མཁའ་འགྲོའི་བྲོ་ར།
བོད་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ཆོ་འཕྲུལ་དུས་ཆེན་དུ་གྲགས་ཤིང་། སྔོན་རྒྱ་གར་འཕགས་པའི་ཡུལ་དུ་བདག་ཅག་གི་སྟོན་པ་ཤྰཀྱ་ཐུབ་པས་ཆོ་འཕྲུལ་སྣ་ཚོགས་ཀྱི་སྒོ་ནས་བདུད་དང་མུ་སྟེགས་པ་ཚར་བཅད་པ་དང་། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་ལྷ་སའི་ཆོ་འཕྲུལ་སྨོན་ལམ་གྱི་མཆོད་པ་རྒྱ་ཆེན་པོ་འབུལ་མྱོང་བའི་དུས་ཚིགས་ཁྱད་པར་བ་འདི་ལ། བོད་མི་རྒན་དར་གཞོན་གསུམ་ཀུན་གྱིས་དགེ་སྒྲུབ་མཆོད་འབུལ་གྱི་ལས་ལ་གཞོལ་ཅི་ཐུབ་བྱེད་ཀྱིན་ཡོད།
ངའི་ཕ་ཡུལ་དུ་བོད་ཟླ་དང་པོའི་ཚེས་བཅོ་ལྔ་ལ་ཚེས་ཆེན་བཅོ་ལྔ་ཞེས་དུས་ཆེན་ཐུན་མོང་མ་ཡིན་པ་ཞིག་ཏུ་བརྩི་གྱིན་ཡོད་དེ། སྔ་དྲོ་དཔལ་སྡིངས་དགོན་དུ་མཆོད་མཇལ་ཞུ་བ་དང་ཕྱི་དྲོ་མཁའ་འགྲོའི་བྲོ་རར་འཛོམས་ཏེ་ལོ་ཕྱུགས་བསོད་ནམས་དར་བའི་རྟེན་དུ་གླུ་ལེན་གཡང་འགུགས་བྱེད་སྲོལ་ཡོད། ད་ལོ་གཅེན་པོ་དང་གཅེན་མོ་འབྲོག་སར་བསྐྱོད་པས་དཔལ་སྡིངས་དགོན་དུ་མཆོད་མཇལ་དུ་འགྲོ་རྒྱུའི་གོ་སྐབས་བཟང་པོ་དེ་ང་དང་ཨ་ཕར་ཐོབ།
ངས་རེ་བས་སྒུག་པའི་ཚེས་ཆེན་བཅོ་ལྔའི་ཉི་གཞོན་ད་གཟོད་སྒེའུ་ཁུང་གི་ཁ་ནས་འཛུམ་བྱུང་། ངས་བྱི་དོར་ལེགས་པར་བྱས་པ་དང་གྱོན་གོས་གསར་པ་གྱོན། ཨ་ཕས་ཐོག་ཁར་བསང་ཕུལ། རྒྱགས་ཕྱེ་གྲབས་ཏེ་ལམ་དུ་བཞུད།
ང་ཚོའི་ཁྱིམ་ནས་དཔལ་སྡིངས་དགོན་བར་ལམ་ཐག་རིང་ཡང་ཨ་ཕས་རླངས་འཁོར་ཞིག་ཀྱང་མ་གླས་པར་གོམ་བགྲོད་ལ་བརྟེན་དགོས་ཚུལ་གླེང་བས་ང་རང་ཨ་ཕར་སྡང་སེམས་ཆེན་པོ་སྐྱེས་ཤིང་ཁྱིམ་མཚེས་ཀྱི་ཨ་ཁུ་དགྲ་འདུལ་དང་འདྲ་བར་འུར་སྒྲ་དང་བཅས་སོང་ན་ཅིས་མི་ཆོག་སྙམ། ངས་མ་འདོད་པའི་རྣམ་འགྱུར་སྟོན་བཞིན་ཨ་ཕའི་རྗེས་སྙེགས་གང་ཐུབ་བྱས། ཨ་ཕས་ཅི་ཡང་མི་ཤོད་པར་མདུན་ནས་མདུན་དུ་བསྐྱོད། ངས་ཨ་ཕའི་མཇུར་རྟ་ཡུ་རིང་དེའི་སིང་སྒྲ་རེ་རེའི་རྗེས་སུ་དཔར་བའི་རྐང་རྗེས་དག་བརྫི་ཅི་ཐུབ་བྱས་ཀྱང་རྐང་རྗེས་དེ་དག་ནི་ཞེང་ཆེ་ཞིང་ནང་ནས་ཕྱི་རུ་འཁྱོགས་ཡོད་པས་ངས་ཨ་ཕའི་རྐང་རྗེས་ལྟར་གོམ་པ་སྤོ་མ་ཐུབ་ལ་ཨ་ཕའི་རྗེས་ཀྱང་མ་ཆོད།
