སློབ་སྤྱི།

            1

  ཉིན་འདི་དག་གི་རིང་ལ་ངས་སློབ་སྤྱི་ཞེས་པའི་བརྩམས་སྒྲུང་ཞིག་བློས་བསླངས་བྱེད་བཞིན་ཡོད། ཡང་དང་ཡང་དུ་བློས་བསླངས་བྱས་ཀྱང་སེམས་སུ་ཁེལ་པ་ཞིག་བློས་བསླངས་བྱ་མ་ཐུབ་ལ། སྙུ་གུ་ལག་ཏུ་བཟུང་སྟེ་གང་དེ་བྲི་བར་བསམ་ན། ཡིད་ཉིད་ཐེ་ཚོམ་གྱི་དྲ་རུ་ཚུད་འགྲོ དེ་ལྟར་ཡིན་པས་ང་ནི་རང་གི་ཤེས་ཚད་ལ་ཨ་ཐང་ཆད་དྲགས་ཏེ་མདང་དགོང་ཡང་ཝུ་ཆང་དང་ལྷན་དུ་མཚན་བསྐྱལ་བ་ཡིན།
  ད་ནི་ངས་དངོས་ནས་འབྲི་ཤེས་ཀྱི་མི་འདུག ཐ་ན་སློབ་སྤྱི་དེའི་མིང་ལ་ཅི་ཞིག་འདོགས་དགོས་མིན་ཡང་མི་ཤེས་པས། གསང་བ་ལྐོག་གྱུར་གྱི་སེམས་ཀྱི་སྣང་བརྙན་ནི་ད་དུང་ཐག་རིང་ཐག་རིང་ཞིག་ལོས་ཡིན། ད་ང་དངོས་ནས་སུན། ད་བར་བྲིས་པའི་ཤོག་ལྷེ་དག་བློ་འགྱོད་མེད་པར་གད་སྙིགས་སུ་གཡུགས སྙུ་གུ་ཡང་ཞེ་སྡང་གིས་བཅགས་ཏེ་ཕྱི་རོལ་དུ་བུད། ཕྱི་རོལ་གྱི་ཁ་དབུགས་ནི་ཁང་བའི་ནང་ལས་རབ་ཅིག་བསིལ་བས་ངའི་སེམས་ཀྱང་ཅུང་བདེ་ལ་བབས་ཤིང་། ལམ་འགྲམ་གྱི་སུ་ལ་ཡང་ཁ་མ་བྱས་པར་ཐད་ཀར་ཇ་ཁང་ཞིག་ཏུ་ཕྱིན་པ་ཡིན།
  ཇ་ཁང་འདི་མྱུར་བགྲོད་གཞུང་ལམ་གྱི་འཁྲིས་སུ་ཡོད། ཇ་ཁང་འདིའི་སྦྱིན་བདག་ནི་ང་དང་ན་མཉམ་པའི་རྒྱ་གར་ན་གཞོན་ཞིག་རེད། ངེད་གཉིས་ཀྱི་བར་ན་ཐུན་མོང་གི་སྐད་ཆ་ཅི་ཡང་མེད་ཀྱང་། ན་མཉམ་གྱི་ན་གཞོན་ཞིག་གི་ཇ་ཁང་ནས་ན་མཉམ་གྱི་ཇ་མ་ཞིག་གིས་བཟོས་པའི་ཇ་འཐུང་བསྡད་ན། དོན་དག་ཅི་ཞིག་ཡིན་མིན་ཅི་ཆ་ཡང་། སེམས་སུ་འུར་ཞིག་ལངས་ཡོང་བས། ངས་བསྐྱར་དུ་ཇ་ཁང་ནས་སློབ་སྤྱི་ཞེས་པའི་བརྩམས་སྒྲུང་དེའི་སྒྲིག་གཞི་གསར་བ་ཞིག་ལ་བློས་བསླངས་བྱས་པ་ཡིན། ཡིན་ཡང་། ཁོར་ཡུག་འདི་ལྟ་བུ་རུ་བསམ་བློ་ཞིབ་མོར་གཏོང་མི་ཐུབ་པས་ངས་ཀྱང་རང་ཉིད་མུ་མཐུད་དུ་དཀའ་ངལ་ལ་མ་བསྟད་པར། ཇ་ཡི་མངར་ཁར་རོལ་བཞིན་སེམས་པ་གཡེང་རོགས་ཀྱི་གྲོགས་པོ་ཞིག་ལ་ཁ་པར་བཏང་བ་ཡིན།

