ས་མཐའི་དྲན་གདུང་།
〝ཨ་ཕ། སུ་ཞིག་ལ་སྒུག་གིན་ཡོད།〞
〝འོ། ཁྱོད་ཐོན་བྱུང་ངམ། ཅང་ལ་སྒུག་གི་མེད།〞ཨ་ཕས་ངས་དྲན་བསླངས་པ་བརྒྱུད་ཕྱིར་དྲན་གྱི་འདམ་རྫོབ་ཆེན་པོ་དེ་ལས་ཕྱིར་དྲངས་ཏེ།ཁ་ནས་མ་ནི་འདོན་ཞོར་འཛུམ་ཙམ་བྱས་ན་ཡང་ཁོའི་གདོང་ལ་ཁ་སང་ལས་ཀྱང་གཉེར་མ་ཇེ་མང་དུ་ཕྱིན་ཡོད་པ་མ་ཟད། མེ་ཏོག་གི་གང་བུ་སོ་མར་འབུས་པ་འདྲ་བའི་སྤྱན་ནང་གི་སྤྱན་ཞགས་གཉོམ་པོ་དེ་ཡང་གཏིང་རིམ་དུ་ཟུག་འདུག དེའི་ནང་ན་རང་གི་ཤ་ལས་ཆད་པའི་བུ་ཕྲུག་ཡིན་ཡང་རྟོགས་དཀའ་བའི་ཇི་འདྲའི་སེམས་དོན་དང་ཕྱིར་དྲན་མ་པོ་ཞིག་ཡོད་ཨང་།
ཕ་ཡུལ་གྱི་ཡུལ་མི་ཚོ་སུ་ཡིན་ཡང་། ཕ་ས་གོར་མོ་བྲང་མགོ་ལྟ་བུའི་ས་ཁོངས་དེ་ལས་གོམ་པ་གང་བརྒལ་བ་ནས་བཟུང་ཡུལ་ཕྱོགས་གང་ལ་ཐོན་ན་ཡང〝ས་མཐའ〞ཞེས་འབོད། ང་རང་ཡང་བྱ་བའི་དགོས་དབང་གིས〝ས་མཐའ〞ནས་མི་ལོ་ཉི་ཤུ་འགོར་སོང་།
ནམ་རྒྱུན་ཡུལ་མི་རྒན་པ་ཚོས་དེང་སང་གི་གཞོན་སྐྱེས་འདིའི་རིགས〝ཕ་ཡུལ〞ལས〝ས་མཐའ〞ལ་ཤིན་ཏུ་དུངས། མཚམས་རེར་མ་གཏོགས་ཡུལ་ལ་མི་ཡོང་ན་ཡང་ཉིན་གཅིག་གཉིས་ཙམ་འགོར་ན〝ས་མཐའ〞དྲན་ནས་སྡོད་ཀྱིན་མི་འདུག་ཞེས་གདོང་གི་སྨིན་མ་སྟུག་པོར་བསྡུས་ཏེ་མཐའ་འཁོར་གྱི་རི་ཆུ་ནགས་གསུམ་དང་ཕྱུགས་དཀར་ནག་གི་སྟེང་ལ་མིག་མདའ་འཕངས་འགྲོ ངེད་བཟའ་མི་གང་པོས་མཉམ་གཅིག་ཏུ་གུང་ཟས་ལ་རོལ།
གྲོང་ཁྱེར་ནང་གི་ཁྱིམ་ཚང་གཞན་དག་དང་མི་འདྲ་བར〝འབྲོག་པའི〞འཚོ་བའི་བྲོ་བ་སྟུག་པོས་ཁྱབ་འདུག མཉམ་གཅིག་ཏུ་རོལ་དུས་ནི་ཨ་ཕ་ཆེས་སྐྱིད་པའི་དུས་དང་འཛུམ་མདངས་ཆེས་མོད་པའི་སྒང་ཡིན། 〝ཕ་ཡུལ〞གྱི་གཉེན་ཉེ་ཚོས་བསྐུར་བའི་ཐུལ་དཀར་འབྲི་མོའི་འོ་མས་འོ་ཇ་དེམ་གང་བསྐོལ་ཏེ་ཚང་མའི་དཀྱིལ་དུ་བཞག་ནས་ཟ་ཞོར་འཐུང་ཞོར་དང་རང་རང་ལ་འབྲེལ་བའི་གཏམ་གླེང་སྣ་ཚོགས་བྱེད།
