འཇིབ།

ཨ་སྐྱབས་དར་རྒྱས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-07-28

  གཡང་ལུང་སྡེ་བ་ཁུ་སིམ་མེར་འདུག
  ཨ་ཤོད་ཁ་བ་ལ་རིའི་དབུ་རྩེ་ནས་སྤྲིན་ནག་ལེབ་མོ་ཞིག་རྔམ་སྟབས་ཀྱིས་མཆེད་ཡོང་ལ། སྤྲིན་ནག་ལེབ་མོ་ལས་བྱུང་བའི་གྲིབ་གཟིགས་ནག་པོ་དེས་ཀྱང་གཡང་ལུང་སྡེ་བའི་འབྲོང་ཁྱིམ་ཚོ་སྐད་ཅིག་ལ་ཁྱུར་མིད་བྱས་འགྲོ་བའི་ངང་ཚུལ་སྟོན་བཞིན་འདུག
  ཨ་ཤོད་ཁ་བ་ལ་རིའི་དབུ་རྩེ་ནས་མཆེད་པའི་གྲིབ་ནག་དེ་ཐར་ལོ་ཚང་གི་སྦྲ་སྟེང་ནས་ནག་ཡོར་ཡོར་དུ་དལ་བུར་ཕྱིན་པ་ན། ཐར་ལོས་ནག་ཅིང་ཚི་དྲེག་གི་ཟིན་པའི་སྐྲ་ལོ་ལྟག་རྒྱབ་ཏུ་འཕེན་ཙམ་བྱས་ཏེ། ཇ་ཁམ་གང་བཏུང་ཞོར་ཡང་བསྐྱར་བསམ་གཞིག་བྱེད་འགོ་ཚུགས། ཐར་ལོའི་ཆུང་མར་མགོ་ནད་བྱུང་ནས་ཡུན་རིང་ཞིག་ལོན་པས། ཐར་ལོའི་སེམས་སུ། ཐོག་མར་སྨན་པ་མ་ཤར་བར་བླ་མ་ཤར་ལ། དེ་ནས་སྨན་ཁང་མ་ཤར་བར་དགོན་པ་ཤར། མཇུག་མཐར་ཐར་ལོའི་རེ་བའི་གོམ་ཁ་ཨ་ལགས་ཀུན་མཁྱེན་བཞུགས་སར་བསྒྱུར།
  སྤྱིར་ཡིན་ན་ཁོ་ཨ་ལགས་ཀུན་མཁྱེན་ཡོད་སར་འགྲོ་འདོད་མེད་མོད། སྨན་པ་པྲ་བླ་ལ་སྟོན་དགོས་ན། ཐོག་མར་ཡིན་གཅིག་མིན་གཉིས་ཨ་ལགས་ཀུན་མཁྱེན་ཚང་གི་སྨན་བཅོས་བྱས་ན་ཡག་པོ་འདུག་ཞེས་པའི་ལུང་བརྡའི་ཡི་གེ་དེ་མེད་ན་ནད་པར་སྨན་བཅོས་མི་བྱེད་ཁོ་ཐག་ཡིན་པས། འདི་ནི་གཡང་ལུང་སྡེ་བའི་མང་ཚོགས་ཀྱིས་ངེས་པར་དུ་བསྒྲུབ་དགོས་པའི་འགྲོ་ལུགས་ཤིག་རེད།
  ཟླ་ཕྱེད་ཙམ་འགོར་བའི་ཉིན་ཞིག སྨན་པ་པྲ་བླའི་གཟིམ་ཤག་དུ། ཐར་ལོ་བཟའ་ཟླ་གཉིས་ཀྱིས་ཨ་ལགས་ཚང་གི་མོ་ལུང་བཞིན། ལག་ཏུ་ཁ་བཏགས་རེ་བཟུང་ལ། གདོང་ལ་ཡིད་ཆེས་དང་དད་པའི་ཉམས་ཀྱིས་ཁེངས་ནས་སླེབས་འདུག