སློབ་བྱོལ་ཐེངས་གསུམ་པ།

དུང་བུ་ཆོས་འབུམ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-04-22

  ཨ་ཕས་རྒྱུ་མཚན་འདྲི་དུས། ང་ལ་བབ་འབྲེལ་གྱི་སྐད་ཆ་ཅི་ཡང་བཤད་རྒྱུ་མ་བྱུང་། ངས་ནོར་ལུག་ལྷས་ལ་འདེད་ཞོར་ཁ་བའི་དཀར་ཐིག་ལྷུང་བའི་རི་སྒང་དག་ལས་ཀི་རིང་རེ་བཏབ་པ་ཡིན། རླུང་བུའི་རྡོག་པ་རྩི་ཤིང་ལ་ཐོགས་ཏེ་ཤུར་ཤུར་གྱི་འབོད་སྒྲ་སེམས་ལ་ཁྱབ་དུས། ཕ་ཡུལ་གྱི་བྲང་གཞུང་ནས་མཆེད་པའི་བྲག་ཅ་སྙིང་ལ་བཅར་ཡོང་། ངས་ཕ་ཡུལ་ལ་ལོག་ཐེངས་རེ་རེར་འདི་ལྟར་ཕ་ཡུལ་གྱི་སྤང་ཁུག་ནས་ཡོད་ཚད་ཁུ་སིམ་མེར་འཇགས་སུ་བཅུག་རྗེས། ཕྱིར་ལོག་པ་ཡིན། ཕྱིར་གྲོང་ཁྱེར་གྱི་གྲུ་ག་ན་ཁེར་རྐྱང་གི་གདུང་བ་རུམ་པའི་སློབ་གྲྭར་ལོག་པ་ཡིན།
ཨ་མས་"ཅིའི་ཕྱིར་སློབ་གྲྭར་འགྲོ་མི་འདོད"ཅེས་བཤད་དུས། ངས་ཀྱང་མོའི་འདར་ཤིག་ཤིག་གི་སྐྱོ་སྣང་ཁུར་བའི་སྐད་ངག་ལ་ཉན་ཏེ་རང་སེམས་ལ་དྲི་བ་འདོན་དགོས་བྱུང་། ནམ་རྒྱུན་ཕ་ཡུལ་དང་བྲལ་ནས་རྒྱང་ལ་ཆས་ཀྱང་མཐའ་མཇུག་གི་ལོག་མལ་ཕ་ཡུལ་ཡིན་དོན་ཅི་ཡིན་ནམ། སློབ་གྲོགས་དག་གིས་ཁ་པར་གྱི་སྐུད་སྣེ་ནས་འདང་མ་ཕོག་པ་ལྟར་"ཡང་ཕ་ཡུལ་ལ་བུད་སོང་ངམ"ཞེས་ནན་འདྲི་བྱེད་དུས། ངས་ཕ་ཡུལ་ལ་ལོག་ཐེངས་རེ་རེར་མཐའ་འཁོར་གྱི་མི་དག་གི་སེམས་པ་གོམ་འགྲོས་དང་ལྷན་དུ་སྒུལ་གྱིན་པ་ཚོར་བྱུང་། དེའང་ཡིན་སྲིད། ང་ཕ་ཡུལ་ལ་ལོག་ཐེངས་རེར་སྐྱོ་སྣང་གི་སེམས་འཚུབ་ཅིག་གིས་དེད་ཡོང་བ་དང་འདྲ་བས། ངས་རང་གི་ནང་སེམས་ལ་བཙན་འཛུལ་བྱས་པའི་གྲོང་ཁྱེར་གྱི་འདུ་འཛི་དང་འུར་ཟིང་མ་གཏོགས་གཞན་གྱི་ཐུགས་ཁུར་ལ་དོ་སྣང་བྱེད་མི་སྲིད། དགོངས་དག་ཞུ།
  ཡུལ་ལ་ལོག་སྟེ་ཁྱིམ་ལ་འཛུལ་རྗེས་ཀྱི་ཨ་ཕའི་"ཞི་ལི་ཐོན་བྱུང་ངམ"ཞེས་པའི་སྙིང་ཉེ་བའི་སྐད་ཆ་ཞེ་རྩར་ལྷུང་ཐེངས་དེ་ལ། ངས་སྐད་ཆ་དེའི་རྒྱབ་ཀྱི་སེམས་ཁྲལ་ཞིག་ཚོར་འོང་ལ། ད་གཟོད་རང་ཉིད་སློབ་བྱོལ་དུ་ཡོང་ཐེངས་གསུམ་པ་ཡིན་པ་དྲན་བྱུང་།
  ཡུལ་ལ་ལོག་པའི་ལམ་བར་དུ་དོན་གྲུབ་ལ་ཐུག་པས། གྲོང་ཁྱེར་དང་སློབ་གྲྭ་ལ་བྲོས་བྱོལ་བགྱི་བའི་ངའི་སེམས་པ་གཞི་ནས་ཕ་ཡུལ་གྱི་མི་དངོས་བྱ་གསུམ་གྱི་སྟེང་ལ་བབས། དོན་གྲུབ་ནི་ངའི་ན་ཟླ་ཡིན་ལ་སློབ་གྲོགས་ཡིན་ཞེས་བཤད་ཀྱང་ཆོག ཁོ་སློབ་ཆུང་ལོ་རིམ་གསུམ་པའི་སྐབས་སུ་སློབ་བྱོལ་དུ་ཕྱིན། དེ་ནས་བཟུང་ཕྱིར་མ་ལོག སློབ་ཆུང་སྐབས་སུ་ང་ཁེར་མོ་མ་གཏོགས་ཕ་ཡུལ་གྱི་ན་ཟླ་ཚང་མ་དེ་ལྟར་གཅིག་རྗེས་གཅིག་གིས་མཐུད་དེ་སློབ་བྱོལ་བྱས་ཚར། ད་ལྟ་ཁོ་ཚོ་ནི་ཨ་ཕར་གྱུར་མེད་ན་ཨ་མར་གྱུར་ཡོད་པ་དག་དག་ཡིན། དོན་གྲུབ་ཀྱང་དེའི་ནང་གི་གཅིག་ཡིན། ཁོ་ཚོས་ང་ལ་ཡིད་ཀྱི་སྨོན་པས་བཏེགས་པའི་"ང་ཚོའང་ཁྱོད་དང་འདྲ་བར་སློབ་གྲྭ་ན་བསྡད་ཡོད་ཚེ། ད་ལྟ་སློབ་ཆེན་པ་ཞིག་ཡིན་སྲིད"ཅེས་པའི་སྐད་ཆ་འདི་ལྟ་བུ་བཤད་མྱོང་།ཁོ་ཚོས་འགྱོད་པ་སྡུག་གི་ཐ་མ་ཡིན་པ་ཤེས་ནའང་། འདི་ལྟར་བློས་བསླངས་བྱེད་རྒྱུར་དགའ། ངས་"ང་ཡང་ཆུང་དུས་ཁྱོད་ཚོ་དང་ལྷན་དུ་ཡུལ་ལ་ལོག་ཡོད་ཚེ། དེ་རིང་འདི་ལྟར་སློབ་བྱོལ་དུ་ཡོང་མི་དགོས། ཁྱོད་ཚོ་དང་ལྷན་དུ་ལྷིང་འཇགས་ཀྱི་རྩྭ་ཐང་འདི་ན་བདེ་སྐྱིད་ཀྱི་འཚོ་བ་རོལ་གྱིན་ཡོད་སྲིད"ཅེས་བཤད་ཚེ། ཁོ་ཚོས་ང་ལ་"ཁྱོད་སྨྱོས་སོང་ངམ"ཟེར་བ་ཁོ་ཐག་ཡིན།