             2
 
  གྲོགས་པོ་འབྱོར་རྗེས། ངེད་གཉིས་ཇ་ཁང་འདིའི་གྲུ་ཟུར་གཞན་ཞིག་ཏུ་གནས་སྤར་ཏེ་ཅི་འདོད་དུ་ཁ་བརྡ་བྱས་པ་ཡིན། ཇ་ཕོར་བ་གཅིག་འཐུང་རྗེས། གྲོགས་པོས་ང་ལ་ཁ་བརྡ་འདི་འདྲ་ཞིག་བྱས་སོང་།
  ༢༠༡༡ལོའི་དབྱར་ཁར་ཆར་བ་ཆེན་པོ་ཞིག་བབས། སློབ་གྲོགས་ལ་ལས་བཤད་ན། ཁོ་ཚོས་ད་ལོའི་ཆར་བ་འདི་འདྲ་ཆེན་པོ་ཞིག་ད་བར་བབས་པ་མཐོང་མ་མྱོང་ཟེར།
  ནུབ་ཇ་འཐུངས་ཚར་རྗེས། ད་ནངས་ཞོགས་པ་ནས་བབས་པའི་ཆར་བ་ད་དུང་ཆད་མེད་ཅིང་། སློབ་སྤྱིས་སྒེའུ་ཁུང་ནས་ཕྱི་རོལ་དུ་བལྟ་ཙམ་བྱས།
  "ད་ལོ་ཆར་བ་འདི་འདྲ་ཆེན་པོ་ཞིག་འབབ་པར་བལྟས་ན། ད་ལོ་སློབ་གྲྭར་བར་ཆད་འདྲ་བྱུང་རྒྱུའི་རྟགས་ཤིག་མིན་ནམ། སང་ཉིན་ང་ཨ་ལགས་དོམ་ཚང་གི་མདུན་ལ་བཅར་དུ་འགྲོ་རྒྱུ་ཡིན། གཅིག་བྱས་ན། རིམ་གྲོ་རེ་ཡོད་ཀྱང་སྲིད། "སློབ་སྤྱིས་ཐབ་ཚང་དུ་ནུབ་ཟས་ཀྱི་སྣོད་ཆས་བཀྲུ་བཞིན་པའི་ཆུང་མའི་ཨོང་ཤ་ལ་བལྟ་བཞིན་བཤད།
  "ཁྱོད་ཚོའི་སློབ་སྤྱིའི་མིང་ལ་ཅི་ཟེར་རམ་"ངས་གྲོགས་པོའི་བཤད་མཚམས་བཅད་དེ་དྲིས་པ་ཡིན།
  "བསྟན་རྒྱམ། ཕལ་ཆེར་བསྡུས་མིང་ཞིག་ཡིན་པ་འདྲ། ངས་ཀྱང་མིང་ཧྲིལ་བོ་ཅི་ཡིན་མི་ཤེས།"
  དགོང་མོ་དེར། ཆར་བ་འབབ་ཤུགས་ཇེ་ཆེ་ནས་ཇེ་ཆེ་རུ་གྱུར། སློབ་སྤྱི་བསྟན་རྒྱམ་གྱི་སེམས་ཁ་ཁྱོན་ནས་མ་བདེ་བར། ཨ་ལགས་དོམ་ཚང་ལ་ཁ་པར་ཞིག་གཏོང་བསམ་ནས་ཡར་ལངས། ཡང་། ཐེ་ཚོམ་ཞིག་སྐྱེས། འཕྱི་བོ་འདི་འདྲ་ལ་ཨ་ལགས་ཚང་འོ་བརྒྱལ་ལ་གཏོད་པའི་དཔེ་ཞིག་གང་ན་ཡོད། རང་ཉིད་ཤ་སློབ་གྲྭ་རུ་སློབ་སྤྱིར་བསྡད་ནས་ལོ་ངོ་ཉི་ཤུའི་རིང་འདི་ལ། ཨ་ལགས་ཚང་གིས་ཐུགས་ནས་མ་དོར་ཞིང་མཐུ་ཡིས་བསྐྱངས་པའི་དྲིན་ལ། ད་བར་བགེགས་བར་ཆད་ཅི་ཞིག་བྱུང་ཡང་བདེ་ལེགས་ངང་གྲོལ་བ་མ་ཡིན་ནམ་སྙམ་ཞིང་ཕྱིར་ཉལ་སར་ལོག
