ནད་བདག་མ།
ཤིན་དུ་རོ་འཇམ་པའི་རྨི་ལམ་གྱི་གསང་བ་ལྟར་ངའི་བུ་མོ་ཞིག་ལ་ལྐོག་ལྟ་བྱེད་ཀྱིན་ཡོད། བུ་མོ་དེ་ནི་རྒྱུན་དུ་ངའི་མཐོང་ལམ་ནས་ཡལ་མེད་དུ་གནས་པའི་ནད་བདག་མ་ཞིག་ཁོ་ན་རེད།
སྐབས་དེར་ཁྱོད་རང་ནི་ལྭ་བ་དཀར་པོ་གྱོན་པའི་བུ་མོ་གཟུགས་མཛེས་ཤིང་ཡིད་དུ་ཡོང་བ་ཞིག་ཡིན་ཏེ། ངའི་རང་ཉིད་ལ་སེམས་གསོ་ཡི་ཚུལ་དུ་ཁྱོད་རང་ནི་ཏག་ཏག་ངའི་རྨི་ལམ་གྱི་མཛེས་སྡུག་ཁྱེར་བའི་བུ་མོ་དེ་མིན་ནམ་ཅི། སྐབས་ལན་རེར་ཁྱོད་རང་ནི་ངའི་ནང་སེམས་ལས་རྟོག་བཟོ་བྱས་པའི་བུ་མོ་སྟེ། ཐེངས་སྔོན་མར་བྲིས་པའི་ངའི་སྒྲུང་རིང“མི་ཚེ་འཚོལ་བ”ཞེས་པར་བཀོད་དེ་མི་ཚེའི་འཚོལ་སྙེག་དང་སེམས་ཀྱི་ལོངས་སྤྱོད་དུ་གྱུར་བའི་བུ་མོ་མཛེས་མ་དེ་ལས་ཅི་གདའ། ནད་བདག་ལྷ་མོ་་་་་་་་་་་་
ནད་བདག་མ་དེའི་རྩིབས་ནས་ངའི་རྒྱུན་དུ་མཐོང་དང་མཐོང་བཞིན་པ། མྱོང་དང་མྱོང་བཞིན་པ་ནི་ཧ་ཅང་སྐྱི་གཡའ་བ་ཞིག་སྟེ། འཇིག་རྟེན་གྱི་སྡུག་བསྔལ་མཐའ་དག་མྱོང་དང་མྱོང་བཞིན་པའི་གློག་བརྙན་གསོན་པོ་ཞིག་རྒྱུན་དུ་རིག་གིན་འདུག སྐབས་དེ་དག་ལས་ནད་བདག་མ་དེ་ནི་གསོ་བ་རིག་པའི་ལག་རྩལ་མཁན་ཞིག་ཏུ་གྱུར།
ང་ཡང་གློག་བརྙན་དེ་དག་གི་ཁྲོད་ནས་དངངས་སྐྲག་སྐྱེ་ཞོར་ཉིན་ཐོ་འབྲི་བཞིན་ནད་བདག་རྒན་པོ་ཞིག་དང་འདྲ་བར་རྒྱུན་དུ་ནད་བདག་མ་དེ་སྒོ་རྟགས་གཅིག་ཐིག་ཏུ་ཡོང་བར་རེ་སྒུག་བྱས།
ཁང་བརྩེགས་དེའི་སྒེའུ་ཁུང་ལས་མར་བལྟས་ཚེ། ཤིན་དུ་ཁོད་ཡངས་ཤིང་བཟོ་བཀོད་མཛེས་པའི་གྲོང་ཁྱེར་གྱི་དཀྱིལ་ཟམ་ཆེན་པོ་དེའི་དཀྱིལ་ནི་རླངས་འཁོར་བགྲོད་ས་དང། གཞོགས་གཉིས་ནི་རྐུབ་སྟེགས་རེ་འགའ་ལས་མེད་པའི་ངལ་གསོ་ས་ཞིག་ཏུ་བསྐྲུན་ཡོད། རྒན་པོ་དང་རྒན་མོ་སོགས་ཀྱིས་མ་ཎི་བགྲང་གིན་སེམས་མི་ཁོམ་པའི་ལུས་ངལ་ཞིག་གསོས།
ཉིན་དེའི་དགོང་མོར་ནད་བདག་མ་ཡང་སྔ་མོ་ནས་ལས་གྲོལ་བྱས་པས། བདག་གི་ཉིན་ཐོ་དང་རེ་སྒུག་གི་རྨི་ལམ་ཡང་གཞི་ནས་རྨག་པར་གྱུར། ང་རང་འཁྲུལ་སྣང་གིས་སྨྱོས་པའི་སྙན་ངག་པ་ཞིག་དང་འདྲ་བར་སྨན་ཁང་སྒོ་ཆེན་ལས་བུད་དེ་ཐད་གར་སོང་།