ལམ་ཐག་རིང་པོ་གཏམ་གྱིས་གཅོད་ཅེས་པ་ལྟར་ཨ་ཕས་ཁ་གྲགས་བྱུང་།
ཨ་ཕས་རྒྱལ་སྲས་དོན་ཀུན་གྲུབ་པར་དཔལ་སྡིངས་དགོན་པ་བཞེངས་རྒྱུའི་མཁའ་འགྲོའི་ལུང་བསྟན་ཇི་ལྟར་ཐོབ་ཚུལ་དང་དགོན་པ་བཞེངས་ཚུལ། དགོན་པ་བཞེངས་རྗེས་ཡུལ་འདིའི་བསོད་ནམས་ཀྱི་མཐུ་ལས་མཁའ་འགྲོ་མི་ཡུལ་བྱོན་ཏེ་རབ་གནས་གནང་ཚུལ། མགོ་ནག་མི་ཡིས་མཁའ་འགྲོའི་བྲོ་ར་ནས་གླུ་གར་གྱི་བཏང་རག་ཕུལ་བས་ཡུལ་འདིར་ལོ་ཕྱུགས་ཇི་ལྟར་རྒྱས་ཚུལ་སོགས་རེ་རེ་བཞིན་བརྗོད་པས། ངའི་སེམས་སུ་དད་པའི་སྤུ་ལོང་རབ་ཏུ་གཡོས་ཏེ་བྱིན་རླབས་ཀྱིས་ཕྱུག་པའི་གདན་ས་དེར་མགྱོགས་ཙམ་སླེབས་ན་ཅི་མ་རུང་སྙམ། དེ་ནས་ཨ་ཕས་རིག་གནས་གསར་བརྗེ་ཞེས་པའི་མུན་ནག་གི་ལོ་དེ་དག་ནང་དགོན་པར་གོད་ཆག་ཇི་ལྟར་བྱུང་ཚུལ། རྒྱལ་སྲས་དོན་ཀུན་གྲུབ་པའི་གདུང་རྟེན་མཆོད་རྟེན་གི་གཟུངས་གཞུག་ཇི་ལྟར་རྐུ་ལ་ཤོར་བ་སོགས་ལོ་རྒྱུས་ཀྱི་པར་གཞི་རེ་རེ་བདག་གི་མིག་མདུན་དུ་བཤམས་ཀྱང་ངས“དམར་སྲུང་དམག”དང“ཡིག་ཆེན་ཚགས་པར”ཟེར་བ་དེ་དག་ཅི་ཞིག་ཡིན་པ་མ་ཤེས་ཀྱང“དེ་ནས་ཅི་ཞིག་བྱུང་སོང”ཞེས་ཨ་ཕར་འདྲི་གང་ཐུབ་བྱས།
གློ་བུར་དུ་ངའི་ཨ་ཕར་གློ་དྲག་པོ་ཞིག་བརྒྱབ་པས་ཤོད་མཚམས་ཆད་ཅིང་ངལ་གསོ་མི་བྱེད་ཀ་མེད་དུ་འགྱུར། ངས་རྒྱབ་ཁུག་ནས་ཆང་གི་དམ་བི་བཙལ་ཏེ་ཨ་ཕར་ཆང་དྲངས་པས། གློ་ཡང་ཆད་ཅིང་ཅུང་རྒྱུན་ལྡན་མིན་པའི་མིག་མདངས་ཀྱིས་ང་ལ་བལྟ་བཞིན་འདུག ཨ་ཕས་ད་བར་འདི་ལྟ་བུའི་མིག་མདངས་ཀྱིས་ང་ལ་བལྟ་ཐེངས་དང་པོ་ཡིན་པས་སྟོང་ཞིང་འཇགས་པའི་ཡུལ་གྲུ་དེ་ནས་ངས་ཀྱང་ཐེངས་དང་པོར་ཨ་ཕའི་དཔྲལ་བ་དང་གདོང་སྟེང་དུ་བབས་པའི་རྒས་པའི་སྡུག་སྔལ་ཞེས་པ་གསལ་པོར་མཐོང་བས་ཡིད་བརྣངས་ཤིང་རྟབ་རྟབ་པོར་འགྱུར་ཏེ་ཅི་ཞིག་བརྗོད་དགོས་པ་ཡང་མ་ཤེས།