  ཆར་བ་འབབ་ཤུགས་ཇེ་ཆེ་ནས་ཇེ་ཆེ་རེད། སློབ་སྤྱི་བསྟན་རྒྱམ་གཉིད་སམ་སིམ་ཞིག་ཁུགས་ཡོད། ཐག་ཐག་ཐག གློ་བུར་དུ་སློབ་སྤྱི་ཚང་གི་སྒོ་ཤུགས་ཆེན་པོར་རྡུང་། སློབ་སྤྱི་བསྟན་རྒྱམ་བྲེལ་ཤ་ཞིག་དང་ལྷན་དུ་ཡར་ལངས་ཤིང་། ཆར་བ་ད་དུང་ཤུགས་ཆེན་གྱིས་འབབ་བཞིན་འདུག
  "སུ་ཡིན་ནམ།" སློབ་སྤྱི་བསྟན་རྒྱམ་བཟའ་ཚོ་གཉིས་འཚིག་པ་ཟ་བཞིན་སྐད་བརྒྱབ།
  "སློབ་སྤྱི་ལགས། མགྱོགས་པོར་བཞེངས་དང་། ཆག་སྒོ་བསླངས་སོང་།" སྒོ་རྡུང་མཁན་གྱི་སྐད་ངག་ལ་འཚུབ་ཆ་ཞིག་འདྲེས་འདུག
  སློབ་སྤྱི་བསྟན་རྒྱམ་ཉལ་ས་ནས་ཡར་ལངས་བཞིན་ཨ་ལགས་དོམ་ཚང་ལ་གསོལ་བ་ཞིག་བཏབ། ཚི་ལེན་ཡང་མ་གྱོན་པར་སྒོ་ཕྱེ།
  "དོན་དག་ག་རེ་བྱུང་སོང་ངམ།"
  "སློབ་མ་ཞིག་བསད་སོང་།"
  སློབ་སྤྱི་བསྟན་རྒྱམ་གྱི་ཀླད་པ་རེ་ཞིག་སྟོང་སིང་སིང་དུ་གྱུར། དེ་ནས་ཉལ་ཁར་ཨ་ལགས་དོམ་ཚང་ལ་ཁ་པར་མ་བཏང་བར་བློ་འགྱོད་ཅིག་སྐྱེས་ཤིང་། བླ་འཁྱམ་པ་ལྟར། ཁ་ནས་བར་ཆད་་་་་་བར་ཆད་ཅེས་ཡང་ཡང་བཟློས།
  "ད་ལྟ་བེམ་པོ་གང་དུ་བཞག་ཡོད། "སློབ་སྤྱི་བསྟན་རྒྱམ་གྱི་ངོ་ཤོར་འདུག
  "སློབ་གྲྭའི་སྨན་ཁང་དུ་བཞག་ཡོད།"
  ཆར་བ་ད་དུང་ཤུགས་ཆེན་པས་འབབ་བཞིན་འདུག སློབ་སྤྱི་བསྟན་རྒྱམ་གྱིས་ལྷམ་ཡང་མ་གོན་པར་ཕྱི་རོལ་དུ་རྒྱུག
  གནམ་སའི་རྨུ་ཐག་ལྟ་བུའི་ཆར་བའི་ཁྲོད་དུ་སློབ་སྤྱི་བསྟན་རྒྱམ་གྱི་རྒྱབ་གཟུགས་མོག་མོག་ནས་མོག་མོག མཐའ་མར་མི་སྣང་བར་གྱུར།

            3

  གྲོགས་དང་ངེད་གཉིས་ཀྱིས་བསྐྱར་དུ་ཇ་ཕོར་བ་གང་རེ་མངགས་ཤིང་། ཞོར་དུ་ཞོར་ཟས་ཤིག་ཀྱང་བླངས་པ་ཡིན། ཇ་ཁང་གི་སྒེའུ་ཁུང་ནས་མཐོང་བའི་མཁའ་མཐའི་སྤྲིན་པ་དེ་ཇེ་ནག་ནས་ཇེ་ནག་རེད།
"དེ་རིང་ཆར་བ་དབབ་ངེས་པ་འདྲ"་ངའི་གྲོགས་ལ་དེ་ལྟར་བཤད་པ་ཡིན།