སྨན་པ་པྲ་བླ་ནི་གཡང་ལུང་སྡེ་བའི་སྒེར་སྨན་ཞིག་ཡིན་ལ། ཁོང་གིས་གཟིམ་ཤག་གི་ར་སྐོར་ནང་དུ། ཆེ་རྒྱུ་ཆུང་རྒྱུ་མེད་པའི་སྨན་ཁང་ཞིག་ཕུབ་ཡོད། ལྷག་པར་དུ་ཁོ་ལ་སྨན་པ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི། ཁོའི་ནད་པ་ལ་ནད་ཅི་ཞིག་ཡོད་ཀྱང་། ཁོང་རང་ཉིད་ཀྱིས་གསུང་བཞིན་པའི་འཇིབ་ཆོག་པའི་ནད་ཀྱི་རིགས་དེ། ལོ་ལོན་ཚོའི་རྐང་བ་དང་ལག་པའི་ཆུ་སེར་ཀྱི་ནད་དང་འབམ་ནད་ལྟ་བུ་ནི། ཁོང་གིས་ཁ་བཏགས་བརྒྱུད་ནས་ནད་པའི་ལུས་སྟེང་གི་ནད་ཤ་གསེང་དུ་ཟུག་པའི་ཚེར་མ་བླངས་པ་བཞིན་ཁ་ཡིས་གཞིབ་འགྲོ་ཐུབ་པས། ཚང་མས་ཁོང་ནི་སངས་རྒྱས་སྨན་བླ་དངོས་སུ་མི་ཡུལ་དུ་བྱོན་པ་རེད་ཟེར། ད་ལྟ། སྨན་པ་པྲ་བླས་བུད་མེད་མཛེས་མ་ཞིག་གི་བྲང་ཁ་ནས་ཁ་བཏགས་དཀར་པོ་ཅུང་ཟད་དྲེག་པས་ཟིན་པ་དེ་ཕྱིར་ལེན་ཞོར། ཁྱོད་ཀྱིས་སྙིང་ནད་དེ་ཕལ་ཆེར་འཇིབ་ཚར་སོང་། ད་རུང་ཐེངས་རྗེས་མར་གཅིག་གཞིབ་ན། ནད་ལས་ཡོངས་སུ་དྲགས་རྒྱུ་རེད་ཟེར།
  སྐབས་དེར་ཁོང་ནི་ཉེན་ཁ་ཆེ་ལ་ཆུ་སྲིན་གདུག་པ་ཅན་ཡོད་པའི་མཚོ་གླིང་དུ་ཕྱིན་ཏེ་དགོས་འདོད་ནོར་བུ་ལོན་པ་ལྟ་བུའི་རྒྱལ་ཁའི་གཟི་ཉམས་ཀྱིས་ཡོངས་སུ་བཟི་འདུག མཐུད་ནས་ཁོང་གིས་ཁ་ནང་ཆུ་འཇམ་གྱིས་ཐེངས་ཤིག་བཤལ་རྗེས། སླར་ཡང་ཁ་ཚུར་འཁོར་ཏེ། ཁྱོད་གཉིས་ལ་དོན་དག་ཅི་ཞིག་ཡོད་ཅེས་གཞི་ནས་གཟིམས་ཤག་སྒོ་རྩ་ན་ཡུན་རིང་ངང་སྒུག་བྱས་ཡོད་པའི་ཐར་ལོ་བཟའ་ཟླ་གཉིས་ལ་དེ་ལྟར་དྲིས།
  "ངའི་ཆུང་མའི་མགོ་ནད་ལྟ་བར་མཁྱེན་མཁྱེན།"
  "ཁྱོད་ཀྱིས་ཆུང་མའི་ནད་དེ་དག་དག་འཇིབ་རན་པའི་དུས་སུ་སླེབས་འདུག" སྨན་པས་ཆུང་མའི་རྩ་ལ་བརྟག་ཞོར་ལྟ་ཞོར་གཟབ་ནན་དང་བཅས་དེ་ལྟར་བཤད།
  "ཐུགས་རྗེ་ཆེ། ཐུགས་རྗེ་ཆེ། "
  ཐར་ལོའི་དག་སྣང་གི་མིག་ལ་མཆི་མ་འཁྲུགས་ཤིང་། ཡིད་ཆས་ཀྱི་བ་སྤུ་དབང་མེད་གཡོས། དེ་ནས་ཁོང་གིས་ཁ་བཏགས་ཀྱི་སྣེ་གཅིག་ཐར་ལོའི་ཆུང་མའི་མགོ་ན་སའི་གནས་དེར་བཞག་ལ། ཁ་བཏགས་ཀྱི་སྣེ་གཅིག་ཁོང་གིས་ཁ་ནང་དུ་བཅུག་ནས་ནད་འཇིབ་འགོ་བརྩམས