ནང་གཏམ།༼ ཞར་བཀོད་གསུམ་ཡོད ༽
ནང་གཏམ།
སྒོར་གཅིག་ལ་ཟུར་གཉིས་འཕར་དགོས། ལོ་གཅིག་མ་གཏོགས་འགོར་མི་ཆོག ཡང་མིན་ནངས་ཁྱེད་ལ་འཕར་མེད་པའི་ཚོང་བདེ་ཞིག་སྐོར། རླངས་འཁོར་འདི་སྒོར་ཁྲི་བཅུ་ཡིན་ངས་ཁྱེད་ལ་རང་གོང་ཅི་བཞིན་བྱེད་ཆོག
ཆོག་གི། སྐབས་འདིར་ང་ལ་མཚོན་ན་སྒོར་མོ་འགའི་ཉག་སྒོ་ཡོད། ལོ་རྗེས་མར་ཤོག་རྐྱང་བརྩི་ཆོག
རེད། འུ་གཉིས་ཚོང་གྲོགས་རྙིང་བ་རེད། ཁྱོད་ལ་གང་བདེ་བྱེད་ཆོག
ངས་རླངས་འཁོར་ཏེ་ཉོས་ནས་གྲོགས་པོ་ཞིག་ལ་མགྲོན་དུ་སོང་བ་ཡིན།སྐབས་དེར་ཡར་མར་ཀྱི་སྐད་ཆ་གླེང་མཐར།གྲོགས་པོས་ང་ལ་ཁྱོད་ཀྱི་རླངས་འཁོར་དེར་རིན་གོང་ག་ཙམ་ཡིན་ཞེས་དྲིས་བྱུང་།
ཁྲི་བཅུ།
ཨ་ཙི། ངས་རླངས་འཁོར་ཏེ་བཟོ་གྲྭ་ནས་ཁྲི་དྲུག་གིས་ཉོས་པ་ཡི་ཟེར།
སྐབས་དེར། ངའི་ཚོང་གྲོགས་གིས་ཁོ་ལ་ཁ་པར་ཞིག་འབྱོར་སོང་ལ། ཁ་པར་ལས་ཁོས་ཡིད་ཚིམ་ཚིམ་ངང་བཤད་རྒྱུར།
གྲོགས་པོ་ཁྱོད་ཀྱི་ཚོང་རྫས་དེ་དག་དངོས་གནས་ང་ལ་ཡོང་འབབ་བཟང་འདུག རླངས་འཁོར་དེའང་རིན་གོང་ལས་ཁྲི་བཞི་ཙམ་ཟིན་སོང་ཟེར།
༢༠༡༤ ༦ ༢༡
ཉེན་ཁ་ཧ་ཅང་ཆེ་བའི་མི་དེ།
ནམ་རྒྱུན་ངས་མ་འོངས་པ་ཁོ་ནའི་ཕྱོགས་སུ་འདང་རྒྱག་བཞིན་ཡོད། ནམ་ཞིག་རང་ཉིད་ལ་རྒྱུ་འབྱོར་ག་ཙམ་ཞིག་ཐོབ་མིན་དང་གྲགས་སྙན་ག་ཙམ་རྒྱས་ཐུབ་པ། བདེ་སྐྱིད་ཀྱི་ལོངས་སྤྱོད་ལ་རོལ་ཐུབ་མིན་སོགས་རྐྱང་རྐྱང་དྲན་གྱི་ཡོད།
འོན་ཀྱང་། རང་ཉིད་ནི་ཉེན་ཁ་ཆེས་ཆེ་བའི་མི་ཞིག་ཡིན་མིན་ལ་བསམ་གཞིགས་ཅུང་ཙམ་ཡང་བྱེད་མ་མྱོང་།
ལོ་ངོ་གཅིག་ལ་འབད་པའི་ལས་ཀའི་ཡོང་འབབ་དེ་ཡང་རྐུ་ལ་ཤོར་སོང་། ཐ་ན་ཐ་མག་བག་ཆ་གཅིག་ཉོ་བྱེད་ཡང་མི་འདུག
མཐོ་འབྲིང་སྐབས་རང་ཉིད་ཀྱི་རྒྱུགས་འབྲས་ཀྱང་གཞན་གྱིས་བརྐུས་རྐྱེན་སློབ་གྲྭ་འགྲོ་བའི་གོ་སྐབས་ཡོངས་སུ་བསུབ་སོང་།
སྐབས་དེ་དག་ཏུ་ངས་རང་ཉིད་ཉེན་ཁ་ཆེས་ཆེ་བའི་མི་ཞིག་ཡིན་མིན་གཏན་ནས་མི་ཤེས།