ཆུང་མ་ཡང་འབྲོག་མོ་ལྷད་མེད་ཅིག་ཡིན། གྲོང་ཁྱེར་ནང་གི་ཁྱོ་ཤུག་ལྟར་མཛའ་མཛའ་དུངས་དུངས་ཀྱིས་བཟའ་ལ་ལྡག་ལ་ཁད་དང་ཁོང་ཁྲོའི་མེ་ལྕེ་ཡིས་གསོད་ལ་གཏུབ་ལ་ཁད་བྱེད་པའི་སྲོལ་དེ་དུས་གཏན་དུ་མཐོང་རྒྱུ་མི་འདུག་པས་ང་ཕར་ཞོག ངའི་ཨ་ཕ་དང་བྱིས་པ་གཉིས་ལ་ཡང་གུ་ཡངས་བག་ཕེབས་དང་སྤྲོ་སྐྱིད་བཅས་ཀྱི་སྣང་བ་ཞིག་སྟེར་པས་ངེད་ཀྱི་གཡང་ཚང་ལ་ནམ་ཡང་ལྷིང་འཇགས་དང་བདེ་སྐྱིད། དགོད་སྒྲ འཆམ་མཐུན་བཅས་ཀྱི་བཀྲ་ཤིས་པའི་མཚན་མས་རབ་ཏུ་བརྒྱན་པས་ཁྱིམ་མཚེས་དག་གིས་ནམ་རྒྱུན་གླེང་གི་འདུག
ཅང་མ་གོར་བར་ཁྱིམ་ནང་གི〝རང་དབང་〞གི་སྐྱེད་ཚལ་འདི་ནས་དགོད་སྒྲའི་གཡུ་སྦྲང་དག་གནས་གཞན་དུ་འཕུར་འགོ་བརྩམས་བྱུང་།
〝མནའ་མ།ངས་མདང་དགོང་ཡང་འུ་ཚང་གིས་སྐྱས་བཀལ་བ་རྨིས་བྱུང་། ན་ནིང་བཙོངས་པའི་རྟ་རྒན་རྐྱང་དམར་ཞོན་ཏེ་མེ་ཏོག་འཚོ་བོད་ལྭའི་ཨམ་ཕྲག་ནང་བཅུག་པ་དང་འབུམ་ཐར་རྒྱལ་འཕོངས་ལ་བཟུང་ཡོད། མནའ་མས་རྟ་ཀྱོ་ཀྱོ་རྣ་དཀར་ཞིག་ཞོན་ཏེ་རྗེས་ལ་ཁྱི་རྒྱ་རྒྱ་མིག་བཞི་ཞིག་ཁྲིད་འདུག ཁྱི་དེ་ནི་ཕལ་ཆེར་ཁྱིམ་མཚེས་ཚེ་དཔལ་ཚང་གི་རེད། ཡིན་ན་ཡང་དཀའ་ཐུབ་རྒྱལ(ངའི་མིང་དངོས་ཡིན)མི་འདུག སྐྱས་དེད་ནས་
ཅུང་ཙམ་སོང་བ་ན་འབུམ་ཐར་རྒྱལ་གྱིས་འུ་ཚང་གི་ཐབ་ཀ་མཚེར་ཤུལ་ལས་འདུག་ཟེར་ནས་རྟས་འཕོངས་ནས་ལྡིང་སྟེ་ངུ་ཞོར་རྒྱུགས་ནས་ཐབ་ཀར་འཐམས་སོང་། མནའ་མ་དང་ངེད་གཉིས་ཇི་ལྟར་འཐེན་ན་ཡང་ཁ་དགར་མ་ཐུབ། མཐར་ཚང་མ་འུ་ཐུག་ཐབས་ཟད་ཀྱིས་ཐབ་ཀ་རྩ་ནས་བཀོག་སྟེ་གཡག་རྒན་ཞིག་ལ་བཀལ་ནས་འགྲོ་དགོས་བྱུང་སོང་། ……〞ཨ་ཕས་བཤད་ཀྱིན་བཤད་ཀྱིན་དུ་སྣུམ་འཛུམ་པའི་ཐོད་པར་གཉེར་མདུད་རེ་བརྒྱབ་འོངས།
