རྔ་མ།
དེ་རིང་ནམ་རྒྱུན་དང་མི་འདྲ་བར་ཞང་གི་ཁང་སྟོང་དང་ར་སྟོང་དག་མི་དང་རླངས་འཁོར་གྱིས་གང་ཡོད་ལ་མང་ཚོགས་རྣམས་ཀྱིས་ཀྱང་ཞང་ལ་མགྲོན་པོ་གལ་ཆེན་ཞིག་ཐོན་ཡོད་ཤེས་ཡོད་དེ། སྒོ་ཆེན་ནས་སྐེ་སོ་རེ་བྱས་ཏེ་ཕྱིར་བུད་འགྲོ།
འོན་ཀྱང་། ཨ་ཁུ་རབ་རྒྱས་དང་ཨ་ཡེ་མཚོ་མོ་གཉིས་ཀྱིས་དཀའ་ངལ་དཀའ་ཁག་ཡོད་ཚུལ་སོགས་ཡར་ཞུ་ལུང་བ་གང་རེ་གྲ་སྒྲིག་བྱས་ཏེ། ཞང་གི་སྣེ་ལེན་ཁང་གི་སྒོ་ན་སྒུག་འདུག
ཞང་གི་སྣེ་ལེན་ཁང་དུ་ཧྲུའུ་ཅི་དང་ཞང་ཀྲང་གཉིས་ཀྱིས་ཁུལ་དཔོན་ལ་ཞང་གི་ལས་བྱེད་ཚོ་ངོ་སྤྲོད་ཞོར"ཁུལ་དཔོན་གྱིས་ཆང་འཐུང་དགོས། ཁུལ་དཔོན་གྱིས་ཆང་འཐུང་དགོས།"ཞེས། སྐྱེ་ཕོ་མོ་གཉི་གར་ཆང་འདྲེན་བཞིན་འདུག་ལ་དེའི་ཁྲོད་ན་རྡོ་རྡོ་ཡང་ཡོད། དེར་མཐུད་དེ་ལས་བྱེད་ཚོ་མི་གཉིས་རེ་གཉིས་རེ་བྱས་ཏེ། གཅིག་གིས་ཆང་དམ་བཟུང་ཞིང་གཅིག་གིས་པུ་ཙེ་ཆུང་ཆུང་གསུམ་བཞག་པའི་སྡེར་མ་དེ་བཟུང་སྟེ་ཁུལ་དཔོན་ལ་ཆང་འདྲེན་འགོ་བརྩམས།
དང་ཐོག་ཁུལ་དཔོན་གྱིས་པུ་ཙེ་གཅིག་གཉིས་ཤིག་འཐུང་ཞིང་། རྗེས་མ་ཕལ་ཆེ་བ་སྤུ་ཞང་གིས་འཐུང་སོང་། བར་སྐབས་ཤིག་ནས་ཁུལ་དཔོན་གྱིས་སྤུ་ཞང་ལ"ང་ལའང་ཅུང་ཙམ་འཐུང་དུ་ཆུག"ཅེས་བཤད་པས་སླར་ཡང་པུ་ཙེ་གཅིག་གཉིས་ཤིག་ཁུལ་དཔོན་གྱིས་འཐུང་། སྐབས་དེར། སྤུ་ཞང་ཁུལ་དཔོན་གྱི་མགོ་གང་ལ་འཁོར་ན་དེ་ལ་ལྡིང་ཞིང་། ང་ཚོ་རློམ་ཐབས་བྲལ་བ་ཞིག་ལ། ནུབ་ལྭ་ཆ་མ་ཞིག་གྱོན་ཡོད་པའི་ཁོག་སྟོད་ཀྱི་ཤྭ་བར་ནས་ཧྭ་རྔ་ཞིག་གི་སྣེ་མོ་བུད་འོང་། ཁོ་ར་བཟི་བ་དང་བསྟུན་ནས་རྔ་མ་ཇེ་རིང་ཡིན་ལ། ཡུན་ཙམ་ནས་ཧྭ་པས་བདག་པོ་མཐོང་བ་ལྟར་ཧྭ་རྔ་ལག་པ་གཡུགས་གཡུགས་བྱས་བྱུང་བ་རྡོ་རྡོས་མཐོང་བས། ཡུན་རིང་བཙལ་ནས་མ་རྙེད་པར་ཁོ་ཐག་ཆད་ཡོད་པའི་དངོས་པོ་ཞིག་མ་བསམས་ས་ཞིག་ནས་རྙེད་པ་ལྟར་ངག་ནས།"རྔ་མ། རྔ་མ། རྔ་མ།"ཞེས་རང་དབང་མེད་པར་ཤོར།