རི་ཞིག་གི་སྣེ་མོ་རུ་ཐོན་པ་ན། དཔལ་སྡིངས་དགོན་རྒྱ་ཕིབས་ཁྲ་ལྷམ་མེར་མཇལ་བྱུང་། དགོན་པ་ནི་ཚང་ཚིང་ལྗོན་པས་རབ་ཏུ་དཀྲིགས་ཤིང་སོ་གསོད་པ་དང་། བབ་ཆགས་པས་སུ་ཞིག་གིས་མཇལ་ཡང་དད་པའི་མིག་ཟུང་བརླན་དུ་འགྱུར་སྲིད། དགོན་པའི་རི་འདབས་ནས་བསང་གི་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་བ་དང་དགོན་པའི་བསྐོར་ལམ་དུ་མི་རྣམས་ནག་ཡོར་ཡོར་གྱིས་འགྲོ་བཞིན་འདུག སྐབས་དེར། ཨ་ཕས་མིག་ཟུང་བཙུམས་ཤིང་ཐལ་མོ་སྦྱར་ཏེ་འགྱེལ་བ་བལྟ་བུའི་རྒྱང་ཕྱག་བཙལ།
ང་དང་ཨ་ཕས་འདུ་ཁང་དུ་མཆོད་མཇལ་ཞུ་བར་བསྐྱོད། འདུ་ཁང་གི་སྒོ་ཡོར་བཀྱག་མ་ཐག་གདོང་སྟེང་དུ་ཚ་རླངས་ཤིག་འཕྲོས་ཤིང་དགེ་འདུན་པས་ཆོས་འདོན་པའི་དབྱངས་རྟ་འུར་འུར་དུ་ལྡང་འོང་། ཨ་ཕས་དགེ་འདུན་པའི་གྲལ་བསྟར་གྱི་དབུས་ནས་ཕྱག་བཙལ། དབྱིབས་མི་འདྲ་བའི་མཆོད་ཀོང་དག་ལ་མཆོད་ཐིགས་བརྒྱབ། འདུ་ཁང་དུ་མཆོད་མཇལ་དུ་ཞུ་སྐབས་ཨ་ཕས། འདི་ནི་ཇོ་བོ་རིན་པོ་ཆེ་རེད། འདི་ནི་རྗེ་ཡབ་སྲས་གསུམ་རེད། འདི་ནི་རྒྱན་དྲུག་མཆོག་གཉིས་རེད་ཅེས་རེ་རེ་བཞིན་གནས་བཤད་གནང་བྱུང་།
ཕྱི་དྲོ་ཡུལ་འདིའི་ལུགས་སྲོལ་དང་ངའི་རེ་བ་ཇི་བཞིན་ངེད་གཉིས་ཀྱི་གོམ་ཁ་མཁའ་འགྲོ་བྲོ་རར་བསྒྱུར། བྲོ་ར་དེ་དགོན་པའི་གཡས་ཕྱོགས་སུ་གནས་ཤིང་ཉམས་དགའ་ཞིང་དབེན་པར་སྣང། མཁའ་འགྲོའི་བྲོ་ར་ནི་རྡོ་གཅལ་བཏིང་བའི་ཐང་ཆེན་པོ་ཞིག་ཡིན་ཅིང་དབུས་སུ་འབུམ་པ་ཞིག་བཞེངས་འདུག ཨ་ཕས་མཁའ་འགྲོའི་ལུང་བསྟན་གྱིས་དཔལ་སྡིངས་དགོན་བཞེངས་གྲུབ་པ་དང་མཁའ་འགྲོས་རབ་གནས་གནང་རྗེས་ལྷ་མི་རྒྱས་འཛོམས་གནང་ས། མགོ་ནག་མི་ཡིས་མཁའ་འགྲོར་བཏང་རག་འབུལ་སའི་བརྟེན་ཁྱད་པ་བ་མཁའ་འགྲོའི་བྲོ་ར་འདི་ཡིན་ཚུལ་དང་གནས་འདི་རུ་གླུ་གར་གྱི་མཆོད་པ་ཕུལ་ཚེ། ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྒྱས་པའི་རྟེན་འབྲེལ་འགྲིག་ཚུལ་སོགས་བརྗོད།