  སློབ་སྤྱི་བསྟན་རྒྱམ་སྨན་ཁང་དུ་འབྱོར་དུས། ལུས་ཡོངས་ཆར་བས་བརླན་འདུག ཁོས་བར་ཆད་་་་བར་ཆད་རེད་ཡ་ཞེས་ཟློས་ནས་ཡོང་།
  "ཆར་བ་ཐན་ལྟས་འདི་ལ་ཆད་རྒྱུ་མེད་པས། ཐོག་གིས་བརྒྱབ་པ་རེད་དམ"། དེ་གར་ཡོད་པས་མི་ཚང་མས་སློབ་སྤྱི་བསྟན་རྒྱམ་གྱི་ངོ་ལ་བལྟས། སྐད་ཆ་ཇི་ལྟར་བཤད་དགོས་པ་མ་ཤེས་ལ། རང་གི་ལས་དབང་ཡང་འདི་དང་ཅིའི་མི་འདྲ་ཨང་སྙམ་ནས། ཡིད་སེམས་སྨྲེང་བས་བསྡམས། སུས་ཀྱང་ཁ་མ་གྲག
  ད་དུང་གསོན་པོ་ལོས་ཡིན་འདོད་པའི་བེམ་པོ། ་མལ་ཁྲིའི་སྒང་དུ་བཞག་འདུག སློབ་སྤྱི་བསྟན་རྒྱམ་ག་ལེར་བེམ་པོའི་མདུན་དུ་བཅར་ཞིང་། ཁ་ཕྱིར་འཁོར་ནས།
  "དོན་ངོ་མ། འདི་ཇི་ལྟར་བྱས་པ་རེད།" སློབ་སྤྱི་བསྟན་རྒྱམ་གྱི་མིག་ཀླད་ལ་འཁོར་འདུག
  "འགན་བདག་སྐྱག་གཟན་ཁོས། གཅར་རྡུང་བྱས་ནས་བསད་བཞག་ནི་རེད།"
  ཤ་སློབ་གྲྭར་འབྱོར་ནས་ཟླ་བ་གཅིག་ལྷག་ལས་འགོར་མེད་པའི་རྡོ་རྗེ་ཡིས་ངུ་ངག་དང་བཅས་སྨྲས།
  ཕལ་ཆེར་སློབ་སྤྱི་བསྟན་རྒྱམ་གྱིས་ཁོའི་ཚིག་དོན་མ་གོ་བ་འདྲ། འགྲམ་གྱི་སྨན་ཞབས་པ་དེས་ཤབ་ཤུབ་ཏུ་ཅི་ཞིག་བཤད་རྗེས། གཞི་ནས་ངོ་མདོག་འགྱུར་ཞིང་ཁ་ནས་བར་ཆད་་་བར་ཆད་ཅེས་ཟློས་མགོ་བརྩམས།
  "ཁྱེད་ཚང་གིས་ཐུགས་ནས་མ་དོར་རོགས། འདི་གར་བར་ཆད་ཅིག་བྱུང་སོང་།"
  སློབ་སྤྱི་བསྟན་རྒྱམ་གྱི་ངག་ལ་ཞེད་སྣང་དང་རེ་བས་ཁེངས་འདུག
  "ངས་ཤེས་ཡོད། འཆི་བ་མི་རྟག་པ་རེད། གར་ཡོང་ཆ་མེད་ཡིན། ཚང་མ་ལས་དབང་དང་བསྟུན་དགོས། སང་ཉིན་ངས་བར་ཆད་དེ་ལས་ལྡོག་པའི་རིམ་གྲོ་བཏོན་མཁན་འགའ་མངགས་ཡོང་།"
  "ལགས་སོ།་ཅི་ཞིག་གིས་གནོད་ཀྱིན་ཡོད་དམ།"
  "ད་ལོ། ཁྱེད་སློབ་གྲྭའི་བགེགས་ལོར་ཁེལ་འདུག ཡིན་ཡང་། སེམས་བདེ་མོ་བྱོས། ངས་ཐབས་བཀོད་ཅིག་འཐེན་ཆོག" ཕ་རོལ་བའི་སྐད་གདངས་ལ་རིང་ཆ་ཆེ་ལ་གདེང་ཚོད་ཀྱིས་ཁེངས་འདུག སློབ་སྤྱི་བསྟན་རྒྱམ་གྱི་ལུས་པོ་འུ་ཆོ་[དབྱུག་པའི་མིང་། ཨ་མདོའི་ཁ་སྐད།] བཞིན་གུག་ཅིང་། སྐད་གདངས་ཉོམ་ཚུལ་ལ་བལྟས་ན། ཕར་རོལ་བོ། ཨ་ལགས་དོམ་ཚང་རེད།