རྡོ་རྡོ་ནི་མི་ཞིག་གི་མིང་ཡིན་ལ་སྒྲུང་འདིའི་ནང་གི་མི་སྣ་གཙོ་བོའང་ཡིན། ཁོ་འབྲོག་ཁྱིམ་ཕལ་བ་ཞིག་ནས་སྐྱེས་མོད་ཆུང་དུས་ནས་སློབ་གྲྭར་སོང་བས། ད་ལྟ་རྨ་ཆུ་རྫོང་སྟག་སྣ་ཞང་གི་ལས་བྱེད་དཀྱུས་མ་ཞིག་ཡིན། རྡོ་རྡོ་ལས་གནས་འདིར་ཞུགས་ཏེ་མི་ལོ་བཅུ་ལྷག་འགོར་རུང་ཞང་སྲིད་གཞུང་དུ་ཁོ་ལ"བརྡ་རྒྱག"ལས་མིང་གཞན་མེད།
བརྡ་རྒྱག་ཅེས་པའི་མིང་དེའང་གོང་རིམ་གྱིས་ཁོ་ལ་ཐོབ་དང་གོ་ས་སོགས་མཚོན་ཕྱིར་གནངས་པ་མིན་པར། སྟག་སྣ་ཞང་གི་རྒད་པོ་ཞིག་གིས་བཏགས་པ་རེད། ཉིན་ཞིག། རྡོ་རྡོ་འཆར་ལྡན་བུ་སྐྱེས་ཀྱི་བྱ་བ་བསྒྲུབས་པར་མོ་ཐའོ་བཞོན་ཏེ་ཁྱིམ་ཚང་རེ་རེ་བཞིན་སྒོ་མྱུལ་བྱེད་དུས། རྒད་པོ་ཞིག་སྦྲ་ནང་ནས་ཐོན་ཏེ་འཛུམ་དམུལ་ལེར།
"ཁྱེད་རང་གསར་དུ་མངགས་པའི་ཞང་ཀྲང་ཡིན་ནམ"ཞེས་དྲིས་ཚེ།
ཁོས"མིན། སྡེ་བ་འདིའི་སྡེ་འགན་ལས་བྱེད་པ་ཡིན།"ཞེས་པར།
རྒད་པོའི་གདོང་གི་འཛུམ་མདངས་དལ་གྱིས་བསྡུས་ཤིང་སྣ་དགོད་ཅིག་ལོས་བྱེད་འདོད་པའི་ཉམས་ཤིག་བསྟན་ཏེ། "ཨོ། ཞང་གི་བརྡ་རྒྱག་ཅིག་ཡིན་ནམ།"ཞེས་པས། མཐའ་འཁོར་ན་ལག་ལ་འཆར་སྐྱེ་ཁུག་ལུ་བཟུང་ཡོད་པའི་སྐྱེས་མེད་འགའ་ཡོད་པ་ཆ་དིར་སེ་བགད་ཀྱང་། རྒད་པོ་དེའང་རྦབ་རྡོ་འགྲིལ་བ་ལྟར་བགད་བྱུང་།
དེ་ནས་བཟུང་ས་དེའི་མི་ཕལ་མོ་ཆེ་ཞིག་གིས་ཁོའི་མིང་ལ་བརྡ་རྒྱག་རྡོ་རྡོ་ཟེར་ཞིང་། རིམ་གྱིས་ཞང་དེའི་སྡེ་བ་གཞན་པའི་སྡེ་འགན་ལས་བྱེད་པ་རེ་ལའང་མིང་དེ་ཐོགས་སྐད།
དང་ཐོག་ཁོ་རང་མིང་དེར་དེ་འདྲ་མི་དགའ་རྒྱུ་མེད་མོད། ལོ་ཡར་བསགས་པ་དང་བསྟུན་མགོ་བ་ཆུང་ཆུང་ཚོས"བརྡ་རྒྱག"ཅེས་ས་མངགས་རྡོ་མངགས་བྱེད་པ་དང་། ལྷག་པར་དུ་མི་མང་བོ་ཞིག་གིས་བརྡ་རྒྱག་དང་ཚེ་གཡོག་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་རྩི་བཞིན་པས། ཁོས་མིང་དེ་བརྗེ་ཕྱིར་ཐབས་དང་བཀོད་པ་འཐེན་འགོ་བརྩམས། འོན་ཀྱང་། མིང་དེ་ནི་སྐྱེ་དུས་ནས་ཁོའི་ཐོད་པར་བྲིས་ཡོད་པ་ལྟར་བརྗེ་བསམ་དུས་བརྗེ་ཐུབ་པ་ཞིག་ཏུ་གཏན་ནས་མ་གྱུར།