དེ་རྗེས་མཁའ་འགྲོའི་བྲོ་ར་དང་ཐག་ཉེ་བའི་བྲག་ཁུང་ནག་པོ་ཞིག་བསྟོན་བཞིན། “གཞོན་པའི་དུས་སུ་ང་དང་རོགས་པ་ཚོ་གནས་དེ་རུ་ཞག་སྡོད་བྱས་ཏེ་འབྲོག་པ་དང་སྒོར་གཞས་འགྲན་ཏེ་ལོ་ལེགས་རྒྱས་མིན་དང་ཤ་མར་ཐུད་གསུམ་འཕེལ་མིན་རྩོད་ཀྱིན་ཡོད”ཟེར་བཞིན་ཨ་ཕའི་གདོང་སྟེང་དུ་འཛུམ་མདངས་ཤིག་རྒྱས་འདུག
ངས་ཀྱང་ལོ་ཕྱུགས་རྩོད་ལུགས་དེ་གང་འདྲ་ཡིན་པ་ཤེས་འདོད་སྐྱེས་ཏེ“དེ་ཇི་ལྟར་རྩོད་པ་ཡིན”ཞེས་དྲིས།
ཨ་ཕས“ང་ཚོའི་ཡང་སྟེང་དུ་མཐོ་རིས་ཀྱི་ཞིང་ཁམས་ཆགས་ཡོད་ཅིང་ཞིང་ཁམས་དེ་རུ་ལྷ་དང་མཁའ་འགྲོ་གནས་ཡོད། ལྷ་དང་མཁའ་འགྲོ་ནི་ཚེ་རིང་གི་སྡུག་སྔལ་གྱིས་མནར་ཡོད་པས་དུས་ཚོད་ཀྱི་འཁོར་སྐྱོད་དལ། དེའི་དབང་གིས་ལྷ་དང་མཁའ་འགྲོར་གླུ་ཡི་བཏང་རག་ཕུལ་ཚེ་ལོ་ཕྱུགས་ཀྱི་དངོས་གྲུབ་གནང་གིན་ཡོད། ཞིང་པ་དང་འབྲོག་པས་ཀྱང་གླུ་གར་གྱི་བཏང་རག་གྱི་འབུལ་ཡུན་འགྲམ་ཏེ་ལོ་འགོ་མའི་གཡང་དེ་འཐོབ་ཐབས་བྱེད་ཀྱིན་ཡོད། སྒོར་གཞས་འགྲན་པའི་དུས་སུ་བསྐྱར་ཟློས་དང་མཚམས་ཆད་མི་རུང་ཞིང་། སུ་ཞིག་གིས་དེ་ལྟར་སྒྲུབ་མ་ཐུབ་ཚེ་གཡང་ཤོར་བ་ཡིན་པས་འགྲམ་སྡུར་དེ་ཉིན་དང་མཚན་མཐུད་དེ་མ་བྱས་ཚེ་རྒྱལ་ཕམ་གྱི་དབྱེ་བ་ཆོད་དཀའ། ཐ་ན་ཟ་མ་བཟའ་དུས་ཀྱང་མི་ཕྱེད་ཀས་ཟ་མ་བཟའ་བ་དང་ཕྱེད་ཀས་མུ་མཐུད་འགྲན་རྩོད་བྱ་དགོས་པས། རྒྱལ་ཕམ་ཆོད་དུས་འཇུར་རྟ་ཡུ་རིང་ཡང་ཚལ་བར་ཐོར་སྲིད”ཅེས་ཨ་ཕས་ང་རང་གློག་འོད་དང་སྒྲ་སྒམ་གྱི་བསླུ་བྲིད་མེད་པའི་མཚན་མོ་དེ་ལ་འཁྲིད་གང་ཐུབ་བྱས།