  ང་ཡུལ་ལ་ལོག་དུས། ཁོ་རྫོང་ཐོག་ལ་འགྲོ་བཞིན་འདུག ངེད་གཉིས་ལམ་བར་ནས་ཐུག་བྱུང་།
  ང་སློབ་མ་ཡིན་པས་ཕ་ཡུལ་གྱི་ཕུ་ནུ་མིང་སྲིང་དང་ཁ་ཡ་ན་ཟླ་དག་གིས་ང་ལ་གཞན་དང་མི་མཚུངས་པའི་ལྟ་སྟངས་ཤིག་བཟུང་ཡོད། ང་མཐོང་མ་ཐག་དོན་གྲུབ་ཀྱི་མིག་ཟུང་ཡིད་སྨོན་གྱིས་ཁེངས་པའི་གུས་བྱམས་ཀྱི་མདངས་ཀྱིས་ཕྱུག་ཅིང་། ཁོས་"ཚེ་རིང་། ཡུལ་ལ་ལོག་བྱུང་ངམ"ཞེས་འདྲི་དུས་འཕྲུལ་རྟའི་འཕོངས་ལ་བཟུང་ཡོད་པའི་ཁོའི་ཆུང་མའི་མིག་ཟུང་ལས་ཀྱང་སྔར་ལས་ལྷག་པའི་དྭངས་ཤ་ཞིག་ཚོར་ཡོང་།
  ཁོའི་རུམ་ན་གཉིད་ལ་ཡུར་བའི་བྱིས་པ་ཞིག་འདུག བྱིས་པ་དེ་ཁོའི་བྲང་ཁར་གླན་ཏེ་གཉིད་ལ་ཡུར་ཞིང་། སྤྱི་གཙུག་ན་གཟེངས་པའི་རལ་བ་ཙོར་ཙོར་རུམ་ཁ་ན་རླུང་གིས་སྒུལ་ཚུལ་གྱིས་ངའི་སྣང་ངོས་ཀྱི་ཁོ་ལ་ཨ་ཕའི་ཉམས་ཤིག་ཡུན་གྱིས་བསྩལ་བྱུང་།
  ཡུལ་མི་ཚོས་འཕྲད་ཐེངས་རེ་ལ་"ནམ་ཕྱིར་འགྲོ་དགོས"ཞེས་དྲིས་འོང་། ང་ནི་རུ་སྡེ་འདིར་སྐྱེས་པའི་ཁེར་རྐྱང་གི་འགྲུལ་བཞུད་པ་ཞིག་ཡིན་སྲིད། ངས་"ཉིན་འགའི་རྗེས་ནས་འགྲོ་དགོས"ཞེས་བཤད་པ་ཡིན། ངོ་མ་བཤད་ན། ཉིན་འགའ་འགོར་རྗེས་ཕྱིར་འགྲོ་ཐུབ་མིན་ལ་གདང་ཚོད་ཅི་ཡང་མེད།
  ཡིན་ཡང་། ངས་ཕྱིར་ལོག་པར་རེ་བ་འཆང་གིན་མེད་མོད། ཐེངས་སྔོན་མ་གཉིས་དང་འདྲ་བར་ཕྱིར་ལོག་དགོས་ཀྱང་སྲིད། ཡུལ་ལ་ལོག་སྟེ་ལུས་སེམས་གཉིས་ཀ་ལྷོད་ལ་བབས་རྗེས། ངས་རང་གི་གོམ་སྟབས་ལ་ཁ་ལོ་བསྒྱུར་ཐབས་བྲལ་བ་ཤེས་འོང་།
  ཐོག་མའི་སློབ་བྱོལ་གྱི་སྐབས་སུ། ངས་"ཨ་ཕ། ང་ད་ནས་བཟུང་སློབ་གྲྭར་མི་འགྲོ "ཞེས་བཤད་པ་མ་གཏོགས་ཁྱིམ་མི་ཚོས་ང་སློབ་བྱོལ་དུ་ཡོང་བ་ཤེས་ཀྱིན་མི་འདུག ཅི་ཁག ཁོ་ཚོས་ང་ནི་རུ་སྡེ་འདིའི་སློབ་ཆེན་པ་གཅིག་པུ་ཡིན་པར་ཡིད་སྨོན་ཤོར་ཡོད་ཅིང་། ད་དུང་ཕ་མ་གཉིས་ནས་ཀྱང་གཞན་ལ་"ངེད་ཚང་གི་ཞི་ལི་་་་་་"ཞེས་ངོམ་སོ་བྱས་ཡོད་པ་ཁོ་ཐག་ཡིན། གཞན་ཡང་རྒྱུན་པར་ང་ལ་"ཁྱོད་ལས་བྱེད་པར་གྱུར་རྗེས། ང་ཚོ་དང་འདྲ་བར་སྡུག་མྱངས་ཏེ་ནོར་ལུག་འཚོ་དགོས་པ་མ་རེད། སྐྱིད་ཨང"ཟེར། ངས་ཀྱང་དེ་རང་གི་སྐྱིད་ལ་བསམ་སྟེ་ད་བར་དུ་སློབ་གྲྭ་འགྲིམས་པ་ཡིན། འོན་ཀྱང་། སློབ་གྲྭ་ནས་ང་ལ་གཞན་དབང་དུ་ཚུད་པའི་དཔང་ཡིག་ཙམ་དང་ངོ་སོ་ལ་འབྱར་བའི་ཐམ་ཀ་ཙམ་ལས་ཅི་ཡང་མི་ཐོབ་པས། ང་རང་གི་ཅི་བྱས་ལས་ལ་འགྱོད་པ་སྐྱེ་བཞིན་ཡོད། ངས་རང་ཉིད་འགྲན་རྩོད་ཀྱི་འཕྲུལ་ཆས་ཀྱི་ཁ་ན་འཐག་གིན་པའི་རྩ་ལོ་དག་ལྟར་གསོག་གསོབ་དང་གཡོ་སྒྱུས་སླད་པའི་སྤྱི་ཚོགས་ཀྱི་མུན་པའི་གསེབ་ལ་འཐིམ་དུ་འཇུག་མི་འདོད། ངས་མགོ་ཁྲིད་ཟེར་བ་ཞིག་གི་ངོ་མདངས་ལ་བལྟས་ཏེ་ལས་བྱེད་པ་ཟེར་བའི་གོ་ཐོབ་ཅིག་ལ་འཐམས་ནས་རང་གི་སྒལ་ཚིགས་འབོར་མི་འདོད། རང་གི་ཕུགས་བསམ་འདོར་མི་འདོད། ཡིན་ཡང་། འདི་ནི་བཤད་པ་ཙམ་གྱིས་འདོད་ཐོག་ཏུ་འོང་བ་ཞིག་གང་ནས་ཡིན། ཡིན་མི་སྲིད། དེ་བས། ང་ནི་རླུང་གིས་ཁུར་བའི་འགྱིག་ཁུག་སྟོང་བ་ཞིག་དང་འདྲ་བྱུང་། ངས་ནི་ལམ་གྱི་ཁ་ཕྱོགས་རླུང་ལ་བཅོལ་ཡོད་ནའང་། ནམ་ཡང་རང་གི་འཚོ་བ་དང་གདམ་ཀའི་སླད་དུ་སྐད་ཆ་བཤད་སྲིད། ངས་གློ་བུར་དུ་རང་གི་འདོད་ཚུལ་ལྟར་"ང་སློབ་གྲྭར་མི་འགྲོ "ཞེས་བཤད་ཐུབ། ངས་གློ་བུར་དུ་"ང་སློབ་གྲྭར་མི་འགྲོ "ཞེས་བཤད་དུས་ཁོ་ཚོ་ཧ་ལས་སོང་། ཧང་སངས་སོང་། ཁོ་ཚོས་འདི་ལ་འདང་ཕོག་མི་སྲིད། ཁོ་ཚོས་གཅིག་གི་བཤད་འཕྲོ་གཅིག་གིས་མཐུད་དེ་"ཁྱོད་སྨྱོས་སོང་ངམ"ཟེར། དོན་ངོ་མ་ང་སྨྱོས་ག་ལ་ཡོད། ངས་ཀྱང་ཁྱོད་ཚོ་དང་འདྲ་བར་ཁོད་ཡངས་པའི་རྩྭ་ཐང་འདི་ནས་ལྷིང་འཇགས་ཀྱི་འཚོ་བ་ཞིག་རོལ་འདོད་པ་ཙམ་ཡིན།