སྔར་གྱི་འཛུམ་མདངས་དེ་རིམ་གྱིས་ཡལ་གྱིན་གདའ། བྱིས་པ་གཉིས་ཀྱིས་ད་དུང་ཨ་ཕའི་ཁ་ནང་ལ་ཅེར་ནས་མཐོང་རྒྱུ་ཕར་ཞོག ཐོས་ཡང་མྱོང་ལ་མ་མྱོང་བའི་འབྲོག་ཕྱོགས་ཀྱི〝ཐ་སྙད་གསར་བ〞དེ་དག་དང་འབྲེལ་ནས་དྲི་བ་སྣ་ཚོགས་འདོན་པར་བྱེད། ལན་རེར་བྱིས་པ་གཉིས་ཀྱིས་གྲོང་ཁྱེར་ནང་གི་ཐ་སྙད་དག་བཀོལ་ནས་གོ་བ་ལེན་དུས་ཨ་ཕས་ཡུད་ཙམ་ལ་ཁ་ཡང་མི་གྲགས་པར་མུར་མུར་གྱིས་ང་ཚོས་མི་གོ་བ་ཞིག་མ་ནེའི་འོག་ལ་བཤད་པར་བྱེད།
ཆུང་མས་ཧ་གོ་འདུག ངས་ཡང་གོ་འདུག་སྟེ་མ་གཞི་ཁོས〝ཕ་ཡུལ〞དྲན་པ་དེ་རེད། ཆུང་མས་ཅི་ཡང་མི་ཟེར་བར་གཏམ་སྣེ་གཞན་ལ་བསྐོར་ནས་ཨ་ཕའི་སེམས་གཡེང་ཅི་ཐུབ་བྱེད། ཡིན་ན་ཡང་ཅང་མི་འགོར་བར་ང་ཚོ་རང་རང་གི་ལས་ཀར་འགྲོ་དགོས།
ངའི་སེམས་ལ་བརྗོད་མི་ཤེས་པའི་ཚོར་སྣང་ཞིག་གིས་མནར་གཅོད་གཏོང་མགོ་བརྩམས་བྱུང་། དུ་རྐང་གཅིག་ལ་མེ་བསྒོས་ནས་གང་ཐུབ་ཅི་ཐུབ་ཀྱིས་ཁམ་འགའ་བླངས་ཏེ་དེའི་མགོ་གནོན་ཐབས་བྱས་པ་ཡིན། ཆུང་མས་ངའི་སེམས་དོན་རྟོགས་ནས་ཅང་མི་སྨྲ་བར་གཞུང་ལས་ཁང་ལ་ཁྱེར་རྒྱུའི་ཀོ་ཁུག་ཁམ་ནག་དེ་དག་དང་ནུབ་ལྭ་དེ་བླངས་ནས་འབོལ་ཁྲིའི་སྣེ་ལ་བཞག་རྗེས་ལས་ཚོགས་ལ་འགྲོ་རན་པའི་གསལ་འདེབས་རེ་བྱེད།
ཕྱི་དྲོ་ལས་ཚོགས་གྲོལ་སོང་།
ཨ་ཕས་ཁང་སྣེ་ན་ང་ཚོ་རེ་རེ་བཞིན་ཁྱིམ་དུ་ལོག་པར་རེ་སྒུག་བྱས་འདུག 〝ཨ་ཕ་ཅི་ཞིག་ལ་སྒུག་གིན་ཡོད།ཁྱིམ་དུ་འགྲོ〞བསྐྱོར་ནས་ཁྱིམ་དུ་སོང་། 〝སྔོན་ཆད་ཕ་ཡུལ་ལ་ལོ་ཧྲིལ་བོར་ཐེངས་གཉིས་གསུམ་ལས་ཡོང་མི་ཐུབ་པས་རེ་ལྟོས་ཤིན་ཏུ་ཆེ་ན་ཡང་། ད་ལྟ་ཚང་མ་འཛོམས་ནས་ཡོད་པས་ནམ་རྒྱུན་ཅི་ཞིག་ལ་དེ་འདྲའི་རེ་སྒུག་བྱེད་བཞིན་ཡོད།〞