  ཁ་པར་གཏད་རྗེས། སློབ་སྤྱི་བསྟན་རྒྱམ་གྱི་བློ་སྔར་ལས་རབ་ཅིག་བདེ་རུ་བབས་ཤིང་། ཁ་ནས་མཚམས་མི་ཆད་པར་བར་ཆད་་་བར་ཆད་ཅེས་མི་བཟློ། དེ་ནི་ཨ་ལགས་དོམ་ཚང་གི་བྱིན་རླབས་ཤིག་ཡིན་ངེས་ཀྱང་སྲིད།
  "འཆི་བ་མི་རྟག་པ་རེད། གར་ཡོང་ཆ་མེད་ཡིན། ཚང་མས་ལས་དབང་དང་བསྟུན་དགོས། སེམས་ཁྲེལ་མ་བྱ།" སློབ་སྤྱི་བསྟན་རྒྱམ་གྱིས་ཅི་ཞིག་གི་མཐིལ་རྟོག་སོང་མདོག་གིས་བེམ་པོའི་མཐའ་སྐོར་འདུག་པའི་མི་དག་ལ་ཨ་ལགས་དོམ་ཚང་གི་གསུངས་ཚིག་གི་བྱིན་རླབས་བསྩལ།
  "ཨ་ལགས་ཚང་གིས་ཀྱང་གསུང་སོང་། ད་ལོ་ང་ཚོའི་སློབ་གྲྭའི་བགེགས་ལོར་ཁེལ་འདུག་ཟེར། ཡིན་ཡང་། ཚང་མས་སེམས་ཁྲེལ་མ་བྱ། ཨ་ལགས་ཚང་གིས་སང་ཉིན་རིམ་གྲོ་འདོན་མཁན་གྱི་གྲྭ་བ་འགའ་བཏང་ཡོང་ཟེར། ད་ཚང་མ་ཉལ་དུ་སོང་། "སློབ་སྤྱི་བསྟན་རྒྱམ་གྱིས་དེ་ལྟར་བཤད་དུས་སྐད་གདངས་ཧ་ཅང་དྭངས།
  "འདི་ནི་འཆི་བ་རྟག་མི་རྟག་དང་བགེགས་ལོ་ཡིན་མིན་ཞིག་དང་འབྲེལ་བ་ཅི་ཞིག་ཡོད།འདི་ནི་མ་གཞི་སློབ་གྲྭ་འདིའི་སློབ་གསོའི་གནད་དོན་ཞིག་རེད། གཞན་གྱི་ཚེ་སྲོག་གི་རྩིས་ཐང་ལ་གོང་བཀུར་མི་བྱ་བའི་སློབ་གསོ་ཞིག་གི་གནད་དོན་ཞིག་མིན་ནམ། ཁྱོད་སློབ་སྤྱི་ཞིག་གིས་འདི་ཡང་མི་ཤེས་ཨང"། རྡོ་རྗེ་དངོས་ནས་ཁྲོས་འདུག ཁོས་ངར་ངར་གྱིས་དེ་ལྟར་བཤད་ཅིང་། ཆར་བ་ཡང་གློ་བུར་དུ་ཆད་པས། ཁོའི་སྐད་མགོི་ཧ་ཅང་མཐོ།
སློབ་སྤྱི་བསྟན་རྒྱམ་གྱིས་ད་ཐེངས་ཀྱང་རྡོ་རྗེ་ཡི་སྐད་ཆའི་དོན་མ་གོ། ཡིན་ཡང་། རྡོ་རྗེ་ཡི་རྣམ་འགྱུར་གྱིས་ཁོས་སྐད་ཆ་སྡུག་མོ་ཞིག་བཤད་ཀྱིན་པ་ཧ་གོ་ཡང་། དོན་ཅིས་ཀྱང་མ་གོ། མི་གཞན་དག་གི་ངོ་ལ་བལྟས་ཀྱང་། ད་ཐེངས་ཤབ་ཤུབ་ཏུ་སློབ་སྤྱི་བསྟན་རྒྱམ་གྱི་རྣ་ལམ་དུ་བཤད་མཁན་ཞིག་མ་བྱུང་། ཡང་ན། ཁོ་ཚོ་བཤད་རྒྱུར་སྐྲག་ཀིན་པ་འདྲ། ཚང་མས་མགོ་སྒུར་འདུག