  ཨ་ཕས་འུ་ཐུག་ཐབས་ཟད་ཀྱི་ཉམས་ཀྱིས་ལག་པ་ཡར་མར་ལ་གཡུག་ཞོར་དང་གོམ་ཞེང་རིང་ཐུང་ལ་ལེན་ཞོར། བཞིན་སྨུག་པོའི་ཤ་སྐྱི་ཁྲོ་གཉེར་ལ་བསྡུས་ཏེ། ང་ལ་"ཁྱོད་ཕྱིར་ཡུལ་ལ་ལོག་ཀྱང་ཆོག ཁྱོད་ལ་ཕྱུགས་ལས་ཀྱི་ཉམས་མྱོང་ཅི་ཡང་མེད་པས། ཁྱོད་ཀྱིས་ཅི་ཞིག་ལས་བསམ་པ་ཡིན། ཁྱོད་འདི་ལྟར་སློབ་གྲྭ་ལས་བུད་ཚེ། ད་བར་དུ་འགྲོ་སོང་བཏང་བཏང་བོ་ཆུད་ཟོས་བྱས་པ་མ་ཡིན་ནམ། སྐྱིད་དུས་སྐྱིད་ངོ་ཤེས་ན་བཟང་ནི་རེད། ཞི་ལི"ཟེར། ངས་ཁ་རོག་གེར་འདས་སོང་ལ་ཕྱིར་འདང་རེ་བརྒྱབ་པས་སྐད་ཆ་བཤད་འདོད་ཀྱི་མགྲིན་པ་ཅིག་ཅར་དུ་འགག་སོང་།
  ཕ་ཡུལ་གྱི་འདས་སོང་རྒས་གཉེར་ལ་བསྡུས་པའི་རྒན་པོ་དག་གིས་ངའི་ཚོས་ཁ་བྱུགས་པའི་སྐྲ་ལོ་ལ་བལྟས་ཏེ་མགོ་བོ་གཡུག་ཞོར་"དུས་ནི་མི་འགྱུར་མི་ནི་འགྱུར་བ་ཡིན་ཞེས་པ་ཅི་མ་བདེན། དེང་སང་གི་སློབ་གྲྭ་བ་འདི་དག་ངོ་མ་ཡ་མཚན་རེད"ཟེར།
  ཁོ་ཚོས་འཆི་བའི་ཉེ་ས་ནས་འདི་ལྟར་ང་ལ་བལྟས་ཏེ་དབུགས་རིང་འཐེན་ཐེངས་རེར། ངས་ཁོ་ཚོའི་རྒས་གཉེར་གྱི་ཟབ་ཚད་དང་མིག་མདངས་ཀྱི་སྐྱོ་ཚུལ་ལ་གཞིགས་ཏེ་རང་གི་ལམ་བུ་ལ་ལྡོག་འདྲི་བྱས་པ་ཡིན།
  ངས་ཁོ་ཚོའི་ཀུ་རེ་དང་སྐད་ཆའི་གསེང་ནས་བར་ཐག་ཅིག་ཚོར་ཡོང་། ནོར་ལུག་བཤའ་བ་དང་བལ་རྩིད་འབྲེག་པ། བསང་མཆོད་དང་འདས་མཆོད་སྒྲུབ་པ། གཉེན་སྟོན་དང་གཤིན་སྒྲུབ་ཀྱི་སྐབས་དག་ལ། ཡུལ་མི་དག་གིས་"ཁྱོད་ལ་ཁག་མེད། ཁྱོད་སློབ་མ་ཞིག་ཡིན་པས་འདི་དག་ཤེས་ནི་མ་རེད"ཟེར། ང་སློབ་མ་ཡིན་པ་ནི་ཁ་འཕེན་ས་དང་ཁག་འགེལ་ས་ཞིག་ཡིན་ནམ། ངས་ང་སློབ་མ་ཞིག་ཡིན་པའི་བར་ཐག་དེ་ཚོར་འོང་། ཁོ་ཚོའི་འཚོ་བ་དང་རྒྱང་དུ་བཀྱེད་ཡོད་པ་རྟོགས་འོང་།
  སྐབས་འདི་དག་ལ་ངས་ད་བར་དུ་ཅི་ཞིག་སྦྱངས་པར་དོགས་པ་ཟ་འོང་། དཔེ་ཆའི་ངོས་ཀྱི་ཡི་གེའི་ཀློག་འདོན་དང་རྒྱུགས་ཤོག་ངོས་ཀྱི་སྐར་མའི་མཐོ་དམའ་ཙམ་མ་གཏོགས་ང་ལ་ཅི་ཡང་ཐོབ་མེད་པ་ར་སྤྲད་འདུག
  དེ་བས། ང་རང་ཡུལ་ལ་ལོག་པ་ལྟར་ཕྱིར་སློབ་གྲྭར་ལོག་པ་ཡིན། འདིའང་སློབ་བྱོལ་ཐེངས་ཤིག་ཡིན་ཡང་སྲིད། ཞོགས་པ་དེར། ཨ་མས་ལྷས་དཀྱིལ་ནས་མགོ་བོ་ཡར་ལ་དགྱེས་ཏེ་"ད་དྲན་རྒྱུ་མ་མང་། སློབ་སྦྱོང་ལ་ཤུགས་རྒྱོབ་དང་། སྔ་རུང་འཕྱི་རུང་མཐར་ཕྱིན་ལ་ཉེ་བས་སློབ་གྲྭ་ནས་འབུད་འདང་མ་བྱེད་ན་བཟང"ཟེར་དུས། ངས་ཨ་མ་ལགས་ཞོགས་པའི་སྐྱ་རེངས་དང་ལྷན་དུ་མལ་ལས་ལངས་ཏེ་ཁྱིམ་ལས་ཙག་ཙིག་གི་ཁྲོད་ན་རྒས་ཀྱིན་པ་ཚོར་བྱུང་། རྒྱུན་པར་ངས་ནོར་འཁྲུལ་བཟོ་ཐེངས་རེར་ཨ་མས་ང་ལ་སྐད་ཆ་མང་པོ་མི་བཤད། བཤད་ནའང་ཞེ་ལྷོད་ལྷོད་ཀྱི་ཚིག་འཇམ་པོ་རེ་གཉིས་ལས་ཅི་ཡང་མི་བཤད། ཨ་མའི་སྐད་ཆ་དེ་ངའི་ཞེ་རྩར་སིམ་ཡོད།