གཉན་ནད་ཀྱི་བཟུང་ནས་ལོ་ཕྱེད་ཙམ་ལ་ཤི་མིན་རོ་མིན་ངང་སྲང་གོག་དང་ལམ་འགྲམ། ཟམ་འོག་སོགས་ནས་གད་སྙིགས་སུ་འཐོར་བའི་ཟས་ལྷག་ཟོས་ནས་རང་ཉིད་ཀྱི་དབུགས་རྒྱུན་གསོ་དུས། ངས་རང་ཉིད་ཉེན་ཁ་ཆེས་ཆེ་བའི་མི་ཞིག་ཡིན་པ་གཏན་ནས་མི་ཤེས།
སྐབས་ཏག་ཏག་འདིར། ང་ལ་ཁྱིམ་ཚང་ཡོད། རྒྱུ་ནོར་ཀྱང་འབྲིང་ཙམ་ཡོད། བུ་ཕྲུག་དང་ཆུང་མ་ཡོད། ང་ལ་བདེ་སྐྱིད་ཀྱི་གཞིས་ཀ་བདེ་འཚམ་ཤིག་ཡོད་དུས། ངས་ད་གཟོད་རང་ཉིད་ཉེན་ཁ་ཆེས་ཆེ་བའི་མི་ཞིག་ཡིན་པ་ཚོར་བྱུང་།
འགྲུམ་འགྲིལ་དོན་རྐྱེན་ལས་ང་རང་འཆི་བར་ངེས་སྲིད་ལ། གློ་བུར་བའི་ནད་གཞི་ཞིག་གིས་ང་རང་ཕྱི་མར་འགྲོ་སྲིད། ཆོམ་རྐུན་གང་ཞིག་གིས་ང་རང་ལྐོག་ལྐོག་དུ་གྲུ་ག་གང་ཞིག་ཏུ་གསོད་པར་འགྱུར་སྲིད། ཅུང་ཙམ་ནས་ས་ཡོམ་ཆེན་པོ་ཞིག་ལངས་ཏེ་ང་རང་ཁང་གོག་འདིའི་རྡོ་ལྕགས་ཀྱི་འོག་ཏུ་གསོད་འགྲོ་ནའང་ཐང་། ང་ལ་རྟེན་པའི་མི་ཞིག་ཡོད་ཅིང་ང་རང་འཛུལ་སའི་གནས་ཞིག་ཡོད་པས་ང་ཉེན་ཁ་ཆེས་ཆེ་བའི་མི་ཞིག་ཡིན་པ་རྟོགས་བྱུང་།
༢༠༡༤ ༦ ༢༢ཉིན་ཕ་ཡུལ་དུ།
ཁྱིམ་མཚེས།
ཁྱིམ་མཚེས་ཚང་གི་དེ་རིང་ཅི་ཞིག་བྱེད་གིན་འདུག སྐྱེས་པས་དུད་རྐང་གཅིག་མེར་བསྒོས་ཞོར་དེ་ལྟར་རང་གི་ཆུང་མར་དྲིས་བྱུང་། སུས་ཤེས། མོའི་སྐྱེས་པས་ཕྱི་ནས་དགའ་རོགས་ཤིག་བཙལ་ནས་གཟའ་འཁོན་བྱེད་པ་ལོས་ཡིན། སྐད་སྒྲ་ཆེ་བར་ཉོན་དང་་་་་ཆུང་མས་མ་རངས་པའི་ཚུལ་གྱིས་ལན་བཏབ་བྱུང་།
སྐྱེས་པས་དུད་རྔུབ་འཕྲོ་བྱེད་ཀྱིན་ཁྱོད་ཀྱིས་ང་ལ་དེ་ལྟར་ཁྱད་གསོད་བྱེད་མི་དགོས། བུད་མེད་འདི་ཚོ་ཅི་འདྲ་ཞིག་ཨང་།
ཆུང་མས་སྔར་བཞིན་ལས་ཀ་བྱེད་ཞོར་དུ། ཁྱོད་མིན་ཡང་ཕྱི་ན་དགའ་རོགས་བཙལ་ཡོད་མཁན་མང་འདུག ཁྱིམ་མཚེས་ཚང་གི་སྐྱེས་པས་ཀྱང་དགའ་རོགས་ཤིག་བཙལ་ཡོད་ཤས་རེད། ཉིན་འགར་ཕྱིར་མ་ཡོང་ཐལ། ཁྱོད་ལ་ཟེར་བ་གཏན་ནས་མིན།