  ད་ནི་ཆར་བ་ཆད་སོང་། རྡོ་རྗེ་ལས་གཞན་ཚང་མ་སློབ་སྤྱིའི་བཀའ་བཀོད་ལ་ཉན་ནས་ཉལ་དུ་ཕྱིན་སོང་། རྡོ་རྗེ་ད་དུང་ཤི་བོའི་འགྲམ་དུ་བསྡད་འདུག ཁོས་གློག་འོད་ཀྱི་ལྡོག་འཕྲོས་ལས། ཤི་བོའི་ལག་རྒྱབ་ཏུ་དབྱིན་ཡིག་གིས་'བདག་གི་ཕུགས་བསམ་'ཞེས་བྲིས་འདུག་པ་མཐོང་། དེ་ནི་ད་ནངས་དབྱིན་ཡིག་སློབ་ཁྲིད་སྐབས་བྲིས་པ་ཞིག་ཡིན་ངེས།
  རྡོ་རྗེས་ཡི་གེ་དེ་ལ་ཅེར་ཞིང་སེམས་པ་སྐྱོ་བས་བསྐྱོམས་ལ། སྐད་ངག་ཆེན་པོས་ངུས།

             4
  
  དེ་རིང་གནམ་ཁ་ན་ཟླ་བ་མི་འདུག མཚན་མོ་འདི་ཧ་ཅང་ལྷིང་ཞིང་འཇགས། མོག་མོག་གི་མཚན་མོ་འདིས་བདག་གི་བློ་སྙིང་ཡང་སྨྲེང་བའི་ཁམས་ཤིག་དུ་འཁྲིད། དངོས་ནས། སྒོ་འགྲམ་གྱི་འཚིག་ཇ་ཁང་འདི་ནི་བདག་གི་སེམས་གསོ་ཁང་ཞིག་ཡིན་ཞེས་ན་ཤིན་ཏུ་འགྲིག་ཨང་། ཟླ་འོད་ལ་དགའ་བའི་ང་། ཟླ་འོད་མེད་པའི་མཚན་མོ་རེ་རེར་འཚིག་ཇ་ཁང་འདི་རུ་ཡོང་ནས། འཚིག་ཇའི་མངར་ཁ་ལ་རོལ་ཞིང་སེམས་པ་གཡེང་ཐབས་བྱས་པ་ཡིན། དོ་དགོང་ཡང་ངས་འཚིག་ཇ་ཁང་འདི་ནས་འཚིག་ཇ་འཐུང་བཞིན་ཡར་མར་ལ་བློ་ཕྱོགས་པ་ཡིན། དེ་དུས་ངའི་རྣ་ལམ་དུ་གྲགས་ཡོང་བ་ནི་རྡོ་རྗེ་ཡི་ངུ་སྐད་ཁོ་ན་རེད། རྡོ་རྗེ་དངོས་ནས་ངུས་སོང་། སྡུག་ན་མཆུ་མ་མི་གཏོང་བའི་ཕོ་ཁྱོ་གའི་རང་ཚུགས་ཡོངས་སུ་ཤོར་འདུག སློབ་གྲོགས་དེའི་འདས་རྐྱེན་དུ་ངུ་ཕོད་པ་ནི་རྡོ་རྗེ་ཁོ་ན་ཡིན་ཞིང་། རྡོ་རྗེ་ཡི་ངུ་སྐད་ལ་གདུང་སེམས་ཤོར་མཁན་ཡང་གནམ་ཁ་ཁོ་ན་ཡིན་པ་འདྲ། རྡོ་རྗེ་སྐད་ཆེན་པོས་ངུས་མ་ཐག་ཆར་བ་ཡང་བསྐྱར་ཤག་ཤག་ཏུ་བབས་སོང་།
             
          5
  