སྐབས་དེར་མི་ཚོགས་ཀྱི་ཁྲོད་ནས་ངའི་ཨ་ཕའི་ལོ་ཚོད་དང་མཉམ་པའི་མི་ཞིག་གིས། “གཞོན་པ་ཚོ། གཞས་ར་སྒྲིག་ཤོག”ཅེས་སྐད་བར་མེད་དུ་སྒྲོག་ཅིང་། ཨ་ཕ་རིག་མ་ཐག་ཅི་ཤོད་འདི་ཤོད་མེད་པར་ངའི་ཨ་ཕ་མི་ཚོགས་ཀྱི་དབུས་སུ་དྲུད་ནས་སོང་། སྐབས་དེར་བསྟན་ཤིག་ལ་དགའ་བའི་མི་འགའ་རེས་རང་གི་ངོ་ཤེས་པའི་ཕོ་གཞོན་དང་མོ་གཞོན་མི་ཚོགས་ཀྱི་དབུས་སུ་འབུད་གང་ཐུབ་བྱས།
ཕར་དྲུད་ཚུར་དྲུད་ཐེངས་མང་བྱས་རྗེས་མི་འགའ་ཞིག་ལག་གདང་སྦྲེལ་སོང་། སྒོར་གཞས་འཁྲབ་རྒྱུ་ནི་སླ་མོ་ཞིག་མིན་ཏེ་སྐྱེས་པས་སྐུལ་དགོས་པ་དང་དེ་རྗེས་བུད་མེད་ཀྱིས་ལེན་དགོས། ཞབས་བྲོ་འཁྲབ་ཤེས་པ་ཙམ་གྱིས་མི་ཆོག་པར་གླུ་ལེན་ཤེས་པ་དགོས། སྐྱེས་པས་སྐུལ་དགོས་ལ་བུད་མེད་ཀྱིས་ལེན་དགོས། འོན་ཀྱང་། དེ་རིང་བུད་མེད་གཅིག་གིས་ཀྱང་ལག་གདང་སྦྲེལ་མེད་པས“སྐྱེ་སྨན་ཚོ་ཤོག”ཅེས་སྐད་ཅོར་བར་མེད་དུ་གྲགས། ད་གཟོད་ལོ་ན་ཅུང་མཐོ་བའི་བུད་མེད་ཅིག་གིས་ལག་གདང་སྦྲེལ་སོང་།
གུང་གསང་མཐོན་པོ། ཨོ་ལོ་ང་སྐྱེས་སའི་ཕ་ཡུལ་མ་རེད་ཡང་ཅིག་སའོ།
དྲིན་ཆེན་ཉི་མ། འགྲོ་བའི་རྟ་ལ་རྟས་སྒ་ཚུགས་ཤོག
ཡང་ཅིག་སའོ་་་་་
དྲིན་ཆེན་ཉི་མ།
་་་་་་་་་་་ ་་་་་་་་་་་་་
སྐྱེས་པས་སྐུལ་རྗེས་ལོ་ན་ཅུང་མཐོ་བའི་བུད་མེད་དེས་བླངས་ཀྱང་སྒྲ་དམའ་བས་བུད་མེད་ཀྱིས་ལེན་མི་དགོས་པར་སྐྱེས་པས་སྐུལ་རྒྱུ་ཁོ་ན་བྱས་ཏེ་གསུམ་རྒྱག་སྤབ།
རི་བོ་བདེ་ཆེན་མ་ཆགས་བདེ་ཆེན་ཆགས། རི་བོ་བདེ་ཆེན་ཉི་མའི་ལྷོ་ལ་ཆགས།
རྩེ་མོ་ཡེ་ལ་བ་ལུའི་ན་བཟའ་བཞེས། སྐེད་པ་ཡེ་ལ་མུ་ཏིག་དབུ་ཞྭ་བཞེས།
རྩ་བ་མ་གིར་ཆུ་མོས་གཡས་བསྐོར་བརྒྱབ
་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་
ཅེས་ལེན་དུས་རེ་འགའི་ཁ་ནས“སའོ་ཡ་ལ་་་་་་”ཟེར་བ་དང“ཆགས་་་་་ཆགས་་་”ཟེར་བ་མ་གཏོགས་གཞས་ཚིག་གསལ་པོ་ཞིག་གོ་རྒྱུ་མི་འདུག་ཀྱང་ཡུད་ཙམ་ལ་མཁའ་འགྲོའི་བྲོ་ར་འུར་ཟིང་ངེར་སོང་།
རྟ་ཕོའི་མགོ་དེ་ཚེ་དབང་གི་བུམ་པ་འདྲ་ལ།
