམ་ནས་ཐང་ལ་ལོག་སྟེ། ཁ་པར་ངོས་ལ་ལྟ་ཙམ་དང་སྒྲོལ་མའི་གདོང་ལ་ཅེར་ཙམ་བྱེད་ཞོར་ཁ་བརྡ་མང་པོ་གློད།
སྒྲོལ་མས་ཁ་པར་ལག་ཏུ་བླངས་ཏེ་ཨ་མཚར་གྱི་མིག་མདངས་ཀྱིས་ཞིབ་ལྟ་ཙམ་བྱས་རྗེས་"དངོས་གནས་ཡ་མཚན་རེད"ཅེས་ཡང་ཡང་བཤད་པ་ལས། ཁོའི་འདོད་སྲེད་འདྲེས་མའི་སྐད་ཆ་དག་ལ་ཨ་ལན་ཅི་ཡང་མ་བྱིན། དེ་ནི་རྒྱུས་མེད་ཀྱི་ངོ་ཚ་དང་དངངས་སྐྲག་རིགས་ཤིག་གིས་ཁོ་མོའི་མགྲིན་པ་བརྣངས་པར་བྱས་པས་ཡིན་སྲིད།
མཚན་མོ་དེར། རྒད་པོ་ལྷ་སྲུང་གི་"བློར་འབབ་ན་འདི་ཁྱོད་ལ་བྱིན་ཆོག"ཟེར་བའི་སྐད་ཆ་དེ་ཡིས། ཁོ་མོར་ཞེ་ལྷོད་པའི་དགའ་སྣང་གི་འཛུམ་མདངས་ཤིག་ཕྱུང་དུ་བཅུག་པ་མ་གཏོགས། ཁོ་མོའི་དངངས་སྐྲག་གིས་གཅུན་པའི་སྙིང་ཆུང་གི་སྟིག་སྒྲ་ལ་འཇགས་ཡུན་བྲལ། ཡིན་ནའང་། མཚན་མོ་དེར། ཁོས་སྨིན་ཐག་ཆོད་པའི་ཁམ་བུ་ཞིག་གི་ཤུན་ལྤགས་བཤུ་བ་ལྟར། སྒྲོལ་མའི་ངོ་ཚས་སྲུང་བའི་རྐང་སྣུམ་ཨུ་ཚུགས་ངང་ཕུད།
གཡང་དཀར་ལུག་གི་འབའ་སྒྲ་དང་ཐོད་དཀར་འབྲི་མོའི་ངུར་སྒྲའི་ཁྲོད་ན་འདུར་བའི་འབྲོག་མོ་གཉོམ་ཆུང་འདི་ཡིས་ཟླ་འོད་ཀྱིས་བསྐྱིལ་བའི་ལྷིང་འཇགས་ཀྱི་མཚན་གཞུང་དེ་ལ་རྒད་པོ་ལྷ་སྲུང་གི་སྒུལ་མི་ཚུགས་པའི་ཤེད་ཤུགས་ཀྱི་འོག་ནས་འཕག་ཙམ་བྱས་ཀྱང་ཅི་ཡང་མ་ནུས།
ཁོ་མོའི་ལང་ཚོའི་མེ་ཏོག་འདི་ལྟར་ཅི་བྱ་གཏོལ་མེད་ཀྱི་སེམས་ཚོར་ཁྲོད་ནས་རྒད་པོ་ལྷ་སྲུང་གི་འདོད་སྲེད ་ཀྱིས་བཅོམ་སོང་། ཡིན་ཡང་།"ཁ་ལོ་བརྟོལ་བའི་དགའ་ལོ། སྐྲ་དཀར་པོར་ལོག་རུང་མི་བརྗེད"ཟེར་བ་ལྟར། ཁོ་མོས་ན་ཟུག་འདྲེས་མའི་ལུས་འབྲེལ་གྱི་མྱོང་བ་རྒད་པོ་ལྷ་སྲུང་ལ་ཕུལ་བར་འགྱོད་སྣང་ཅུང་ཙམ་ཡང་སྐྱེས་མྱོང་མེད།
མཚན་མོ་དེར། སྒྲོལ་མས་ཁ་པར་ལག་ཏུ་བཟུང་སྟེ་སླར་ཡང་རྫོང་ཐོག་ནས་ཐེངས་དང་པོར་རྒྱ་མི་ཞིག་གིས་ཁ་པར་གཏོང་བ་མཐོང་ཚུལ་བཤད་དེ་གད་མོ་བགད། ཁོ་མོའི་ལྷད་མེད་ཀྱི་དགོད་སྒྲས་རྒད་པོ་ལྷ་སྲུང་ལ་སྨྲ་མི་ཤེས་པའི་སེམས་ཚོར་ཞིག་བྱིན་པས། ཁོས་ད་ལྟའང་"མཚན་མོ་དེ་ནི་བརྗེད་ཐབས་བྲལ་བའི་གཏམ་རྒྱུད་ཅིག་ཡིན"ཞེས་ལབ་ཀྱིན་འདུག མཚན་མོ་དེར་ཁོས་རང་ཉིད་བརྩེ་དུངས་ཀྱིས་བཟི་བའི་གཞོན་ནུ་ཞིག་ཏུ་འཁྲུལ།