མཚམས་རེར། ཁོས་རང་གིས་རང་ལ་སེམས་གསོའི་ཚུལ་གྱིས། རང་ལ་རྗེ་བླ་མས་བཏགས་པའི་ཆོས་མིང་དང་དྲིན་ཕ་མས་བཏགས་པའི་གཅེས་མིང་། ད་རུང་ལས་གནས་ཀྱི་དབང་གིས་བཏགས་པའི་བརྡ་རྒྱག་སོགས་མིང་མང་མེད་ན་ཉུང་མེད་པས། ཧྲུའུ་ཅི་དང་ཞང་ཀྲང་སོགས་མིང་ལྷག་མ་ཞིག་དགོས་དོན་མི་འདུག་ཅེས་བཤད། ཁོས་རང་གིས་རང་ལ་སྐད་ཆ་དེ་དག་ལབ་དུས་གཞན་གྱིས་གོ་ཡོད་མེད་ངས་ཀྱང་མི་ཤེས།
གང་ལྟར། ཁོས་རྔ་མ་དེ་མཐོང་རྗེས་རང་གི་དགོད་བྲོ་ཞིང་ངུ་ཁ་བའི་འདས་སོང་གི་བྱ་བ་མང་བོ་ཞིག་རང་དབང་མེད་པར་དྲན་ཞིང་།འགོ་བའི་ཚོགས་གཏམ་རེ་རེ་རང་གི་ཁོག་ནས་གྲགས་པ་ལྟར་རྣ་ལམ་དུ་འཁོར།
"རེད། གོང་ནས་ཞང་ཀྲང་གིས་བཤད་པར་ང་རང་ཧ་ཅང་འཐད། རྡོ་རྡོ་ང་ཚོའི་ཞང་འདིའི་སློབ་ཆེན་པ་ཐོག་མ་རེད། ལས་བཟོ་བའི་ནང་ནས་བྱ་བ་སྒྲུབ་ཡུན་ཡང་ཆེས་རིང་ཤོས་རེད། སྡེ་བ་རིམ་པའི་ལས་བྱེད་ཚོའི་དྲིན་གྱིས་བྱ་བའི་གྲུབ་འབྲས་ཀྱང་མི་ཆོག་རྒྱུ་མེད་གི འོན་ཀྱང་། ཁོ་ཡར་འཐེན་བྱེད་ཚུལ་མེད་པ་ཚང་མས་ཤེས་ངེས་རེད། ང་རང་ཞང་ཏང་ཨུའི་ཧྲུའུ་ཅི་ཡིན་པའི་ཆ་ནས་འདི་ལ་འགན་འཁུར་དགོས།"ཞེས་བཤད་དུས་ལས་གྲོགས་ཚང་མས་རྡོ་རྡོར་གྱེར་འདུག་ལ། རྡོ་རྡོས་ཀྱང་རང་ལ་གནོངས་ཤིག་ཡོད་པ་ལྟར་མགོ་སྒུར་ཏེ་བསྡད། ཁོའི་སེམས་སུ་ད་ཐེངས་ཡང་རང་ལ་མིང་དེ་བརྗེ་བའི་གོ་སྐབས་མེད་པ་གསལ་གྱི་ལེར་ཤར།
འགོ་བས་ནམ་རྒྱུན་རྡོ་རྡོར་ཉེས་ཅན་ལྟར་ལྟ་ཞིང་རྡོ་རྡོས་ཀྱང་རང་ཉིད་ཉེས་ཅན་ཞིག་མིན་པ་ཡིད་ལ་ཤར་མ་མྱོང་། འགོ་བོས་རྡོ་རྡོའི་གདོང་ལ་མཛུབ་མོ་བཙུགས་ཏེ།"རྡོ་རྡོ། ཁྱོད་འཕྱུགས་འདུག ཁྱོད་གཏན་ནས་འཕྱུགས་འདུག"ཞེས་བཤད་པ་ནས་བཟུང་རྡོ་རྡོ་ངོ་མ་འཕྱུགས་སོང། རྡོ་རྡོའི་འགྲོ་འདུག་འཆག་གསུམ་ཚང་མ་ཀློའུ་འགྲོ་དང་། ཀློའུ་འདུག ཀློའུ་ཉལ་དུ་གྱུར། ཐ་ན། རྡོ་རྡོ་གད་མོ་ཞིག་བགད་པའང་ཀློའུ་དགོད་དུ་གྲགས་སོང་།
དོན་ངོ་མར་རྡོ་རྡོས་ཉེས་པ་ཅི་ཞིག་བཟོས་སོང་བ་ཁོ་རང་གིས་ཀྱང་མི་ཤེས་པས། དེ་ནི་ཁོའི་སྐྱོ་ངལ་གྱི་ཁ་སྣོན་ཞིག་ཏུ་གྱུར་ཡོད།