སྐྱེས་པས་སྐད་ཆ་དེ་དག་ལ་དོ་སྣང་མེད་པར། ཉོན་དང་སྐད་སྒྲ་ག་འདྲ་ཞིག་མཐོ་འདུག
ཁང་བའི་སྒེའུ་ཁུང་ཅུང་ཕྱེ་པའི་བར་གསེང་ནས་ཁྱིམ་མཚེས་ཚང་གི་གཟའ་འཁོན་བྱེད་པ་གསལ་ལྷང་ལྷང་དུ་གྲགས་འོང་། ཁྱིམ་མཚེས་བུད་མེད་དེས་སྐད་འཛེར་འཛེར་ངང་ཁྱོད་རང་འགྲོ་འདོད་ཚེ་ཡུགས་མོ་དེའི་སར་བུད་སོང་། ངོ་ཚ་མེད་པ་ཁྱོད། གཏན་ནས་ཕྱིར་ཡོང་མི་དགོས།
སྐྱེས་པས་དུ་བ་རྔུབ་ཞོར་མོས་ཅི་ཞིག་བཤད་གིན་འདུག་ཅེས་ཆུང་མར་དྲིས་བྱུང་།
ཆུང་མས་དོ་སྣང་ཙམ་མེད་པར་མ་གོ་ཐལ། ཁྱོད་ཀྱིས་ཉན་ཡོད་པ་མིན་ནམ་ཟེར།
སྐྱེས་པས་སྒེའུ་ཁུང་ལས་གྲགས་ཡོང་བའི་སྐད་སྒྲར་ཉན་ཞོར་དུ། ངོ་མ་གཟའ་འཁོན་ཟེར་བ་དེ་བཙོག་ཨང་།
ཆུང་མ་སྔར་བཞིན་ཁུ་སིམ་མེར་བསྡད་འདུག
སྐྱེས་པས་སྐད་ཤུགས་མཐོན་པོས། ཇ་ཞིག་ལྡུགས་དང་ཁྱོད་ཀྱིས་ཇ་ཡང་ལྡུག་མི་ཐུབ་པ་ཨེ་རེད།
སྒེའུ་ཁུང་ལས་ཁྱིམ་མཚེས་ཚང་གི་སྐྱེས་པའི་སྐད་གྲགས་འོང་ཏེ་ཁྱོད་ཀྱིས་ང་ལ་ཇ་ཐུན་སྣུམ་པོ་ཞིག་ཀྱང་བྱེད་མ་མྱོང་། ད་དུང་འདི་འདྲའི་གཤེ་གཤེ་བྱེད་དོན་ཅི་ཡིན། ཟ་བཏུང་ཡོད་ཚད་ངས་ཉོས་པ་རེད། ཁྱོད་ཀྱིས་ཤེས་སམ།
སྒེའུ་ལས་གྲགས་ཡོང་བའི་སྐད་སྒྲ་དེར་སྐྱེས་པས་གཟབ་ནན་ངང་ཉན་འདུག
ཆུང་མས་ཇ་འཁྱག་པ་ཞིག་བླུགས་པ་ལས་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་བྱུང་།
སྐྱེས་པས་སྔར་བཞིན་གཟབ་ནན་ངང་ཉན་འདུག
སྒེའུ་ཁུང་ལས་ཁྱིམ་མཚེས་བུད་མེད་དེའི་སྐད་གྲགས་བྱུང་། ཁྱོད་ཉིན་རྒྱུན་ཡུགས་མོ་དེའི་སར་སོང་ནས་ང་གཅིག་པུར་ཤུལ་དུ་བསྐྱུར་ན། ང་ལ་དེའི་ཡི་ག་ཡོད་དམ།
ཆུང་མས་ནན་ཏན་གྱིས་ཁྱིམ་མཚེས་བུད་མེད་དེའི་སྐད་ཆར་ཉན་འདུག
སྐྱེས་པས་ཇ་འཁྱག་དེར་ཧུབ་སྐོར་ཞིག་བྱས་ཏེ་ཆུང་མའི་ཕྱོགས་སུ་སྡང་མིག་ཅིག་བགྲད་ཞོར་ཉན་རྒྱུ་ཅི་ཞིག་ཡོད་གི། ཁྱོད་ཀྱིས་ཇ་ཡང་བསྐོལ་མི་ཐུབ་བམ།
ང་གཅིག་པུ་ཇ་འཁྱག་འཐུང་རྒྱུར་གོམས་སོང་འདུག
སྐྱེས་པས་ཁོང་ཁྲོའི་ངང་ཁྱོད་ཀྱིས་ཀྱང་ཁྱིམ་མཚེས་བུད་མེད་མདོ་མེད་མ་དེས་བྱེད་ཚུལ་ལྟར་བྱེད་དོན་ཅི་རེད།
ཆུང་མ་མ་རངས་པའི་ངང་ཁྱོད་རང་ཁྱིམ་མཚེས་སྐྱེས་པ་ཅི་བཞིན་འཁྱམས་ན་ངས་ཅི་ཕྱིར་མོའི་ཆུང་མ་ལྟར་བྱེད་མི་ཆོག་པ་རེད།
རེ་ཞིག་ཁང་ཁྱིམ་ཆུང་ཆུང་དེ་དབེན་འཇགས་གེར་གྱུར།
༢༠༡༤ ༦ ༢༢ཉིན་ཕ་ཡུལ་དུ།
མེ་ལོང་།
ང་རང་མེ་ལོང་དུ་ཤར་དུས། མེ་ལོང་ནང་རོལ་ནི་ངའི་འཇིག་རྟེན་གཞན་ཞིག་རེད། དེའི་ཕྱིར། ང་རང་མེ་ལོང་དུ་ལྟ་བར་ཤིན་དུ་དགའ་བོ་ཡོད།
མཚམས་ལན་རེར། ང་རང་ཁེར་རྐྱང་ཡིན་དུས། མེ་ལོང་ལ་བལྟས་ཏེ་རང་ཉིན་གཞན་པ་དེའི་ངོ་གདོང་ཁོ་ནར་ཅེར་ཏེ་ཆུ་ཚོད་ལྔ་དྲུག་ཙམ་འགོར་འགྲོ།
གོམས་གཤིས་དེའི་དབང་གིས་ང་རང་རྒྱུན་དུ་མེ་ལོང་ལས་རང་ཉིད་རྒས་དྲགས་པ་གཞི་ནས་ཚོར་མ་མྱོང་། སྐབས་འདིར་ཕྱིར་འདང་ཞིག་བརྒྱབ་ཚེ། ལོ་ན་བདུན་ཅུར་སོན་པའི་ང་རང་མེ་ལོང་དུ་གཞི་ནས་སྔར་བཞིན་ང་ཡི་ངོ་གདོང་ཁོ་ན་ཉིད། ངའི་བུ་ཕྲུག་དང་དེའི་བུ་ཕྲུག་སོགས་ཤིན་ཏུ་མང་མོད། མེ་ལོང་དུ་ཡོད་པ་ནི་ང་རང་རྒས་མ་ཐུབ་པའི་རང་ཉིད་ངོ་མ་དེ་རེད།
མེ་ལོང་དུ་ང་ཡི་ངོ་གདོང་གཅིག་པུ་ལས་ངའི་སྐྱིད་སྡུག་ཅི་འཆར་བར་མི་སྲིད། བདག་གི་ཆུང་མ་འདས་གྲོངས་སུ་འགྲོ་དུས། མིག་མཐའ་དམར་པོར་གྱུར་བའི་ང་རང་གི་ངོ་གདོང་ལས། གཞན་ཅི་ཡང་མི་འདུག ང་ཡི་ན་ཟུག ང་ཡི་གྲང་འཁྱག ང་ཡི་བཀྲེས་ལྟོགས། མེ་ལོང་གི་གནས་གང་ཞིག་ཏུ་ཡིབ་ཡོད་པ་གཏན་ནས་རྟོགས་མ་བྱུང་།
དེ་རིང་མེ་ལོང་དེ་གས་ཆག་ཏུ་ཤོར་བ་ནས་ང་རང་མེ་ལོང་ལས་བུད་འདུག་ལ། མེ་ལོང་དེ་ལས་ངའི་འཚོ་བ་གཞན་ཞིག་བོར་བརླག་ཐེབས་སོང་།
འོན་ཀྱང་། མེ་ལོང་ནང་དུ་ང་ད་དུང་རྒས་ཉམས་གཏན་ནས་མེད། ངས་མེ་ལོང་ནང་གི་རང་ཉིད་ཁོ་ན་ཤེས་པ་ལས་་་་་་་
་་་་
་་་་་་་་
༢༠༡༤ ༦ ༢༤ཉིན་ཕ་ཡུལ་དུ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།