  ངས་རྩི་ཤིང་ལ་ཐོགས་པའི་སྐྱོ་སྣང་གི་མིག་ཆུ་རྡོག་པས་གཏོར་ཏེ་ཕྱིར་ལོག་པ་ཡིན། ངོ་མ། ང་ལ་ཕ་ཡུལ་ནས་འཚོ་ཐུབ་པའི་གནས་ལུགས་ཅི་ཡང་མི་འདུག ཅི་ཡང་མི་འདུག
ཕྱིར་ལོག་དུས། ཕ་ཡུལ་སྔར་ལྟར་ཧ་ཅང་ལྷིང་འཇགས་རེད།
  སློབ་མ་དག་སྔར་བཞིན་རང་རང་ས་ན་གྲོག་མ་ལྟར་འདུར་གྱིན་འདུག ཁོ་ཚོས་"མཐར་ཕྱིན་ན་བྱ་བ་ཞིག་ལག་ཏུ་ཡོང་ངམ"ཞེས་རང་སེམས་ལ་ཟོན་འཇུག་གིན་འདུག རེད་ཡ། མཐར་ཕྱིན་ན་དངོས་གནས་བྱ་བ་ཞིག་ལག་ཏུ་ཡོང་ངམ། ངས་ཀྱང་འདི་ལྟར་འདང་བརྒྱབ་མྱོང་། སློབ་གྲོགས་བཀྲ་ཤིས་ཀྱིས་"ལས་ཡོད་ན་དགེ་རྒན་ཞིག་ལ་རྒྱུགས་འཕྲོད་ཀྱང་སྲིད། ཡིན་ཡང་། ད་བར་དགེ་རྒན་བྱེད་ན་འདོད་ནི་ཞིག་ཡོད་དམ། ངོ་མ་སུན་སྤྱད་རེད་ཡ། འདང་བརྒྱབ་དང་མ་བརྒྱབ་མི་འདུག ལས་ཤིག་ཡོད་ན་ལམ་ཞིག་ཡོད་ངེས"ཟེར། སློབ་གྲོགས་དག་གཉིད་མ་སད་ངང་འཚོ་བཞིན་ཡོད། ཁོ་ཚོ་ལས་དབང་གི་རྒྱ་དེ་རུ་ཚུད་ཡོད་པ་མ་ཡིན་ནམ། ང་ཡང་དེ་བཞིན་ནོ།།
  ང་རང་ཅི་བྱེད་རང་ལ་མ་དབང་བའི་སྟོན་རླུང་གིས་ཁུར་བའི་ལོ་མ་སེར་པོ་ཞིག་ལྟར་ཡང་བསྐྱར་སློབ་ར་ལ་ལྷུང་དུས། སླར་ཡང་རླུང་བུ་བསིལ་མོ་ཞིག་གིས་རྒྱང་ལ་ཁུར་སོང་ན་བསམ། རྒྱང་རིང་གི་ཕ་ཡུལ་ལ་ཁུར་སོང་ན་བསམ།
  དགེ་རྒན་གྱིས་"ཁྱོད་ཚོ་སློབ་གྲྭར་ཡོང་དོན་ནི་སློབ་སྦྱོང་བྱེད་ཆེད་ཡིན། ཕ་མའི་རེ་བ་སྟོང་ཟད་དུ་མ་གཏོང་། ཁྱོད་ཚོར་སློབ་སྦྱོང་མ་གཏོགས་བྱ་བ་གཞན་མེད"ཟེར།
  མཐོ་འབྲིང་སྐབས་སུ་སློབ་སྦྱོང་བྱེད་པ་ནི་སློབ་ཆེན་ལ་རྒྱུགས་འཕྲོད་ཆེད་ཡིན། སློབ་དེབ་ཀྱི་ངོས་ནས་སྐར་མའི་ལྡེ་མིག་བཙལ་ཆེད་ཡིན། སློབ་ཆེན་གྱི་དུས་འདིར་རྒྱུགས་ལེན་ཁར་སློབ་མ་དག་གིས་རྒྱུགས་གཞི་བློར་བཟུང་སྟེ་རྒྱུགས་རར་ཞུགས་ཀྱིན་ཡོད་པས། རྒྱུགས་མི་འཕྲོད་མཁན་ཧ་ཅང་ཉུང་། ཡིན་ཡང་། སློབ་མ་དག་སྔར་བཞིན་རྒྱུགས་ཀྱི་ཆེད་དུ་སེམས་ཁུར་བྱེད་རྒྱུར་དགའ།
  དགེ་རྒན་གྱིས"སློབ་སྦྱོང"ཞེས་གླེང་བ་ནི་སློབ་མ་དག་གིས་སེམས་ཀྱིན་པའི་སློབ་དེབ་གཅིག་པུར་གོ་བ་མིན་པས། སློབ་མ་རེ་འགའ་མ་གཏོགས་"སློབ་སྦྱོང"བྱེད་མཁན་མེད་ཅེས་བཤད་ཆོག
དགེ་རྒན་གྱིས་ཡང་དང་བསྐྱར་དུ་"ཁྱོད་ཚོས་ཕ་མས་སེན་མགོ་ཁྲག་དང་སེན་རྟིང་རྣག་བྱས་ཏེ་བསྐུར་བའི་སྒོར་མོ་དུད་ཆང་ལ་མི་བརྗེ་བར་སློབ་སྦྱོང་བྱེད་དགོས"ཟེར།
  ང་ཚོ་བུ་ཕྲུག་མིན་ནའང་བཀྲ་ཤིས་ཀྱིས་"ཕ་མར་བུ་ཕྲུག་གསོ་སྐྱོང་བྱེད་པའི་འོས་འགན་ཡོད་པས། ང་ཚོས་ཕ་མའི་སྒོར་མོ་བརླག་པ་ལ་མི་འོས་རྒྱུ་ཅི་ཡང་མེད"ཅེས་དུ་བ་འཐེན་གྱིན་ཡོད་ལ། ཆང་ཡང་འཐུང་གིན་ཡོད། ལན་རེར་དེའང་བདེན་པར་སྣང་བས། སློབ་མ་དག་གིས་ལན་རེར་ཕ་མར་སློབ་རིན་ལ་ཅིག་དགོས་ཚུལ་དང་དཔེ་རིན་ལ་ཉིག་དགོས་ཚུལ་གྱི་རྫུན་བཤད་ཀྱིན་ཡོད། ངས་ཀྱང་དེ་ལྟར་རྫུན་བཤད་མྱོང་།
  སྔོན་ཆད་"མོ་ལོ་བཅོ་ལྔར་བུད་ན་ཟས་མར་མི་སློང་དང་ཕོ་ལོ་བཅོ་ལྔར་བུད་ན་བློ་ཕར་མི་འདྲི"ཟེར་སྲོལ་ཡོད། ད་ནི་དེ་འདྲ་ཞིག་ག་ལ་ཡིན། བྱིས་པ་དག་གིས་ "ཨ་ཕ། ང་ལ་སྒོར་མོ་ཞིག་སྟེར་རོགས"ཞེས་ལག་ཆུང་ཕྲ་མོ་སྔུན་ལ་བསྲིངས་པ་ནི་ཇི་འདྲའི་སྙིང་རྗེ་བའི་ཉམས་ཤིག་རེད་ཨང་། ངས་ཕོ་ལོ་ཉི་ཤུར་བུད་ནའང་"ཨ་ཕ། ང་ལ་སྒོར་མོ་ཞིག་སྟེར་རོགས"ཞེས་ལག་པ་ཐལ་ཕྱགས་འདྲ་བོ་སྔུན་ལ་སྲིང་དུས་རང་གི་ལྟོགས་སྐོམ་གྱིས་མནར་བའི་ནང་སེམས་ཀྱི་འཚོལ་སྙེག་དེ་དྲན་ཡོང་། སློབ་གྲྭ་ན་ཅི་ཞིག་འཚོལ་གྱིན་པ་དྲན་ཡོང་། ཞིབ་ཏུ་བསམ་ན་རྒྱལ་ཁབ་ཀྱི་སྔུན་ལ་སྲིང་བྱེད་ཀྱི་སློང་བཟེད་ཞིག་འཚོལ་གྱིན་པ་མིན་ནམ།