〝ཡིན་ན་ཡང་།སྲིད་པ་རྒན་པོའི་ཁ་དཔེར།བྱ་རྒས་ཀྱིན་རྒས་ཀྱིན་དགུང་དང་མྱི་རྒས་ཀྱིན་རྒས་ཀྱིན་ཡུལ་ཟེར་ནི་རེད། ཤུ། 〞ཁོའི་གདོང་གི་གཉེར་མདུད་དང་མ་ནེར་མགོར་ཐར་ཐོར་དུ་སྐྱེས་པའི་སྨྲ་ར་ནི་ཉི་མ་རེ་རེར་ཇེ་མང་དང་ཇེ་དཀར་རེད། གྲོང་ཁྱེར་འདིར་སླེབས་པ་ནས་ནམ་རྒྱུན་ཆགས་མེད་དུ་འདོན་པའི་མ་ཎི་ཡང་ཆགས་ནས་དུས་རྒྱུན་དྲན་སྐུལ་རེ་བྱེད་དགོས་པའི་ཚོད་དུ་འདུག གློ་བུར་དུ་གདོང་ལ་འཛུམ་མདངས་ཅིག་མངོན་ཏེ
〝ང་འདིའི་དྲན་པ་འདི། ཨ་ལ…གན……འོ…རེད་རེད། ཁ་ཉིན་ངེད་གཉིས་སྲང་ལམ་དུ་མྱུལ་དུས། ཁྱེད་རང་རྒྱ་མི་རྒན་རྒོན་གཉིས་ལ་ཐུག་ནས་ཁ་བརྡ་བྱེད་པ་དེ་གཉིས་ད་ནངས་ཁོའི་ཕ་ཡུལ་ལ་བསྐྱལ་བྱུང་། འགྲོ་ཁར་ཅི་ཞིག་བཤད་ཀྱིན་འདུག ངས་རྒྱ་སྐད་མི་གོ་བས་ཅི་ཞིག་བཤད་པ་ཧ་མི་གོ ཡིན་ན་ཡང་། མི་རྒས་ན་ཚང་མ་གཅིག་ཡིན་པས་ཁོའི་སེམས་དོན་གསལ་བོར་རྟོགས་གི རྒན་རྒོན་གཉིས་ཀས་དུས་རྒྱུན་གྱི་རྩེད་རོགས་བཤད་
རོགས་ཚང་མར་བདེ་མཚམས་ཞུས་རྗེས། མཐར་ང་ཁང་སྣེ་ན་གཅིག་པུ་འགྲེང་ཡོད་པ་མཐོང་ནས་ཚུར་འོངས་ཏེ་ལག་པར་ཕྲག་པར་ལག་པས་རྡེབ་རྡེབ་འགའ་བྱེད། ཁོའི་མིག་མཆི་ཞགས་འཁོར་འདུག རླངས་འཁོར་ནང་དུ་འཛུལ་དུས་ཕྱིར་མིག་གིས་ཡང་ཡང་ལྟ་བཞིན་ངས་རྒྱ་སྐད་མི་གོ་བ་ཤེས་ནས་མཐེབ་རྒན་མ་སྟོན་བཞིན་འདུག ཁོ་དྲགས་ནས་མཆི་ཞགས་འཁོར་ཡོད་ནའང་འགྲོ་དུས་འགྲོ་རོགས་རྩེད་རོགས་དག་མཐོང་ནས་འཁྲེང་
བའི་མིག་ཆུ་བཏོན་ཡོད་པ་ཡང་ཁོ་ཐག་རེད།〞མཚམས་དེར་སླེབས་དུས་གདོང་ལ་སྔར་བཞིན་གཉེར་མདུད་བརྒྱབ་བྱུང་། ངས་གཟབ་ནན་གྱིས་ཁོའི་སྐད་ཆར་ཉན་ནས་ལམ་དུ་མགོ་བོ་གུག་གུག་བྱས།