སྟབས་ལེགས་པ་ཞིག་ལ། ཚོགས་འདུ་གྲོལ་ཏེ་ཉལ་ཁང་ངམ་རང་རང་སོ་སོའི་གཞུང་སྒྲུབ་ཁང་༼ཞང་འདིའི་ལས་བྱེད་ཚོའི་ཉལ་ཁང་དང་གཞུང་སྒྲུབ་ཁང་གཅིག་ཡིན།༽དུ་ལྡོག་གིན་པའི་སྐབས། གསུམ་བཟང་ལྷ་མོས་ཕར་ལྟ་ཚུར་ལྟ་ཞིག་བྱས་རྗེས་རྡོ་རྡོ་མཐོང་ལམ་དུ་མ་ཤར་བ་འདྲ་ཏེ། འགྲོ་རོགས་བུ་མོ་གཉིས་ཀར"རྡོ་རྡོར་རྔ་མ་མེད་པ་བདེན་ནམ། དེ་འདྲ་ཡིན་ན་མགོ་བར་ཡང་ཁག་མི་འདུག"ཅེས་སྨྲས་པ་ཉེ་འགྲམ་ན་ཡོད་པའི་མི་འགས་གོ་ཞིང་གཅིག་གིས་གཅིག་ལ་བཤད་དེ་རྡོ་རྡོའི་རྣ་རྩར་ལྷུང་། རྡོ་རྡོས་གཏམ་དེ་གོ་རྗེས་འགོ་བས་རྒྱུན་དུ་བསྟོད་པ་བྱེད་སའི་ལས་གྲོགས་ཚོའི་འཕོངས་ལ་ཞིབ་ཏུ་བལྟས་མོད། ཚང་མས་གྱོན་པ་གྱོན་ཡོད་པས་རྔ་མ་མ་མཐོང་།
དེ་ནས་བཟུང་རྡོ་རྡོ་གང་དུ་སོང་རུང་གཞན་གྱི་འཕོངས་ལ་བལྟས་པས་མིང་ལ་བརྡ་རྒྱག་འཕོངས་མིག་ཐོགས། འོན་ཀྱང་། བརྡ་རྒྱག་ཅེས་པའི་མིང་དེ་མ་འགྱུར།
གང་ལྟར། "མི་རྣམས་ཆེས་སྐྲག་ས་ནི་ནོར་འཁྲུལ་ཡིན"པས་འགོ་ཁྲིད་གྱིས་ཁོ་ལ་རྔ་མ་མི་འདུག་ཅེས་མ་བཤད་པ་ལྟར། ཁོས་ཀྱང་གཞན་ལ་ཁྱེད་ཀྱི་རྔ་མ་སྟོན་རོགས་ཟེར་མ་ཕོད། ཁོས་ཡར་མར་ལ་རྩད་མང་པོ་བཅད་རྗེས་རྔ་མ་ཡོད་ཁོ་ཐག་ཡིན་པའི་མི་ཞིག་རྙེད་པ་ནི། ད་ལོ་སོ་མ་ཡར་འཐེན་བྱས་པའི་ཞང་ཀྲང་གཞོན་པ་རྟ་སྤུ་རེད།
རྟ་སྤུ་སྔོན་ཆད་དགེ་རྒན་ཡིན་ཞིང་ལས་གནས་སྲིད་གཞུང་དུ་སྤར་མ་ཐག་རྡོ་རྡོ་དང་འདྲ་བར་སྡེ་བ་ག་གེ་མོའི་བརྡ་རྒྱག་ཡིན། ལོ་གཅིག་མ་འགོར་བར་བརྡ་རྒྱག་རྟ་སྤུ་ནས་སྤུ་ཞང་དུ་གྱུར་སོང་བས། ལས་གྲོགས་ཚང་མས་ཁོས་མགོ་བར་རྒྱུན་དུ་རྔ་ལུ་གཡུགས་པས་རེད་ཟེར། ཡིན་ཡང་། རྡོ་རྡོས་ཁོའི་རྔ་ལུ་མ་མཐོང་བས་ཇི་འདྲ་ཞིག་ཡིན་པ་མི་ཤེས།ཁོ་སྐྱེ་བ་ནས་བཟུང་རྔ་མ་ཡོད་པའི་མི་ཞིག་མཐོང་མ་མྱོང་བས་དེ་ལ་ལྟ་འདུན་ཧ་ཅང་ཆེ་ཞིང་། ལྷག་པར་དུ་ཁོའི་མིང་དེ་བརྗེ་དགོས་ན་རྔ་མ་དགོས་པས་དེ་ལ་ལྟ་ཐབས