ཕ་ཡུལ་དུ་ལོག་ཐེངས་རེར། ངས་དོན་ཁོའི་ཁ་ནས་སྒྲོལ་མའི་ཐད་ཀྱི་བཤད་སྒྲོས་ཅི་རིགས་ཐོས་ཅི་ཐུབ་བྱས་པ་ཡིན། ཐེངས་ཤིག་ལ། ངས་ཕར་ལ་མ་དྲིས་སྔོན་ལ་ཁོས་ཚུར་ལ་"རྒད་པོ་བཀྲ་ལོ་ཚང་གི་སྒྲོལ་མས་ཁ་པར་བཟུང་འདུག་ཟེར། མོ་རུ་སྡེ་འདིའི་ནང་གི་བུད་མེད་ཁ་པར་ཅན་གཅིག་པུ་རེད"ཅེས་བཤད་བྱུང་། ཁོའི་གདོང་དུ་སོམ་ཉི་འདྲེས་མའི་མཚར་སྣང་གི་ཉམས་ཤིག་འདུག་ནའང་། ང་ལ་མཚོན་ན་དེ་ནི་དགའ་འོས་པའི་དོན་ཞིག་ལས་མ་འདས།
སེར་ཆེན་ཐང་ལ་ལག་འཁྱེར་ཁ་པར་ཐོག་མར་དར་དུས། མི་དག་ཕན་ཚུན་གྱི་ཨང་གྲངས་བློར་འཛིན་རྒྱུར་ཧ་ཅང་དགའ། ཁོ་ཚོས་མི་མང་ཚོགས་ས་ནས་ཁ་པར་ཐོན་པ་ན་སྐད་གསེང་མཐོན་པས་ངོམ་སོ་བྱེད་ལ། ཁོ་ཚོས་དོན་དག་མེད་ཀྱང་ཕན་ཚུན་ལ་ཁ་པར་བཏང་སྟེ་གང་ན་ཡོད་པ་དང་ཅི་ཞིག་བྱེད་ཀྱིན་པ་འདྲི་ཞིང་། ཁོམ་ལོང་དང་བསྟུན་ཏེ་འདུ་ཚོགས་རྒྱག་རྒྱུ་ཇེ་མང་དུ་ཕྱིན་ཡོད།
སྒྲོལ་མ་ནི་སེར་ཆེན་ཐང་གི་བུད་མེད་དག་གི་གྲས་ནས་ཐོག་མར་ཁ་པར་འཛིན་མཁན་དུ་གྱུར་སོང་བའི་ཐད་ལ་བཤད་སྒྲོས་སྣ་ཚོགས་མཆེད་པས། རྒད་པོ་བཀྲ་ལོས་སྐད་ངག་འདར་འདར་ངང་"གདོན་རྫས་འདི་གང་ནས་ཁྱེར་ཡོང་ན་ཕྱིར་དེ་ལ་ཞོག "ཞེས་བཤད་དགོས་བྱུང་ལ། ཁོ་ངོ་མདངས་དམར་པོར་གྱུར་བའི་སྒྲོལ་མའི་ཉམ་ཆུང་གི་ཚུགས་ཀར་བལྟས་ཏེ་ཅི་བྱ་གཏོལ་མེད་དུ་གྱུར་བ་ཐེངས་གཅིག་མིན།
དུས་དེར། སེར་ཆེན་ཐང་གི་གསར་བུ་ཚོས་སྒྲོལ་མར་འབྲོག་མོ་ཁ་པར་ཅན་ཞེས་བོས་མྱོང་།
སྒྲོལ་མའི་བརྩེ་དུངས་ཀྱི་གཏམ་རྒྱུད་རེ་རེ་ཁ་པར་དང་མ་འབྲེལ་བ་གཅིག་ཀྱང་མེད། ནོར་ལུག་གི་རྨིག་རྗེས་ནས་ནག་ཐིང་ཐིང་གི་སྐྲ་ལོ་རླུང་ཁར་འཕྱོ་དུས་ཀྱང་སྒྲོལ་མས་ཞེ་སྣང་བ་ཁ་པར་ལ་གཏད་དེ་ཧབ་ཆ་རྒྱག་ཅིང་། ད་དུང་བློར་ངེས་པའི་ཨང་གྲངས་ཁ་ཤས་ཀྱིས་ཁ་པར་གྱི་སིལ་སྒྲ་དང་སྦྲགས་ཏེ་ཁོ་མོར་སྨྲ་མི་ཤེས་པའི་སྤྲོ་སྣང་ཞིག་སྦྱིན་གྱིན་ཡོད།
ཁོ་མོས་ཁ་པར་ལས་ཁ་ཆད་བཏབ་རྗེས་མཚན་གཞུང་ལ་རྣ་བ་བླགས་ཏེ་མཛའ་བོའི་གོམ་སྒྲ་ལ་སྒུག་གིན་འདུག
སྒྲོལ་མའི་ཁ་པར་དུ་བཅུག་ཡོད་པའི་ཨང་གྲངས་དག་ལས་ངའི་ཨང་གྲངས་ནི་མོའི་བློར་མ་ངེས་པའི་ཨང་གྲངས་གཅིག་པུ་དེ་ཡིན་པས། ངས་ཉེ་རྒྱང་གང་རུང་ནས་ཁོ་མོར་མིག་གིས་ལྟ་རྒྱུ་དང་རྣ་བས་ཉན་རྒྱུ་ལས་ཅི་ཡང་མ་ནུས།
༢༠༡༤ལོའི་དབྱར་གཞུང་ཞིག་ལ་ཕ་ཡུལ་རྩེ་གཞུང་ནས་བྲིས།
༢༠༡༤ལོའི་དགུན་གཞུང་ཞིག་ལ་ཟི་ལིང་ནས་བཅོས།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།