ངའི་སེམས་ལ་གར་ཡོང་མི་ཡོང་མ་ཤེས་པའི་སྐྱོ་སྣང་གི་ན་བུན་བན་བུན་ཞིག་གིས་རིམ་གྱིས་ཡོངས་སུ་བཏུམས་བྱུང་དུ་རྐང་གཅིག་ལ་མེ་བསྒྲོན་ནས་ཨ་ཕའི་མི་མཐོང་སར་རྔམ་འཐེན་འགའ་བྱས་པས་སེམས་པ་ཅུང་མར་འཇགས་པ་འདྲ། ཡིན་ན་ཡང་ཅང་མ་འགོར་བར་སླར་ཡང་མི་བདེ་བའི་ཚོར་བ་དེ་སྲིན་འབུ་ཞིག་དང་འདྲ་བར་ང་རང་གནས་གཅིག་ཏུ་བག་ཕེབས་པར་སྡོད་ཐབས་བྲལ། སྐབས་དེར་ཆུང་མ་དང་བྱིས་པ་གཉིས་ཡང་
འཕྲོ་རིམ་འཕྲོར་ཐོན་བྱུང་།
ཆུང་མས་ངའི་སེམས་ལ་ཅི་ཞིག་ལ་དྲན་ཡོད་པ་དང་ཨ་ཕས་ང་ལ་ཅིག་ཞིག་གི་སྐོར་བཤད་པ་སྔ་མོ་ནས་རྟོགས་ཟིན་པ་འདྲ།
དགོང་མོ་དེར་བཟའ་ཚང་གང་པོས་ནུབ་མཚལ་འཐུང་རྗེས་ཨ་ཕ་དང་བྱིས་པ་གཉིས་ཁང་པའི་གྲུ་ཕུགས་ཀྱི་ནང་ཁང་ཆུང་ཆུང་དེའི་ནང་ཉལ་དུ་ཕྱིན། རྒན་པའི་རྩེད་གྲོགས་བྱིས་པ་ཡིན་ཟེར་བ་ཅིས་མ་བདེན། ཁོས་ཡང་བྱིས་པ་གཉིས་ལ་ཅི་ནུས་གང་ཐུབ་ཀྱིས་རྩྭ་ཐང་གི་གཏམ་རྒྱུད་རེ་རེ་སུན་སྣང་མེད་པའི་སྒོ་ནས་ཡང་དང་བསྐྱར་དུ་གླེང་ལ།
ཨ་ཕས་རྐྱེན་ལོས་ཡིན་བྱིས་པ་གཉིས་ཡང་གྲོང་ཁྱེར་འདིའི་ནང་ནས་འཚར་ལོངས་བྱུང་བའི་བྱིས་པ་གཞན་དག་དང་མི་འདྲ་བར་ཨ་ཕས་ཁ་ན་ཆད་མེད་ཆགས་མེད་དུ་གླེང་བའི〝ཕ་ཡུལ〞གྱི་སྐོར་ལ་ཉན་རྒྱུར་ཤིན་ཏུ་སྤྲོ། རང་གི་སྐད་ཡིག་སློབ་པའི་ཐད་ལ་མཐུན་རྐྱེན་བླ་མེད་ཅིག་བསྐྲུན་ཡོད་པས་ང་དང་ཆུང་མ་གཉིས་ཀྱི་སེམས་ཚེགས་མི་དམན་པ་ཞིག་ཇེ་ཉུང་དུ་བཏང་ཡོད། དེ་བས་ད་རག་བར་ཏུ་ནུ་བོ་ཚང་ལ་འགྲོ་རུ་མ་བཅུག་པ་ཡིན།ཁོ་ཚོ་གསུམ་པོ་འཛོམས་ཐེངས་རེ་ལ་ཨ་ཕའི་གདོང་གི་གཉེར་མདུད་དེ་རང་བཞིན་གྱིས་གྲོལ་འགྲོ།
〝ཨ་ཕ་དང་བྱིས་པ་གཉི་ག་གཉིད་ཟིན་ནམ།〞ངས་བརྙན་འཕྲིན་གྱི་གློག་སྒོ་གཏན་བཞིན་དེ་ལྟར་དྲིས།
〝ད་སོ་མར་ཉལ་བྱུང་། བྱིས་པ་གཉིས་ཀ་མེད་རྒྱུ་ན་ཨ་ཕ་དངོས་གནས་སྡོད་དཀའ་རྒྱུ་རེད། ཤུ།〞ཆུང་མས་ཡང་དབུགས་རིང་གཏོང་ཞོར་མལ་ས་བཅོས། ཁོ་ཚོ་གསུམ་པོ་མཉམ་དུ་སྡོད་དུས་བྱི་ལའི་ཕྲུ་གུ་དག་རྩེད་པ་བཞིན་ད་གཟོད་གྲོང་ཁྱེར་གྱི་ངེད་ཚང་ལ་ཡང་འདུག ཨ་ཕར་མཚོན་ན་ངེད་བཟའ་ཚོ་གཉིས་ནི་ཡོད་མེད་ལ་ཁྱད་ཅི་ཡང་འདུག བྱིས་པ་གཉིས་ནི་འཆི་མེད་བདུད་རྩི་ལས་ཀྱང་ལྷག་པ་རེད།