  སློབ་ཆེན་དུ་ཐོན་པ་ནས་བཟུང་། ངའི་སྐར་གྲངས་ཀྱི་མགོ་བོ་ཇེ་དམའ་རུ་གྱུར་སོང་། ངས་རང་གི་འདོད་ཕྱོགས་ལྟར་དཔེ་ཆར་བལྟས་པ་ཡིན། ཆང་འཐུང་བ་ཡིན། དགའ་རོགས་སྒྲིག་པ་ཡིན།
ཡིན་ནའང་། བློ་རྣལ་དུ་བབས་ཏེ་འབྱུང་འགྱུར་ལ་འདང་རྒྱག་དུས། མཐའ་འཁོར་གྱི་ཡོད་ཚད་ལ་ཡིད་ཆད་ཡོང་། ཁེ་དང་དབང་གྲགས། གཡོ་དང་གསོག་གསོབ་བྲིན་པའི་སྤྱི་ཚོགས་དང་། འུར་ཟིང་དང་རྫས་དུད་ཀྱིས་སླད་པའི་གྲོང་ཁྱེར་ལ་ཁོ་ཆད་ཡོང་། དགེ་རྒན་ཆེན་མོ་ཞིག་གི་བྱིས་པས་རྒྱ་སྐད་ཀྱིས་"ང་དངོས་གནས་བོད་པ་ཡིན། མི་རློམ་ན་ཁྱོད་ཀྱིས་ངའི་ཐོབ་ཐང་འཛིན་ཡིག་ལ་ལྟོས"ཟེར། ངས་རང་ཉིད་ལ་"ནམ་ཞིག་ཁྱོད་ཀྱི་བྱིས་པས་ཀྱང་གཞན་ལ་འདི་ལྟར་བཤད་སྲིད། དེ་དུས་སུ་ཞིག་ཡིད་ཆེས་ངེས"ཞེས་ནན་འདྲི་བྱས་པ་ཡིན། བསམ་ཞིང་བསམ་ན་མི་ཚེ་འཇིག་ཉེན་གྱི་ཀློང་ནས་སྐྱེལ་དགོས་དོན་མི་འདུག ཕྱིར་ཕ་ཡུལ་སོང་སྟེ། མཐའ་མཇུག་གི་རྩྭ་ཐང་དེ་ནས་མཐའ་མཇུག་གི་རྫི་བོ་ཞིག་བྱས་ཀྱང་ཅིས་མི་ཆོག
་ ངས་རང་ཉིད་སྤྱི་ཚོགས་ཀྱི་ཐོ་བའི་འོག་ཏུ་ལྷུང་བའི་ལྕགས་ལེབ་ཅིག་ལྟར། ཇི་ལྟར་དུ་བཞུས་ཏེ་གང་ཞིག་ཏུ་བཟོས་འགྲོ་བར་དོགས་པ་ཟ་འོང་།
  མི་ནི་སུན་སྣང་སྐྱེ་སླ་བའི་བྲོས་བྱོལ་བ་ཞིག་ཡིན་ནམ། མི་ཚང་མ་ཕ་ཡུལ་ན་ཡོད་དུས་གྲོང་ཁྱེར་ལ་འགྲོ་འདོད་ཅིང་། གྲོང་ཁྱེར་ན་ཡོད་དུས་ཕ་ཡུལ་ལ་ལོག་འདོད་པ་ཞིག་ཡིན་ནམ། ང་ནི་དེ་འདྲ་ཞིག་ཡིན་ཚོད་འདུག
  ཕ་ཡུལ་གྱི་རི་ཆུ་ནགས་གསུམ་གྱིས་ནམ་ཡང་ཁུ་སིམ་མེར་ངའི་སྐྱོ་གདུང་གི་རླུང་འཚུབ་ལངས་པར་སྒུག་འདུག་པ་དང་འདྲ་ཨང་། དྲན་ཤེས་གསལ་བར་བྱེད་པའི་དྭངས་གཙང་གི་མཁའ་དབུགས། བྲང་གཞུང་ལ་དག་ཁྲུས་བྱེད་པ་ལྟར་ལུས་སེམས་ལ་ཁྱབ་དུས། ངས་ཚེ་གང་བོར་ཕ་ས་གསེར་གྱི་གཞོང་བ་འདྲ་བ་འདི་ནས་ཇི་སྲིད་བར་དུ་འཚོ་ཐུབ་ན་སྐྱིད་ཨང་འདོད་ཡོད།
ངའི་ལུས་སྟེང་ནས་འགྱུར་བ་ཅི་རིགས་འཚོལ་བ་ལྟར།ཕ་ཡུལ་ལ་ལོག་ཐེངས་རེར་ཡུལ་མི་དག་ང་ལ་འཚམས་འདྲིའམ་ལྟ་རྟོག་བྱེད་དུ་ཡོང་རྒྱུར་དགའ། ཡིན་ཡང་། ངའི་བྱིས་དུས་ཀྱི་རྐང་རྗེས་ཐོགས་ཤིང་ནར་སོན་གྱི་ལོ་ཟླ་སྨིན་པའི་ས་གཞི་འདི་དེ་དང་ག་ལ་འདྲ། འདིས་ནི་ངའི་ནང་སེམས་ལ་རེ་སྒུག་བྱེད་པ་ལྟར་འཇམ་ཅག་གེར་གནས་ཡོད། འཇམ་ཅག་གེར་ཡོད་པ་འདིས་སྨྲེང་བ་མ་ལུས་དྭངས་སུ་བཅུག་འགྲོ་མོད། ཞིབ་ཏུ་ཉན་ནས་འདུག་ཐེངས་རེར། ལྷིང་འཇགས་ཀྱི་ཟབ་ས་ཞིག་ནས་མང་བོ་མང་བོ་ཞིག་དྲན་འོང་།
  ང་ལ་མཚོན་ན་ཡུལ་མི་དག་གི་འཚོ་བ་ནི་ལྷིང་འཇགས་ཀྱི་སྐལ་བར་རོལ་བའི་བག་ཕེབས་ཀྱི་བདེ་སྐྱིད་ཅིག་ཡིན། འོན་ཀྱང་། འདུ་འཛི་དང་འུར་ཟིང་ལ་བཀྱེད་པའི་ངའི་སེམས་ཀྱི་འཁྱེར་སོ་ཙམ་གྱིས་ཡོད་ཚད་རྟོགས་ག་ལ་སྲིད། རྟོགས་མི་སྲིད།