་ཤིག་མ་འཐེན་ཀ་མེད་དུ་གྱུར། རྡོ་རྡོས་བསམ་བློ་ཡུན་རིང་བཏང་མཐར་ཐབས་མཆོག་ཏུ་གྱུར་བ་ཞིག་རྙེད། ཁོས་ད་བར་དུ་རང་ཉིད་འདི་འདྲའི་རིག་རྒོད་ཅིག་ཡིན་པ་མ་ཤེས། ཉིན་གུང་ལས་ཀ་གྲོལ་རྗེས་རྡོ་རྡོ་ཟ་ཁང་དུ་མ་སོང་བར། ཤོག་བུ་ཞིག་བཟུང་སྟེ་ཐད་ཀར་ལས་ཁུངས་ཀྱི་སྤྱོད་ཁང་ནང་དུ་སོང་། ཡིད་ཕངས་པ་ཞིག་ལ། རྡོ་རྡོ་ཆུ་ཚོད་གཉིས་ལ་སྤྱོད་ཁང་དུ་སྐྱག་པ་གཏོང་ཁུལ་བྱས་ཏེ་བསྡད་མོད། སྤུ་ཞང་དགོན་ནང་དུ་གྲྭ་བ་ཚོར་ཡིག་ཆ་ཞིག་གི་དགོངས་དོན་བསྒྲག་ཏུ་བུད་སོང་བས་རྔ་མ་ཡོད་པའི་མིའམ་མིའི་རྔ་མར་ལྟ་མ་ཐུབ།
རྔ་མ་ཞིག་ཡོད་ན་བརྡ་རྒྱག་ཅེས་པའི་མིང་དེའང་བད་༼སད༽ལ་ཉི་འོད་ཕོག་པ་ལྟར་ཡལ་འགྲོ་བར་རྡོ་རྡོས་འདོད་ཡོད་པས། ཁོ་ཉལ་ན་རྨི་ལམ་དང་ལངས་ན་ཁ་བརྡ་གང་དུའང་རྔ་མ་མེད་ས་ཞིག་མེད་པར་གྱུར། ༼ན་སུན་༽སེམས་ངལ་དེ་ཁོའི་ཆུང་མ་སེམས་དཀར་སྒྲོལ་མས་ཀྱང་སྔ་མོ་ནས་ཚོར་བ་མ་ཟད་མོ་རང་གི་སེམས་ཀྱི་ཁུར་བོ་ཞིག་ཏུ་གྱུར་བས། ཁོ་མོ་གནས་ལ་ཡོང་དུས་དྲིན་ཆེན་ཕ་མ་གཉིས་ཀྱིས་ཉོས་པའི་བྱུ་རུའི་སྐེ་རྒྱན་ཞིག་ཡོད་པ་བཙོངས་ཏེ། རྡོ་རྡོར་གཞན་ལ་ངོམས་རིན་ཡོད་པའི་རྔ་མ་ཞིག་ཉོས།
ངོ་མ། ལས་ལམ་ལ་འགྲོ་དུས་༼ ༽ལྟར། རྔ་མ་ཉོས་པའི་ཕྱི་ཉིན་རྡོ་རྡོར་སྤུ་ཞང་གིས་ཁ་པར་ཐོན་ཏེ། "སང་ཉིན་ཁུལ་དཔོན་གཞོན་པ་ཞིག་རང་རེའི་ཞང་ཐོག་ཏུ་བྱ་བར་ཞིབ་བཤེར་བྱེད་པར་ཕེབས་རྒྱུ་ཡིན་པས། དེ་རིང་ཕྱི་དྲོ་ཆུ་ཚོད་གསུམ་གྱི་སྔོན་དུ་ལས་ཁུངས་སུ་ཐོན་དགོས།"ཞེས་བཤད་རྗེས་ཅུང་ཙམ་ལ་ཨི-ཞེས་ཨི་རིང་འཐེན་ཞིག་བྱས་ཏེ་མུ་མཐུད་དུ།" ཨོ། ཞང་གིས་ཉོས་པའི་ནུབ་ལྭ་གྱོན་རྒྱུ་མ་བརྗེད། ད་ཁྱེད་ལ་བརྡ་འཕྲོད་ཡོད་རེ། རྗེས་སུ་ལུས་ན་སྒོར་གཉིས་བརྒྱའི་ཆད་པ་ཡོདཐལ།"ཞེས་སྐད་སྦྲོམ་པོས་བཤད་རྗེས་ཁ་པར་གྱི་སྒོ་བརྒྱབ།