  གྲོགས་དང་ངེད་གཉིས་ཇ་ཁང་གི་སྒོར་འབུད་སྐབས། ཆར་བ་ཤག་ཤག་ཏུ་བབས། ས་འདིའི་ཆར་བ་ནི་དངོས་ནས་འདི་འདྲ་ཤིག་རེད། གར་ཡོང་ཆ་མེད་དང་ནམ་ཆད་ངེས་མེད་ཡིན། ཕ་ཡུལ་ལྟར་རླུང་བུ་ལྡང་ཞིང་འབྲུག་སྒྲ་སྒྲོག་རྒྱུ་ཅི་ཡང་མེད་པར། གློ་བུར་དུ་འབབ་ལ་གློ་བུར་དུ་ཆད་འགྲོ། གྲོགས་དང་ངེད་གཉིས་ཆར་གཞའ་བྱ་ཆེད་ཕྱིར་ཇ་ཁང་དུ་འཛུལ་བ་ཡིན། ཡང་བསྐྱར་ཇ་ཕོར་བ་གང་རེ་མངགས་ནས་ཁ་བརྡའི་མུ་མཐུད་དགོས་བྱུང་།"ཁྱོད་ཀྱིས་མ་ཤེས་ནུར། དགོང་མོ་དེར་རྡོ་རྗེ་ཤི་བོའི་ལག་པར་འཇར་ནས་སྔངས་བཞིན་སྔངས་བཞིན་སྐད་ཆེན་པོས་ངུས། རྡོ་རྗེ་དེ་ལྟར་ངུས་པས། གནམ་རྒན་མ་ཁོ་ན་སེམས་འགུལ་ཐེབས་པ་འདྲ། ཆར་བ་གློ་བུར་དུ་ཤག་ཤག་ཏུ་བབས།" སློབ་སྤྱིས་བསྔས་འབོལ་དུ་མགོ་བཞག་མ་ཐག ཆར་བ་ཡང་བསྐྱར་ཤག་ཤག་ཏུ་བབས་པས། སློབ་སྤྱིའི་བློ་ཁ་ཅིས་ཀྱང་མ་བདེ། ཁོས་སེམས་ཁྲེལ་བྱས། ཆར་བ་འདི་ལ་ཆད་རྒྱུ་ཞིག་མེད་པས་ཡང་བར་ཆད་ཅིག་གིས་གང་ཞིག་ན་གཟུགས་མེད་ཀྱིས་འཇབ་ནས་ཡོང་གི་ཡོད་དམ། ཁོས་དེ་ལྟར་བསམ་ཞིང་ཨ་ལགས་དོམ་ཚང་གི་ཞལ་རས་ཡིད་ལ་འཁོར་ཡོང་། ཨ་ལགས་ཚང་གི་ཞལ་རས་ཡིད་ལ་འཁོར་ན་ཁོས་བློ་ཡང་བདེ་ལ་བབས་ཡོང་། ཉི་རྩེ་མ་ཤར་གོང་ཁ་པར་གྲགས་བྱུང་། སློབ་སྤྱིས་སེམས་སུ་ཨ་ལགས་ཚང་གི་ཞལ་པར་ཡིན་རྒྱུ་རེད་སྙམ། "ཁྱོད་ཤ་སློབ་གྲྭའི་སློབ་སྤྱི་ཡིན་ནམ།""ཡིན་ལགས། རང་སུ་ཡིན་པ།""ང་ནི་གསར་འགོད་པ་ཞིག་ཡིན།""ཁྱོད་ཚོའི་སློབ་གྲྭ་ནས་མི་གསོད་དོན་རྐྱེན་ཞིག་བྱུང་ཟིན་ཞེས་པ་བདེན་ནམ།ངས་དེའི་ཕྱོགས་ནས་་་་་་།""རེད། འོ་མ་རེད། ཁ་ངན་དེ་འདྲ་སུས་ཁྱོད་ལ་བཤད་ཨང།་བར་ཆད་རེད་ཡ།"སློབ་སྤྱི་མགོ་གཡོམ་འཁོར་ཞིང་འཚུབ་འཚུབ་ཀྱིས་ཁ་པར་ཁ་གཏད་ཅིང་། ཚོར་བ་ལ་རང་གི་སྙིང་སྟིག་སྟིག་ཏུ་ལྡིང་གིན་འདུག་པར་སྙམ། བར་ཆད། བར་ཆད་རེད་ཡ། སློབ་སྤྱི་བསྟན་རྒྱམ་དངོས་ནས་སྐྲག་ཐག་ཆོད་འདུག