སྐལ་བཟང་རྩ་རིའི་ནགས་ནས་ལ་རྩྭ་གཅིག་ཟས་ལ།
ཡོག་ཤིང་ཁྲོན་པའི་ནང་ནས་ལ་ཆུ་གཅིག་བཏུང་ལ།
་་་་་་་་་་་་་་་་་་་་་་
ཅེས་བླངས་རྗེས་རྡོག་སྒྲ་གཏན་ནས་མ་འགྲིག་པས། གཞས་ར་ནི་ཅི་ཞིག་གིས་གཏོར་བ་དང་འདྲ་བར་ལག་གདང་ལྷོད་པར་འགྱུར།
ལམ་བར་དུ་ཨ་ཕས་ང་ལ་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་བྱུང་ལ་ཁྱིམ་དུ་འབྱོར་རྗེས་ཟ་མ་ཡང་མ་ཟོས་པར་ཉལ་བར་བསྐྱོད། ཨ་མས་ང་ལ“དེ་རིང་ཨ་ཕར་ཅི་ཞིག་བྱུང་སོང་ངམ”ཅེས་དྲིས་བྱུང་ཡང་ལན་འདེབས་རྒྱུ་མ་རྙེད་པས། ཨ་མ་ངེད་གཉིས་ཀྱང་ཉལ་བར་བསྐྱོད་པ་ཡིན།
ང་ནི་དེ་རིང་འགྲུལ་བཞུད་རྐྱེན་གྱིས་ཡུད་ཙམ་ཞིག་ལ་རྨི་ལམ་གྱི་ཞིང་དུ་འབྱོར། རྨི་ལམ་ནང་དུ་ང་རང་ནར་སོན་ཡོད་པ་དང་ཨ་ཕའི་དབུ་སྐྲ་ཁ་བ་བབས་པ་ལྟར་དཀར་པོར་འགྱུར་འདུག མཁའ་འགྲོའི་བྲོ་རའི་ནང་དུ་མི་ཚོགས་ཀྱིས་བསྐོར་ཡོད་པ་དང་འུར་སྒྲ་དང་དགོད་སྒྲ་ནི་དི་རི་རི་བྱེད་པའི་དབུས་སུ་མེ་ཕུང་སྤར་ཡོད་པ་དང་མེ་ཕུང་གི་མཐའ་ནས་ཨ་ཕས་སྐུལ་བ་དང་ང་ཡིས་བླངས་ཏེ་སྒོར་གཞས་འཁྲབ་ཀྱིན་འདུག ལྟད་མོ་བའི་ཐལ་མོའི་སྡེབ་སྒྲ་ནི་འབྲུག་སྟོང་ལྡིར་བ་བཞིན་དུ་གྲགས།
གློ་བུར་དུ་དར་གོས་དཀར་པོས་ཀླུབས་ཤིང་སྐྲ་ལོའི་འདབ་མ་སིལ་སིལ་དུ་འཕྱོ་བའི་འཁའ་འགྲོ་མ་བགྲང་གིས་མི་ལང་བ་ང་གཉིས་ཀྱི་སྟངས་སྟབས་སུ་འདྲེས་ཤིང་པི་ཝང་དང་སྒྲ་སྙན། རྒྱ་གླིང་། ཕྲེད་གླིང་། དུང་སོགས་རོལ་མོའི་བྱེ་བྲག་མཐའ་ཡས་པ་དུས་གཅིག་ཏུ་དཀྲོལ། ལྡེམ་ལྡེམ་ལུས་ཀྱི་སྟངས་སྟབས། གུག་གུག་པུས་མོའི་གཉེན་ཆ། སིལ་སིལ་སྐྲ་ཡི་འཕྱོ་ཚུལ། མངར་བསིལ་ལུས་ཀྱི་དྲི་ཞིམ། ཧྲག་ཧྲག་རྡོག་སྒྲའི་འཁྲུག་ཆས་མཁའ་འགྲོའི་བྲོ་རའི་ཕྱི་ནང་ཀུན་འུར་ཟིང་ངེར་བཏང་སོང་།
༢༠༡༥ལོའི་ཟླ༣པའི་ཚེས༧གྱི་དགོང་མོ་བྲིས།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།