སྤྱིར་ཡིན་ན། ཞང་གི་འགོ་བ་ཚོས་བརྡ་རྒྱག་དུས"ཆད་པ་ཡོད"དང"རང་གིས་འགན་འཁུར་དགོས"སོགས་ཟེར་ཐེངས་རེར། རྡོ་རྡོས་ཁ་པར་གྱི་སྒོ་གཏན་ཞོར་སྐད་མགོ་དམའ་མོས"ནམ་ཞིག་ལ་རང་འགན་རང་གིས་མ་ཁུར་བར་ཁྱེད་ཚོས་ཁུར་མྱོང"ཟེར་མོད། དེ་རིང་དེ་ལས་ལྡོག་སྟེ་སྐད་ཆ་དེ་དག་སེམས་ལ་ཅུང་ཙམ་ཡང་མ་གནོད།
ཁུལ་དཔོན་ཡོང་བའི་ཉི་མ་དེ་ནི་རྡོ་རྡོས་ནམ་ཡང་བརྗེད་མི་སྲིད་དེ། ཁོ་རང་ཡར་ལངས་དུས་མི་གཅིག་ཀྱང་ལངས་མེད་ལ། ཁོས་མགོ་རྐང་ལག་ཚང་མ་གཙང་མ་ཞིག་བཀྲུས་རྗེས་ནུབ་ལྭ་ཆ་མ་དེ་གྱོན་ཏེ་ལས་ཁུངས་ཀྱི་སྒོ་ནས་ལངས། ད་ནི་རང་ལའང་རྔ་མ་ཡོད་པས་གཞན་གྱི་ཟུར་ནས་སེམས་ཆུང་མི་དགོས་སྙམ། ལག་པ་རྒྱབ་ལག་བྱས་ཏེ། ཞང་གི་སྒོ་ནང་ནས་ཡར་འགྲོ་མར་འགྲོ་བྱེད་པའི་མི་ཚང་མར་འཛུམ་སྟོན་ཞོར་དང་མགོ་ལྡེམ་ཞོར་གྱིས་ཞང་ཀྲང་གི་ལད་མོ་ཡོང་ཅི་ཐུབ་བྱས། ཅུང་ཙམ་ནས་ལས་གྲོགས་ཚང་མས་རང་རང་གི་གྱོན་པ་གྱོན་ཏེ་སྒོ་ཁར་འཛོམས་ཤིང་། ཚང་མ་གྲལ་བསྒྲིགས་ཏེ་ཆུ་ཚོད་གཅིག་ཙམ་མ་གཏོགས་སྒུག་མ་དགོས་པར། མོ་ཊ་བཅུ་ལྷག་བཏང་བའི་ཁུལ་དཔོན་ཡང་སླེབས། རླངས་འཁོར་དང་བོ་དེ་ཤར་སེ་ར་ནང་དུ་འཛུལ་ཞིང་། རླངས་གཉིས་པའི་ནང་ན་ཁུལ་དཔོན་བསྡད་འདུག ཁུལ་དཔོན་གྱི་རླངས་འཁོར་སྒོ་འགྲམ་ནས་བསྡད་ཅིང་། འདུག་ལ་ཡོད་དུས་ནས་ཞང་ཀྲང་གིས་སྒོ་ཕྱེ་བེ་ལེན་བྱས་འདུག སྒོ་ཕྱེ་མ་ཐག་རྡོ་རྡོས་ཧྲུའུ་ཅི་ཡི་སྔུན་བླངས་ཏེ་ལག་འཇུ་ཞིག་བྱས་པ་དང་། ཁུལ་དཔོན་གྱིས"ཁྱེད་རང་ཧྲུའུ་ཡིན་ནམ་ཞང་ཀྲང་ཡིན"ཞེས་པར། རྡོ་རྡོས་སྡེ་བ་ག་གེ་མོའི་སྡེ་འགན་ལས་བྱེད་པ་ཡིན་མི་ཟེར་བར་"བརྡ་རྒྱག་ཅིག་ཡིན"ཞེས་ཁ་ནས་ཤོར། ཁུལ་དཔོན་གྱིས་ཧ་མ་གོ་བ་འདྲ་མོད་གོ་ཁུལ་གྱིས"ཨོ་བཟང་གི"ཟེར་ཞོར། རྡོ་རྡོའི་རྗེས་ན་འཚང་ཁ་རྒྱག་བཞིན་པའི་ཞང་གི་འགོ་བ་ཚོར་རེ་རེ་བཞིན་ལག་འཇུ་བྱས། ཧྲུའུ་ཅི་དང་ཞང་ཀྲང་མ་ཟད། སྤུ་ཞང་དང་གསུམ་བཟང་ལྷ་མོ་སོགས་ཀྱིས་ཀྱང་རྡོ་རྡོར་མིག་ལོག་གིས་བལྟས་མོད་རྡོ་རྡོས་ཧ་མ་གོ ཁུལ་དཔོན་སྣེ་ལེན་ཁང་དུ་གདན་དྲངས་རྗེས། ཧྲུའུ་ཅི་དང་ཞང་ཀྲང་གཉིས་ཀྱིས་ཁུལ་དཔོན་ལ་ཆང་པུ་ཙེ་གཉིས་མ་གཏོགས་མ་དྲངས་མོད། རྡོ་རྡོས་ཨུ་ཚུགས་མཐར་སྐྱེལ་ཏེ་དཀོན་མཆོག་གསུམ་པོའི་སྐལ་ཞེས་གསུམ་དྲངས་སོང་། ཁུལ་དཔོན་ཕྱིར་འགྲོ་སྐབས་རྡོ་རྡོས་ལས་གྲོགས་གཞན་པ་ཚོ་ལྟར་ལག་འཇུ་མ་བྱས་པར། དམ་འཁྱུད་ཅིག་བྱས་ཏེ"རྗེས་སུ་ཁུལ་ཐོག་ལ་ཐོན་ན་ཁ་པར་གཏང་འོང་ངེས"ཞེས་བཤད། ཁུལ་དཔོན་འཁོར་དང་བཅས་པ་ལམ་པ་བྱས་མ་ཐག་ཧྲུའུ་ཅི་ཡི་ངོ་མདོག་གློ་བུར་དུ་འགྱུར་ཞིང་། "ཚང་མ་ཚོགས་ཁང་དུ་སོང་།"ཞེས་ངར་སྐད་བསྒྲགས།
ཚོགས་ར་རུ་ནམ་རྒྱུན་ལྟར་འགོ་བ་བཅུ་གཉིས་བོ་གོང་གི་ཐའེ་ཡི་སྟེང་ན་ཁ་ཐུར་འཁོར་ཏེ་བསྡད་འདུག་ལ། ལས་བཟོ་བ་ཉུ་ཤུ་རྩ་གསུམ་པོ་ཚོགས་རའི་གཞུང་ནས་ཁ་ཡར་འཁོར་ཏེ་བསྡད།
ཚོགས་འདུ་འགོ་བརྩམས་མ་ཐག་མགོ་བས་མདུན་ཅོག་སྟེང་ལ་ཐལ་ལྕགས་ཤིག་གཞུས་ཏེ།༼དོན་ངོ་མར་མདུན་ཅོག་སྟེང་ཐལ་ལྕགས་ཀྱིས་གཞུས་པ་དང་ཚོགས་འདུ་འགོ་བརྩམས་པ་གཉིས་དུས་མཉམ་རེད༽སྲིན་མཛུབ་ཀྱི་སྣེ་མོ་རྡོ་རྡོའི་ཕྱོགས་སུ་བོའུ་མཆུ་ལྟར་གཏད་དེ་སྐད་ཤུགས་ཆེན་པོས། "རྡོ་རྡོ། ཁྱོད་ཡར་ལོངས"ཟེར། མ་གཞི་རྡོ་རྡོས་བཟང་བསྟོད་ཅིག་ལ་སྒུག་ཡོད་མོད། མགོ་བོའི་ངོ་མདངས་ལ་བལྟས་ན་བཟང་བསྟོད་མིན་པ་ཐག་གིས་ཆོད་པས་མགོ་ཅིག་འཕྲུག་ཞོར་ཡར་ལངས། འགོ་བས་མུ་མཐུད་དུ། "རྡོ་རྡོ། ཁྱོའི་མིག་ནང་ན་མི་ཞིག་མེད་དོན་ཅི་ཡིན། ང་ལ་ཁ་ངོ་མ་བྱིན་ན་ཆོག་གི འོན་ཀྱང་རྫོང་དཔོན། རྫོང་དཔོན་་"ཞེས། འགོ་བ་ཁོང་ཁྲོ་ལངས་པའམ་སེམས་འགུལ་ཐེབས་པ་གང་ཡིན་མི་ཤེས་མོད་ངག་ཀྱང་དགྲོལ་དཀའ་བར་གྱུར།
འགོ་བས་ནམ་ཡང་རྫོང་ཨུའུ་ཧྲུའུ་ཅི་དང་རྫོང་དཔོན་གྱི་སྐོར་གླེང་དུས། འབྲོག་པ་ཆོས་དད་ཅན་ཞིག་གིས་རང་གི་རྩ་བའི་བླ་མའི་མཚན་ནས་བཟུང་བ་ལྟར་གང་ཞིག་ལ་ཅི་ཞིག་གིས་ཞུས་འགྲོ་བས། ཁོས་ངག་མ་ཁྲོལ་བར་ལས་བཟོ་བ་ཚང་མས་རྒྱུས་ལོན་ངེས།