། ཁོང་གི་མདུན་ན་ཅོག་ཙེ་ཆུང་ཆུང་ཞིག་ཡོད་ལ། ཅོག་ཙེའི་སྟེང་དུ་དཀར་ཡོལ་འབྲུག་རིས་མ་ཞིག་བཞག་ཡོད། ཁོང་གིས་ཁ་བཏགས་བརྒྱུད་ནས་ནད་འཇིབ་པའི་དུས། ཁ་བཏགས་བརྒྱུད་དེ་ཅི་ཞིག་འཇིབ་ནས་བྲོ་བ་ཁ་ནང་དུ་སླེབས་རྟགས་ལ། ཁོང་གིས་ནད་འཇིབ་པའི་དུས་གདོང་ལ་བཙོག་ཉམས་དང་སྐྱུག་བྲོ་བའི་གཉེར་རིས་བསྡུ་སྲིད་ལ། ཡང་ནད་དང་རྣག་ཁྲག་ཅི་ཞིག་ཁ་ནང་དུ་འཇིབ་པ་ལོས་ཡིན་སྙམ་པའི་རྟགས་སུ་ཁ་གདངས་པ་ཡང་ན་བཙུམ་ནས་ཡུད་ཙམ་ལ་མགོ་བོ་གཡུག་གཡུག་བྱེད་སྲིད། མཚམས་རེར་དཀར་ཡོལ་འབྲུག་རིས་མའི་ནང་དུ་ཁ་ལུད་དང་མཆིལ་མ། ད་རུང་སོ་ཁྲག་སོགས་ཅི་ཡིན་མི་ཤེས་པ་མང་པོ་ཞིག་འཇིབ་སྟེ་འདི་ནད་རེད་ཟེར་ནས་ཚིག་ཐག་ཆོད་པའི་ངང་གསུང་པའི་དུས། ཐར་ལོ་དང་ཆུང་མ་གཉིས་ནི། ཁོང་གི་སྐུ་མདུན་དུ་ཡོང་བའི་སྤྱིར་བཏང་གི་ནད་པ་ཚོ་དང་འདྲ་བར། ལག་ཟུང་ཐལ་མོ་སྦྱར་ཏེ་གཟུགས་གཞི་ཐང་ལ་ཕབ་ནས་ཡིད་ཆེས་ཀྱིས་ཕྱུག་པའི་རྐྱང་ཕྱག་མི་འཚལ་རང་དབང་མི་འདུག དེ་ནས་སྨན་པ་པྲ་བླ་ངལ་གསོ་བའི་ཚུལ་གྱིས་འདུག་སྟེགས་ལ་ཁེན་དེ། ཐར་ལོའི་གདོང་ལ་ལྟ་ཞོར།
  "ཁྱོད་ཀྱི་ཆུང་མའི་ནད་ཚབས་ཆེན་དེ་འདྲ་མ་རེད། ཐེངས་རྗེས་མར་ང་ལ་ཆུ་རྟགས་ཤིག་ཁྱེར་ཤོག་དང་། དེ་དུས་ངས་ཆུ་རྟགས་ལ་བལྟས་ནས། སྨན་སྦྱིན་ཆོག "
  "ལགས་སོ། བཀའ་དྲིན་ཆེ། "
  ཐར་ལོའི་ཏཱ་ལེན་ནས་མར་ལྡོག་ཆུན་པོ་གཅིག་དང་ཆུར་བ་ཁུག་མ་གང་སྨན་པའི་མདུན་དུ་བཞག་རྗེས། ཐར་ལོས་ཆུང་མའི་ཕུ་ཐུང་ནས་འཐེན་དེ་ནང་དུ་ལོག་དགོས་པའི་བརྡ་བཏང་།
  དུས་ཚོད་ནི་གློག་ལྟར་མྱུར་བས། ལོ་ཕྱེད་ཙམ་འགོར་སོང་། ཐར་ལོས་ཆུང་མའི་མགོ་ནད་གློ་བུར་དུ་ཇེ་སྡུག་ལ་སོང་།