  བགྲེས་པོ་ཚོས་དཔྲལ་བའི་གཉེར་མ་ཐོད་ཁར་བསྡུས་ཏེ་ནུབ་ཁའི་ཉི་མར་རྒྱང་ལྟ་བྱེད་སྟངས་དང་། སེན་མགོ་ཕྲེང་བ་ལ་ཟད་དུ་བཅུག་སྟེ་འཇིག་རྟེན་གྱི་བྱ་དངོས་དག་ལ་ཡིད་སུན་པའི་མིག་ཞགས་འཕེན་སྟངས་ཀྱིས་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ལ་སྔར་ལས་ལྷག་པར་བག་ཡངས་ཀྱི་ཆ་ཞིག་སྤྲས་འདུག ནམ་རྒྱུན། ཁོ་ཚོའི་ཁུ་སིམ་སྒོམ་པའི་ནང་སེམས་ལ་ཨ་འཐས་དང་ཨུ་ཚུགས་ཀྱི་གྲིབ་མ་ཞིག་བསྐུངས་འདུག་པ་དྲན་ན། ང་རང་གཞི་ནས་ཐང་ཆད་ཡོང་། ལྷིང་འཇགས་ཀྱི་ཕ་ཡུལ་ནས་ཀྱང་ཐང་ཆད་ཡོང་།
  ཕ་ཡུལ་ལ་ཐོན་མ་ཐག་སེམས་ཀྱི་རྫ་རིའི་སྐེད་ཀྱི་སྨུག་པ་ཉི་འོད་ཀྱིས་དེད་པ་ལྟར་དྭངས་འགྲོ། ངས་དབུགས་རིང་ཞིག་བརྔུབས་ཏེ་རང་གི་གློ་སྙིང་མཆིན་གསུམ་ལ་བྱི་དོར་ཐེངས་གཅིག་བྱས་པ་ཡིན། ཏག་ཏག སྐབས་འདི་ལ། རང་ཉིད་ཡུལ་ལ་སློབ་བྱོལ་དུ་ཡོང་དོན་ཡང་ཚོར་འོང་། ང་ལ་དགོས་པ་ནི་མི་ཡི་ཧམ་ཤེད་ཀྱིས་མ་སླད་པའི་དྭངས་གཙང་གི་རང་བྱུང་ཁམས་ཤིག་མ་ཡིན་ནམ།
དཀར་ཤ་དམར་མདངས་རྒྱས་པའི་འབྲོག་མོ་དག་གིས་"ཁྱོད་ཚོ་སློབ་གྲྭ་བ་དག་སྐྱིད་ཨང་། ང་ཚོ་ལྟར་མི་ཚེ་ཧྲིལ་བོ་ནོར་ལུག་རྗེས་ནས་སྐྱེལ་དགོས་པ་མ་རེད"ཟེར། ངས་འཛུམ་དམུལ་དམུལ་གྱི་རྣམ་འགྱུར་ཙམ་ལས་ཅི་ཞིག་བཤད་དགོས་པའང་མ་ཤེས། ངས་ཁོ་ཚོའི་ཡིད་སྨོན་གྱི་མིག་མདངས་ལས་བདེ་སྐྱིད་ཀྱི་འོད་སྣང་ཅི་ཡང་མཐོང་ཐུབ་མི་འདུག
  ཨ་ཕས་"ཞི་ལི་ལོ་ལོ། ད་ཁྱོད་ཀྱིས་དེ་འདྲ་མ་བྱེད། ཕྱིར་སློབ་གྲྭར་སོང་ན་བཟང་ནི་རེད། སྒོ་ཟོག་འདི་ཚོ་ནམ་ཡང་ཁྱོད་ལ་དབང་ནི་རེད། ད་ཁྱོད་མི་ཆེ་ན་མི་ཆུང་། ཨ་ཕའི་ཁར་ཐེངས་གཅིག་ཉོན"ཞེས་བཞིན་གྱི་ཁྲོ་གཉེར་ལྷོད་སེར་གྲོལ་ཏེ་ཐུགས་བྱམས་པས་ཁ་ཏ་གནང་དུས་ང་སློབ་བྱོལ་དུ་ཡོང་ཐེངས་གཉིས་པ་ཡིན།
  ངས་ཡང་བསྐྱར་ཁ་རོག་གེར་བསམ་གཞིག་བྱས་པ་ཡིན། ནོར་ལུག་རི་ལ་འདེད་ཞོར། སྔོ་བསངས་ཀྱི་ནམ་མཁའི་འོག་ནས་ཁེར་རྐྱང་གི་སྐྲ་ལོ་རླུང་ངོགས་ལ་གཏད་ཏེ་ཉི་འོད་ཀྱི་མདངས་དང་ལྡན་པའི་རི་ལུང་ཐང་གསུམ་ལ་རྒྱང་ལྟ་བྱས་པ་ཡིན། ངས་སེམས་ཀྱི་སྐྱོ་བ་ཀི་ལ་བརྒྱུས་པ་ཡིན། ཀི་སྒྲའི་བྲག་ཅ་རྣ་ལམ་ནས་ཡལ་མ་ཐག ཚེ་རིང་གི་གླུ་སྐད་ཐོས་བྱུང་། ཚེ་རིང་ཡང་ད་ལྟ་ཁྱིམ་གྱི་བདག་པོ་དང་བུ་ཡི་ཨ་ཕར་གྱུར་ཡོད། ཁོ་སྔོན་ཆད་ངའི་སློབ་གྲོགས་ཡིན།
  གྲང་རླུང་གིས་བྲབས་ཤིང་ཉི་འོད་ལ་ལྡེས་པས། ཁོའི་དམར་སྨུག་གི་ངོ་མདངས་ལ་རྒས་ཉམས་དོད་འདུག ཕ་ཡུལ་གྱི་ལོ་ཟླ་ནི་འདི་འདྲའི་གདུག་རྩུབ་ཅན་ཞིག་ག་ལ་ཡིན། ངའི་ན་མཉམ་ཡོད་ཚད་འདི་ལྟར་རྒས་སུ་འཇུག་མི་སྲིད། ཁོས་ཁ་ཆར་བུ་ཡུག་ལ་གདོང་གཏོད་མ་ཤེས་པས་ཡིན་སྲིད།
ཚེ་རིང་གིས་ཀྱང་"ཁྱོད་ཐོན་བྱུང་ངམ"ཟེར།
  ངས་དམིགས་འདུན་གྱི་གནས་མལ་ལ་ལོག་སྟེ་བག་ཕེབས་ཀྱི་དབུགས་རིང་ཞིག་རྔུབ་པ་ལྟར་"ང་ཐོན་བྱུང་"ཞེས་བཤད་པ་ཡིན།
  ཁོར་བྱ་དངོས་གསར་བ་ཞིག་མཐོང་སོང་བ་ལྟ་བུའི་རྣམ་རིག་ཅིག་རྒྱས་འདུག
  སློབ་ཆུང་སྐབས་སུ་ཁོ་དང་ལྷན་དུ་སློབ་བྱོལ་དུ་འགྲོ་གྲབས་བྱས་མྱོང་། ཡིན་ནའང་། མཇུག་མཐར་ང་གཅིག་པུ་སློབ་གྲྭ་ནས་ལུས་སོང་། ཁོའི་འཛུམ་མདངས་དང་དགོད་སྒྲའི་ངོགས་ནས་སླར་ཡང་བྱ་གླག་དགུང་ན་རྩེན་ཞིང་ནོར་ལུག་ཐང་ལ་བཀྲམ་པའི་ཕ་ཡུལ་གླེང་དུས། ངས་གཞི་ནས་རང་ཉིད་མི་ལོ་མང་པོ་ཞིག་གིས་རྗེས་སུ་ལུས་ཡོད་པ་ཤེས་བྱུང་། ངའི་སློབ་བྱོལ་འཕྱི་དྲགས་པས། ཁོ་ད་ལྟ་རྒས་འདུག གསར་བུའི་ལང་ཚོ་དང་ཟིལ་ཤུགས་ཀྱང་ཉམས་འདུག