སློབ་སྤྱི་བསྟན་རྒྱམ་གྱི་ཚིག་གི་དྲོད་མ་ཡལ་གོང་ཁ་པར་གྱི་སྒྲ་ཡང་བསྐྱར་གྲགས་བྱུང་།སློབ་སྤྱི་བསྟན་རྒྱམ་གྱི་རྒས་ཁོག་ཏུ་གྱུར་བའི་སྐྱི་པགས་ཀྱི་གསེང་ནས་རྩ་དག་ཆེ་རུ་བསྐྱེད་ཡོང་བ་མཐོང་ཐུབ། ཁོས་སེམས་སུ་ཁ་པར་འདི་ཨ་ལགས་ཚང་དང་ཡང་ན་ཞེས་དོགས་པ་ཞིག་སྐྱེས་ཤིང་། བློ་ཁ་ཞེ་སྣང་གིས་དེད་ཡོང་སྟེ། ཁ་པར་གྱི་ཉེ་སར་ཁྱོན་ནས་བཅར་མ་ཐུབ།ཁ་པར་དེ་གློ་བུར་དུ་ཆད། ཡང་གློ་བུར་དུ་ཁ་པར་གྱི་སྒྲ་བསྐྱར་དུ་གྲགས་བྱུང་།སློབ་སྤྱི་བསྟན་རྒྱམ་གྱི་སྙིང་ཁ་ནང་དུ་བཙངས་ནས་སླེབས། རང་དབང་མེད་པར་ཁ་ནས་བར་ཆད་ཅེས་ཡང་ཡང་ཤོར་ཞིང་། ཁོ་ལ་ཁ་པར་དེ་འགྱོགས་པའི་སྙིང་ཁམས་ཤིག་ཅི་ནས་མ་ལྡན། ཡང་ཁ་པར་དེ་གློ་བུར་དུ་ཆད། སློབ་སྤྱི་བསྟན་རྒྱམ་གྱི་ཡིད་ལ་ཨ་ལགས་དོམ་ཚང་གི་གསུངས་ཚིག་འཁོར་ཡོང་།་་་་་་སེམས་བདེ་མོ་བྱོས་་་་སློབ་སྤྱི་བསྟན་རྒྱམ་གྱིས་ཨ་ལགས་ཚང་གི་གསུངས་ཚིག་ཆ་ཚང་ཕྱི་དྲན་བྱས་མ་ཚར་བར།ཁ་པར་བསྐྱར་དུ་གྲགས་བྱུང་།སློབ་སྤྱི་བསྟན་རྒྱམ་གྱི་ངག་ནས་ཨ ལགས་ཚང་ཞེས་སྐད་ངན་ཤོར་བ་དང་ལྷན་དུ་གཉིད་ལས་སད་བྱུང་ལ་། ཕྱི་རོལ་དུ་ད་དུང་ཆར་བ་ཤག་ཤག་ཏུ་བབས་བཞིན་འདུག སློབ་སྤྱིའི་སེམས་སུ་མགོ་རྔ་མི་ཚང་བའི་རྨི་ལམ་ཐུང་ཐུང་དེ་འཁོར་ཞིང་། ཡར་ལངས་ནས་ཁ་པར་དེ་ཡར་བཀྱགས། ཁ་པར་ནི་རྒྱ་གར་ཆ་འཕྲིན་ལས་ཁུངས་ཀྱིས་བཏང་བ་ཞིག་རེད། དྲ་དངུལ་ཅི་ཙམ་སྤྲད་ན། སྐར་ཆ་ཅི་ཙམ་ལ་རིན་མེད་གླེང་མོལ་བྱ་ཆོག་པའི་འཕྲིན་གསར་ཞིག་མ་དྲིས་ཤར་ཤར་དུ་བཤད། སློབ་སྤྱི་བསྟན་རྒྱམ་ལ་དགོད་རྒྱུ་ཞིག་ཡོང་ཞིང་། ཁ་པར་ཀྱི་སྒོ་གཏད། སློབ་སྤྱི་བསྟན་རྒྱམ་ཁ་ཕར་འཁོར་མ་ཐག ཁ་པར་ཡང་བསྐྱར་གྲགས་བྱུང་ལ། ཆར་བ་ཡང་སྔར་ལས་ཤུགས་ཆེན་གྱིས་བབས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་སྤྱི།

2015-06-18 རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།