  མདང་ནུབ་ཁོང་བཟའ་ཟླ་གཉིས་གྲོས་སྡུར་བྱས་ཏེ། ཨ་ལགས་ཀུན་མཁྱེན་ཚང་གི་མོ་ལུང་བཞིན། དེ་རིང་སྔ་དྲོ་ནམ་མ་གསལ་གོང་། ཐར་ལོས་རྒན་མོའི་ཆུ་རྟགས་ཁྱེར་ནས་སླར་ཡང་སྨན་པ་པྲ་བླའི་སར་འགྲོ་རྒྱུ་ཐག་བཅད། ནམ་གསལ་ལ་ཉེ་བའི་དུས་དེར། ཐར་ལོ་བྲེལ་བྲེལ་ངང་ཡར་ལངས་ཤིང་འགྲོ་ཁར་མལ་ཁྲིའི་འགྲམ་དུ་ཡོད་པའི་ཆུ་རྟགས་ཤེལ་དམ་བཟུང་ནས་སྒོར་བུད། ཐར་ལོའི་རེ་བ་དང་ཡིད་ཆེས་ཀྱིས་ཕྱུགས་པའི་འཛུམ་མདངས་གདོང་ལ་བསྡུས་ཤིང་། ཁ་བཏགས་ཉིན་མོ་བདེ་ལེགས་ཤིག་བཟུང་ཏེ་ཡང་བསྐྱར་སྨན་པ་པྲ་བླའི་གཟིམ་ཤག་ཏུ་ཐོན་བྱུང་།
  ཁོང་ནི་ནམ་རྒྱུན་ལྟར། གཟིམ་ཤག་ནང་གི་ནང་གི་འབོལ་ཁྲིའི་སྟེང་བཞུགས་འདུག་ལ། ཐར་ལོའི་སེམས་སུ། སྨན་པ་པྲ་བླས་གཡང་ལུང་སྡེ་བའི་ནད་པ་སྒྲོལ་མ་མགོ་ནད་གྱིས་སོང་རྗེས། ཁྲིན་ཏུའུ་སྨན་ཁང་ནས་སྨན་བཅོས་བྱས་ཀྱང་མ་ཐུབ་པར་ཕྱིར་ཕ་ཡུལ་དུ་ཡོང་བ་ན། ཚང་མས་མོ་ཤི་རྒྱུ་མ་གཏོགས་རེ་བ་མེད་ཅེས་བཤད་ཀྱང་།མཇུག་མཐར་སྨན་པ་པྲ་བླས་མོའི་མགོ་ནད་འཇིབ་ནས་མོ་སངས་དྲགས་སུ་སོང་བས། སྨན་པ་པྲ་བླ་ཟེར་ན་གཡང་ལུང་སྡེ་བ་ཙམ་མ་ཟད་ས་ཕྱོགས་གཞན་པ་ལ་ཡང་སྙན་གྲགས་ཆེན་པོ་རྒྱས་ཡོད་པ་ཁོའི་ཡིད་ལ་གསལ་ལེར་འཆར་བཞིན་དགའ་སྤྲོའི་སྤུ་ལོང་གཡོས་ལ། དེ་ནས་ཐེངས་སྔོན་མར་གཟིམ་ཤག་འདིའི་ནང་དུ་རང་གི་ཆུང་མའི་མགོ་ནད་འཇིབ་པའི་སྣང་བརྙན་ཞིག་ཀྱང་ཡིད་ལ་ཝ་ལེར་ཤར།
  སྐབས་ཤིག་ལ། ཨ་ལགས་ཀུན་མཁྱེན་ཚང་གིས་ཀྱང་ཁོང་སངས་རྒྱས་སྨན་བླའི་རྗེས་སུ་བཟུང་བའི་སྐྱེས་བུ་དམ་པ་ཞིག་ཡིན་པར་ཐུགས་ཐག་བཅད་ལ། དེ་ནི་སྨན་པ་པྲ་བླའི་བུ་མོ་ཆེ་བ་མེ་ཏོག་སྐྱིད་ཨ་ལགས་ཀུན་མཁྱེན་ཚང་གི་རིག་མར་བཞེས་པའི་ལོ་དེའི་དབྱར་ཁ་ལ་བྱུང་བའི་དོན་དག་ཅིག་ཡིན། དེ་ནས་བཟུང་། གཡང་ལུང་སྡེ་བ་རུའང་ཁོང་ལ་ཡིད་ཆེས་དང་དད་པ་བྱེད་མཁན་སྔར་བས་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ལ། རྫོང་ཁག་གཞན་པ་དང་ས་ཁུལ་སོ་སོའི་ནད་པ་བརྒྱ་ཕྲག་མང་པོ་སྨན་པ་པྲ་བླ་ཚང་ནས་མཚམས་ཆད་མ་མྱོང་། ནད་པ་སུ་ཞིག་གི་ཆུ་ རྟགས་ཡིན་ཡང་གཟིམ་ཤག་སྒེའུ་ཁུང་གི་འགྲམ་ཡན་ལ་ཁྱེར་མི་ཆོག་པས།ཐར་ལོས་མགོ་གུས་གུས་ཞུམ་ཞུམ་གྱིས་ནད་པའི་ཆུ་རྟགས་གཟིམ་ཤག་གི་སྒེའུ་ཁུང་འགྲམ་དུ་བཞག ཁོང་གི་སྨན་ཁང་དེ་རུ་རྒྱ་སྨན་དང་བོད་སྨན་གཉིས་ཀས་ནད་པ་ལ་སྨན་ བཅོས་བྱེད་རྒྱུ་ཡོད་པ་དང་།ནད་པ་ལ་ཆམ་ནད་དང་ཚ་བ་རྒྱས་པ།ཕོ་བ་ན་བ་ལྟ་བུ་ལས་སླ་མོའི་རིགས་ལ་རྒྱ་སྨན་སྟེར་རྒྱུ་ཡོད་པ་དང་མཚམས་རེར་དཔྱི་ཁབ་རེ་ཟུང་ཡང་རྒྱག་སྲིད། འོན་ཀྱང་སྨན་ཁང་འདིའི་ཁྱད་ཆོས་གཙོ་བོ་ནི་བོད་སྨན་གྱི་མེ་བཙའ་འཇོག་པ།གཏར་ཁ་བྱེད་པ། ད་རུང་སྨན་པ་རང་ཉིད་ཆེས་བྱང་ཆ་ལྡན་ས་ནི་ནད་འཇིབ་པ་དེ་རེད། ནད་པ་མང་ཆེ་བ་ཡང་གཙོ་བོ་ནད་འཇིབ་པར་རེ་ནས་ཡོང་བ་ རེད། ད་རུང་ཐག་རིང་ནས་ཡོང་བའི་ནད་པ་ལ་ཁང་བ་གླ་རྒྱུ་ཡོད་པ་མ་ཟད། ནང་གཡོག་ཀྱང་གྲ་སྒྲིག་བྱས་ཡོད་ལ། དེ་བའི་ས་གནས་འདིའི་མང་ཚོགས་རྣམས། ཡུལ་ཚོའི་སྨན་ཁང་དུ་སོང་ན། རྒྱ་སྐད་མི་གོ་བ་དང་ཆ་རྐྱེན་གྱི་མི་འདང་བ་སོགས་རྒྱུ་རྐྱེན་དུ་མ་ཞིག་གིས་གཡང་ལུང་སྡེ་བའི་ནད་པ་མང་ཆེ་བ་སྨན་པ་པྲ་བླ་ཡོད་སར་ཡོང་གིན་ཡོད། སྨན་པ་པྲ་བླས་སྤྱན་ཟུང་གཡོ་བ་མེད་པར་ནད་པའི་ཆུ་རྟགས་ལ་ཞིབ་ཀྱིས་གཟིགས་ཤིང་། དེ་ནས་སྨ་ར་རིང་པོ་དེ་བྱུག་བྱུག་བྱེད་ཞོར།
  "ཨོ་རེད། ཁྱོད་ཀྱི་ནད་པའི་ཆུ་རྟགས་ལ་དཔྱད་ན། གཙོ་བོ་ཚ་བ་རྒྱས་འདུག་ལ་ལྷག་ཏུ་རླུང་གི་ཞད་ཆེ་བས། ཆེས་མ་མཐའ་ཡང་ལོ་ཕྱེད་ཙམ་ལ་སྨན་འཐུང་དགོས་རྒྱུ་རེད།"
  "ལགས་སོ།"
  ཐར་ལོས་མགོ་བསྒུར་ནས་ཞིབ་ཀྱིས་ཉན་འདུག
  "འདི་ན། སྨན་སྣ་བདུན་ཡོད། ཟླ་གཅིག་ལ་འཐུང་རྗེས། སླར་ཡང་ང་ལ་ཆུ་ རྟགས་ཁྱེར་ཤོག"
  "སྨན་ཡོན་སྒོར་ག་ཚོད་རེད།"
  "བསྡོམས་པའི་སྒོར་ལྔ་བརྒྱ་རེད། སྨན་དུས་ཚོད་ལྟར་འཐུང་རྒྱུ་མ་བརྗེད།"
  "བཀའ་དྲིན་ཆེ།"
  ཐར་ལོའི་སེམས་པ་སྤྲོ་ལྷང་ངེར་ཕྱིར་རང་ཁྱིམ་དུ་སླེབས་པ་ན། ཆུང་མ་ཅུང་མ་རངས་པའི་ཉམས་ཀྱིས།