  ངེད་གཉིས་རི་མཐོན་པོའི་རྩེ་ལ་བུད་དེ་གཞིས་དྲོན་མོའི་གཏམ་རྒྱུད་གླེང་བ་ཡིན། སྤང་ཁུག་གི་གཙང་བོའི་གཞུང་ནས་རེས་འཚེར་རེས་ཡལ་ཀྱི་ལྡོག་འོད་སྙིང་ལ་ཕོག་འོང་།
  ཁོས་ང་ལ་མང་པོ་ཞིག་བཤད་བྱུང་།
  བུ་མོ་དག་གནས་ལ་སོང་ཚུལ་དང་གསར་བུ་དག་ཨ་ཕར་གྱུར་ཚུལ། སུ་ཞིག་ནད་གྱིས་མནར་ཚུལ་དང་གང་ཞིག་འཆི་བས་ཟིན་ཚུལ་སོགས་མང་པོ་ཞིག་བཤད་བྱུང་།
  ཁོས་ད་དུང་སྐལ་རྡོ་ཚང་དང་དགེ་ལེགས་ཚང་སོགས་རྫོང་ལ་སྤར་སོང་ཚུལ་བཤད་རྗེས། གཟབ་ནན་ངང་" ལོ་སར་རྗེས་ནས་ངེད་ཚང་ཡང་རྫོང་ལ་སྤར་རྩིས་ཡིན"ཟེར།
འཇིག་རྟེན་ནི་འདི་འདྲའི་གོ་ལྡོག་པ་ཞིག་ཡིན་པ་ཅི་ཡིན་ནམ། ངས་ཕ་ཡུལ་གྱི་རི་ལུང་ཐང་གསུམ་ལ་འཚོ་གཞིས་ཀྱི་འདུན་པ་བཅངས་ཏེ་ཕྱིར་ལོག་པ་ཡིན། གནས་འདི་ནས་ཡབ་མེས་དག་ལྟར་གཡོ་སྒྱུ་ཁྲམ་གསུམ་གྱིས་མ་བསླད་པའི་ལྷིང་འཇགས་ཀྱི་འཚོ་བ་ཞིག་རོལ་འདོད།
  ངའི་གདམ་ཀ་འདི་འཕྱི་སོང་ངམ། ད་ལྟ་ཡུལ་མི་དག་ཀྱང་འདུ་འཛི་དང་འུར་ཟིང་ཕྱོགས་སུ་སྤོར་གྱིན་འདུག
  ཁོ་བོས་"ངས་ཀྱང་སྔོན་ཆད་ཁྱོད་ཀྱིས་གདམས་པའི་ལམ་བུ་དེ་གདམས་ཏེ་ཕ་ཡུལ་ལ་སློབ་བྱོལ་དུ་ཡོང་བ་ཡིན། ད་ནི་ཕྱིར་ལ་ལོག་རྩིས་མེད"ཅེས་གནས་ལུགས་དང་རྒྱུ་མཚན་ཞིབ་ཏུ་བཤད་ཚར་དུས། ཁོའི་གདོང་གི་འཛུམ་ཡང་གར་སོང་ཆ་མེད་དུ་གྱུར་འདུག ངས་ཁོ་བསམ་གཞིག་གི་གཟེབ་ལ་བཅུག་སོང་།
  ཡུད་ཙམ་ཞིག་ལ་ཧད་རྗེས། ཁོས་" ཨ་ལགས་ཚང་ལ་ཞུས་ཏེ་མོ་འདེབས་སུ་བཅུག་ན་བཟང་རྒྱུ་རེད"ཟེར། ཁོས་སྡུག་ལ་ཐུག་དུས་ཨ་ལགས་ཚང་ཟེར་བའི་སྐྱབས་བཅོལ་ས་དང་རེ་འཛིན་ས་ཞིག་ཡོད་པ་དྲན་འོང་བས་ཁོའི་སེམས་ཁམས་ང་ནང་བཞིན་སྡུག་གིས་གནོན་ཐུབ་པ་ཞིག་མིན་ཚོད་འདུག དེ་བཟང་བ་ལ། ངས་སྐད་ཆ་འདི་གོ་རག་བར་དུ་རང་ལ་ད་དུང་ཨ་ལགས་ཚང་ཟེར་བའི་སྐྱིད་སྡུག་ཞུ་ས་ཞིག་ཡོད་པ་ཡིད་ལའང་མ་ཤར།
  ཁོས་འདང་བརྒྱབ་པའི་དུས་ཡུན་ཐུང་ངུ་ལ་ངེད་གཉི་ཀའི་སེམས་པར་ཆུ་ལ་འོ་མ་འདྲེས་ཚུལ་ལྟར་སྐད་ཆ་འདི་དང་ལྷན་དུ་ཞེ་འདྲིས་ཀྱི་སྣང་བ་རྒྱས།
  སྐད་ཆ་འདི་བཤད་ཚར་རྗེས། ཁོའི་སེམས་པ་གཞི་ནས་ལྷོད་ལ་བབས་འདུག
  ངས་རང་གི་ལམ་བུ་ལ་རང་གིས་བདག་པོ་བརྒྱབ་ན་བཟང་བསམ་སྟེ་ཅི་མི་སྙམ་པར་"འདི་ལ་མོ་བཏབ་ནས་ཅང་ཤེས་ནི་མ་རེད"ཅེས་ཁ་ནས་ཤོར།
  ངས་རང་གི་སྐད་ཆ་འདིས་རང་ཉིད་ཕྱིར་ལ་བདས་འཇོག་པ་ག་ལ་ཚོར། ཚོར་མ་བྱུང་།
  ཁོས་ང་ལ་ཨ་ལན་ཅི་ཡང་མ་བྱིན། ངེད་གཉི་ཀས་ཡོད་ཚད་ལ་འདང་མ་ཕོག་པ་ལྟར་ཁུ་སིམ་བསྒོམས་ཏེ་ནོར་ལུག་ལ་མིག་ཞགས་འཕེན་ཞོར་བསྡད་པ་ཡིན།
  སྒང་ལ་བུད་དེ་ཐུར་ལ་ལྟ་དུས། བྱིས་དུས་ཀྱི་རྐང་རྗེས་འཐོར་བའི་ཕ་ཡུལ་གྱི་སྤང་ཐང་འདི་ལ་བུ་ངོ་མ་ལ་འཕྲད་པ་ལྟ་བུའི་དགའ་ཞེན་ཚད་མེད་ཅིག་སྐྱེས་འོང་། སྐབས་འདི་ལ་ཕ་ཡུལ་ལ་ནང་སེམས་གླན་པ་ལྟར་སུ་ལའང་སྙིང་གཏམ་ལབ་ཆོག ཉིན་མོ་དེར། ངས་ཚོར་བའི་འཁྱེར་སོ་ཞིག་གི་དབང་གིས་ནང་མི་ལྷན་དུ་འཛོམས་པ་ལྟར་ཁོ་ལ་སྙིང་གཏམ་བཤད་དགོས་བྱུང་།
ཡིན་ནའང་། ཁོས་གཞན་ལ་"ཚེ་བཀྲ་ལྟ་ལོག་ཅིག་རེད"ཅེས། ངའི་ཁ་ལས་རླུང་རྟ་ཐང་ལ་འཕངས་འགྲོ་བ་སུ་ཡིས་ཤེས། ངའི་ཡིད་ལའང་མ་ཤར།