〝འདི་ལྟར་བསྐྱུར་མི་རུང་། ཅི་འདྲ་བྱས་ན་དགའ་ཨང་།〞
〝འོ་ལེ། ཡང་མིན་ན་སང་ཉིན་ནུ་བོར་ཁ་པར་བཏང་ནས་ཨ་ཕ་ལེན་དུ་ཤོག་ཅེས་སྐད་བཏང་ན་ཅི་འདྲ་རེད།〞
〝ངས་སྔ་མོ་ནས་དེ་འདྲ་བསམ་ཡོད། ཡིན་ན་ཡང་ཁྱོད་ཀྱིས་ཅི་འདྲ་གང་འདྲ་འདོད་བསམ་ནས་བཤད་རོགས་མ་ཆོད། ཁོར་ཡུག་བརྗེས་ན་ཨ་ཕའི་ཁམས་ཡང་ཇེ་དྭངས་ཇེ་དགའ་ལ་འགྲོ་ཁོ་ཐག་ཡིན།ཡིན་ན་ཡང་བྱིས་པ་གཉིས་ནས་ཨ་ཕ་དྲན་རྒྱུ་རེད་བསམ།〞
དེ་ཡང་རེད། ཡིན་ན་ཡང་ད་ལྟ་ཨ་ཕ་ནི〝ལ་མགོའི་ཉི་མ། ལ་རྟིང་གི་གྲིབ་མ〞ཡིན་པས་ཁོའི་འདོད་ཐོག་ལ་བཞག་ནས་སྐྱིད་མཐེ་བོང་ཙམ་ཞིག་ཡོད་ན་དེར་རོལ་དུ་འཇུག་བསམ་ཡོད། དེ་བས་མཐར་ངེད་གཉིས་ཀྱི་འདོད་ཐོག་གཅིག་ཏུ་བབས་ནས་ཡུལ་ལ་བསྐྱལ་རྒྱུའི་སེམས་ཐག་གཙང་མ་བཅད།
ཕྱི་ཉིན་ཉིན་གུང་། ང་རང་ལས་ཚོགས་གྲོལ་ནས་ཕྱིར་ཐོན་དུས་ནུ་བོ་སྔ་མོ་ནས་ཐོན་འདུག བཟའ་ཚང་གང་པོས་མཉམ་དུ་གུང་ཟས་ལ་རོལ་ཚར་རྗེས། ཆུང་མས་གླ་གོང་ཤིན་ཏུ་སྟབས་བདེ་བའི་འཇེབ་འཁོར་ཞིག་གླས་འོངས་ཏེ་ནུ་བོ་དང་ཨ་ཕ་གཉིས་ལམ་འཇུག་བྱས། ངེད་བཟའ་ཚང་གཉིས་ནས་ཁོ་ལ་ཚད་དང་རན་པའི་ཚར་བུས་བཟོས་པའི་སྟོད་ཐུང་ཞིག་དང་འཇམ་ཤ་དོད་པའི་འདྲུད་ལྷམ་གཅིག ད་དུང་ནུ་བོ་བཟའ་ཚང་གང་པོར་དངོས་པོ་ཙག་ཙིག་ཅིག་ཉོས་ཡོད་པ་རླངས་འཁོར་གྱི་གཞུག་སྒམ་ནང་ལ་བཅུག འགྲོ་དུས་ཨ་ཕས་བྱིས་པ་གཉིས་ཀྱི་ཐོད་པར་འོ་རེ་བྱས་ནས་མགོ་དང་འགྲམ་པར་བྱིལ་བྱིལ་བྱས་ནས་ཡུན་རིང་པོར་མི་གཏོང་། མདངས་ཉམས་ཤིང་འོད་ཀྱུག་ཀྱུག་བྱེད་པའི་སྤྱན་ཟུང་གིས་བྱིས་པ་གཉིས་བློས་གཏོང་ཐུབ་ཀྱིན་མི་འདུག་པ་ངེད་གཉིས་ཀྱིས་ཡང་གསལ་བོར་རྟོགས་འོངས། ནུ་བོ་དང་ངེད་ཁྱོ་ཤུག་གཉིས་ཀྱིས་སེམས་གསོ་གང་མང་བྱས་མཐར་