  "ཁྱོད་ཀྱིས་ངའི་ཆུ་རྟགས་ཁྱེར་རྒྱུ་ལུས་འདུགད་རུང་སྨན་བླངས་ནས་ཡོང་མདོག་བྱས་འདུག"
  "ཁྱོད་ཀྱིས་ཀུ་རེ་མ་རྩེ། ངའི་ཁྱོད་ཀྱི་ཆུ་རྟགས་ཁྱེར་ནས་སོང་བ་ཡིན།"
  "འདི་སྨན་པ་པྲ་བླས་གནངས་བའི་སྨན་རེད། ད་རུང་སྲོག་ལ་ཉེན་ཁ་མི་འདུག་ཟེར།"
  "ཁྱོད་ཀྱིས་ཁྱེར་འགྲོ་རྒྱུ་དེ། བྱིས་པ་ཚོའི་རྩེད་ཆས་རེད། ཁོ་ཚོས་ཤེལ་དམ་སྟོང་བའི་ནང་དུ་ཆུ་བླུགས་ནས་བཏུང་ཁུ་ཡིན་ཁུལ་བྱས་པ་དེ་རེད།"
  "ངའི་ཆུ་རྟགས་མལ་ཁྲིའི་འོག་གི་འདི་རེད།"
  ལྷ་མོ་གད་མོ་དགོད་ཞོར། ཕར་སོང་ནས་མལ་ཁྲིའི་འོག་གི་མོས་ད་ནངས་བཞག་པའི་ཆུ་རྟགས་ཤེལ་དམ་དེ་བླངས་ནས་ཐར་ལོའི་སྔོན་དུ་བཞག ཐར་ལོའི་ཐོག་མར་སྨན་པ་པྲ་བླ་ཚང་གི་ར་སྐོར་ན། ལག་ཏུ་ཁ་བཏགས་ཐོག་པའི་རྒྱུས་ཡོད་དང་རྒྱུས་མེད་ཀྱི་ནད་པ་མང་པོ་ཞིག་འཚང་ག་ཤིག་ཤིག་བྱེད་པའི་ངང་ཚུལ་དྲན་ལ།  དེ་ནས་ཆུང་མ་ལྷ་མོའི་ཁོའི་མིག་མདུན་ལ་འཕངས་པའི་ཆུ་རྟགས་ངོ་མ་ལ་བལྟས་བལྟས་ཀྱིན་མགོ་ནང་གློ་བུར་དུ་ནག་འཐོམས་མེར་སོང་ལ། ཁ་གདངས་ནས་ཅི་ཞིག་བཤད་རྩིས་བྱས་ཀྱང་དོན་ངོ་མ་ཁོའི་ངག་གཏན་ནས་མ་ཁྲོལ།
  "……"
  སྐབས་དེར་ཐར་ལོའི་གདོང་ལ་ཐེ་ཚོམ་གྱི་ཉམས་ཤིག་མངོན་འདུག་མོད། དག་སྣང་གིས་བསྒུལ་བའི་ཐལ་མོ་ད་རུང་སྙིམ་པར་སྦྱར་འདུག
  གཡང་ལུང་སྡེ་བ་ནི་སྔར་བཞིན་ཁུ་སིམ་མེར་འདུག
  ཨ་ཤོད་ཁ་བ་ལ་རིའི་དབུ་རྩེ་ན་སྔར་བཞིན་སྤྲིན་ནག་ཞིག་མཆེད་འདུག་ལ། དོ་དགོང་ཡང་གནམ་ས་སྟེང་འོག་བསྒྱུར་འདྲའི་དྲག་ཆར་ཞིག་དབབ་རྒྱུ་ཡིན་པ་འདྲ།

                                                  2010 . 8. 1

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཇིབ།

2015-07-28 ཨ་སྐྱབས་དར་རྒྱས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།