  ཟས་མྱི་ལག་བརྒྱུད་ན་ཇེ་ཉུང་དང་གཏམ་མྱི་ཁ་བརྒྱུད་ན་ཇེ་ཆུང་ཞེས་པ་ལྟར། ཉིན་བཅུ་ལྷག་འགོར་རྗེས། སྡེ་བའི་ནང་ན་"ཚེ་བཀྲ་ལྟ་ལོག་ཅིག་རེད་ཟེར། ཨ་ལགས་ཚང་ལའང་དད་པ་མེད་ཀི་ཟེར "ཞེས་འུར་གྱིན་འདུག ཨ་ཕས་སྐད་ཆ་དེ་གོ་རྗེས་དབུགས་ཐེངས་གཅིག་གིས་"སྡེ་བའི་ནང་ན་ཁྱོད་ལྟ་ལོག་རེད་ཅེས་བཤད་ཀྱིན་འདུག ཨ་ལགས་ཚང་ལ་ཁ་གཏོང་གིན་འདུག་ཟེར། དངོས་གནས་དེ་འདྲ་ཞིག་ཡིན་ན། ང་ལ་ཁྱོད་ལྟ་བུའི་བུ་ཞིག་མེད། འུ་གཉིས་ཀྱིས་ཕ་བུའི་འབྲེལ་ཐག་བཅད་ཆོག ཨ་མར་འཁོར་བགེགས་བྱུང་སྟེ་ཤི་ལ་ཁད་ཡིན་དུས། སྨན་པ་ཚོས་ཞིང་ཆེན་སྨན་ཁང་ལའང་འཁྱེར་རྒྱུ་མི་འདུག་ཅེས་བཤད་ཀྱང་། ཨ་ལགས་ཚང་གིས་ཐུགས་རྗེའི་སྤྱན་གྱིས་གཟིགས་ཏེ་མོ་བཏབ་པ་ལྟར་ཟི་ལིང་ལ་ཁྱེར་ནས་སྐྱོབ་ཐབས་བྱུང་བ་མིན་ནམ། དེ་འདྲ་བཤད་ན་བསོད་ནམས་ཟད་འགྲོ་བར་མི་སྐྲག་གམ། ད་བཤད་རྒྱུ་མ་མང་པར་སློབ་གྲྭར་སོང་ན་བཟང"ཟེར།
  ཨ་ཕས་སྐད་ཆ་འདི་བཤད་དུས་ང་ལ་ཅེར་བའི་མིག་ཟུང་གི་ནང་ལ་ཞེ་སྡང་གི་ཁྲག་རྩ་ཕྲ་མོ་དག་རྒྱས་འདུག
  ངས་ངག་གི་མདུད་པ་ཞེ་སྡང་གིས་བཀྲོལ་ཏེ་འུ་ཐུག་པའི་ངང་"ང་ངོ་མ་ལྟ་ལོག་པ་མིན"ཟེར་བ་ལས་ཅི་ཡང་མ་ནུས། ངས་ཅི་ཞིག་བཤད་དགོས་པའང་མི་ཤེས།
  ལྟ་ལོག་པ་ཟེར་བའི་མིང་འདིས་ངའི་ཡིད་ཀྱི་བདེ་བ་རྨང་ནས་དཀྲུགས་པས། ཕ་ཡུལ་ནས་འདུག་འདོད་ཀྱི་ཡི་གའང་ཆད་སོང་།
  ང་ལ་ཕ་ཡུལ་ནས་འཚོ་ཆོག་པའི་གནས་ལུགས་དང་ཆ་རྐྱེན་ཡོད་དམ། ང་ཕྱིར་ཕ་ཡུལ་ལ་ལོག་སྟེ་རྩྭ་ཐང་གི་འཚོ་བ་རོལ་ན་འོས་སམ། ངས་ཤེས་མ་བྱུང་། ངས་དངོས་གནས་ཤེས་མ་བྱུང་།
དེ་བས། ང་སྐྱོ་གདུང་དང་ཐེ་ཚོམ་གྱི་ཀློང་ནས་ཡང་བསྐྱར་སློབ་གྲྭར་ལོག་པ་ཡིན། སློབ་གྲྭ་ན་ང་ལ་ཕུགས་བསམ་གྱི་ལམ་ཁ་ཇི་ལྟ་བུ་ཞིག་ལྷག་འདུག་པ་ངས་ཀྱང་གསལ་བོར་བཤད་དཀའ། ཡིན་ཡང་། ང་འདི་ལྟར་མི་ལོག་ཐུ་མེད་བྱུང་། འདི་ནི་ལས་དབང་ཡིན་སྲིད།
  སློབ་གྲྭ་ནས་ལྷོད་སེར་འདུག་ཐེངས་རེར། འཚོ་གནས་ཀྱི་རེ་འདོད་ལ་གཞིགས་པའི་མནོ་བསམ་མང་པོས་ཡང་བསྐྱར་དངངས་འཚབ་ཅིག་བསླངས་ཡོང་བས། ངས་སློབ་བྱོལ་ཐེངས་གསུམ་པ་བྱས་པ་ཡིན།
  ཨ་ཕས་ངེད་ཚང་གི་རྒྱབ་རིའི་མགོ་ནས་མིག་ཞགས་རྒྱང་ལ་འཕངས་ཏེ་ནག་ཀྲིག་ཀྲིག་གི་ཕྲེང་བ་ཟད་པོ་མཐེབ་མགོའི་ཉག་བར་ནས་འདེད་ཞོར་"ད་ཁྱོད་སློབ་བྱོལ་བྱེད་ཐེངས་གསུམ་པ་རེད། རང་གིས་ཅི་བྱེད་རང་གིས་ཐག་ཆོད། ཡུལ་ནས་འདུག་ན་རང་གི་སྤྱོད་ལམ་ལ་བདག་བྱོས" ཞེས་བཤད་རྗེས། རི་ངོས་ནས་ཐུང་ཞིང་འདར་བའི་གོམ་ཁ་ཤུགས་ཀྱིས་བསྒགས་ཏེ་ཐུར་ལ་བབས།
  ཁོའི་རྒྱབ་གཟུགས་དལ་གྱིས་འགྲིལ་ནས་ངེད་ཚང་གི་ལྷས་འདབས་ལ་ཐོན་དུས། ངས་ད་གཟོད་ང་གཅིག་པུ་རི་རྩེ་ནས་འགྲེང་སྟེ་བསམ་གཞིག་གི་ངལ་བ་རླུང་ལ་བསྐྱོན་འདུག་པ་ཚོར་བྱུང་།
  དོན་ངོ་མ་ཕ་ཡུལ་ན་ང་ལ་ཅི་ཞིག་ལྷག་ཡོད་དམ།
  ཐེངས་འདིར་ཕ་ཡུལ་ནས་དུས་ཡུན་ག་ཙམ་ཞིག་ལ་འདུག་ཐུབ་པར་ང་ལ་གདེང་ཚོད་ཅི་ཡང་མེད། སླད་མར་ཡང་ཁེར་རྐྱང་གི་འགྲུལ་བཞུད་པ་ཞིག་ལྟར་ཕྱིར་ལོག་དགོས་ཀྱང་སྲིད།
                                                     ༢༠༡༤ ༡༡ ༢༣ ཉིན་གྲུབ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་བྱོལ་ཐེངས་གསུམ་པ།

2015-04-22 དུང་བུ་ཆོས་འབུམ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།