གཞི་ནས་ལམ་ལ་ཆས་ཐུབ་སོང་།
དགོང་ཟས་ལ་རོལ་དུས་ནུ་བོས་ཕ་ཡུལ་ནས་ཁ་པར་ཐོན་ཏེ། ཨ་ཕ་རླངས་འཁོར་ལ་མ་གནོད་པ་དང་། ཨ་ཕ་ཡུལ་གྱི་རྒན་རྒོན་ཚོ་དང་འུ་ཚང་གི་གཡང་ཁྱི་རྒྱ་ལྡང་མཐོང་མ་ཐག་མ་ལ་ཡུན་རིང་པོར་མ་ཐུག་པའི་བྱིས་པ་ཞིག་དང་འདྲ་བར་མིག་ཆུ་ཁྲོམ་ཁྲོམ་དུ་བཞུར་བྱུང་ལ། ཡུལ་མི་གཉེན་ཉེ་ཚོར་འཚམས་འདྲིའི་ཚིག་ལན་འདེབས་པའི་སྐད་ཆ་ཚིག་གཅིག་ཀྱང་ཡུན་རིང་པོར་ངག་ནས་མི་འཁྲོལ་བར་བྱེད། ཁྱིམ་དུ་མི་འགྲོ་བར་གཡང་ཁྱིམ་གྱི་
གཡས་གཡོན་དང་ཕྱུགས་ལྷས། རྒྱང་རིང་གི་རི་བོ་སོགས་ལ་ཅེར་ནས་དངན་པ་ནི་ཕྲེང་ཐག་གཅིག་ལ་རྒྱུས་པའི་ཕྲེང་རྡོག་ལྟར་ཆད་མེད་དུ་འཐེན་པར་བྱེད་ཟེར།
ངེད་བཟའ་མི་བཞི་པོས་རང་རང་གི་སྐོར་གྱི་དོན་ཕྲན་ཚེགས་རེ་གླེང་རྗེས་གློག་ཆད་པ་ལྟར་གཞི་ནས་གཏམ་ཆད། ཁྱིམ་གྱི་གློག་སྒྲོན་ཤིན་ཏུ་གསལ་ན་ཡང་ངའི་སེམས་ལ་རྩ་ཆེ་བའི་དངོས་པོ་ཅི་ཞིག་བོར་སོང་བ་ནང་བཞིན་བློ་བདེ་པོ་ཞིག་ཡེ་ནས་མ་བྱུང་། ཆུང་མས་ཡང་འཐུང་སྣོད་ལ་ཉ་ར་བྱེད་ཞོར་དངན་པ་ཐན་ཐུན་ཞིག་གིས་ཀྱང་རོགས་བྱེད་པ་ལྟར་མཚམས་མི་ཆད་པར་འཐེན་པར་བྱེད།
དོ་དགོང་ནང་ཁང་གི་ཕུགས་ཀྱི་ཉལ་ཁང་དེ་ནི་ཇི་འདྲའི་ལྷིང་ཞིང་འཇགས་པ་ཞིག་རེད་ཨང་།
ངས་དུ་རྐང་གཅིག་ལ་མེ་བསྒྲོན་ཏེ་རྔམ་འཐེན་བྱེད་ཞོར་དྲ་མ་ལས་མགོ་ཕྱིར་བཏང་། དོ་དགོང་ནམ་རྒྱུན་རྣར་གཟན་པའི་གྲོང་ཁྱེར་གྱི་འཛེར་སྒྲ་དེས་ཡང་ངའི་རྣ་ཟུང་བསྣད་རྒྱུ་ཕར་ཞོག་ཇི་འདྲའི་རྒྱང་རིང་རྒྱང་རིང་ཞིག་ན་ཡོད་ཨང་།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།