མགོ་བས་སླར་ཡང་མདུན་ཅོག་སྟེང་ལ་ཁུ་ཚུར་ཞིག་གཞུས་ཤིང་རྡོ་རྡོར་འབུར་ཚུགས་ཀྱིས་བལྟས་ཏེ། "ཡ། ཁྱོད་ཀྱིས་ཤོད་དང་། ཁྱོད་ཀྱིས་དེ་རིང་ཁུལ་དང་རྫོང་། ཞང་གསུམ་གྱི་འགོ་ཁྲིད་ཚོའི་སྔུན་ནས་སྟག་རྔ་དེ་རྟ་ལྕགས་གཡུག་གཡུག་བྱས་ཏེ་ཅི་ཞིག་བྱ་རྩིས་ཡིན། དོན་ངོ་མར་ཁྱེད་ལ་ཁོག་ཏུ་མི་ཤོང་རྒྱུ་ཅི་ཞིག་ཡོད།"ཅེས་བསྡིགས། དེ་དུས་རྡོ་རྡོས་ད་གཟོད་རང་གི་རྔ་མ་དེ་འགོ་བ་དགའ་སའི་རྔ་མ་མིན་པ་གཞི་ནས་རྟོགས་ཤིང་། སྐབས་དེར་ཁོས་ཆུང་ཁ་པར་ཞིག་གཏོང་ཐུབ་རྒྱུ་ན་འུ་གཉིས་ཀྱིས་རྔ་མ་ཉོ་ནོར་བྱས་འདུག་ཟེར་ཁོ་ཐག་རེད།
འགོ་བས་མུ་མཐུད་དུ། "དེ་ན་ན་ནིང་ལོ་མཇུག་མང་ཚོགས་ཀྱི་ལག་ནས་རྒན་གསོའི་མ་དངུལ་མི་ལོན་དུས་ཁྱེད་ཀྱི་སྟག་རྔ་དེ་གང་ལ་བསྐུངས་བཞག༼སྔོན་ཆད་སྲིད་གཞུང་གིས་བྱ་བ་རེའི་སྟེང་ནས་མང་ཚོགས་ལ་རྫུན་བཤད་པས། རྒན་གསོ་མ་དངུལ་དང་མཉམ་འབྲེལ་སྨན་བཅོས་ཀྱི་མ་དངུལ་སོགས་ཐོག་མར་བསྡུ་དུས། མང་ཚོགས་དེ་ལ་ཡིད་མ་ཆེས་པར་མི་བྱིན་མཁན་མང་བོ་བྱུང་མོད། གོང་རིམ་གྱིས་བརྒྱ་ཆའི་བརྒྱ་འགྲུབ་དགོས་པའི་འགན་བཞག་པས་མ་བྱིན་པ་ཚང་མ་ཞང་གིས་སྐྱིན།༽མཉམ་འབྲེལ་སྨན་བཅོས་ཀྱི་སྒོར་མོ་བསྡུ་དུས་ཁྱེད་ཀྱི་སྟག་རྔ་བོར་སོང་བ་མིན་ནམ"སོགས་ངོ་མཚང་མང་བོ་དྲིས་རྗེས། ཤུགས་རིང་ཞིག་བླངས་ཏེ་སེམས་ལྷོད་ལ་བབས་པའི་ཚུལ་གྱིས། "ཡ། ད་མང་བོ་མི་བཤད། ཁོང་ཁྲོ་ལངས་རྒྱུ་མང་ན་ང་རང་གི་བདེ་ཐང་ལའང་གནོད་གི ངས་ཁྱོད་ལ་ཟླ་གཅིག་གི་དུས་ཚོད་བྱིན། ལས་ཁུངས་རང་གིས་ཚོལ། འུ་གཉིས་ལོ་འགར་ལས་གྲོགས་བྱས་པའི་ཁ་ངོར་བལྟས་ཏེ་ངས་ཁྱོད་རང་རྩ་འཛུགས་ལ་མི་སྤྲོད།"ཟེར་ཞོར། ལག་པའི་རྒྱབ་རྡོ་རྡོར་གཏད་དེ་གཡུག་ཙམ་བྱས་ཏེ། "ད་སོང"ཟེར།
ཉིན་དེར་རྡོ་རྡོས་རྔ་མས་བསླངས་པའི་ཆག་སྒོ་ཟེར་བའི་ཉིན་ཐོ་ཞིག་བྲིས་ཤིང་། རྗེས་སུ་ཉིན་ཐོ་དེ་དྲ་ཐོག་ཏུ་ཕུད་ཅིང་དཔོན་པོ་འགས་བལྟས་རྗེས་ལྷུག་ལྷུག་དུ་བགད་ཀྱང་། གཡོག་པོ་འགས་བཀླགས་རྗེས་ཤུབ་ཤུབ་ཏུ་ངུས་སྐད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།