དྭངས་ཤིང་གསལ་བའི་ནམ་མཁའ་དོག་པོ་ཞིག་ཟ་ཟི་དང་ཀྱ་ཀྱུ་མེད་པར་མངོན། ངའི་ཚོར་བའི་ཀློང་བརྡལ་བ་ཅི་བཞིན་ང་རང་གཞི་ནས་བཟི་འདུག་པ་ཚོར། མི་ཚོགས་ཀྱང་ངའི་གདོང་ལ་ཅེ་རེར་བལྟས་ཏེ་ཧོན་ཐོར་བ་དང་། ལ་ལ་ཞིག་གིས་སྨྱོན་པ་རེད་ཟེར་བཞིན་འཕྱ་སྨོད་བྱེད་ཀྱིན་གདའ། ད་དུང་ཤབ་ཤུབ་ངང་གསལ་ལ་མི་གསལ་བའི་ངག་ཟློ་བཞིན་རང་སར་འགྲོ་བཞིན་པའང་མཆིས།
ཕྱི་ཉིན་ཞོགས་པའི་དུས་སུ། ངའི་རྒྱུན་ལྡན་ལྟར་ནད་བདག་མ་བསླེབ་པར་ལྐོག་སྒུག་བྱས་ཏེ་བསྡད། ཡིན་ནའང་མིག་ཟུང་གིས་ཁྱོད་ཀྱི་ཚོར་བའི་གཏིམ་རིམ་དུ་སྔོག་པ་ལས་ཐབས་གཞན་མི་འདུག་མོད། དེ་དག་གི་བརྒྱུད་རིམ་ཁྲོད་དུ་ང་ཡང་ཁ་སྐྱེངས་དགོས་པ་གདོན་མི་ཟ།
ནད་བདག་མ་་་་་་་ཁྱོད་རང་ནི་ཏག་ཏག་འཇིག་རྟེན་ལས་འདས་བའི་འཇིག་རྟེན་གཞན་ཞིག་ཏུ་འཚོ་ཡི་འདུག ཁྱོད་ཀྱི་ཕོ་བྲང་ནས་དུས་རྒྱུན་རོ་བཙན་པོ་ལས་ཤིན་ལྷོད་ཅིང་བག་ཡངས་སུ་གནས་ཆོག་པའི་ཁང་མིག་ཅིག་གཏན་ནས་མེད་པས། དེ་ནི་འཇིགས་སྐུལ་གློག་བརྙན་གསོན་པོ་ཞིག་དངོས་སུ་མྱོང་གིན་པའི་ཚོར་བ་ཞིག་འཇགས་མེད་དུ་གནས། མི་རིགས་ཀྱི་རྣམ་ཤེས་ལས་མཆེད་པའི་དངོས་རྟོགས་འཇིགས་སྣང་དེ་དང་མཉམ་དུ་འཚོ་དགོས་པ་ཅིའི་ཕྱིར། ནད་བདག་མ་ཁྱོད་རང་བདག་གི་ཕོ་བྲང་དུ་ཕེབས་ཤོག གནས་དེ་ན་ཆེས་དྭངས་གཙང་ལྷད་མེད་ཀྱིས་གྲུབ་པའི་འཇིག་རྟེན་ཞིག་བསྐྲུན་ཡོད། སྐྱི་གཡའ་བའི་འཇིག་རྟེན་ནས་ལོགས་སུ་ཕེབས་ཤོག
འཁྲུལ་སྣང་གཟུགས་རིས་ཀྱིས་སྨྱོས་པའི་རྒན་པོ་ངས་འཕྲིན་པ་ཞིག་བྲིས་རྗེས། སླར་ཡང་རྒྱུན་ལྡན་ལྟར་ཁོ་མོ་ལ་ལྐོག་བལྟ་དང་མིག་ཟུང་གིས་འཚོས།
དེ་རིང་གི་ཉིན་ཐོ་འབྲི་བཞིན་ཡིད་སེམས་རབ་ཏུ་སྨེང་། དེ་རིང་ནི་ཆེས་མཐའ་མཇུག་གི་ཉི་མ་སྟེ། བདག་གི་རྨི་ལམ་གྱི་གསང་བའི་གཟུགས་རིས་དེས་རྡོག་ཁྲུས་ཁུར་ཏེ་འགྲུལ་བཞུད་ལ་སྟ་གོན་བྱས།
སླང་ཡང་ཉིན་ཐོ་ཞིག་གི་མགོ་བརྩམས་དུས་རླངས་འཁོར་སྒེའུ་ཁུང་ལས་ཕྱི་མིག་ཤོར། མིག་ལམ་དུ་མངོན་འོང་བ་ནི་མི་ཚོགས་ཀྱི་འགྲོ་འོང་ཤིན་དུ་མང་བའི་འབར་མའི་སྲང་ལམ་ཐིག་གཉིས་པའི་རྒྱ་གྲམ་དམར་པོའི་སྨན་ཁང་གི་སྒོ་ཆེན་རེད།
༢༠༡༥.༣.༢༣
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།